Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་གསུམ་པ། འདུལ་བ་སྟོད་ཆ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུམ་པ་ཐུན་མོང་བ་ལྔའི་བསྡུས་པའི་དོན་ལ་ལྔ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུམ་པ་ཐུན་མོང་བ་ལྔའི་བསྡུས་པའི་དོན་ལ་ལྔ།next

གསུམ་པ་ཐུན་མོང་བ་ལྔའི་བསྡུས་པའི་དོན་ལ་ལྔ།

གསུམ་པ་ཐུན་མོང་བ་ལྔའི་བསྡུས་པའི་དོན་ལ་ལྔ་ལས།

དུས་དང་འབྲེལ་བའི་ཐུན་མོང་ནི། ཉིན་མཚན་གྱི་ཞེས་པ་ལ་སོགས་པ་མདོ་དང་པོ་བཞིས་བསྟན་ཏོ། །བདག་པོ་དང་འབྲེལ་བའི་ཐུན་མོང་ནི་སྤང་བ་ལ་ནི་ཞེས་པ་ལ་སོགས་པ་མདོ་བཞིས་སོ། །ཤན་དང་འབྲེལ་བའི་ཐུན་མོང་ནི་འདི་ལ་རྗེས་སུ་ཞུགས་པ། ཞེས་པ་ལ་སོགས་པ་མདོ་ལྔའོ། །ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་ནི་ཆུང་བ་ཉིད་ཀྱིས་ཞེས་པ་ལ་སོགས་པ་མདོ་གསུམ་གྱིས་སོ། །དང་པོ་གསུམ་གྱི་ཐུན་མོང་ནི་འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ། །ཞེས་པས་བསྟན་ཏོ། །གཉིས་པ་སོ་སོའི་དོན་ལ་ལྔ་ལས། དང་པོ་དུས་དང་འབྲེལ་བའི་ཐུན་མོང་བཤད་པ་ལ། ཡན་ལག་གི་ཁྱབ་པ་དང༌། ཡན་ལག་རང་གི་ངོ་བོ་དང༌། སེལ་བ་དང༌། ཅིར་འགྱུར་དང༌། རྒྱུ་མཚན་དང༌། སྐྱ་རེངས་ཤར་དུས་སོགས་བཤད་པ་དང་དྲུག དང་པོ་ནི། དགེ་སློང་ཕའི་དབང་དུ་བྱས་ཏེ། ཊཱི་ཀས་གསུངས་ཚོད་བཅོ་ལྔ་སྟེ། འཆང་གཉིས་འབྲལ་གཉིས་ཟླ་འཇོག་དང༌། །རས་ཆེན་བརྟད་དང་གསོག་འཇོག་དང༌། །དམག་གནས་འཆབ་དང་ནུབ་ལྷག་དང༌། །སྣང་བཅས་སྤངས་སྙིལ་ལྷན་ཅིག་ཉལ། །ཞེས་བསྡུ་བའི་ཚིགས་བཅད་དོ། །དགེ་སློང་མའི་དབང་དུ་བྱས་ན་ནི་འཆབ་པའི་ཕམ་པ་ལ་གཏམ་གྱི་གཞི་ལས་གསུངས་ཤིང༌། མཚན་མོ་འབྲལ་བ་ལ་སོགས་པ་ཁ་ཅིག་ལ་མའི་རྣམ་འབྱེད་ལས་གསུངས་སོ། །དེ་དག་གི་གནད་ཀྱིས་གནས་མེད་ཀྱི་ཉེས་པ་ལ་སོགས་པ་རྣམས་ལ་ཡང་སྦྱར་ཞེས་མཚོ་ཊཱིཀ་ལས་གསུངས་ལ། གཞུང་ལ་ལར་ཊཱི་ཀའི་དངོས་བསྟན་བཅོ་ལྔ་དང་ཤུགས་བསྟན་སྔས་པ་གཉིས་དང་འཆབ་ཕམ། རེག་ལྟུང་སྟེ་བཞི་དང་བཅུ་དགུ་ཡོད་པར་གསུངས་སོ། །གཉིས་པ་ནི་རང་རང་གི་ཞག་གྲངས་ཐ་མའི་མཚན་མོའི་མཐའི་སྐད་ཅིག་གོ །དེའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། ཞག་གྲངས་མཐའ་མ་གཏན་ལ་དབབ་པ་དང༌། མཚན་མོའི་མཐའི་སྐད་ཅིག་གཏན་ལ་དབབ་པའོ། །དང་པོ་ནི། ཟླ་འཇོག་ལ་ཞག་སུམ་ཅུའི་མཚན་མོ་མཐའི་སྐད་ཅིག་དང་རས་ཆེན་ཟླ་བ་ཕྱེད་དང༌། འཆང་བ་གཉིས་ལ་ཞག་བཅུ་དང༌། ཞག་བདུན་པའི་གསོག་འཇོག་ལ་ཞག་བདུན་དང༌། དགོན་པ་བའི་འབྲལ་བ་ལ་ཞག་དྲུག་དང༌། ནུབ་ལྷག་ལ་མཚན་མོ་གསུམ་དང༌། དེ་དག་ལས་གཞན་རྣམས་ལ་ཞག་གཅིག་གི་མཚན་མོ་མཐའི་སྐད་ཅིག་གོ །བསྡུས་པ་ལས། ཞག་བཅུ་གཅིག་འདས་ན་ཞེས་བཤད་པ་དེ་ནི་འཆང་ལྟུང་ནག་འབྱམ་དུ་འབྱུང་བ་ལ་དགོངས་པ་ཡིན་ནོ་ཞེས་བརྗོད་དོ། །མདོ་རྩ་བ་ལས་ཞག་བདུན་ན་འབྲལ་ཞེས་བཤད་པ་དེའང་ཞག་བདུན་འདས་པ་ན་འབྲལ་བ་མ་ཡིན་གྱི། ཞག་བདུན་པའི་ངོ་མཐོང་ན་འབྲལ་བའི་སྤང་བའོ་ཞེས་བསྟན་པ་ཡིན་གྱི། ཊཱི་ཀ་ལས། ཞག་བདུན་པའི་སྐྱ་རེངས་ཤར་ན་ནི་འབྲལ་བའི་ལྟུང་བ་འབྱུང་ངོ། །ཞེས་གསུངས་པས་གྲུབ་བོ། །སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་ཡང་སྐྱ་རེངས་ཀྱི་ངོ་བོ་བརྒྱད་ཤར་བ་མ་ཡིན་གྱི། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་མའི་རྣམ་འབྱེད་ལས། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཞེས་དང༌། ཕའི་རྣམ་འབྱེད་ལས། ཉི་མ་བརྒྱད་པའི་སྐྱ་རེངས་ཤར་ན། ཞེས་གསུངས་སོ། །སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་འདི་ལ་འགྲེལ་ཆུང་གི་མདོ་རྩ་བ་ལས་བརྒྱད་པའི་སྐྱ་རེངས་བྱུང་ནའོ་ཞེས་བཤད་པ་དེ་ལེགས་པ་ཡིན་ནོ། ། གཉིས་པ་མཚན་མོ་མཐའི་སྐད་ཅིག་གཏན་ལ་དབབ་པ་ནི། མཚན་མོ་མཐའི་སྐད་ཅིག་ནི་སྐྱ་རེངས་དང་པོ་ཤར་བའི་སྔ་ལོགས་ཀྱི་སྐད་ཅིག་ཡིན་ཏེ། ཊཱི་ཀ་ལས། ཉིན་མོའི་དང་པོ་ནི་སྐྱ་རེངས་དང་པོ་ཤར་བ་ཡིན་པར་གསུངས་ལ། དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་གསུངས་པ་དང༌། འཆབ་པའི་ཕམ་པའི་བར་རྣམ་པར་བཞག