ཁུང་བུ་གང་བའི་ཆོ་ག
རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ས་པཏྟ་ཏི་མཎྜལ་བི་དྷི། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་མཁའ་འགྲོ་ལ་འཚལ་ལོ། །འཇིག་དུས་ཆུ་འཛིན་མདོག་ཅན་དྲུག་ལྷག་བཅུ་ཡི་ཕྱག་ལྡན་དྲག་ཞལ་བརྒྱད། །བརྒྱད་ཕྱེད་དམར་བའི་ཞབས་རྣམས་གཡས་བརྐྱང་ཕྱེད་ཀྲུང་བདུད་ཀྱི་སྙིང་གར་མནན། །སྟག་ལྤགས་མནབས་ཤིང་ཉམས་དགུའི་ཡོན་ཏན་ལ་བརྟེན་མགོ་ཕྲེང་ཐོད་པ་ཅན། །སྲིད་པའི་འཇིགས་འཇོམས་འཇིགས་རུང་བཞད་མཛད་དགྱེས་པའི་རྡོ་རྗེས་རྟག་ཏུ་སྲུངས། །སྐྱེ་བོ་ཕལ་ཆེར་སྡུག་བསྔལ་གྱིས་གདུངས་པས། །གཞུང་མང་བལྟ་བར་ནུས་པ་མ་ཡིན་ཏེ། དེས་ན་ཕུན་སུམ་ཚོགས་མིན་འཇོམས་བྱེད་པའི། །གཞུང་འགྲེལ་དཀྱིལ་ཆོ་ག་ཤིན་ཏུ་མདོར་བསྡུས་པ། །བདག་གི་ནུས་པ་ཇི་བཞིན་འདིར་བྱའོ། །དང་པོར་རེ་ཞིག་སློབ་དཔོན་གསང་སྔགས་ཀྱི་ཚུལ་ལ་མཁས་ཤིང༌། འཁོར་བའི་སྡུག་བསྔལ་ལས་འགྲོ་བ་འདོན་པའི་བསམས་པ་ཅན་ཐོས་པ་དང་བསམས་པ་དང་བསྒོམས་པའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པས་མ་ལུས་པའི་ཡུལ་རྣམས་དུག་མེད་པར་བྱས་ཏེ། ཉེ་བར་སྤྱོད་པའི་ཤེས་རབ་ཀྱི་ཚོགས་སྤེལ་བས་ཕྱིན་ཅི་ལོག་གི་རྟོག་པ་ལས་བྱུང་བའི་མ་རིག་པའི་ལིང་ཏོག་བསལ་ཏེ། རང་བཞིན་གྱི་འོད་གསལ་བ་དང་ལྡན་པ་ལ། སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དེའི་སེམས་ལས་བྱུང་བའི་བགེགས་རང་གི་སྙིང་གའི་ས་བོན་གྱི་གཟི་བརྗིད་ཀྱིས་བསྐྲད་ལ། རྩ་བའི་སྔགས་སམ་ཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བསྲུངས་ནས། འཁོར་ལོ་ཅན་གྱི་རྩ་བའི་སྔགས་དང༌། བདག་མེད་མའི་སྔགས་འབུམ་ཕྲག་རེ་རེ་བཟླས་པས་སྔོན་དུ་བསྙེན་པ་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་ཕྱོགས་སུ་སོང་སྟེ། རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་དེར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམས་ལ་དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་
རྡོ་རྗེ་བསམས་ནས། ཉི་མ་དང་རྡོ་རྗེ་དག་ལས་རྡོ་རྗེའི་རང་བཞིན་གྱིས་སར་བྱས་ལ། རྩ་བའི་སྔགས་མངོན་པར་བཟླས་པའི་ཆུས་བསང་གཏོར་བྱའོ། །དེ་ནས་སའི་ལྷ་མོ་མདོག་སེར་མོ་ཞི་བའི་རང་བཞིན་ཅན་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་བསྣམས་པ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་མཆོད་པ་བྱ་སྟེ། དགྱེས་པའི་རྡོ་རྗེ་ཁྲོ་བོ་ཡིས། །མཆོད་ཅིང་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བའི་སྔགས་ཀྱི་ཚིག་གིས་ས་བླངས་ལ། །སའི་ལྷ་མོ་བློས་ནམ་མཁའི་ཕྱོགས་སུ་བཏེག་ནས། པུས་མོ་ནུབ་ཙམ་དུ་བརྐོས་ཏེ། གྱོ་མོ་ལ་སོགས་པ་བསལ་ཏེ་ས་དེ་ཉིད་ཀྱིས་དགང་པར་བྱའོ། །དེ་ལྟར་ཡང་གསང་བ་དེ་ཁོ་ན་ཉིད་བསྡུས་པ་ལས། །པུས་ནུབ་ཙམ་དུ་བརྐོས་ནས་ནི། །ས་དེ་ཉིད་ཀྱིས་དགང་པར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་པར་སྟོན་པ་ཡིན། །ཞེས་གསུངས་སོ། །ཁུང་བུ་དགང་བའི་དུས་སུ་མཆོད་པ་དང་གཏོར་མ་ཅི་ནུས་པ་ཡང་བྱ་སྟེ། འདི་ནི་ཁུང་བུ་དགང་བའི་ཆོ་གའོ། །