བཅུ་གསུམ་པ། རི་མོ་གསུམ་ལས་བྱུང་བའི་ཐིག་ལེ་བཞི་བསྒོམ་པའི་ཆོ་ག
དེ་ནས་སྔར་གསུངས་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་བསམ་གཏན་གྱི་ཁང་པར་བདེ་བའི་སྟན་ལ་འདུག་ནས། སྲུང་བ་དང་མཆོད་པ་ལ་སོགས་པའི་ཆོ་ག་བྱས་ནས། །བདག་ཉིད་དཔལ་ཧེ་རུ་ཀར་མོས་པར་བྱའོ། །དེ་ནས་སྤྲུལ་པའི་རྩིབས་ལ་ཆུ་སྐྱེས་ཀྱི་ལྟེ་བར་གནས་པ་མཆོག་གི་ཡི་གེའི་ངོ་བོ་བཅོམ་ལྡན་འདས་མ་བདག་མེད་མ་ཐིག་ལེའི་ངོ་བོ་ནམ་མཁའི་ཁམས་ཀྱི་འོད་ཟེར་ལས་རི་མོ་གསུམ་ནི་བརྐྱང་མ་ལ་སོགས་པའི་རྩ་གསུམ་གྱི་གཟུགས་སྦྱོར་བའི་རྗེས་སུ་ཆགས་པས་གསལ་བར་བལྟའོ། །དེ་ནས་བདེ་བ་ཆེན་པོར་གནས་པ་ཡང་མགོ་མེད་ཀྱི་ངོ་བོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས་འདོད་ཅན་མ་ལ་རྗེས་སུ་ཆགས་པ་སྤྲོས་པའི་རི་མོ་གསུམ་གྱི་ངོ་བོ་རྩོམ་པ་དང༌། སོ་སོར་རྟོག་པ་དང༌། དཔྱོད་པའི་སྟོབས་ལས་ཐིག་ལེ་བཞིའི་གཟུགས་ཅན། སྦྱོར་བ་དང༌། དངོས་དང༌། ཡོངས་སུ་གཅོད་པ་དང༌། དོན་དམ་པའི་བདེ་བ་བྱེད་པར་བསམ་པར་བྱའོ། །དེ་ལྟར་ཉི་མ་རེ་རེ་འམ། ཐུན་མཚམས་སོ་སོའམ། སྐབས་ཇི་ལྟ་བར་གུས་པས་ཡིད་མཉམ་པར་གཞག་པས་ཇི་སྲིད་སེམས་བརྟན་པ་ཐོབ་པ་དེ་སྲིད་བསྒོམ་པར་བྱའོ། །སྔ་མ་བཞིན་སྣང་བ་ལ་སོགས་པ་མཐོང་ནས་སེམས་བརྟན་པ་ཐོབ་པར་ཤེས་པར་བྱའོ། །བརྟན་པ་ཐོབ་པ་ཡོད་ན་མངོན་པར་འདོད་པའི་དངོས་གྲུབ་འབྱུང་ངོ༌། །དེ་དག་ནི་དཔལ་ཧེ་རུ་ཀའི་མན་ངག་ལས་བྱུང་བའི་ཐིག་ལེ་བཞི་བསྒོམ་པའི་ཆོ་ག་སྟེ་བཅུ་གསུམ་པའོ།། །།