ཅེས་སོ། །འོ་ན་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བའི་སྐད་ཅིག་ངོ་བོ་གཅིག་པར་བཤད་པའི་གཞུང་བཞི་དང་འགལ་ཏེ། ཊཱི་ཀ་ལས། ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་ཅེས་བྱ་བ་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན། ཞེས་སྔ་མའི་མཐའི་སྐད་ཅིག་དང་ཞག་ཕྱི་མའི་སྐྱ་རེངས་ཤར་བ་གཅིག་ཡིན་པར་གསུངས་པ་དང༌། ཉིན་མཚན་གྱི་མཐའ་ལ་ནི། ཁ་ན་མ་ཐོ་བ་རྫོགས་པར་འགྱུར་བ་ཡིན་པར་ཁས་ལེན་དགོས་ཏེ། སྐྱ་རེངས་ཤར་ནའོ་ཞེས་གསུངས་པས་མཚན་མོའི་མཐའ་དང་སྐྱ་རེངས་ཤར་བ་གཅིག་ཡིན་པར་གྲུབ་ཅིང༌། འདིར་གཞུང་ནི་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བ་གཉིས་མིང་གི་རྣམ་གྲངས་སུ་བཤད་པ་དང༌། རྩ་བ་ལས། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ། །ཞེས་གསུངས་ནས་དེ་ཉིད་ཀྱི་ཊཱི་ཀ་ལས། སྐྱ་རེངས་ཤར་ན་ནི་འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ། །ཞེས་བཤད་པས། ཉིན་མཚན་གྱི་ཐ་མའི་ཆ་དང་སྐྱ་རེངས་ཤར་བ་སྟེ་དེ་གཉིས་དོན་གཅིག་ཡིན་པར་གྲུབ་བོ་ཞེ་ན། དེ་ལྟར་ན་གཞུང་བཞི་ལས། དང་པོ་ནི་ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་འདས་པ་ཞེས་བྱ་བ་ནི་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན་ཞེས་དགོངས་སོ། ། གཞུང་ཕྱི་མ་དེ་གཉིས་ནི།མཚན་མོའི་མཐའི་སྐད་ཅིག་ལ་འཆབ་པའི་ལྟུང་བ་འབྱུང་བ་ཡིན་ཞིང༌། སྐྱ་རེངས་ཤར་ན་ནི་འཆབ་པའི་ལྟུང་བ་བྱུང་ཟིན་པ་ལ་འབྱུང་འགྱུར་གྱི་སྒྲས་བརྗོད་པ་ཡིན་གྱི། དཔེར་ན་ཕམ་པར་གྱུར་ཟིན་པ་ལ་བསླབ་པ་སྦྱིན་པ་ཡིན་ཡང༌། ཊཱི་ཀ་ལས་ཕམ་པར་འགྱུར་བའི་ལྟུང་བ་ལ་ལས་ཀྱི་བསླབ་པ་སྦྱིན་ཞེས་པ་བཞིན་ནོ། །དེ་ལྟར་མ་ཡིན་པར་མཚན་མོའི་མཐའི་སྐད་ཅིག་དང༌། སྐྱ་རེངས་ཤར་བའི་སྐད་ཅིག་ངོ་བོ་གཅིག་ན་ནི་ཊཱི་ཀ་ལས། ཉིན་མོའི་དུས་དང་པོ་ནི་སྐྱ་རེངས་ཤར་བ་ཡིན་པར་གསུངས་ལ། དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་རྣམ་པར་བཞག་ཅེས་གསུངས་པ་དང་འགལ་ཞིང༌། ཊཱི་ཀ་ལས། ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་མཐའི་སྐད་ཅིག་མའོ་ཞེས་པ་དང་ཡང་འགལ་ལོ། །དེས་ན་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བ་ནི་སྐད་ཅིག་སྔ་ཕྱི་ཐ་དད་དོ། །འོན་ཀྱང་མཐའི་སྐད་ཅིག་འདས་པ་དང་སྐྱ་རེངས་ཤར་བ་ནི་ངོ་བོ་གཅིག་ཅིང་མཐའི་སྐད་ཅིག་དང་སྐྱ་རེངས་འཆར་བའི་སྐད་ཅིག་ཀྱང་ངོ་བོ་གཅིག་ཡིན་པར་རིག་པར་བྱའོ། །ཆོས་གོས་ཞག་བཅུ་འཆང་བ་ལ་སོགས་པ་རྣམས་ཀྱི་ཞག་གྲངས་ཐོག་མའི་ཞག་གཅིག་གི་ཚད་ཇི་ཙམ་ཞེ་ན། ཚེས་གཅིག་ལ་གོས་རྙེད་ན་ཚེས་གཅིག་གི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་ཚེས་གཅིག་གི་མཚན་མོ་མཐའི་སྐད་ཅིག་ཉིད་ལ་ཞག་གྲངས་དང་པོའི་ཞག་གཅིག་ཏུ་བརྩི་བ་དེ་ལ། མཚན་མོའི་སྐད་ཅིག་ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་ངེས་གཟུང་གི་ཡན་ལག་ཏུ་མེད་པ་ཉིད་དོ་ཞེས་བསྟན་ཏེ་དོན་དེ་ལྟར་ཊཱིཀ་ལས་བཤད་དོ། །འདིར་ལུང་རྣམ་འབྱེད་ལས། གོས་སམ་ལྷུང་བཟེད་དང་པོ་རྙེད་པའི་ཐུན་ཚོད་ངེས་པར་མ་སྨོས་པར་ཚེས་བཅུ་གཅིག་གི་ཉིན་པར་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར། ཞེས་གསུངས་ཏེ། དང་པོ་རྙེད་པའི་ཐུན་ཚོད་སྔ་དྲོ་ལ་སོགས་པ་ངེས་པར་མ་སྨོས་པས་ན། ཞག་གྲངས་ཐོག་མའི་མཐའི་སྐད་ཅིག་དེ་ཉིད་ཞག་གཅིག་ཏུ་བརྩི་བར་གྲུབ་བོ། །ཉིན་མཚན་གྱི་དང་པོ་མ་ཡིན་པ་ཞེས་པ་འདི་ནི་འགྲེལ་ཆུང་གི་མདོ་རྩ་བ་ལས། སྔ་མ་མེད་པའི་ཉིན་ཞག་ཅེས་བཤད་པ་དེ་འགྱུར་ཤིན་ཏུ་ལེགས་ཏེ། དེ་ལྟར་ན། སྔ་མ་མེད་པའི་ཞག་ལ་ནི་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་པ་དེ་ཡང་ཞག་བཅུ་འཆང་བ་ལྟ་བུའི་ཞག་གྲངས་དང་པོ་ནི་སྔ་མ་མེད་པའི་ཞག་གཅིག་ཡིན་ལ། ཞག་གཅིག་འབྲལ་བ་ལྟ་བུའི་ཞག་གཅིག་པོ་དེ་ཉིད་ཀྱང་སྔ་མ་མེད་པའི་ཞག་གཅིག་ཡིན་ནོ། །མདོ་དང་པོ་འདི་ལ་བླ་མ་རྣམས་ནི་ཆོས་གོས་ཞག་བཅུ་འཆང་བ་ལྟ་བུའི་ཞག་གྲངས་ཐ་མའི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་མཐའི་སྐད་ཅིག་མཐར་ཐུག་གི་ཡན་ལག་ཡིན་ལ། ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་མཐར་ཐུག་གི་ཡན་ལག་ཏུ་མེད་པ་ཉིད་དོ་ཞེས་ཀྱང་འཆད་དོ། །དེ་དང་མཐུན་པར། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་ཅེས་པ་འདི་ལ། བམ་པོ་ལྔ་བཅུ་པ་ལས། མདོར་ན་སྐྱ་རེངས་དང་པོ་ཤར་ནས་སྤང་བར་འགྱུར་གྱི་སྐྱ་རེངས་དང་པོ་མ་ཤར་བའི་མདུན་རོལ་གྱི་ཐུན་རྣམས་ལ་ཞག་ཏུ་མི་བརྩི་བས་སྤང་བར་མི་འགྱུར་རོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །མཐའི་སྐད་ཅིག་གི་སྔ་རོལ་ཏུ་ཅིར་འགྱུར་ཞེ་ན། ཡུལ་རྟེན་ལྷན་ཅིག་ཏུ་གནས་པ་དང་འབྲེལ་བ་བདུན་ལ་ནི་མཐའི་སྐད་ཅིག་གི་སྔ་རོལ་རྣམས་སྦྱོར་བའི་ཉེས་བྱས་ཀྱི་སྣོད་དམ་རྟེན་ཉིད་དོ། །དེ་ཡང་བདུན་པོ་ནི། དམག་གནས་འཆབ་དང་ནུབ་ལྷག་དང༌། །སྣང་བཅས་སྤངས་བརྙིལ་ལྷན་ཅིག་ཉལ། །ཞེས་པ་དག་སྟེ་ཊཱི་ཀ་མང་ཤོས་ལས་བདུན་པོ་ཐམས་ཅད་སྨོས་སོ། །གསུམ་པ་སེལ་བ་ནི་སྔ་རོལ་གྱི་དུས་རྣམས་སོ། །ཡང་དུས་འབྲེལ་གྱི་ལྟུང་བ་ཡིན་ན་རང་རང་གི་ཞག་གྲངས་ཐ་མའི་མཚན་མོ་མཐའི་སྐད་ཅིག་འདས་པས་ཁྱབ་པར་ཐལ། འདོད་ན། རས་ཆེནབཙལ་སྔས་དང་བརྟད་བྱུང་བགོས་སྔས་ཀྱི་ལྟུང་བ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ཟེར་ན་དེ་ཡིན་པར་ཐལ། དེའི་དབྱེ་བ་ཡིན་པའི་ཕྱིར། དེར་ཐལ། མཚོ་ཊཱིཀ་ལས། རས་ཆེན་བརྟད་དང་གསོག་འཇོག་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་རས་ཆེན་ཞག་འཕྱིས་ལ་དགོས་ཀྱང་རེས་ཆེན་བཙལ་སྔས་ལ་མི་དགོས་པར་སྣང་ངོ། །གཞན་ཡང་ཞག་ལོན་པའི་ཉེས་བྱས་ཆོས་ཅན། དུས་འབྲེལ་གྱི་ལྟུང་བ་ཡིན་པར་ཐལ། དེའི་དོན་ཚང་པའི་ཕྱིར། དེར་ཐལ། མཚོ་ཊཱིཀ་༦༩༨ལས། མཚན་མོ་འདས་པའི་ཡོངས་སུ་རྫོགས་པའོ། །ཞེས་གསུངས་པས་སོ། །འདོད་ན། དེ་མ་ཡིན་པར་ཐལ། ཊཱི་ཀས་དངོས་བསྟན་བཅོ་ལྔ་དང་མདོར་བསྟན་བཞི་པོ་གང་ཡང་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། ། བཞི་པ་ཅིར་འགྱུར་ནི་གཉིས་ཏེ། སྤང་བ་རྣམས་ལ་སྦྱོར་བའི་ལྟུང་བ་མེད་ཅིང་གནས་པ་དང་འབྲེལ་བ་རྣམས་ལ་ན་སྨད་པར་འགྱུར་རོ། །དང་པོ་ནི་ལུང་རྣམ་འབྱེད་ལས་འཆང་བའི་སྐབས་གོས་དང་ལྷུང་བཟེད་ཞག་བཅུའི་བར་དུ་བཅང་བར་བྱའོ། །གོས་ནི་ཟླ་བ་གཅིག་གི་མཐར་བཞག་པར་བྱའོ། །ཞག་དྲུག་གི་མཐའ་ཚུན་ཆད་དུ་འབྲལ་བར་བྱའོ། །དབྱར་ཟད་ནས་ཟླ་ཕྱེད་ཀྱི་བར་དུ་རས་ཆེན་བཅང་བར་བྱའོ། །བརྟད་པ་ལས་འབྱུང་བའི་གོས་དེ་བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་ཞེས་གསུངས་པ་དེ་དང༌། ཞུ་བ་ལས། ཞག་བདུན་ལོན་པ་ལ་མ་ལོན་པ་ཉིད་དུ་ཤེས་ན་ཉེས་པ་མེད་དོ། །ཞེས་གསུངས་ཤིང༌། ཞག་གཅིག་འབྲལ་བའི་སྦྱོར་ལྟུང་མེད་པ་ནི་དགོན་པ་བའི་འབྲལ་བའི་གནད་ཀྱིས་སོ། །གལ་ཏེ་དེ་དག་ལ་སྦྱོར་ལྟུང་མེད་ན། འདུལ་བ་ཀུན་ལས་བཏུས་པའམ་བམ་པོ་ལྔ་བཅུ་པ་ལས། འཆང་བ་དང་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །ཞེས་དང༌། བསྡུས་པ་ལས། ཉིན་རེ་ཉེས་བྱས་རེ་རེའོ། །ཞེས་འཆང་བ་ལ་ཉེས་བྱས་སུ་བཤད་པ་དང༌། འགྲེལ་ཆུང་ལས། འཆང་བའི་སྤང་བ་ནི་ཞག་བཅུར་སྔགས་མ་བཏབ་ན་ཉེས་བྱས། ཞེས་བཤད་པ་དང་འགལ་ལོ་ཞེ་ན་དེ་དག་ནི་རང་དགར་འཇོག་པ་སྦྱོར་བ་ལྷོད་པ་བསླབ་བྱའི་ཉེས་པ་ལ་དགོངས་པ་ཡིན་ནོ། །གལ་ཏེ་སྦྱོར་བའི་ཉེས་བྱས་ཡིན་ན་ཞུ་བ་ལས། ཞག་བཅུ་མ་ལོན་པ་ལ་མ་ལོན་པར་ཤེས་ན་ཉེས་པ་མེད་དོ། །ཞེས་གསུངས་པ་དང༌། རྣམ་འབྱེད་ལས། ཞག་བཅུའི་བར་དུ་བཅང་བར་བྱའོ་ཞེས་སྔར་དྲངས་པ་དག་དང་འགལ་བའོ། །གཉིས་པ་གནས་པ་འབྲེལ་བ་རྣམས་ལ་ན་སྨད་དུ་འགྱུར་བ་ནི། གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ། །ཞེས་གསུངས་པས་སོ། །ལྔ་པ་རྒྱུ་མཚན་ནི། སྤང་བ་དེ་རྣམས་ལ་སྦྱོར་ལྟུང་མི་བསྐྱེད་པ་ནི་ལྟུང་བ་རྣམ་གཞག་གི་སྦྱོར་ལྟུང་གི་བཅས་པ་མེད་པའི་ཕྱིར་རོ། །གནས་པ་དང་འབྲེལ་ན་ན་སྨད་དུ་འགྱུར་བ་ནི། གནས་པ་དང་འབྲེལ་བའི་སྦྱོར་ལྟུང་གི་བཅས་པ་ལས་འདས་པའི་ཕྱིར་རོ། །དྲུག་པ་སྐྱ་རེངས་ཤར་དུས་སོགས་བཤད་པ་ནི། རྩ་བར། དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ། །ཞེས་སོ། །འདིའི་དོན་བཤད་པ་ལ། སྐྱ་རེངས་དང་པོ་འཆར་དུས་གཏན་ལ་དབབ་པ་དང༌། ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་དང་དངོས་གཞི་རྫོགས་པའི་དུས་དང༌། ཉིན་ཞག་གི་འཕོ་མཚམས་གཏན་ལ་དབབ་པ་དང་གསུམ། དང་པོ་ལ་གཉིས་ལས། དང་པོ་ནམ་གྱི་ཆའི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་གཟུང་བ་ནི། སྲོད་དང་གུང་དང་ཐོ་རེངས་ཏེ་ནམ་ལ་ཆ་གསུམ་དུ་བྱས་པའི་ཐོ་རེངས་ཐུན་ལ་འཆར་རོ། །དེ་གསུམ་རེ་རེ་ལ་ཡང་ཆ་གསུམ་སྟེ་ཆ་དགུར་བྱས་པའི་ཆ་བདུན་པའི་ཕྱེད་ན་འཆར་ཏེ། དགེ་སློང་མའི་རྣམ་འབྱེད་ལས། ཐུན་ཐ་མའི་ཐུན་དང་པོའི་ཕྱེད་རྔ་བརྡུང་དུ་ཉེ་བའི་མཚན་མོ་སྐྱ་རེངས་འཆར་བའི་དུས་ཡིན་ནོ་ཞེས་གསུངས་པས་ཐོ་རེངས་ལ་ཆ་གསུམ་དུ་བྱས་པའི་ཆ་དང་པོའི་ཕྱེད་ན་འཆར་རོ། །སྡེ་པ་ཁ་ཅིག་ན་རེ་མཚན་མོའི་ལྔ་ཆ་ལུས་པ་ན་འཆར་ཏེ། བྱེ་བྲག་བཤད་མཚོ་ལས། དེ་ལྟར་བཤད་པས་སོ། །ཞེས་ཟེར་རོ། །འོན་ཀྱང་འོད་ལྡན་ལས། བྱེ་བྲག་བཤད་མཚོ་ནི་ལུང་གི་འབྲེལ་བ་ཡིན་ལ་ལུང་ལས་ནི་དེ་སྐད་མ་གསུངས་ཤིང༌། སྐྱ་རེངས་འཆར་བའི་སྔོན་རྟགས་མཚན་མ་ནམ་མཁའ་ལ་མངོན་སུམ་དུ་སྣང་བའི་ཚེ་བརྩད་དུ་མེད་པ་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །འོན་ཀྱང་ནམ་རིང་ཐུང་གིས་ཉི་མའི་འོད་ཟེར་རྒྱང་རིང་ཐུང་དུ་འགྱུར་བ་མི་རིགས་པས། ནམ་རིང་དུས་སྐྱ་རེངས་དང་པོ་ཤར་ནས་ལངས་པའི་བར་དང༌། ནམ་ཐུང་དུས་སུ་སྐྱ་རེངས་དང་པོ་ཤར་ནས་ནམ་ལངས་པའི་བར་ནི་ཡུན་མཉམ་པར་རིགས་སོ། །དེས་ན་ནམ་ཐུང་དུས་ནི་ནམ་གྱི་སུམ་ཆ་ཉེ་བ་ལུས་པ་ན་སྐྱ་རེངས་དང་པོ་འཆར་བ་དགེ་སློང་མའི་རྣམ་འབྱེད་ལྟར་དོན་ལ་གནས་ལ། ནམ་རིང་བའི་དུས་སུ་ནི་ནམ་གྱི་ལྔ་ཆ་ལུས་པ་ན་སྐྱ་རེངས་དང་པོ་འཆར་བར་བྱེ་བྲག་བཤད་མཚོ་ལྟར་དོན་ལ་གནས་པར་སེམས་སོ། །


previousགསུམ་པ་ཐུན་མོང་བ་ལྔའི་བསྡུས་པའི་དོན་ལ་ལྔ།next