མདའ་དང་འཕང་གི་མཚོན་དོན།
གནའ་བོའི་ཆོ་ག་རྣམས་སུ། སྟང་གི་སྲོག་མདའ་ཉ་མིག་དང་། །དབྱལ﹙སྟང་དང་དབྱེལ་ནི། བཟའ་ཚང་ཕོ་མོ་ལ་ཟེར﹚གྱི་གསེར་འཕང་གཡུ་ལོ་གཉིས། །དང་བོ་སྐྱེས་པ་སོ་སོར་སྐྱེས། །བར་དུ་སྨིན་པ་སོ་སོར་སྨིན། །ཐ་མར་བསྡུས་པ་གཅིག་ཏུ་བསྡུས། །བཅོལ་ལོ་ལྷ་ལ་བཅོལ། བཏགས་སོ་ལྷ་ལ་བཏགས། ཞེས་དང་། ཕོ་སྲོག་དེ་ནི་མདའ་ལ་བརྟེན། །མོ་སྲོག་དེ་ནི་འཕང་ལ་བརྟེན། །མདའ་འཕང་གཉིས་ནི་ལྷ་ལ་བཅོལ། །མདའ་འཕང་དེ་ནི་མ་འབྲལ་ཅིག །ཅེས་གསུངས་པ་ལྟར། སྐབས་འདིར་མདའ་ཞེས་པ་འཕང་ཤིང་ལ་མདའི་བཟོ་དབྱིབས་ཡར་ལྡན་དུ་ཚང་བ་རྟོགས་སླ་ལ། འཕང་ཤིང་སྟེ་མདའ་མོ་ནི་ཕོ་ལས་ཀྱི་གཙོ་བོ་ཡིན་པས་ཕ་རྒྱུད་ཆོ་རིགས་མཚོན་བྱེད་དང་། ཕོ་སྲོག་མདའ་ལ་བརྟེན་པར་མ་ཟད། གནའ་བོའི་ཆོ་ག་རྣམས་སུ། བུ་ཞིག་བཙས་ན་སྔས་སུ་མདའ་ཞིག་འཛུགས་པ་སོགས་འགྲེལ་བརྗོད་སྣ་ཚོགས་གནང་རྒྱུ་ཡོད་དེ། རྣམ་སྲས་ཀྱི་གཡང་འགུགས་ཆོ་ག་དགོས་འདོད་ཆར་འབེབས་ལས། དང་བོ་བུ་ཞིག་སྐྱེས་ཙ་ན། །སྔས་སུ་མདའ་ཞིག་ཐར་གྱིས་བཙུགས། །སྲོག་མདའ་ཉ་མིག་བྱ་བ་ལགས། །ཕོ་སྲོག་མདའ་ལ་བརྟེན་པ་ཡིན། །བཀྲ་ཤིས་དཔལ་མདའ་སྒྲོ་དཀར་གྱི། །མདའ་ལྟོང་གནམ་དུ་བསྟན་པ་འདི། །མངའ་ཐང་དགུང་དང་མཉམ་པ་ཡིན། །སྒྲོ་ཡི་ཡུད་གསུམ་གྱོན་པ་འདི། །མི་ནོར་ཟས་གསུམ་འཕེལ་བའི་དོན། །སྙུག་མ་ཚིགས་གསུམ་ཡོད་པ་འདི། །ལུས་ངག་ཡིད་དང་གསུམ་པོ་ཡིན། །མཚལ་དམར་མདངས་དང་ལྡན་པ་འདི། །ཁ་མདོག་མདངས་དང་ལྡན་པ་ཡིན། །མདེའུ་ལྕགས་ལས་བྱས་པ་འདི། །ཕོ་སྲོག་ལྕགས་ལ་བྱས་པ་ཡིན། །དར་ཚོན་སྣ་ལྔས་བརྒྱན་པ་འདི། །དབང་བོ་སྒོ་ལྔ་ལྡན་པ་ཡིན། །སྲིད་པའི་དཔལ་མདའ་སྒྲོ་དཀར་འདི། །ཇོ་བོའི་ཕྱག་ཏུ་འབུལ་གྱིས་བཞེས། །ཞེས་དང་།
ཡང་། འཕང་ཞེས་པ་ཤིང་རྟའི་འཕང་ལོ་ལྟ་བུར་དཔྱད་ན་འཁོར་ལོ་ལ་གོ་བ་ལྟར། འཕང་ལོ་ལ་བྱ་བས། འཕང་ནི་མོ་ལས་ཀྱི་གཙོ་བོ་ཡིན་པས་མ་རྒྱུད་ཆོ་འབྲིང་མཚོན་བྱེད་དུའང་འགྲོ་ལ། ཡང་། བུ་མོ་ཞིག་བཙས་ན་སྔས་སུ་འཕང་ཞིག་བཞག་སྟེ། འཕང་ལོ་ལ་འགྲེལ་བརྗོད་སྣ་ཚོགས་གནང་རྒྱུ་ཡོད་དེ། གཡང་འགུགས་ཀྱི་ཆོ་ག་དེ་ལས། མ་ལ་བུ་མོ་སྐྱེས་ཙམ་ན། །སྔས་ལ་འཕང་ཞིག་ཐར་གྱིས་བཙུགས། །བཀྲ་ཤིས་གསེར་འཕང་གཡུ་ལོ་འདི། །སྐེད་པ་འཛུམ་ལ་འདྲིས་པ་འདི། །ནོར་ཟས་གཡང་དང་ལྡན་པ་ཡིན། །གཡུ་ཡི་འཕང་ལ་བསྐོར་བ་འདི། །