Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
གསུང་དམ་པའི་ཆོས་ལ་བསྔགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་དམ་པའི་ཆོས་ལ་བསྔགས་པ།next

གསུང་དམ་པའི་ཆོས་ལ་བསྔགས་པ།

༈ གསུང་དམ་པའི་ཆོས་ལ་བསྔགས་པ། ཆུན་འཕྱངས་གསུམ་པ་སྟོན་པ་བདེ་བར་གཤེགས་པའི་གསུང་དམ་པའི་ཆོས་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཆུན་འཕྱངས་ཞེས་བྱ་བ། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་ཚོགས་གཉིས་ཡོངས་རྫོགས་ཤིང་། །བདུད་བཏུལ་བྱང་ཆུབ་མཆོག་གི་སར་གཤེགས་ཏེ། །ཚངས་པའི་དབྱངས་ཀྱིས་སྣ་ཚོགས་ཆོས་སྟོན་པ། །དབུས་འགྱུར་ཚལ་བཞུགས་དེ་ལ་ཕྱག་འཚལ་ལོ། ༡ །ཐུབ་པའི་གསུང་ནི་རྣམ་གྲངས་མི་ཟད་པ། །བརྗོད་བྱ་དོན་གྱི་ཆོས་འཁོར་མཚོན་པའི་ངག །བརྗོད་བྱེད་སྒྲ་ཚིག་ཆོས་ཀྱི་འཁོར་ལོ་སྟེ། །རྣམ་གསུམ་རིམ་པར་བྱོན་ལ་ཕྱག་འཚལ་ལོ། ༢ །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་པ། །འཁོར་དང་གཞན་ཡང་འབྲས་བུ་རྒྱུར་བཅས་ཟུང་། །


ZP01_Page_155
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་སྤང་བླང་བགྱིད་དང་བགྱིས་ཟིན་པའི། །བཟླས་པ་བཅུ་གཉིས་ཐུབ་པས་དངོས་པོར་བསྟན། ༣ །གང་གི་རྒྱུད་ལ་སྒྲིབ་དར་ཉོན་མོངས་ཁམས། །ཇི་སྙེད་མཆིས་པ་ཐོགས་མེད་གཅོད་པའི་མཚོན། །ཐུབ་པའི་གསུངས་འདི་ཆོས་ཀྱི་འཁོར་ལོ་སྟེ། །འཁོར་ལོ་དེ་ཡང་རྩིབ་མང་རྣོ་བ་ལགས། ༤ །ཐ་བ་འདིས་བཅོད་སྒྲིབ་པ་འདིས་འབྲལ་ཏེ། །དྲི་མ་འདིས་འཁྲུད་ཤིན་ཏུ་གཙང་གྱུར་པ། སྲིད་པའི་སྐྱོན་མང་ངེས་པར་དག་པ་ཅན། །འཁོར་ལོ་དེ་ནི་ཚངས་པའི་འཁོར་ལོ་ལགས། ༥ །ལྷའམ་ཀླུའམ་མི་མཆོག་གཞན་སུས་ཀྱང་། །བསྐོར་བར་མི་ནུས་རྒྱུ་འབྲས་ཟབ་མོའི་གཏམ། །ཐར་པའི་ལམ་གྱི་རྫིང་བུ་བཟང་པོ་སྟེ། །འཁོར་ལོ་དེ་ནི་ཟབ་པར་གྱུར་པ་ལགས། ༦ །ཁྱིམ་ན་གནས་ཀྱང་ཚངས་པའི་ལམ་སྤྱོད་ཅིང་། །ཚངས་པར་སྤྱོད་པ་ཞི་བའི་དབྱིངས་འགྲོ་བ། །བསྟན་འདིར་གང་ཞུགས་སྡུག་བསྔལ་གཡུལ་འཇོམས་སྟེ། །འཁོར་ལོ་དེ་ནི་ཐོགས་པ་མེད་པ་ཡིན། ༧ །ཞི་བ་བསིལ་བ་བདུད་རྩི་དམ་པའི་ལམ། །བདུད་རྩིའི་སྒོ་མོ་ཐུབ་པས་གང་དབྱེ་བ། །ལྷར་བཅས་སྲིད་པའི་སྣང་བ་གཅིག་པུ་ཏེ། །འཁོར་ལོ་དེ་ནི་གསལ་བར་བགྱི་པ་ཡིན། ༨ །སྤྱོད་པ་རྒྱ་ཆེ་དོན་མང་ཚུལ་མཛེས་ཤིང་། །མཐའ་གཉིས་ལས་འདས་སྒོ་གསུམ་ཉེ་བར་ཞིག །སྟོན་དང་བསྟན་པ་གཉིས་སུ་བཀའ་སྩལ་བ། །ཆོས་འདུལ་ནོར་བུའི་མཛོད་ལ་ཕྱག་འཚལ་ལོ། ༩ །སྣང་བའི་ཆོས་འདི་རང་བཞིན་སྟོང་པ་སྟེ། །སྟོང་པའི་དབྱིངས་ནི་བློ་ཡི་ཡུལ་མིན་ལ། །བློ་འདས་གང་ཡིན་ཁས་ལེན་


