གཤིན་གྱི་ཆོ་ག
ནག་པོ་པས་མཛད།
རྒྱ་གར་སྐད་དུ། མྲྀ་ཏྱུ་བི་དྷི་ནཱ་མ། བོད་སྐད་དུ། གཤིན་གྱི་ཆོ་ག་ཞེས་བྱ་བ། ཀྱཻའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཟག་གང་ཕྱིར་ཤི་འཕོས་ཏེ། ཀྱཻ་རྡོ་རྗེའི་ལུགས་ཀྱིས་བདུན་ཚིག་བྱེད་པར་འདོད་ན། གོས་ལ་སོགས་པའི་རྟགས་གཅིག་ལ་རྟེན་བྱ་བ་འམ། ཡང་ན་མིང་ཤོག་བུ་ལ་བྲིའོ། །མཎྜལ་དང་མཆོད་པ་དང་གཏོར་མ་ཡང་གཞུང་ལྟར་བཤམ་མོ། །དེ་ནས་རང་ལྷག་པའི་ལྷར་བསྒོམས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། མཆོད་པའི་ཁྱད་པར་གྱིས་མཆོད་ལ། བསྟོད་པས་བསྟོད་དེ། མཁའ་འགྲོ་མ་རྣམས་ལ་གཏོར་མ་བསྔོས་ལ་འདོད་པའི་དོན་ལ་གསོལ་བ་གདབ་པོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། ཚེ་འཕོས་པའི་སེམས་ཡི་གེ་ཨ་ཐུང་གི་གཟུགས་སུ་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ནས། རྟེན་གང་ཡིན་པ་ལ་བསྟིམ་མོ། །རྣམ་སྨིན་གྱི་ལུས་གང་ཡིན་པ་དེར་བསམས་ལ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། བསྒྲུབ་བྱའི་སྙིང་གར་ཐིམ་པས་ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས་ཏེ། ལུས་ཤེལ་ལྟ་བུར་བསམ་མོ། །དེ་ནས་མཁའ་འགྲོ་མ་དང་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་རིག་པའི་ལྷ་མོ་རྣམས་ཀྱི་ཕྱག་ན་བསྣམས་པའི་བུམ་པའི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་ཏེ། བཀྲུས་པས། བསྒྲུབ་བྱའི་སྒྲིབ་པའི་
བག་ཆགས་ཐམས་ཅད་བྱང་བར་བསམ་མོ། །དེ་ནས་བཟླས་པ་བྱས་ཏེ། བདག་གི་སྙིང་གའི་ཡི་གེ་ལས་བཟླས་པའི་ཡི་གེའི་ཕྲེང་བ་སྦྲུལ་འཁྱིལ་བའི་ཚུལ་དུ་བསྐོར་བར་བསམས་ལ། དེའི་ཕྲེང་སྔགས་གང་ཡིན་པ་བཟླས་པས་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་འཕྲོས་པས། བསྒྲུབ་བྱའི་སྙིང་གར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་དྲི་མ་ཐམས་ཅད་བྱང་བར་བསམ་ཞིང་བཟླས་པར་བྱའོ། །དེ་ནས་སྨོན་ལམ་གདབ་ཅིང་དགེ་བའི་རྩ་བར་བསྒྱུར་རོ། །དེ་ནས་བསྒྲུབ་བྱའི་ཤེས་པ་ཨ་ཐུང་དུ་སྟེ། ཡཾ་གི་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས་ནམ་མཁར་བཞུགས་པའི་གཙོ་བོའི་ཐུགས་ཀར་ཐིམ་པར་བསམས་ཏེ། གནས་བཏང་བའོ། །གལ་ཏེ་རྟེན་མེད་པར་གྱུར་ན། གང་ཡིན་པའི་རྣམ་སྨིན་གྱི་ལུས་དེ་ཉིད་མངོན་སུམ་དང་འདྲ་བར་བསམས་ལ་མངོན་རྟོགས་སྔར་བཞིན་བྱའོ། །དེ་ལྟར་ཞག་བདུན་པ་ཐམས་ཅད་ལ་བྱའོ། །གཤིན་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་རྒྱལ་བའི་སྙན་ལས་ལེགས་པར་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྱུར་བའོ། །