འཁོར་གཡོག་མདངས་དང་ལྡན་པ་ཡིན། །འཕང་བཏེག་རྡོ་ལ་བྱས་པ་ཡི། །མོ་སྲོག་རྡོ་ལས་སྲ་བ་ཡིན། །བཀྲ་ཤིསགསེར་འཕང་གཡུ་མོ་འདི། །བུ་མོ་སེང་ལྕམ་ཕྱག་ཏུ་འབུལ། །ཞེས་པ་ལྟར། མདའ་དང་འཕང་ནི་ཕོ་མོའི་མཚོན་དོན་དུ་འགྲོ་བས། འཕང་ཤིང་དེ་འཕང་ལོར་སྤྲད་པ་ནི། ཕྱོགས་གཅིག་ནས་ཕོ་མོ་མཐུན་འཇུག་གི་གཉེན་སྒྲིག་དང་། གཉིས་ནས་ཁྱོ་ཤུག་གི་མཐུན་སྒྲིལ་མཚོན་པར་མ་ཟད། གཞན་ཡང་། འཕང་ནི་རྩིད་སྐུད་འཁེལ་བྱེད་ཡིན་པས། རྩིད་སྐུད་ཀྱིས་དུད་ཁྱིམ་མགོ་སྦྲ་བཟོས་ཏེ། གཞིས་ཁྱིམ་གཅིག་གི་ནང་དགའ་སྐྱིད་དཔལ་ལ་རོལ་བར་ཡང་མཚོན་ནོ། །གཞན་ཡང་། བོད་ཀྱི་གདོད་མའི་ཡུལ་སྲོལ་དང་སྦྱར་ཏེ། མདའ་ནི་སྐྱེས་པའི་སྲོག་ཚབ་དང་། འཕང་ནི་བུད་མེད་ཀྱི་སྲོག་གླུད་དུ་གཏོང་བ་འདོན་ཆོག་རྣམས་སུ་མང་སྟེ། སྲིད་པ་མཁའ་འགྲོའི་གླིང་བཞི་སྤྱི་མདོས་ལས། མདའ་ནི་མཁའ་འགྲོའི་སྐུ་ཡི་རྟེན། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །འཕང་ནི་མཁའ་འགྲོ་མཐུན་པའི་རྫས། །ཟ་མ་མོ་ཡི་གླུད་དུ་འབུལ། །ཞེས་དང་། ཀརྨ་ཆགས་མེད་ཀྱི་གཏོ་ཆོག་ལས་ཀྱང་། མདའ་བཀྲ་སྐྱེས་པ་སྟག་ཆས་བརྒྱ། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །ཟ་མ་མོ་ཡི་གླུད་དུ་འབུལ། །ཞེས་སོ། །
ཁྱད་པར་དུ་མདའ་མོ་ལ་མཚོན་ན་གཉེན་སྲོལ་གྱི་སྐབས་སྤྱོད་སྒོ་མང་སྟེ། དཔེར་ན། ཡུལ་ལུང་འགར་མཚོན་ན། ལྷ་མདའ་སྒྲོ་དཀར་དང་། ཚེ་མདའ་ཉ་མིག དཔལ་མདའ་གསུམ་ཡོད་ལ། ལྷ་མདའ་སྒྲོ་དཀར་ནི། འགོ་བའི་ལྷ་ལྔའི་རྟེན་དང་། ཚེ་མདའ་ཉ་མིག་ནི། ཁྱོ་གའི་མདའ་སྟེ་ཕོ་མཚོན་བྱེད་དང་། དཔལ་མདའ་ནི། མནའ་མའི་ཕས་གནས་རྫོང་དུ་ཕུལ་བ་ཡིན་པས་གཡང་རྟེན་ཡང་ཡིན་ནོ། །
དེ་ལས་གཞན། གནའ་མིའི་ངག་རྒྱུན་དུ། གཉེན་ལམ་མདའ་ཡིས་ཕྱེ། ཞེས་པ་ལྟར། གླིང་སྒྲུང་རྟ་རྒྱུགས་དཔྱིད་ཀྱི་ཉི་མ་ལས། གླིང་ཡུལ་སྟོད་སྨད་བར་གསུམ་གྱིས་འབྲུག་མོའི་སྐྲ་བདག་རྩོད་སྐབས། སེང་ལྕམ་འབྲུག་མོས་ལྷ་མདའ་དར་གྱིས་བརྒྱན་པ་དེ་འཕངས་ནས་ཇོ་རུའི་སྟེང་དུ་ཁྲ་སྤུངས་སེ་བབས་པར་བཤད་པ་དང་། ཡང་། བུ་མོའི་སྣང་སའི་རྣམ་ཐར་ལས། རི་ནང་དཔོན་པོས་བཙན་དབང་ལ་བརྟེན་ནས་བུ་མོ་སྣང་ས་ལ་གཡུ་དང་མདའ་དར་གྱིས་བརྒྱན་ཏེ་གཉེན་རྟགས་བརྒྱབ་པའི་སྐོར་བཤད་པ་བལྟས་ནའང་མདའ་ནི་གཉེན་རྟགས་ལ་བེད་སྤྱོད་གཏོང་བ་མཐོང་ཐུབ་བོ། །