Nitartha Digital Library
Tibetan
ཤེས་བྱ་ཀུན་ཁྱབ།


  collapse section
   
  collapse section
   
   
   
   
  collapse section
   
   
༢ སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པའི་སྐབས།
   
   


 
previousབཅུ་པ། མཐར་ཕྱིན་འབྲས་བུའི་རང་བཞིན་རིམ་པར་ཕྱེ་བ།next

༢ སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པའི་སྐབས།

སྐབས་གཉིས་པ་སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པ་ལ་གཉིས། སྤྱིར་བཏང་གིས་མདོར་བསྟན། བྱེ་བྲག་ཐུན་མོང་དངོས་གྲུབ་ཞིབ་མོར་བཤད་པའོ། །དང་པོ་ནི། སྔགས་ཀྱི་རིམ་གཉིས་འབྲས་བུ་ཐུན་མོང་མཆོག །འདུས་པར་སྔགས་དང་ཡེ་ཤེས་གྲུབ་པ་གཉིས། །དུས་ཀྱི་འཁོར་ལོར་དབང་བདུན་གྲུབ་པ་གཅིག །གོང་མའི་ལམ་གནས་གྲུབ་པ་གསུམ་དུ་གསུངས། །གསང་སྔགས་ཀྱི་ལམ་རིམ་པ་གཉིས་བསྒོམས་པའི་འབྲས་བུ་སྔ་མས་གཙོ་བོར་ཐུན་མོང་དང་ཕྱི་མས་གཙོ་བོར་མཆོག་གྲུབ་པར་བྱེད་པས་ཐུན་མཆོག་གཉིས་སུ་འདུ་ཞིང༌། དེ་དག་ལ་འདུས་པར་སྔགས་དང་ཡེ་ཤེས་ཀྱི་གྲུབ་པ་གཉིས་སུ་གསུངས་ཏེ། རྒྱུད་ཕྱི་མ་ལས། མི་སྣང་ལ་སོགས་དངོས་གྲུབ་ནི། །ཐ་མལ་པ་ཞེས་བཤད་པ་ཡིན། །སངས་རྒྱས་ཉིད་གྲུབ་སངས་རྒྱས་ཀྱིས། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །ཅེས་སོ། །ཡང་དངོས་གྲུབ་དམན་པ་ཕྲིན་ལས་བཞི་དང་འབྲིང་གྲུབ་ཆེན་བརྒྱད་དང་མཆོག་སངས་རྒྱས་འགྲུབ་པར་ཡང་བཤད་དེ། སྒྲོན་གསལ་ལས། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་སོ། །དངོས་གྲུབ་དེ་གཉིས་རིམ་གཉིས་ཀྱིས་འགྲུབ་པའི་ཚུལ་ཡང་འདུས་པའི་རྒྱུད་ཕྱི་མར། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐུན་མོང་བ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་འབྱུང་བ་ལྟར་རོ། །དུས་ཀྱི་འཁོར་ལོ་ལས་དབང་བདུན་གྱི་ལམ་ལ་གནས་པས་གྲུབ་པ་གཅིག་དང༌། དབང་གོང་མའི་ལམ་ལ་གནས་པས་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་


LT09,P188B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གྲུབ་པ་གསུམ་དུ་གསུངས་ཏེ། དེའང་དང་པོར་དབང་བདུན་གྱི་ལམ་ལ་གནས་པས་རལ་གྲི་དང་རིལ་བུ་ལ་སོགས་པའི་གྲུབ་པ་ཐོབ་པ་དེས། ལུས་དེ་ཉིད་ཀྱིས་ལྷ་དང་མིའི་གནས་རྣམས་སུ་ཐོགས་མེད་དུ་རྒྱུ་ཞིང་ནམ་མཁའ་ལ་འགྲོ་བ་དང༌། རིག་སྔགས་ཀྱིས་སེམས་ཅན་ལ་ཕན་འདོགས་ཤིང་ཚར་གཅོད་པའང་ནུས་ལ། ལུས་དེ་མི་རྣམས་ཀྱི་ནང་དུ་བསྟན་ན་དེ་དག་གིས་མངོན་སུམ་དུའང་མཐོང་བ་སྟེ། དེ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཉེས་པར་བྱས་པའི་མཐུས་དེ་རྣམས་ཀྱིས་རྗེས་སུ་བཟུང་ཞིང༌། དབང་གོང་མའི་ལམ་ལ་གནས་པས་རིམ་གྱིས་སངས་རྒྱས་ཉིད་དུའང་འགྱུར་རོ། །འདི་ནི་རྫས་ལ་བརྟེན་པའི་རིག་པ་འཛིན་པ་ཡིན་པས་རལ་གྲི་སོགས་ཀྱི་རྫས་དང་བྲལ་ན་ནམ་མཁར་འགྲོ་བར་མི་ནུས་ཏེ། དཔེར་ན་ཡིད་འཕྲོག་མ་གཙུག་རྒྱན་གྱི་ནོར་བུ་མེད་པ་ན་ནམ་མཁའ་ལ་འགྲོ་བར་མི་ནུས་པ་བཞིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མཁའ་ལ་སྤྱོད་པ་སོགས་གྲུབ་པ་དེ་ནི། རིག་སྔགས་ཀྱི་སྟོབས་ཀྱིས་གཞན་ལ་ཕན་འདོགས་པ་དང་ཚར་གཅོད་པ་སོགས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཡང་བྱེད་ལ། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སོགས་མཉེས་པར་བྱས་ནས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམས་ཏེ་རིམ་གྱིས་སངས་རྒྱས་ཉིད་ལའང་སྦྱོར་བར་བྱེད་དོ། །ལས་ཀྱི་ཕྱག་རྒྱ་ལས་གྲུབ་པ་ཐོབ་པ་འདིས་ནི་མི་རྣམས་ཀྱི་ནང་དུ་འོངས་ཤིང་རང་གི་ལུས་བསྟན་དུ་ཟིན་ཀྱང་དེ་དག་གིས་མངོན་སུམ་དུ་མི་མཐོང་སྟེ། ཕྲ་བ་དང་ཡང་བ་ལ་སོགས་པའི་དབང་ཕྱུག་གི་ཡོན་ཏན་དང་ལྡན་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྤྲུལ་པའི་ལུས་དུ་མ་ཞིག་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་ཡོད་དོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུགས་ཀྱི་དངོས་གྲུབ་གྲུབ་པ་དེ་ནི་


