རབ་གནས་མདོར་བསྡུས་པ།
རབ་གནས་མདོར་བསྡུས་པ་ནི་སྟ་གོན་ལ་གནས་པ་མི་བྱ་བར་ཉིན་གཅིག་ལ་ཁྲུས་ལ་སོགས་པ་སྔར་སྨོས་པ་བཞིན་དུ་རྫོགས་པར་བྱའོ། །དེ་ལ་གླེགས་བམ་དང༌། བྲིས་སྐུ་དང༌། ལྡེར་སོ་ལ་སོགས་པ་ལ་ནི་མེ་ལོང་ལ་ཁྲུས་བྱའོ། །ལུགས་མ་ལ་སོགས་པ་ནི་དངོས་སུ་ཁྲུས་བྱའོ། །ལྷ་ཁང་ནི་ལྷའི་སྐུ་ཇི་སྙེད་པ་དེ་སྙེད་ལ་ཁྲུས་བྱའོ། །སྤྱིར་དྲིལ་ཏེ་བྱ་བ་མ་ཡིན་ནོ། །མཆོད་རྟེན་དང༌། རྡོ་རིངས་དང༌། རྟ་བབས་དང༌། ཤིང་ལྗོན་པ་དང༌། གཙུག་ལག་ཁང་ནི་རྣམ་པར་སྣང་མཛད་དུ་བསྒྲུབ་བོ། །ཆུ་མིག་དང་ཁྲོན་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་དུ་རབ་གནས་བྱས་ལ། མཇུག་དེ་གྱུར་པ་ལས་ཆུ་མིག་ལ་སོགས་པར་རབ་ཏུ་གནས་པར་བྱའོ། །བཟླས་པའི་ཕྲེང་བ་དང༌། གླེགས་བམ་དག་ནི་འོད་དཔག་མེད་དུ་བྱའོ། །རབ་གནས་ཀྱི་ཆེད་དུ་དཀྱིལ་འཁོར་འདྲི་ན་རབ་གནས་གང་བྱེད་པའི་ལྷ་དེ་གཙོ་བོར་བྱའོ། །ལྷ་ཁང་ངམ་སྐུ་མང་དུ་བཞུགས་པ་ནི་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་དཀྱིལ་འཁོར་བྲི་བར་བྱའོ། །གལ་ཏེ་རབ་ཏུ་གནས་པ་མ་བྱས་པར་གྱུར་ན་ཉེས་པ་ཅིར་འགྱུར་ཞེ་ན། སྐུ་གཟུགས་རབ་གནས་མ་བྱས་པས། །ཕྱག་འཚལ་བ་དང་མཆོད་བྱེད་པ། །སྔགས་མེད་པས་ནི་ཐལ་བ་ལ། །སྦྱིན་སྲེག་བྱས་བཞིན་འབྲས་བུ་མེད། །ཅེས་པ་སྟེ་མ་བྱས་པའི་ཉེས་པའོ། །རབ་ཏུ་གནས་པའི་ཆོ་གའི་ཚུལ་ཟབ་མོ། །པཎྜི་ཏ་ཆེན་པོ་ནག་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །