ལེའུ་བཞི་བཅུ་རྩ་དགུ་པ། སྐྱེ་བ་བདུན་པའི་བསྒྲབུ་པར་བྱ་བའི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་རྣམ་པར་བཤད་པ།
དེ་ལྟར་སྔགས་ཀྱི་འཁྲུལ་འཁོར་བཤད་ནས། ད་ནི་དངོས་གྲུབ་སྒྲུབ་པའི་རྫས་བསྟན་པ་གསུངས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་སོ། །བསྒྲུབ་བྱ་ཇི་བཞིན་ཆོ་ག་སྟེ། །ཞེས་བྱ་བ་ནི་སྐྱེ་བ་བདུན་བསྒྲུབ་པའོ། །དེའི་འབྲས་བུ་ནི་གང་ཞིག་སྐྱེ་བ་བདུན་ལ་དེ་ཤེས་པ་ཙམ་གྱིས་སྒྲུབ་པའི་དངོས་གྲུབ་རྣམས་མྱུར་དུ་གྲུབ་པར་འགྱུར་རོ། །ཐོག་མར་སྐྱེ་བ་བདུན་པ་གྲུབ་པའི་ཐབས་ཀྱི་ཚོགས་ཀྱི་འཁོར་ལོ་བྱས་ལ་འབྲས་ཀྱི་ཕྱེ་མ་སྐྱེ་བ་བདུན་པའི་གྲངས་དང་
མཉམ་པས་ཕྱུགས་ཀྱི་གཟུགས་བྱ་སྟེ། མི་དང་རུས་སྦལ་དང་རྟ་དང་རྔ་མོ་དང་བོང་བུ་དང་ཅེ་སྤྱང་དང་ཕག་དང་བདུན་གྱི་གཟུགས་བྱས་ལ་ཁོང་པའི་ནང་ཁྲག་གིས་བཀང་ནས་གཏོར་མ་དང་སྦྱིན་སྲེག་དང་བཟའ་བ་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བྱས་པས་མཁའ་འགྲོ་རྣམས་མཉེས་ནས་སྐྱེ་བ་གཅིག་ནས་སྐྱེ་བ་བདུན་པའི་བར་དུ་བརྒྱུད་པ་ཤེས་པར་གདོན་མི་ཟའོ། །དེའི་རྟགས་ནི་སྐྱེ་བ་དང་པོ་ལ་ཁ་དྲི་ཞིམ་པ་དང༌། གཉིས་པའི་རྟགས་མིག་མི་འཛུམ་པར་བལྟ་བ་དང༌། གསུམ་པ་བདེན་པར་སྨྲ་བ་དང༌། བཞི་པ་མཐོང་ན་དགའ་བ་དང༌། ལྔ་པ་དམ་པའི་ཆོས་ལ་དགའ་བ་དང༌། དྲུག་པ་རང་གི་སྐྱེ་བ་ཤེས་པ་དང༌། བདུན་པ་རྟགས་ལུས་ཀྱི་དྲི་ཞིམ་པའོ། །དེ་བསྟེན་པ་ཙམ་གྱིས་དེའི་སྙིང་ག་ན་གོ་རོ་ཙ་ན་ཡོད་པ་བླངས་ནས་ཟོས་ན་ལྷའི་གཟུགས་འཛིན་པར་འགྱུར་རོ། །དེའི་གོ་རོ་ཙ་ན་བསྣམས་པའམ་རེག་པ་ཙམ་གྱིས་གཟུགས་སྣ་ཚོགས་འཛིན་པར་འགྱུར་བ་དང༌། ཐིག་ལེ་བྱས་པས་མི་སྣང་བ་དང་དགའ་བའི་གཟུགས་འཛིན་པར་འགྱུར་རོ། །དེའི་རྒྱས་པར་བཤད་པ་ནི། དེའི་སྙིང་ནི་གོ་རོ་ཙ་ན་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་བདུན