LT09,P189A
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཁམས་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་འགྱུར་བ་ཡིན་པས། མི་རྣམས་ཀྱི་ནང་དུ་མི་འོང་ཞིང་ལུས་ཀྱང་དེ་དག་གི་སྤྱོད་ཡུལ་མ་ཡིན་མོད། །འོན་ཀྱང་བསམ་གཏན་གྱི་དངོས་གཞིའི་སྟོབས་ཀྱིས་འདོད་པའི་ཁམས་སུ་སྤྲུལ་པ་དུ་མས་སེམས་ཅན་གྱི་དོན་བྱེད་དོ། །བསམ་གཏན་དེའང་ཉེར་བསྡོགས་སྔོན་དུ་མ་སོང་བའི་དངོས་གཞིའི་སེམས་ལ་བརྟེན་པ་ཡིན་ཞེས་པ་ཀུན་ལས་བཏུས་ཀྱི་འགྲེལ་བར་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་བཤད། མཐར་བདག་ཉིད་ཀྱང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཉིད་ལ་རིམ་གྱིས་སྦྱོར་རོ། །དབང་པོ་རྣོན་པོ་ནི། སེམས་ནི་བཅིངས་པར་གྱུར་པ་ལས། །རླུང་ནི་འཆིང་བར་འགྱུར་བ་ཡིན། །ཞེས་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་འབའ་ཞིག་གི་ངང་དུ་སེམས་ཀྱི་བྱེད་པ་བཅིངས་པས། རྟེན་གྱི་བྱེད་པ་ཆིངས་པ་ནོར་བུ་དང་རྡོ་བའི་དཔེས་སངས་རྒྱས་མངོན་དུ་བྱེད་པ་རང་བྱུང་ཞབས་རྗེས་འབྲང་རྣམས་བཞེད་དོ། །གཉིས་པ་ལ་གཉིས། མདོར་བསྟན་གྱིས་མཚམས་སྦྱར། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། བསྐྱེད་རིམ་རྒྱུད་ཀྱི་སྦྱོར་བ་གནས་སྐབས་ཀྱི། །ལས་དང་དངོས་གྲུབ་ཆུང་འབྲིང་ཆེན་པོ་རྣམས། །གཙོ་བོར་འགྲུབ་སྟེ། །ཞེས་པ་ནི། དབང་བདུན་དང་འབྲེལ་བ་མི་ཟབ་པ་དང་ཟབ་མོ་བསྐྱེད་པའི་རིམ་པ་གང་ལ་བརྟེན་ནས་བསྒྲུབས་ཀྱང༌། རྒྱུད་ཀྱི་སྦྱོར་བ་གནས་སྐབས་ཐུན་མོང་གི་ཕྲིན་ལས་བཞི་ལ་སོགས་པ་དང༌། དངོས་གྲུབ་ཆུང་འབྲིང་ཆེན་པོ་རྣམས་ཇི་ལྟར་རིགས་པ་གཙོ་བོར་འགྲུབ་པ་ཡིན་ཏེ། བརྒྱུད་ནས་མཆོག་ལའང་སྦྱོར་བར་འགྱུར་རོ། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། ལས་དང་དངོས་གྲུབ་བོ། །དང་པོ་ནི། ཞི་རྒྱས་དབང་མངོན་སྤྱོད། །རྩ་བའི་ལས་བཞི་ཡན་ལག་རབ་འབྱམས་དང༌། །ཞི་རྒྱས་དབང་


LT09,P189B
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་བསད་སྐྲད་རྨོངས་རེངས་ཏེ། །ལས་ཆེན་བརྒྱད་དང་བཅུ་གཉིས་གྲགས་རྣམས་སོ། །དེ་ལ་ལས་ནི། རྡོ་རྗེ་གུར་ལས། ཕན་པ་ཉིད་ཀྱིས་ཞི་བ་སྟེ། །རྡོ་རྗེ་ཉི་མ་རྒྱས་པའོ། །རྡོ་རྗེ་ཆོས་ནི་དབང་ཞེས་བྱ། །རྡོ་རྗེ་སེམས་དཔས་བསད་པར་བྱ། །ཞེས་ལྷའི་རྣལ་འབྱོར་བཞི་དང༌། ཞི་བའི་སེམས་ཀྱིས་ཞི་བ་སྟེ། །ཞེས་སོགས་བསམ་པ་བཞི་དང༌། མཐར་ནི་སྭཱ་ཧཱ་ཞི་བ་སྟེ། །ཞེས་སོགས་སྔགས་ཀྱི་མཐའ་རྟེན་བཞི་གསུངས་པ་ལྟ་བུའི་རྩ་བའི་ལས་བཞི་དང༌། དེ་དག་གི་ཡན་ལག་ཞི་བ་ལའང་ནད་དང་གདོན་ཞི་བ་སོགས་མང་པོ་དང༌། རྒྱས་པ་ལའང་ཚེ་དང་བསོད་ནམས་དང་ལོངས་སྤྱོད་རྒྱས་པ་སོགས་མང་པོ་དང༌། དབང་ལའང་རྒྱལ་པོ་དང་དམངས་དབང་དུ་བྱ་བ་དང་དགུག་པ་སོགས་མང་པོ་དང༌། མངོན་སྤྱོད་ལའང་བསད་སྐྲད་དབྱེ་རེངས་སོགས་དྲག་པོའི་ལས་རབ་འབྱམས་རྣམས་སོ། །ཡང་ན་ལས་ཆེན་པོ་ཞི་རྒྱས་དང༌། དབང་དགུག་དང༌། བསད་སྐྲད་དང༌། རྨོངས་རེངས་ཏེ་བརྒྱད་པོ་རྣམས་སོ། །ཀྱཻ་རྡོར་བརྟག་པ་ཕྱི་མའི་ལེའུ་བཞི་པ་ལས། དབང་དང༌། མངོན་སྤྱོད་དང༌། དགྲའི་སྡེ་འཇིག་པ་དང༌། བསྐྲད་པ་དང༌། བསད་པ་དང༌། དགུག་པ་དང༌། ཞི་བ་དང༌། རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་པའི་བརྒྱད་པོའམ། ལས་ཆེན་བཅུ་གཉིས་ཞེས་བྱ་བ་ནི། བདེ་མཆོག་རྩ་རྒྱུད་ལས། དབང་དང་དགུག་དང་དབྱེ་བ་དང༌། །བསད་དང་བསྐྲད་པ་ལ་སོགས་དང༌། །རྨུགས་དང་རེངས་པར་བྱ་བ་དང༌། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་གྱུར་པ་དང༌། །འོན་དང་དེ་བཞིན་ལོང་བ་དང༌། །མ་ནིང་ཉིད་དུ་བྱ་བ་དང༌། །གཟུགས་ནི་ཡོངས་སུ་བརྗེ་བ་སྟེ། །ལས་ཆེན་བཅུ་གཉིས་འདི་དག་ནི། །ཞེས་གསུངས་ཏེ། ཚིག་འཕྲོག་སོགས་དབང་པོ་ཉམས་


LT09,P190A
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་ལས་ཞེས་གཅིག་ཏུ་བསྡོམས། འདིར་ཞི་བའི་ལས་ཀྱི་གསལ་ཁ་མ་བྱུང་ཡང་སྔ་ཕྱི་མང་དུ་གསུངས་ཏེ་དེ་བསྣན་པས་བཅུ་གཉིས་སོ། །འདི་ནི་མཚོན་པ་ཙམ་སྟེ་རྡོ་རྗེ་མཁའ་འགྲོར་ལས་རིམ་བརྒྱ་རྩ་གསུངས་པ་སོགས་ལས་རབ་འབྱམས་རྣམས་སོ། །གཉིས་པ་དངོས་གྲུབ་ལ་གསུམ། ཆུང་ངུ༌། འབྲིང༌། ཆེན་པོ། ཞར་བྱུང་མཁའ་སྤྱོད་ཀྱི་རྣམ་དབྱེ་བཤད་པའོ། །དང་པོ་ནི། ཆུང་ངུ་རིལ་བུ་མིག་སྨན་ས་འོག་གྲི། །མཁའ་སྤྱོད་མི་སྣང་འཆི་མེད་ནད་འཇོམས་སམ། །རལ་གྲི་མིག་སྨན་རིལ་བུ་རྐང་བྱུག་དང༌། །བཅུད་ལེན་མཆིལ་ལྷྭམ་དངུལ་ཆུ་ས་འོག་བརྒྱད། །སྔགས་ཀྱི་ཚོགས་ལམ་ཆེན་པོར་སླེབ་པ་དེས་ཐུན་མོང་གི་དངོས་གྲུབ་ཆུང་ངུ་འཕྲལ་དོན་དུ་གཉེར་ན་འདིའི་དྲོད་ཐོབ་ནས་སྤྱོད་པ་སྤྱད་པས། མངོན་ཤེས་ལྔ་དང༌། དངོས་གྲུབ་བརྒྱད་སོགས་རྫས་ཀྱི་རིག་པ་འཛིན་པ་དཀའ་བ་མེད་པར་འགྲུབ་པ་སྟེ། གྲུབ་པ་བརྒྱད་ཀྱང་ལྷ་མོ་བཞིས་ཞུས་ལས། །རྫས་བརྒྱད་ཡན་ལག་སྒྲུབ་པ་བཤད། །རིལ་བུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །མཁའ་ལ་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། །ཞེས་སམ། མཁའ་འགྲོ་རྒྱ་མཚོ་ལས། རལ་གྲི་མིག་སྨན་རིལ་བུ་དང༌། །རྐང་པ་བྱུག་དང་བཅུད་ལེན་དང༌། །མཆིལ་ལྷྭམ་དངུལ་ཆུ་ས་འོག་གི །དངོས་གྲུབ་སྒྲུབ་པ་མཁས་པས་བྱ། །ཞེས་པ་ལྟར་རམ། རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་བྱུག་དང༌། །རལ་གྲི་ས་འོག་སྒྲུབ་པ་དང༌། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །རིག་འཛིན་འཁོར་ལོ་སྒྱུར་བ་དང༌། །བུ་མོ་དམ་པ་དགུག་པ་ཉིད། །བདག་ཉིད་མཉེས་པར་སྒྲུབ་པ་པོས། །དངོས་གྲུབ་རྡོ་རྗེ་རྣམ་ཐོབ་བོ། །ཞེས་གསུངས་པ་ལྟར་རོ། །གུར་ལས་


