ཁྲུས་ཀྱི་ཆོ་ག
ད་ནི་ཆོ་ག་རིམ་པར་ཕྱེ་སྟེ་བཤད་པར་བྱའོ། །དེ་ལ་རབ་གནས་བྱེད་པའི་སློབ་དཔོན་གྱིས། །ཟླ་བ་དང༌། ཚེས་གྲངས་དང༌། གཟའ་དང༌། རྒྱུ་སྐར་ཤིས་པ་ལ་བྱ་སྟེ། དེ་ཡང༌། ཟླ་བ་དྲུག་དང་གཟའ་བཞི་དང༌། །རྒྱུ་སྐར་བཅུ་བཞི་གང་ཡིན་དང༌། །ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །རྒྱལ་བའི་རབ་གནས་ལ་སོགས་ཉིད། །ཅེས་པས་སོ། །དུས་དེ་དག་ལ་གནས་ཡིད་དུ་འོང་བར། །བླ་རེ་དང་ཡོལ་བ་དང་འཕན་ལ་སོགས་པས་བརྒྱན་ཅིང་མེ་ཏོག་བཀྲམ་སྟེ། དྲི་ཞིམ་པོར་བྱས་ལ། གནས་དེར་སྟེགས་བུ་ཁྲུ་དོ་བ། རྒྱར་ཁྲུ་བཞི་པ། གྲུ་བཞི་ལྷམ་པ་མཛེས་པ། འཇམ་པ་ཟུར་བཞི་ཡ་ཡོ་མེད་པ་གཅིག་བྱས་ཏེ། དེ་ཡང་རྡོའམ། སོ་ཕག་དང༌། ཕག་གུ་ལས་བྱས་པ། རྡོ་ཐལ་གྱིས་དཀར་པོར་བྱུག་གོ །སྟེགས་བུ་དེའི་སྟེང་དུ་རབ་གནས་བྱ་བའི་ལྷ་ལ་ཁྲུས་གསོལ་བ་དང༌། མཆོད་པ་ལ་སོགས་པ་བྱའོ། །དེ་ལ་ཆོ་གའི་རིམ་པ་ནི་དང་པོར་སྟེགས་བུའི་སྟེང་དུ་སྐུ་གཟུགས་ཞལ་ཤར་དུ་བལྟས་པ་བཞུགས་པ་ལ། རས་སེར་པོ་སྐུ་ལ་གསོལ་ཏེ། ཨོཾ་བཛྲ་ཝསྟ་ཧཱུཾ་ཞེས་པའི་སྔགས་ཀྱིས་སོ། །དེ་ནས་ཧཱུཾ་ཞེས་བཟླས་པའི་ཡུངས་ཀར་ཆུའི་ཤིས་པ་དེ། ལན་གསུམ་དུ་གཡས་གཡོན་ནས་བསྐོར་ཏེ། མེ་རུ་དོར་ཏེ་ངེས་པར་སྦྱང་ངོ༌། །དེ་ནས་བའི་རྣམ་ལྔ་དང༌། བདུད་རྩི་ལྔ་དང་བཅས་པའི་ཁམ་ཕོར་བཞག་ལ། དཱུར་བའི་པིར་གྱིས་བླང་ཞིང་སྔགས་འདིས་བཀྲུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་དག་པར་གྱུར་པ་ན། ཏིལ་མར་དྲི་ཞིམ་པོས་བསྒོས་པ་ཁར་བའི་སྣོད་དུ་བཞག་ལ། དཱུར་བའི་པིར་གྱིས་བླང་ཞིང༌། སྔགས་
བཟླས་པས་སྐུ་ཁྱབ་པར་ལེགས་པར་བྱུགས་ཏེ། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ་ཁཾ་ཞེས་པས་སོ། །དེ་ནས་ཏིལ་མར་བསལ་བའི་ཕྱིར། ཤུན་ལྤགས་ལྔ་པོའི་ཕྱེ་མ་དང་སྦྱར་བའི་ཆུས་བཀྲུའོ། །དེ་ནས་ཡང་ཨ་མ་ཀ་ལ་སོགས་པའི་འདག་ཆལ་གྱི་ལྡེ་གུས་བྱུགས་ལ། བུམ་པ་ཆུ་གཙང་མ་བདུད་རྩི་ལྔ་དང་སྦྱར་བས་དབང་བསྐུར་བའི་ཁྲུས་གསོལ་ཏེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་དྲིལ་བུ་གསིལ་ཏེ། གླུ་གར་དང་རོལ་མོ་སིལ་སྙན་དུ་མ་སྒྲོགས་ཤིང་ཆུ་བུམ་པས་བླུགས་སོ། །དེའི་ཚེ་སློབ་དཔོན་གྱིས་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། གྲུབ་པའི་རིག་འཛིན་དང༌། ལྷ་དང་ལྷ་མོ་མང་པོས་ཀྱང་བདུད་རྩིའི་ཆུ་བླུགས་པར་བསམས་ལ། ཚིགས་སུ་བཅད་པ་དང་བཅས་པས་སྔགས་འདི་བརྗོད་ཅིང་དབང་བསྐུར་ཏེ་ཁྲུས་བྱའོ། །ཇི་ལྟར་བལྟ་མས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་ལྟར་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཧཱུཾ། ཨཱཿ་སྭཱ་ཧཱ། དེ་ནས་རས་དམར་པོས་སྐུ་ལ་ཆགས་པའི་ཆུ་ལེགས་པར་ཕྱིས་ཏེ། འདི་ནི་ཁྲུས་ཀྱི་ཆོ་གའོ། །