་པ་ཁ་ན་མ་ཐོ་བ་མེད་པར་ཤི་བའི་ཤ་ལེན་པས་ན་མཁས་པ་ཞེས་བྱའོ། །དེ་ལས་བླངས་ནས་སྔར་བསྟན་པའི་འཁྲུལ་འཁོར་བརྒྱད་ཀྱི་སྔགས་ལ་གོ་རོ་ཙ་ནས་དབྲལ་བར་ཐིག་ལེ་བྱས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ། །ལྷའི་གཟུགས་འཛིན་པ་དང་གཟུགས་སྣ་ཚོགས་འཛིན་པ་གཉིས་བཤད་ནས། གསུམ་པ་ཤིང་གང་ཡང་རུང་བའི་ཁུ་བ་དང་གོ་རོ་ཙ་ན་བསྲེས་པས་དཔྲལ་བར་ཐིག་ལེ་བྱས་ན་དེ་ཤིང་གི་གཟུགས་སུ་འགྱུར་རོ། །ཕྱུགས་གང་ཡང་རུང་བའི་སྤུ་དང་བསྲེས་པ་ལག་པ་དང་སྤྱི་བོར་བཅིངས་ན་དེ་སྲོག་ཆགས་དེའི་གཟུགས་སུ་འགྱུར་རོ། །རྒྱས་པར་རྒྱུད་བླ་མ་ནས་བཤད་པས་རྒྱུད་བླ་མར་བལྟ་བར་བྱའོ། །གལ་ཏེ་ཏནྟྲ་ཡནྟྲའི་ཐབས་ཡིན་ན་ཐམས་ཅད་ཀྱིས་ཅིའི་ཕྱིར་སྒྲུབ་སྙམ་ན། རྣལ་འབྱོར་བསྒོམ་པ་ནི་ཟློས་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་འབའ་ཞིག་བསྒོམ་པ་དང་བཟླས་པ་ལ་དགའ་བ་ཏནྟྲ་དང་ཡནྟྲའི་ནུས་པ་དང་ལྡན་པ་ཡིན་ཡང༌། བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་གོམས་པའི་ལམ་ལ་དགའ་བ་དང་བསྐྱེད་པའི་རིམ་པ་བཅོས་མའི་རྣལ་འབྱོར་ཉོན་མོངས་པའི་
ལམ་ལ་དགའ་བས་ཡནྟྲ་འཁྲུལ་འཁོར་གྱི་ཐབས་དང༌། ཏནྟྲ་སྨན་གྱི་སྦྱོར་བའི་ཐབས་ཀྱི་དངོས་གྲུབ་ཀྱི་ལམ་འགོག་ཅིང་སྨོད་པ་ཡིན་ནོ། །གླང་པོ་རྟ་དང་བོང་བུ་དང༌། །ཞེས་བྱ་བ་ནི་སྲོག་ཆགས་གང་དང་གང་གི་ཐོད་པར་བསྐྱེད་པའི་ཡུངས་ཀར་དང་སྐྱེ་བ་བདུན་པའི་སྙིང་གའི་གོ་རོ་ཙ་ན་དང་བསྲེས་ནས་བླངས་ན་ལྷའི་གཟུགས་དང་རང་དགའ་བའི་གཟུགས་སུ་འགྱུར་རོ། །དེ་ལྟར་བསྒོམས་པའི་ཏིང་ངེ་འཛིན་དང་རག་ལས་པ་མེད་པའི་སྐྱེ་བ་བདུན་པའི་ཤ་རྙེད་པ་ཙམ་གྱིས་གྲུབ་པར་འགྱུར་པ་དེ་ལས་ཤིན་ཏུ་མཆོག་ཏུ་གྱུར་བའི་ས་འོག་དང་ས་བླ་དང་མཐོ་རིས་ཀྱི་འཇིག་རྟེན་གསུམ་ན་ཡོད་པ་མ་ཡིན་ནོ། །ལེའུ་བཞི་བཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།