LT09,P190B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་འདིའི་དགོངས་པ་ནི་མིག་སྨན་མིག་ལ་བྱུག་པས་འཇིག་རྟེན་གསུམ་མཐོང་བ་དང༌། རྐང་པ་ལ་རྫས་བྱུག་པས་རྐང་མགྱོགས་དང༌། རལ་གྲི་ལག་ཏུ་བཟུང་བས་ནམ་མཁར་འགྲོ་བ་དང༌། ས་འོག་གི་གཏེར་རམ་བུམ་པ་བཟང་པོ་བཏོན་ནས་སེམས་ཅན་རྣམས་ལ་ཅི་འདོད་སྟེར་བ་དང༌། རིལ་བུ་ཁར་བཅུག་པས་སུས་ཀྱང་མི་མཐོང་ཞིང་གནོད་སྦྱིན་ལྟར་འདོད་པའི་གཟུགས་ཅན་དུ་འགྱུར་བ་སྟེ། འདིའི་ཁོངས་སུ་གཟུགས་སྒྱུར་པའང་འདུའོ། །རྫས་ཀྱི་ཐིག་ལེ་དཔྲལ་བར་བྱུག་པས་ལུས་མི་སྣང་ཞིང་སུས་ཀྱང་མི་མཐོང་བ་དང༌། ཚེ་ཉི་ཟླ་དང་མཉམ་པ་དང༌། ལུས་ལོ་བཅུ་དྲུག་ལོན་པ་ལྟར་གྱུར་པ་དང༌། ལྕགས་ཟངས་སོགས་གསེར་དུ་སྒྱུར་བ་སྟེ་གསུམ་པོ་ལ་བཅུད་ལེན་ཞེས་བྱ་ཞིང༌། འདི་གསུམ་ལའང་ཚེ་དང་ལུས་དང་ལོངས་སྤྱོད་ཀྱི་བཅུད་ལེན་ཞེས་བྱའོ། །བུ་མོ་དམ་པ་དགུག་པ་ནི་གནོད་སྦྱིན་མོ་བསྒྲུབས་པས་དེས་གྲུབ་ཆེན་བརྒྱད་ཅི་འདོད་སྟེར་བའོ། །དེ་ལ་གནོད་སྦྱིན་མོ་གྲུབ་ཆེན་གྱི་སྤྱི་སྒྲུབ་ཏུ་བྱས་ན་རིལ་བུ་དང་མི་སྣང་བ་གཅིག་ཏུ་བྱས། བཅུད་ལེན་ལ་གསུམ་དུ་ཕྱེ་ནས་བརྒྱད་དུ་བྱའོ། །གནོད་སྦྱིན་མོ་གྲུབ་ཆེན་བརྒྱད་ཀྱི་བྱེ་བྲག་ཏུ་བགྲང་ན། རིལ་བུ་དང་མི་སྣང་བ་གཅིག་ཏུ་བྱས། ཚེ་དང་ལུས་ཀྱི་བཅུད་ལེན་གཅིག་ཏུ་བྱས་ཤིང༌། ལོངས་སྤྱོད་ཀྱི་བཅུད་ལེན་གསེར་འགྱུར་གུད་དུ་བྱས་ལ་བརྒྱད་དུ་བརྩིའོ། །འདིའི་རིག་འཛིན་དང་འཁོར་ལོས་སྒྱུར་བ་དང་མཁའ་སྤྱོད་རྣམས་ནི་དངོས་གྲུབ་མཆོག་གི་ཁོང་དུ་བསྡུའོ། །བསྡུས་པའི་རྒྱུད་དུ་རལ་གྲི་རེག་པ་བཅུད། །བདུད་རྩི་རིལ་བུ་རོ་ཙ་སྨན་རྐང་མགྱོགས། །གཞན་དུ་འཁོར་ལོས་སྒྱུར་སོགས་མང་གསུངས་ཀྱང༌། །རྫས་ལུས་ལོངས་སྤྱོད་རིག་པ་འཛིན་པར་འདུ། །དུས་འཁོར་བསྡུས་རྒྱུད་སྒྲུབ་ལེ་ལས། རལ་གྲི་རེག་པ་བཅུད་ཀྱི་དབང་པོ་བདུད་རྩིའི་འབྲས་བུ་རིལ་བུ་རོ་ཙ་


LT09,P191A
[མ་དཔེ་གཟིགས་ན་འདིར་གནོན།]