ZP01_Page_156
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བྲལ་བ། །ཟབ་པའི་ཚུལ་འདི་འཁོར་ལོ་བར་པར་བསྟན། ༡༠ །བསམ་པ་རྒྱ་ཆེ་སྤྱོད་དང་སྨོན་ལམ་དང་། །ཐབས་ལ་མཁས་པ་བསྔོ་བ་དམ་པའི་མཆོག །འགྲོ་དོན་ཕྲིན་ལས་ཀུན་ནས་རྒྱ་ཆེ་བ། །གསུང་གི་ཚུལ་འདི་ཐེག་པ་ཆེན་པོ་ཡིན། ༡༡ །སྟོང་པའི་རང་བཞིན་བརྟགས་པར་དཀའ་བ་སྟེ། །ཟབ་པའི་དབྱིངས་ལ་རྟེན་འབྱུང་སྒྱུ་མའི་ཚུལ། །བདེན་པ་གཉིས་ཞེས་ཚིག་གིས་མཚོན་ཙམ་སྟེ། །སྐྱེ་བ་མེད་པ་བདེན་པ་གཅིག་པུར་གསུངས། ༡༢ །ཤེས་བྱ་དངོས་ཀུན་བཏགས་པ་ཙམ་ཉིད་དེ། །རྨི་ལམ་སྒྱུ་མ་ཆུ་ཟླ་ལྟ་བུའི་ཚུལ། །རང་བཞིན་མེད་ཀྱང་རྣམ་པ་མི་འགོགས་ཤིང་། །སྟོང་ཉིད་རྒྱུ་འབྲས་འཆར་བ་དེ་ལྟར་གསུངས། ༡༣ །ཚད་མས་གྲུབ་པའི་ཀུན་རྫོབ་མི་དམིགས་ཀྱང་། །བདེན་པར་ཞེན་པའི་བློ་འདིས་བཟོས་པའི་ཕྱིར། །བློ་བྲལ་དབྱིངས་ནི་དཔྱོད་པའི་ཡུལ་མིན་ཏེ། །དབུ་མའི་ལམ་འདི་ཤིན་ཏུ་ཟབ་པ་ལགས། ༡༤ །སྨྲ་བསམ་བརྗོད་མེད་ནམ་མཁའ་ལྟ་བུའི་ཀློང་། །ཕུང་ལྔའི་འཛིན་བྲལ་དག་པའི་མཉམ་བཞག་སྟེ། །འདུ་བྱེད་རྣམ་དག་རླུང་གིས་མི་དཀྲུགས་པས། །དབུ་མའི་ལམ་འདི་མཆོག་ཏུ་ཞི་བ་ལགས། ༡༥ །ཡུལ་དང་ཡུལ་ཅན་འཛིན་པ་གཉིས་མེད་ཅིང་། །མེད་དོ་སྙམ་པའི་འཛིན་རྟོག་རང་ཞིག་སྟེ། །སྙམས་བྱེད་བདག་དེ་ཡུལ་མེད་རང་སངས་པ། །དབུ་མའི་ལམ་འདི་བདག་མེད་སྟོང་པ་ཡིན། ༡༦ །འཕོ་མེད་རྟག་པ་དག་པ་ཆེན་པོའི་ཁམས། །མ་ལུས་སེམས་ཅན་བདེ་གཤེགས་སྙིང་པོ་ཅན། །ཡོངས་གྲུབ་ཞི་བ་འདུས་མ་བྱས་


