མགོན་པོ་བཞི་སྦྲག་གི་སྒྲུབ་པའི་ཐབས།
ཨོཾ་སྭཱ་སྟི། མཐའ་དག་རྒྱལ་བའི་ཐུགས་ཀྱི་དངོས། །ཐུགས་ཀྱི་མགོན་པོར་སྐུ་སྤྲུལ་པ། །ནག་ཕྱོགས་མཐའ་དག་ཕམ་མཛད་པའི། །བསྟན་སྲུང་མཆོག་དེས་དགེ་བར་མཛོད། །ནག་པོ་ཆེན་པོ་གྲི་གུག་མ་སྒྲུབ་པར་འདོད་པས། མཆོད་གཏོར་བཤམ། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་སོང་ནས་མཆོད་པ་བྱིན་རླབས་སྤྱི་དང་མཐུན། གཏོར་མ་ཨ་མྲྀ་ཏས་བསངས། ཨོཾ་སྟོང་པར་གྱུར། ཨཱཿཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ཧཱུཾ་ཤ་ལྔ་བདུད་རྩི་ལྔས་གང་བར་གྱུར། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། རང་གི་མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས་སུ། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཎི་ལས་དགྲ་བགེགས་བསྒྲལ་བའི་བམ་ཆེན་བརྩེགས་པའི་གདན་ལ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མཧཱ་ཀཱ་ལ་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་སྙིང་བཅས་ཐུགས་ཀར་འཛིན་པ། ཞལ་གྱི་གྲྭ་ནས་ཁྲག་འཛག་པ། སྤྱན་གསུམ། མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ། སྨ་ར། སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང་གསུས་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་
བསྐུམ་གཡོན་བརྐྱང་བས་པད་ཉི་མི་རོའི་གདན་ལ། མེ་ཚན་དྲག་པོ་འབར་བའི་ཀློང་ན་བཞེངས་པའོ། །ཡང་ན་སྟག་ལྤགས་ཀྱི་ཤམ་ཐབས་མི་མཛད་པར་དར་ནག་གི་འཇོལ་བེར་གསེར་གྱི་སྐེ་རགས་ཅན་དང༌། ཞབས་ལས་སག་ཏིའི་ལྷམ་ཡུ་རིང་གསོལ་བར་བྱས་ཀྱང་རུང༌། གཙོ་བོའི་གཡོན་དུ་རླུང་གི་དཀྱིལ་འཁོར་ལ། བྷྱོཿལས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྔོན་མོ་རལ་གྲི་དང་ཐོད་ཁྲག་འཛིན་པ། སྲིན་པོའི་བོང་བུ་གྭ་དམར་གྱི་སྟེང་ན་བཙན་དཀྱིལ་གྱིས་བཞུགས་པ། རཀྟའི་རྒྱ་མཚོར་རྒྱུག་པའོ། །གཙོ་བོའི་མདུན་གྱི་འོག་ཕྱོགས་སུ། པད་ཉི་དང་བཾ་ཆེན་བསྣོལ་བའི་གདན་ལ་ཕཊ་ལས་ལས་ཀྱི་མགོན་པོ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་ཙནྡན་གྱི་བེང་ཆེན་དང༌། གཡོན་ལྕགས་པར་བདུད་རྩིས་གང་བ་འཛིན་པ། བེང་སྟོད་ནས་མེ་འབར་ཞིང༌། བེང་སྨད་ནས་ཆུ་འཁྲུག་པ། བེང་གི་ནང་ནས་ལྷ་དང་ལྷ་མ་ཡིན་གྱི་དམག་ཚོགས་འགྱེད་པ། དར་ནག་གི་འཇོལ་བེར་གསེར་གྱི་སྐེ་རགས་ཅན་གསོལ་ཞིང༌། གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །དེའི་གཡོན་དུ་མཾ་ལས་མ་གཅིག་ཨེ་ཀ་ཛ་ཊི་སྐུ་མདོག་སྨུག་ནག་རལ་གྲི་སྡིག་པའི་ཡུ་བ་ཅན་དང་ཐོད་ཁྲག་འཛིན་པ། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། ཕྱི་རོལ་ཏུ་ཕྱོགས་སྐྱོང་ཞིང་སྐྱོང་སྡེ་བརྒྱད་འབྱུང་པོའི་