ན་དང་མིག་སྨན་དང༌། །རྐང་པ་བྱུག་དང་ཤིང་ལྷྭམ་དག་དང་འཇིག་རྟེན་པ་ཡི་དངོས་གྲུབ་བརྒྱད་པོ་ཁྱོད་ཀྱིས་བདག་ལ་སྩོལ། །ཞེས་དང༌། ཡེ་ལེ་ལས། ལྷུན་པོའི་ཕྱི་རོལ་ཏུ་ནི་འོག་གི་ས་གཞིའི་གནས་ལ་གྲུབ་པ་བརྒྱད་པོ་ཡང་དག་གནས་པ་སྟེ། །ཤར་དུ་རལ་གྲིར་འགྱུར་ཏེ་རོ་ཡི་དབང་པོ་བདུད་རྩིའི་འབྲས་བུ་རིལ་བུ་མིག་སྨན་རོ་ཙ་ན། །ལྷོ་རུ་དཔལ་ལྡན་རྐང་མགྱོགས་མི་ཟད་མཐའ་དག་གཏེར་ནི་དཀྱིལ་འཁོར་དག་གི་མི་ཡི་ཟུར་དུའོ། །ཞེས་གསུངས་པའི་གྲུབ་པ་ཆེན་པོ་བརྒྱད་པོ་རྣམས་སོ། །དེ་རྣམས་ཀྱང་སོ་སོར་ངོས་བཟུང་ན། གྲུབ་པའི་རལ་གྲི་ནི་དེ་གང་གིས་ཁྱེར་བ་དེས་མཁའ་སྤྱོད་སོགས་སུ་བགྲོད་ནུས་པའོ། །རེག་པ་ནི་དེས་གང་ལ་རེག་པའི་རྡོ་བ་སོགས་གསེར་སོགས་སུ་སྒྱུར་ནུས་པའི་རྫས་ཁྱད་པར་ཅན་ཞིག་གོ །བཅུད་ཀྱི་དབང་པོ་ནི་གྲུབ་པའི་བཅུད་ལེན་ཏེ་གང་གིས་ཟོས་ན་ཚེ་ཉི་ཟླ་དང་མཉམ་པ་སོགས་སུ་འགྱུར་བའོ། །བདུད་རྩིའི་འབྲས་བུའང་གྲུབ་པའི་བཅུད་ལེན་བཞིན་ནོ། །རིལ་བུ་ནི་གང་གིས་བཟུང་ན་མཁའ་སྤྱོད་སོགས་སུ་བགྲོད་ནུས་པའོ། །རོ་ཙ་ན་ནི་གིའུ་ཝཾ་སྟེ་དེ་གྲུབ་ན་མི་སྣང་བ་སོགས་སུ་ནུས་པའོ། །མིག་སྨན་ནི་གང་གི་མིག་ལ་བསྐུས་པས་ས་འོག་གི་གཏེར་མཐོང་བའོ། །རྐང་བྱུག་དང་ཤིང་ལྷྭམ་གཉིས་ཀས་རྐང་མགྱོགས་གྲུབ་པའོ། །གཞན་ཡང་བདེ་མཆོག་རྩ་རྒྱུད་ལས། ས་འོག་སྟེང་འགྲོ་རལ་གྲི་དང༌། །ཚར་གཅོད་ཕན་འདོགས་ཉིད་དང་ནི། །རིལ་བུ་མིག་སྨན་གཏེར་རྣམས་སོ། །རྐང་མགྱོགས་དག་གམ་བཅུད་ཀྱི་ལེན། །ཅེས་པ་ལྟར་བརྒྱད་དུ་བཤད་ལ། འདི་ནི་ཕྱོགས་མཚོན་པ་ཙམ་སྟེ་རིགས་ལྔ་དང༌། འཇིག་རྟེན་གྱི་མཚོན་ཆ་སོགས་ཕྱག་མཚན་གྱི་རིག་པ་འཛིན་པ་དང༌། ངང་པ་མཁའ་ལྡིང་ཁྱུ་མཆོག་སོགས་བཞོན་པའི་རིག་པ་


LT09,P191B
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང༌། རྒྱལ་སྲིད་སྣ་བདུན་ལ་སོགས་པ་ལོངས་སྤྱོད་ཀྱི་རིག་པ་འཛིན་པ་དང༌། མཆོག་ཏུ་གྱུར་པ་རོ་ལངས་སྒྲུབ་པ་དང༌། ལྷ་དང་ལྷ་མིན་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་མངག་གཞུག་ཏུ་སྒྲུབ་པ་དང༌། གོང་སྨོས་འཁོར་ལོས་སྒྱུར་རྒྱལ་ཚངས་པའི་བུ་མོ་མངག་གཞུག་ཏུ་སྒྲུབ་པ་དང༌། ཡི་གེ་དང་མིང་གི་སྔགས་ཀྱི་རིག་པ་འཛིན་པ་སོགས་གཞན་ལ་བརྟེན་པའི་དངོས་གྲུབ་མཐའ་ཡས་པར་གསུངས་ཀྱང༌། མདོར་བསྡུ་ན། རྫས་དང༌། ལུས་དང༌། ལོངས་སྤྱོད་ཀྱི་རིག་པ་འཛིན་པ་གསུམ་དུ་འདུ་བ་ཡིན་ནོ། །གཉིས་པ་ནི། འབྲིང་པོ་ཐུན་མོང་དྲོད་ཐོབ་སྤྱོད་པ་ཡིས། །འདོད་པའི་རིག་འཛིན་འདོད་ལྷར་སྐལ་པ་མཉམ། །རིག་སྔགས་དངོས་གྲུབ་ཀུན་བྱེད་ཚེ་ལ་དབང༌། །ཕྲ་ཡང་བདག་པོར་གྱུར་དང་གར་ཡང་ཕྱིན། །མཆོད་འོས་འདོད་དགུར་སྒྱུར་ཅིང་དགའ་མགུར་གནས། །དབང་གྱུར་འཇིག་རྟེན་དབང་ཕྱུག་བརྒྱད་དང་ལྡན། ཁམས་འདིར་འོང་ཡང་ཕལ་པས་མཐོང་བ་མིན། །ཐུན་མོང་གི་དངོས་གྲུབ་འབྲིང་པོ་ནི། ཚོགས་ལམ་ཆེན་པོ་པ་དེས། ལས་ཀྱི་ཕྱག་རྒྱའི་བདེ་སྟོང་རྩེ་གཅིག་ཏུ་བསྒོམ་ཞིང་ཐུན་མོང་གི་དྲོད་ཐོབ་པ་ན་སྤྱོད་པ་སྤྱད་དེ་བསྒྲུབས་པས་འདོད་པའི་རིག་འཛིན་ཞེས་ལུས་འདོད་ཁམས་ཀྱི་ལྷ་དང་སྐལ་པ་མཉམ་པ། རིག་སྔགས་དང་དངོས་གྲུབ་སྣ་ཚོགས་བྱེད་པ། ཚེ་ལ་དབང་བར་འགྱུར་རོ། །འདི་ནི་ལུས་ཀྱི་རིག་པ་འཛིན་པ་ཞེས་ལུས་ཕྲ་ཡང་སོགས་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། དེ་ལ་གཟུགས་ཕྲ་བ་ནི་རྩི་ཤིང་ནགས་ཚལ་ལ་སོགས་པ་སྣོད་ཀྱི་ཆོས་ཇི་སྙེད་སྤྲུལ་ཞིང་བསྡུ་བར་བྱེད་པས་ཕྲ་བ་དང༌། སེམས་ཅན་སྣ་ཚོགས་པ་སྤྲུལ་བསྡུ་བྱེད་པས་ཡང་བ་དང༌། གཉིས་ཀ་སྤྲུལ་བསྡུ་བྱེད་པས་ཡང་དག་པར་ཐོབ་པའམ་བདག་པོར་གྱུར་པ་དང༌། ཡིད་ཀྱིས་བསམ་པ་ཙམ་


LT09,P192A
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གར་ཡང་ཕྱིན་པ་དང༌། འབྱུང་པོ་ཀུན་གྱིས་མཆོད་པར་བྱེད་པའི་འོས་སུ་རབ་ཏུ་གསལ་བ་དང༌། ཇི་ཙམ་འདོད་པ་ཐམས་ཅད་འབྱུང་བ་ནི་འདོད་དགུར་སྒྱུར་བ་དང༌། གང་ཐོབ་པས་འདོད་པ་དེ་ཐོབ་ནུས་པས་དགའ་མགུར་གནས་པ་སྟེ་དེ་ཉིད་བརྟེན་པ་དང༌། ཚར་བཅད་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའོ། །ཡང་ན་ཕྲ་བ་ནི་འཇའ་ལུས་སུ་གྱུར་བ་དང༌། ཡང་བ་ནི་རྡུལ་རགས་པའི་ཁམས་མེད་པའི་རྒྱུ་མཚན་གྱིས་ཐོགས་བཅས་ཀྱི་ལུས་མ་ཡིན་པས་ན་ས་ཆུ་མེ་རླུང་ནམ་མཁའ་ཐམས་ཅད་ལ་ཅི་དགར་སྤྱོད་པ་སྟེ། གཞན་རྣམས་འདྲའོ། །དེ་ལྟར་ན་འཇིག་རྟེན་གྱི་དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན་པས་འདོད་ཁམས་འོག་མ་འདིར་མིའི་ནང་དུ་འོང་ཡང་ཕལ་པས་མཐོང་བ་མེད་པ་ཡིན་ལ། སྤྲུལ་པ་སྣ་ཚོགས་ཀྱིས་དོན་མཛད་པར་གསུངས་སོ། །གསུམ་པ་ནི། ཆེན་པོ་འདོད་ཁམས་རིག་འཛིན་མཆོག་རྣམས་དང༌། །སྤྲོས་མེད་སྤྱོད་ལས་གཟུགས་ཀྱི་རིག་པ་འཛིན། །གཟུགས་ཁམས་སྐལ་མཉམ་ཡོན་ཏན་གོང་ལས་འཕགས། །ལུས་དངོས་མི་འབྱུང་སྤྲུལ་པས་འགྲོ་དོན་མཛད། །རིག་འཛིན་ལམ་གྱིས་ཚེ་ལ་དབང་བ་ཐོབ། །རིག་འཛིན་ཚེ་ཡིས་སངས་རྒྱས་སྒྲུབ་པ་ཡིན། །ཐུན་མོང་གི་དངོས་གྲུབ་ཆེན་པོ་འདོད་ཁམས་ཀྱི་རིག་འཛིན་མཆོག་རྫུ་འཕྲུལ་གྱི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སྤྲུལ་པའི་སྐུ་ལ་ཆོས་ཉན་པ་སྟེ་ས་དང་པོ་ཐོབ་ཏུ་ཉེ་བའམ་དང་པོ་ལ་གནས་པ་དང་འདྲ་བ་རྣམས་དང༌། སྤྱོད་པའི་ཚེ་སྤྲོས་མེད་ཀྱི་སྤྱོད་པ་འབའ་ཞིག་སྤྱད་པས། གཟུགས་ཀྱི་རིག་འཛིན་ཅེས་བྱ་བ་ལུས་ཚངས་རིས་ནས་འོག་མིན་གྱི་བར་གྱི་གཟུགས་ཁམས་ཀྱི་ལྷ་དང་སྐལ་པ་མཉམ་ཞིང་དབང་ཕྱུག་གི་ཡོན་ཏན་ཤིན་ཏུ་ཕྲ་བས་གོང་དུ་བཤད་པ་ལས་ཁྱད་པར་འཕགས་པ་


LT09,P192B
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་འགྱུར་ལ། དེའི་ལུས་དངོས་འདོད་ཁམས་སུ་མི་འབྱུང་ཡང་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་ཡིན་ནོ། །དེ་ལྟར་རྫས་ལུས་ཀྱི་རིག་པ་འཛིན་པ་རྣམས་སྒྲུབ་པར་བྱེད་པ་ཐུན་མོང་གི་དངོས་གྲུབ་ལ་འདུན་པའི་སྤྱོད་པ་དེས་འཕྲལ་དུ་མཆོག་གི་དངོས་གྲུབ་ཐོབ་པ་ལ་གེགས་སུ་འགྲོ་བས། ད་ལྟར་གྱི་མིའི་ཚེ་ཚད་ཙམ་ལ་ནི་མཆོག་གི་དངོས་གྲུབ་མི་ཐོབ་ཀྱང་ཚེ་ལ་དབང་བ་ཐོབ་པ་ཡིན་པས་རིམ་གྱིས་ལུས་རྟེན་དེ་ཉིད་ལ་འཚང་རྒྱ་བ་ཡིན་ནོ། །དེ་ལ་དགོངས་ནས་དཔལ་དབྱངས་སོགས་བསྐྱེད་རིམ་གཙོ་བོར་མཛད་པའི་སྔོན་གྱི་སློབ་དཔོན་དག་གིས་ཀྱང༌། རིག་པ་འཛིན་པའི་ལམ་ཉིད་ཀྱིས། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སངས་རྒྱས་སྒྲུབ་པར་བཞེད་པ་ཡིན། །ཅེས་ཀྱང་གསུངས་པ་ཡིན་ནོ། །དངོས་གྲུབ་དེ་དག་རིམ་པ་དང་པོའི་སྒོ་ནས་བསྒྲུབ་པ་ལ། སྔགས་ལ་གཞོལ་བའི་བསྐྱེད་རིམ་པས་ནི་བཟླས་པ་དང་སྦྱིན་སྲེག་དང་རྫས་དང་འཁྲུལ་འཁོར་ལ་སོགས་པ་ལ་ལྟོས་ནས་སྒྲུབ་དགོས་ལ། ནང་ལ་མཆོག་ཏུ་གཞོལ་བས་ནི་རྫས་ལ་སོགས་པ་ལ་མ་བརྟེན་པར་བསམ་གཏན་ཙམ་གྱིས་ཀྱང་དེ་དག་འགྲུབ་པར་བཤད་དོ། །ཞི་རྒྱས་སོགས་ཀྱི་ལས་ཕྲན་ཚེགས་ནི་ལྷའི་རྣལ་འབྱོར་བརྟན་ཞིང་བཟླས་བརྗོད་ཚད་དུ་བྱས་པས་འཕྲལ་དུའང་འགྲུབ་པ་ཡོད་ལ། གྲུབ་ཆེན་རྣམས་ནི་སྔགས་ལ་གཞོལ་བས་དང་པོར་ཐུན་མོང་དང་ཁྱད་པར་བའི་སྒྲུབ་པ་ཚུལ་བཞིན་བྱས་ལ་ཟླ་བ་དྲུག་སྤྱོད་པ་སྤྱད་པས་མ་གྲུབ་ན། སླར་ཡང་ཇི་སྐད་བཤད་པའི་སྒྲུབ་པ་དང་ཟླ་བ་དྲུག་གི་སྤྱོད་པ་ལན་གཉིས་སམ་གསུམ་བསྐྱར་བས་འགྲུབ་ལ། དེས་ཀྱང་མ་གྲུབ་ན་ཇི་སྐད་གསུངས་པའི་དྲག་ཤུལ་གྱི་སྦྱོར་བ་བྱས་པས་ངེས་པར་འགྲུབ་བར་བཤད་དོ། །བཞི་པ་ལ་གཉིས། མཁའ་སྤྱོད་ཆེན་པོ་དང༌། ཆུང་


LT09,P193A
[མ་དཔེ་གཟིགས་ན་འདིར་གནོན།]

ངུའོ། །དང་པོ་ནི། དངོས་གྲུབ་དེ་འབྲེལ་མཁའ་སྤྱོད་ཆེན་པོ་ནི། །ཕྲ་མོའི་གཟུགས་སོགས་ཡོན་ཏན་བརྒྱད་དང་ལྡན། །རྟོགས་པ་མངོན་གྱུར་རང་སྣང་རྣམ་དག་ཞིང༌། །སྤྱིར་མཁའ་སྤྱོད་ཅེས་པའི་དོན་ནི། སྔགས་ཀྱི་རིག་པ་བཟུང་བ་དང༌། སྐྱེ་བདུན་གྱི་ཤ་ཟོས་པ་དང༌། ལས་སྟོབས་ཀྱི་སྐྱེ་བས་ལུས་ནམ་མཁའ་ལ་འགྲོ་བ་ཙམ་ལ་འཇུག་པ་ཡིན་ཀྱང༌། བསྐྱེད་རིམ་ལ་བརྟེན་པའི་དངོས་གྲུབ་མཆོག་དང་ཆེན་པོ་སོགས་དང་འབྲེལ་བའི་མཁའ་སྤྱོད་ཅེས་པ་འདི་ཡང་བྱེ་བྲག་ཏུ་བཤད་ན་རྣམ་པར་དབྱེ་བ་གཉིས་སུ་འགྱུར་ཏེ། མཁའ་སྤྱོད་ཆེན་པོ་དང༌། དེ་ཉིད་ཆུང་ངུའོ། །དང་པོ་ནི། ཡོན་ཏན་བརྒྱད་དང་ལྡན་པའི་མཁའ་སྤྱོད་དེ། །དེའི་ཡོན་ཏན་བརྒྱད་ཀྱང༌། མན་ངག་སྙེ་མ་ལས། རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་དང༌། ལུས་ཡང་བ་ཉིད་དང༌། འཇིག་རྟེན་གསུམ་པོ་མཐའ་དག་ཁྱབ་པར་བྱེད་པ་ཉིད་དང༌། སངས་རྒྱས་ཀྱི་ཡོན་ཏན་འཐོབ་པ་དང༌། ཡེ་ཤེས་ཀྱི་སྣང་བ་དང༌། དེ་ལ་བརྟན་པར་གྱུར་པ་དང༌། སྐྱེ་བོ་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་པ་དང༌། འདོད་དགུར་སྒྱུར་བ་མཐར་སྐྱེ་བའོ། །དེ་སྐད་དུའང་གསུངས་པ། ཕྲ་མོའི་གཟུགས་དང་རེག་ཡང་བ། ཁྱབ་དང་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་དང་བརྟན་པ་ཉིད། །དབང་ལྡན་འདོད་དགུར་སྒྱུར་མཐའ་ཅན། །ཞེས་སོ། །གཟུགས་ཕྲ་བ་ཉིད་ལ་སོགས་པ་ཤིན་ཏུ་ཕྲ་བ་དང༌། ཡང་བ་དང༌། ཤིན་ཏུ་ཆེ་བ་དང༌། གར་ཡང་ཕྱིན་པ་དང༌། གསལ་བར་འོས་པ་དང༌། དབང་པོ་ཉིད་དང༌། དབང་སྒྱུར་བ་ཉིད་དང༌། གང་དུ་འདོད་སར་གནས་པ་ཞེས་པ་དབང་ཕྱུག་ཉིད་རྣམ་པ་བརྒྱད་དུ་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །འདིའི་ཡོན་ཏན་བརྒྱད་དང་གོང་དུ་བསྟན་པའི་འཇིག་རྟེན་པའི་དབང་ཕྱུག་བརྒྱད་ནི་མིང་ཐ་དད་པ་ཙམ་ལས་དོན་


LT09,P193B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ཉིད་དེ། དཔེར་ན་ཕྲ་ཡང་གཉིས་ནི་མང་དོན་གཉིས་ཀ་གཅིག་ལ། གོང་གི་བདག་པོར་གྱུར་བ་དང་འདིའི་ཁྱབ་པའམ་ཆེ་བ་གཅིག་སྟེ་འཇིག་རྟེན་གསུམ་པོ་ཁྱབ་པ་ལ་དེ་གསུམ་ཀའི་དོན་གནས་པའི་ཕྱིར་རོ། །དེས་མཚོན་ཏེ་གཞན་རྣམས་ལའང་ཤེས་པར་བྱའོ། །འདི་ནི་དོན་ལ་བསྐྱེད་རིམ་གྱི་འབྲས་བུ་མཐར་ཕྱིན། རྫོགས་རིམ་གྱི་རྟོགས་པ་མངོན་དུ་གྱུར་པས་རང་སྣང་རྣམ་པར་དག་པའི་ཞིང་དུ་ལམ་གྱི་རྟོགས་པའི་འཕྲོས་སྦྱོང་བ་ཡིན་ནོ། །གཉིས་པ་ནི། ཆུང་ངུ་གཟུགས་ཁམས་བཅུ་བདུན་འདོད་ལྷ་དྲུག །མི་ཡུལ་ངེས་མེད་རྣལ་འབྱོར་དག་པས་མཐོང༌། །ལུས་མ་སྤངས་དང་སྤངས་པས་སོང་བ་སྟེ། །གནོད་སྦྱིན་གྲུབ་པས་ཁྲིད་སོགས་འཕྲལ་སྣང་དང༌། །སྒོམ་པས་བགྲོད་རྣམས་འཇའ་ལུས་ཏིང་འཛིན་ལ། །སྤྱོད་ཕྱིར་ས་ལམ་གོང་འཕེལ་བཙན་ས་ཟིན། །མཁའ་སྤྱོད་ཆུང་ངུ་ལ་རྣམ་གྲངས་ཤིན་ཏུ་མང་ཡང་རིགས་བསྡུ་ན་གཟུགས་ཁམས་བཅུ་བདུན། འདོད་ལྷ་རིགས་དྲུག་མི་ཡུལ་གྱི་ནམ་མཁར་སྤྱོད་པ་ཕྱོགས་གཅིག་ཏུ་ངེས་པ་མེད་པ་རྣམས་སོ། །དེ་ལ་མི་ཡུལ་གྱི་མཁའ་སྤྱོད་ནི་མིའི་ཡུལ་དུ་གནས་ཀྱང་ཡང་དག་པའི་གང་ཟག་རེ་རེ་ཙམ་གྱིས་མཐོང་བ་དང་ཕྲད་པ་སྲིད་ཀྱི། གཞན་ཕལ་པ་རྣམས་ཀྱིས་མཐོང་བར་མི་ནུས་པའོ། །ལྷ་ཡུལ་གྱི་མཁའ་སྤྱོད་ལའང་འདོད་ལྷ་རིགས་དྲུག་གང་དང་གང་དུ་སྤྱོད་ནུས་པ་དེར་དེ་དང་དེའི་ལོངས་སྤྱོད་ལ་སྤྱོད་ཅིང༌། དེ་དང་དེའི་ཚེ་ཚད་དང་མཉམ་པའམ་ལྷག་པར་སྤྱོད་པའི་དབྱེ་བས་མཁའ་སྤྱོད་དྲུག་དང༌། དེ་བཞིན་དུ་གཟུགས་ཁམས་ལའང་སྦྱར་བས་མཁའ་སྤྱོད་བཅུ་དྲུག་གམ་བཅུ་བདུན་དུ་འགྱུར་རོ། །དེ་དག་ལའང་ལུས་མ་སྤངས་པ་དང༌། སྤངས་ནས་མཁའ་སྤྱོད་དུ་སོང་བ་གཉིས་གཉིས་ཡོད་ཅིང༌། ལུས་མ་སྤངས་པ་ལའང་ལམ་བསྒོམས་པའི་


LT09,P194A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་མཁའ་སྤྱོད་ཐོབ་བ་དང༌། གནོད་སྦྱིན་མོ་དང་གྲུབ་པ་སྟེ་རིག་འཛིན་ལ་སོགས་པ་བསྒྲུབས་པའི་སྟོབས་ཀྱིས་མཁའ་སྤྱོད་དུ་འཁྲིད་པ་གཉིས་ལས། ཕྱི་མ་ནི་འཕྲལ་སྣང་ཙམ་སྟེ་མཐོ་དམན་གང་དུ་སྤྱོད་ཅིང་ཡུན་ཇི་ཙམ་སྤྱོད་ཀྱང་ཕུགས་ཀྱི་བཙན་ས་ཟིན་པ་མེད་དོ། །ལམ་ཟབ་མོ་བསྒོམས་པའི་སྟོབས་ཀྱིས་བགྲོད་པའི་མཁའ་སྤྱོད་ནི་ལུས་སྤངས་མ་སྤངས་གང་ཡིན་ཡང་རུང་སྟེ། ལུས་འཇའ་ལུས་འོད་ཀྱི་རང་བཞིན་དུ་དྭངས་ཤིང་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ལ་ལོངས་སྤྱོད་པའི་ཕྱིར་ས་ལམ་གྱི་དམ་པ་གོང་ནས་གོང་དུ་འཕེལ་ཞིང་བགྲོད་པས་བཙན་ས་ཟིན་པའི་མཁའ་སྤྱོད་ཅེས་བྱའོ། །སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པ་སྐབས་གཉིས་པའི་འགྲེལ་བའོ།། །།


previousབཅུ་པ། མཐར་ཕྱིན་འབྲས་བུའི་རང་བཞིན་རིམ་པར་ཕྱེ་བ།next