ZP01_Page_157
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ། །ཐུབ་པའི་ཚུལ་འདི་འཁོར་ལོ་ཐ་མ་ཡིན། ༡༧ །ཀུན་བཏགས་ཆོས་ཀུན་རང་བཞིན་སྟོང་པ་སྟེ། །གཞན་དབང་དངོས་ཀྱང་སྐྱེ་བ་མེད་པའི་ཚུལ། །འགྱུར་མེད་ཡོངས་གྲུབ་སྒྲིབ་པ་བྲལ་བའི་ཁམས། །འདི་དེ་སངས་རྒྱས་རྣམས་ཀྱི་ཆོས་སྐུར་བཞུགས། ༡༨ །སྒྲིབས་པས་བསྒྲིབ་ཀྱང་ངོ་བོ་དག་པའི་ཁམས། །ཤེས་ཉོན་མུན་པ་གཤིས་ལ་མི་འདྲེ་བའི། །ཆོས་ཉིད་དབྱིངས་འདི་ཉི་མའི་དཀྱིལ་འཁོར་བཞིན། །བསལ་བཞག་གཉིས་མེད་གཙང་བའི་ཕ་རོལ་ཕྱིན། ༡༩ །བྱིས་པས་བཟུངས་བའི་བདག་འདི་ཡོད་མིན་ཏེ། །དམ་པས་བསྟན་པའི་སྙིང་པོ་མེད་མིན་པའི། །འགྲོ་བའི་ཆོས་ཁམས་རྒྱལ་བའི་རང་བཞིན་ཅན། །མི་གཡོ་ཁྱབ་བདག་བདག་གི་ཕ་རོལ་ཕྱིན། ༢༠ །འཁྲུལ་པས་བསླུས་པའི་རྨོངས་པ་མནར་གྱུར་ཀྱང་། །ཡོན་ཏན་རང་བཞིན་འཛིན་མེད་རྒྱལ་བའི་ཆོས། །པདྨའི་སྦུབས་ན་སྤྲུལ་པའི་སངས་རྒྱས་བཞིན། །བདེ་གཤེགས་སྙིང་པོ་བདེ་བའི་ཕ་རོལ་ཕྱིན། །༢༡ །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །འགྱུར་བ་མེད་ཕྱིར་སྲིད་ཞིག་གཉིས་མེད་པ། །ལྷུན་གྱིས་གྲུབ་པ་མངོན་པར་འདུས་མ་བྱས། །ཞི་དབྱིངས་འཕོ་མེད་རྟག་པའི་ཕ་རོལ་ཕྱིན། ༢༢ །ཟུང་དང་འཛིན་པ་བདེན་པར་ཡོད་མིན་ཏེ། །གཉིས་མེད་ཤེས་པའང་ཀུན་རྫོབ་ཙམ་དུ་བས། །ཟབ་མོ་སྟོང་ཆེན་དཔགས་པར་དཀའ་བའི་ཁམས། །རྒྱལ་བའི་སྡེ་སྣོད་ད་དུང་ཡོད་པར་ཤེས། ༢༣ །ཐུབ་པའི་ཆོས་ཀུན་གཏིང་དཔགས་


ZP01_Page_158
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་སྟེ། །སོ་སྐྱེའི་ངག་གིས་འདོམས་པར་སླ་མིན་ཡང་། །རང་གི་བློ་ཤེས་བསྐལ་པས་གང་འཆུན་ཙམ། །བསྔགས་པའི་ཡུལ་དུ་བརྗོད་པར་མི་རུང་མིན། ༢༤ །དགེ་བ་དེས་ནི་སྲིད་པའི་ཁམས་འདི་དག། ཡང་དག་དམ་ཆོས་སྣང་བས་མི་གཏོང་ཞིང་། །བརྗོད་པ་འདི་བགྱིད་ཨ་བུ་གླེན་པ་ཡང་། །ངག་ལ་ཆོས་ཀྱི་བདེན་པས་བསྲུངས་གྱུར་ཅིག ༢༥ །བདེ་བར་གཤེགས་པའི་གསུང་དམ་པའི་ཆོས་ལ་བསྔགས་པའི་སྐབས་རྫོགས་སོ།། །།


previousགསུང་དམ་པའི་ཆོས་ལ་བསྔགས་པ།next