ཚོགས་ཀྱིས་བསྐོར་བའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་བརྒྱད་དང༌། རང་བཞིན་གྱི་གནས་ནས། མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལ་གཤེགས། །འཇིགས་བྱེད་བསྟན་སྲུང་ཡོངས་ཀྱི་གཙོ། །ཟག་མེད་དབྱིངས་ནས་གཤེགས་སུ་གསོལ། ཨོཾ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་ས་པ་ཏི་ཝཱ་ར་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་མཧཱ་ཀཱ་ལ་ཡ་གྲྀཧྞེ་དཾ། ཨརྒྷཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ས་མ་ཡ། སྨ་ར། ས་མ་ཡ་མ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟུ་ཞེས་དམ་ལ་བཞགཨོཾ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་གྱིས་ཡེ་ཤེས་མགོན་པོ་དང༌། འཁོར་རྣམས་ལ་སོ་སོའི་སྙིང་པོའི་མཐར། བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་དང༌། ཤཱ་ས་ནས་ཀྱང་འབུལ། སྤྱི་ཁྱབ་ཏུ། ཨ་ཀཱ་རོ་ལན་གསུམ་གྱིས་བསྟབ། འབྲུ་གསུམ་གྱིས་ནང་མཆོད་འབུལ། བསྟོད་པ་བསྡུས་པ་ནི། ཧཱུཾ། མ་ལུས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་བྱེད་
གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །མཉམ་ཉིད་ཐུགས་མངའ་གཏུམ་ཆེན་མེ་ལྟར་འབར། །བདེ་གཤེགས་བཀའ་ཡི་སྲུང་མ་ཁྱོད་ལ་བསྟོད། །ཅེས་པའོ། །ཐུགས་ཀར་སྔགས་འཕྲེང་གསལ་བཏབ་ལ། ཨོཾ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་ཧཱུཾ་ཕཊ། ཅེས་པ་ནི་སྙིང་པོའོ། །ཨོཾ་མཧཱ་ཀཱ་ལ་གུ་ཎ་ཧྲཱིཿད་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནི་ལས་ཀྱི་སྔགས་སོ། །ཨོཾ་ཤྲཱི་དེ་ཝཱི་ཧཱུཾ་ཕཊ། འདོད་ཁམས་མའི་མཚན་སྔགས་སོ། །ཨོཾ་མཧཱ་ཀཱ་ལ་རཀྵ་དུ་བེང་ཎི་ཛ་ཛཿ ལས་མགོན་གྱི་སྔགས་སོ། །ཨོཾ་རོ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོཿཛ་ཛཿ ཨེ་ཀ་ཛ་ཊིའི་སྔགས་སོ། །སླར་ཡང་ཕྱི་མཆོད་ནང་མཆོད་འབུལ། ཧཱུཾ། ནག་པོ་ཆེན་པོ་ཞེས་པ་ནས། གྲུབ་པར་མཛོད་ཀྱི་བར་མཆོད་འཕྲེང་ནི་མགོན་པོ་ལྷོ་ནུབ་པ་དང་འདྲའོ། །བསྟོད་པ་ནི། སྲིན་གཟུགས་མ་བྱ་ཞིང༌། ཇོ་བོས་མཛད་པར་གྲགས་པའི་བསྟོད་པ་ཆེ་ཆུང་རྣམས་ཀྱང་ཤེས་ན་འདོན། གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །དྲག་པོ་མི་སྡུག་གཏུམ་པའི་སྐུ། །ལྷ་ཡི་དམག་དཔོན་ཆེན་པོ་སྟེ། །ལྷ་མིན་གཡུལ་དུ་ཕམ་མཛད་པའི། །རྡོ་རྗེ་བདེ་ཁྱོད་ཕྱག་འཚལ་བསྟོད། །དགའ་ཚལ་མཛེས་པའི་ལྷ་མོ་ནི། །གདུག་པ་འདུལ་ཕྱིར་སྲིན་པོའི་སྐུ། །དགྲ་བགེགས་ཤ་དང་ཁྲག་ལ་རྔམ། །རྫོང་མོ་ཁྱོད་ལ་བསྟོད་པ་འབུལ། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས་སོགས་འཕྲིན་ལས་
བཅོལ་བ་ཡང་ལྷོ་ནུབ་པ་དང་འདྲའོ། །རྗེས་ཡིག་བརྒྱ། བཟོད་གསོལ། གཏོར་མགྲོན་གཤེགས་སུ་གསོལ་བ། བརྟན་བཞུགས། སྨོན་ལམ། བཀྲ་ཤིས་རྣམས་ཀྱང་སྤྱི་དང་འདྲའོ། །འདིའི་རྗེས་གནང་གི་རིམ་པ་ནི་ལྷོ་ནུབ་པའི་རྗེས་གནང་གི་ཆོ་ག་ལ་འདོན་པ་སྤོས་པ་ཉིད་ཀྱིས་འགྲུབ་བོ། །ཇོ་བོའི་བཀའ་གདམས་འཛིན་པ་ནི། །ཀུན༵་གྱིས་དག༵འ་བར་བསྔགས་པའི་ཕུལ། །ཆོས་སྐྱོང་བཞི་སྦྲག་ཅེས་གྲགས་པའི། །ཆོ་གའི་སྙིང༵་པོ༵་མདོ་ཙམ་ཡིན། །མགོན་པོ་བཞི་སྦྲག་གི་སྒྲུབ་པའི་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །