གདམས་ངག་མཛོད་པོད་དྲུག་པ།
ཌོམྦྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཡིག་བཀྲ་ཤིས་གི་ཝཾ་སྨན་བཅུད།
ཌོམྦྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཡིག་བཀྲ་ཤིས་གི་ཝཾ་སྨན་བཅུད་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། བིརྺ་པ་དང་ཌོམྦྷིའི་ཞབས། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །ལྷན་ཅིག་སྐྱེས་གྲུབ་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་ནང་ཚན་གྲུབ་པའི་དབང་ཕྱུག་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་འཆད་པ་ལ་གཉིས། །བརྒྱུད་པ་གང་ལས་བྱུང་བ། དེ་ལས་བརྒྱུད་པའི་གདམས་ངག་དངོས་བསྟན་པའོ། །དང་པོ་ནི། འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ལ་རྗེ་བཙུན་རྡོ་རྗེ་བདག་མེད་མས་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་ནས་ས་དྲུག་པའི་རྟོགས་པ་མངོན་ཏུ་མཛད་ཅིང་གྲུབ་ཆེན་བིརྺ་པར་གྲགས་པ་དེ་ཉིད་ཀྱིས་ཌོམྦི་པ་ལ་རྒྱུད་ཀྱི་བཤད་པ་ཤིན་ཏུ་རྒྱས་པ་དང་། མན་ངག་སྙན་བརྒྱུད་ཀྱི་ཉམས་ལེན་བསྡུས་པ་ཞིག་གནང་བས་དངོས་གྲུབ་བརྙེས་པ་དེ་ཉིད་ཀྱིས། རྩ་རྒྱུད་ལས། །ལྷན་ཅིག་སྐྱེས་པར་གང་སྐྱེས་པ། །ལྷན་ཅིག་སྐྱེས་བ་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་གསུངས་པ་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་བཤད།
དེ་ལས་རིམ་བཞིན་ངོ་མཚར་རྡོ་རྗེ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ་རྣམས་རིམ་པར་བརྒྱུད། དེ་ནས་འབྲོག་མི་ལོ་ཙཱས་གསན་ཅིང་རྗེ་བཙུན་ས་སྐྱ་པ་ཁུ་དབོན་སོགས་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པའི་མཐར། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གདམས་ངག་མཐའ་དག་གི་བཀའ་ཆེན་ཆུ་ཀླུང་གཅིག་ཏུ་བབས་པ་ལས་བཀའ་དྲིན་ཏུ་ཐོབ་པའོ། །གཉིས་པ་གདམས་ངག་དངོས་ལ་གཉིས། ལམ་སྒྲུབ་ཚུལ་སྤྱིར་བསྟན་པ། གདམས་ངག་དངོས་གཞི་བྱེ་བྲག་ཏུ་འཆད་པའོ། །དང་པོ་ནི། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆར་ཆེན་པོའི་གོ་འཕང་མངོན་ཏུ་བྱེད་པར་འདོད་པའི་རྟེན་གྱི་གང་ཟག་གིས་ལམ་སྒྲུབ་ཚུལ་གཉིས་ཡོད་དེ། རྟོག་བཅས་དཀའ་ཐུབ་ཀྱི་ལམ་དང་། རྟོག་མེད་བུ་ཆུང་གི་ལམ་མོ། །དེ་གཉིས་ཀ་ལའང་ཆུད་མ་ཟོས་པ་རྣམ་པ་གསུམ་དགོས་ཏེ་ལོངས་སྤྱོད་ཆུད་མ་ཟོས་པ། ལུས་ཆུད་མ་ཟོས་པ། སེམས་ཆུད་མ་ཟོས་པའོ། །དེའི་དང་པོ་ནི། རང་ལ་ཟང་ཟིང་གི་ལོངས་སྤྱོད་ཡོད་ན་སྔོན་གྱི་སྦྱིན་པའི་འབྲས་བུ་ལས་བྱུང་བ་ཤེས་པར་བྱས་ནས་དེ་ཉིད་ཚོགས་གསོག་པའི་
ཆ་རྐྱེན་ཏུ་འགྲོ་དགོས་པས། མེ་དང་ཆུ་དང་དགྲ་དང་གདོན་རྣམས་ཀྱིས་ཆུད་ཟོས་དབང་དུ་མ་ཤོར་བ་བྱས་ལ་སེར་སྣ་དང་གསོག་འཇོག་མེད་པའི་ཡིད་ཀྱིས་ཆ་དང་པོ་བླ་མ་ལ་མཎྜལ་དུ་འབུལ། ཆ་གཉིས་པ་དཀོན་མཆོག་དང་མཁའ་འགྲོ་ལ་ཚོགས་སུ་བཏང་། ཆ་གསུམ་པར་རང་གི་ཆོས་རྒྱགས་སུ་ལོངས་སྤྱད། ཟང་ཟིང་མེད་ན་དེའི་ཕྱོགས་སུ་རེ་དོགས་དང་འབད་རྩོལ་གང་ཡང་མི་བྱ་བར་ཟས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ་བློས་བཏང་ངོ་། །འདི་ནི་ལམ་གཉིས་ཀའི་ཐུན་མོང་དུ་འགྲོ་བའོ། །གཉིས་པ་ནི། །ལུས་དལ་འབྱོར་རྙེད་དཀའ་བ་ཐོབ་པ་ཐ་མལ་དུ་གནས་པས་ཆུད་ཟོས་སུ་མ་སོང་བར། སོ་སོ་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་སྡོམ་པ་གསུམ་དང་ལྡན་པར་བྱ་དགོས། དེ་རེ་རེ་ལའང་ཕྱིའི་སྡོམ་པ་དང་ནང་གི་སྡོམ་པ་གཉིས་གཉིས་སུ་ཡོད་པ་ལས། སོ་ཐར་གྱི་ཕྱིའི་སྡོམ་པ་ནི། དགེ་བསྙེན་གྱི་སྲུང་བྱ་རྣམ་པ་ལྔ། དགེ་ཚུལ་གྱི་ཡང་དག་པར་བླང་བ་བཅུ་གསུམ། དགེ་སློང་གི་བསྙེན་པར་རྫོགས་པའི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་རྣམས་ཐམས་ཅད་དམ། རང་གིས་གང་ཐོབ་པའི་སྡོམ་པ་དེ་ཉིད་ནམ་ཡང་ཉམས་པ་མེད་པར་སྲོག་བཞིན་བསྲུང་བའོ། །ནང་གི་སྡོམ་པ་ནི་བྱང་སེམས་ཐིག་ལེ་ཅུང་ཟད་ཀྱང་ཉམས་སུ་མི་གཞུག་བར་ལུས་ལ་གནས་པའོ། །བྱང་སེམས་ཀྱི་ཕྱིའི་སྡོམ་པ་ནི། ཕམ་པའི་ཆོས་བཞི་དང་ཉེས་བྱས་སུམ་ཅུ་ལ་སོགས་པས་རྒྱུད་ལ་མ་གོས་པར་བྱའོ། །ནང་གི་སྡོམ་པ་ནི། སྡུག་བསྔལ་ཅན་གྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་གྱི་དོན་ཇི་ལྟར་ནུས་པ་བྱེད་པ་དང་། ཤེས་པ་གསལ་ལ་མ་འགགས་པའི་ངང་ལུས་གཞན་གྱིས་གཡོག་ཅི་ནུས་སུ་བཀོལ་བའོ། །རིག་པ་འཛིན་པའི་ཕྱིའི་སྡོམ་པ་ནི། །རྒྱུད་སྡེ་རྣམས་ལས་ཐུན་མོང་དུ་གྲགས་པའི་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་ལྟུང་བ་བརྒྱད་དེ་ཉི་ཤུ་རྩ་གཉིས་རྣམས་ཚུལ་བཞན་དུ་བསྲུང་བའོ། །ནང་གི་སྡོམ་པ་ནི། ཤེས་པ་བཅོས་
བསླད་མེད་པར་གཉུག་མ་མི་རྟོག་པའི་ངང་དུ་བཞག་པའོ། །དེ་རྣམས་གྱི་ཕྱིའི་སྡོམ་པ་གསུམ་ནི་དཀའ་ཐུབ་ཀྱི་ལམ་དུ་འགྱུར་ལ། ནང་གི་གསུམ་ནི་བུ་ཆུང་གི་ལམ་གྱིས་ཉམས་སུ་བླང་བའོ། །གསུམ་པ་ནི། རང་གི་སེམས་འཁྲུལ་རྟོག་གི་རྗེས་སུ་འབྲངས་ནས་ཆུད་མ་ཟོས་པར་བྱང་ཆུབ་ཀྱི་སེམས་གཉིས་དང་རྟག་ཏུ་མ་བྲལ་བར་བྱ་དགོས་ཤིང་། དེ་ལའང་ཕྱི་ནང་གཉིས་སུ་ཡོད་པ་ལས། ཕྱིའི་ཀུན་རྫོབ་བྱང་སེམས་ནི་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ། དོན་དམ་ནི་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་པའོ། །ནང་གི་ཀུན་རྫོབ་བྱང་སེམས་ཀུནྡ་ལྟ་བུ་མི་ཉམས་པར་བསྲུང་བ་དང་། དོན་དམ་བྱང་སེམས་བདེ་སྟོང་གི་ཏིང་ངེ་འཛིན་ལ་རྟག་ཏུ་གནས་པར་བྱ། དེས་ཕྱིའི་དཀའ་ཐུབ་ཀྱི་ལམ་དང་། ནང་གི་བུ་ཆུང་གི་ལམ་དང་འབྲེལ་བའོ། །དེ་གསུམ་དང་ལྡན་པའི་སྟེང་དུ་ཐབས་གསུམ་ཚུལ་བཞིན་དུ་བསྟེན་ན་འབྲས་བུ་སྐུ་གསུམ་མྱུར་དུ་འཆར་བར་འགྱུར་རོ། །གཉིས་པ་གདམས་ངག་དངོས་གཞི་བྱེ་བྲག་ཏུ་འཆད་པ་ལ་གསུམ། རྒྱུ་ལྷན་ཅིག་སྐྱེས་པ་རང་བཞིན་གྱིས་གནས་པ། ཐབས་ལྷན་ཅིག་སྐྱེས་པ་ཉམས་གསུམ་སྐྱེད་པར་བྱེད་པ། འབྲས་བུ་ལྷན་ཅིག་སྐྱེས་པ་རྣམ་ཐར་སྒོ་གསུམ་དང་སྐུ་གསུམ་འཆར་བའི་ཚུལ་ལོ། །དང་པོ་ལ་གཉིས། གནས་ལུགས་སྐྱེ་མེད་ལྷན་ཅིག་སྐྱེས་པ་དང་པོ། རྒྱུ་རང་ལུས་ལྷན་ཅིག་སྐྱེས་པ་གཉིས་པའོ། །དང་པོ་ནི། སེམས་དངོས་པོའི་གནས་ལུགས་གང་ནས་ཀྱང་སྐྱེ་བ་མེད་པར་གདོད་ནས་ལྷན་ཅིག་ཏུ་སྐྱེས་པ་སྟེ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་སུ་འདུ་ཞིང་སེམས་ལས་གཞན་དུ་ཆོས་གང་དུའང་གྲུབ་པ་མེད། སེམས་ཀྱི་གནས་ལུགས་དེ་ཉིད་ཐོག་མ་ནས་རང་བཞིན་གྱིས་ལྷན་ཅིག་སྐྱེས་པར་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཁྱབ་ནས་ཡོད། དེ་ཉིད་ཁ་ནང་བལྟས་ཀྱིས་བརྟག་པ་ན་ངོ་བོ་གསལ་རིག་ཙམ་དུ་མྱོང་བ་ནི་གསལ་བ་སེམས་ཀྱི་མཚན་ཉིད་
ཡིན་ལ། གསལ་ཙམ་དེ་ཉིད་རང་གི་ངོ་བོའི་སྒོ་ནས་དང་པོ་སྐྱེ་བ་མེད། བར་དུ་གནས་པ་མེད། མཐར་འགག་པ་མེད། ཁ་དོག་དབྱིབས་ལ་སོགས་པའི་དངོས་པོར་མ་གྲུབ། ལུས་ཀྱི་ཕྱི་ནང་སྟོད་སྨད་གང་དུའང་མི་གནས། ཇི་ལྟར་བཙལ་ཡང་མ་རྙེད། གང་ལྟར་དཔྱད་ཀྱང་མ་གྲུབ་པ་དེ་ནི་སྟོང་པ་སེམས་ཀྱི་གནས་ལུགས་ཞེས་བྱ། དེ་ལྟར་ཚོལ་མཁན་དེའང་སེམས་ཁོ་རང་ལས་གཞན་མེད་ཅིང་གསལ་བའི་ཆ་ཡིན། དེ་ལྟར་ན་གསལ་བའི་ངོ་བོ་སྟོང་པ། སྟོང་པའི་རང་བཞིན་གསལ་བ། དེ་གཉིས་དབྱེར་མེ་ཕྱེད་པ་ལ་ཟུང་འཇུག་དང་། དབྱེར་མེད་དང་། བརྗོད་བྲལ་དང་། གནས་ལུགས་ལྷན་སྐྱེས་སོགས་ཀྱི་མིང་གིས་བསྟན་པ་ཡིན་ནོ། །དེ་ཉིད་ཉམས་སུ་ལེན་པ་ན། ལྷན་སྐྱེས་གྲུབ་པ་ལས། གང་ཕྱིར་ཡིད་ཀྱིས་མ་བསྒོམས་ན། །འགྲོ་བ་ཐམས་ཅད་བསྒོམ་པར་འགྱུར། །བསྒོམ་པ་མེད་པའི་བསྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་འགྱུར། །བརྟན་དང་གཡོ་བའི་དངོས་པོ་ཡང་། །རྩྭ་དང་ནགས་ཚལ་ལྕུག་མ་སོགས། བདག་ཉིད་རང་གི་ངོ་བོ་ཉིད། །དེ་ཉིད་མཆོག་ནི་ངེས་བསྒོམ་ན། དེ་དག་རྣམས་ལས་ཕྱོགས་གཅིག་མེད། །ཅེས་གསུངས་པ་ལྟར་ཅིར་ཡང་བསྒོམ་དུ་མེད་པའི་ངོ་བོ་ཉིད་ལ་སོ་སོ་དང་རིག་པས་མཉམ་པར་བཞག་པས་བདེ་སྟོང་དབྱེར་མེད་པའི་དབྱིངས་སུ་གྲོལ་བར་འགྱུར་ཏེ། སྔ་མ་ལས། སོ་སོ་རང་རིག་བདེ་ཆེན་པོ། །གང་ཞིག་སོ་སོ་རང་རིག་སྒོམ། རང་གིས་དངོས་གྲུབ་འབྱུང་བར་འགྱུར། །ཅེས་སོ། །གཉིས་པ་ནི། གནས་ལུགས་དེ་ལྟར་མ་ཤེས་ཤིང་ཕྱིན་ཅི་ལོག་ཏུ་བརྟགས་པ་ལ་བརྟེན་ནས་དུག་གསུམ་སྒོ་གསུམ་ལ་སོགས་པ་རིམ་གྱིས་གྲུབ་ནས་འཁོར་བའི་འཁོར་བའི་གནས་སུ་འཁོར་བ་ཡིན་ཅིང་། དེ་ལ་རྒྱུ་ལྷན་ཅིག་སྐྱེས་པ་ཞེས་བྱ། དེ་ལ་སྐབས་འདིར་ཆོས་བཅོ་ལྔས་བསྟན་ཏེ་སྒོ་གསུམ་གྱི་ཆོས་དགུ། དེ་ལ་བར་ཆད་ཀྱི་ཆོས་དྲུག་བཅས་བསྡོམས་པའོ། །དང་པོ་ཆོས་དགུ་ནི། སྒོ་གསུམ་ལུས་ངག་ཡིད་དང་
གསུམ། ལུས་ལ་རྩ་དབུ་མ་རོ་མ་རྐྱང་མ་གསུམ་ལྷན་ཅིག་ཏུ་སྐྱེས། ངག་ལ་རླུང་ལྡང་འཇུག་གནས་པ་གསུམ་ལྷན་ཅིག་ཏུ་སྐྱེས། སེམས་ལ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་པོ་ལྷན་ཅིག་ཏུ་སྐྱེས་པའོ། །དེ་ལས་དུག་གསུམ་གྱི་རང་མདངས་ཕྱི་ནང་གི་བར་ཆད་དྲུག་ཀྱང་ལྷན་ཅིག་སྐྱེས་པ་སྟེ། ནང་གི་བར་ཆད་འདོད་ཆགས་ལས་རླུང་གི་ནད། །ཞེ་སྡང་ལས་མཁྲིས་པའི་ནད། གཏི་མུག་ལས་བད་ཀན་གྱི་ནད་དེ་ཉེས་པ་གསུམ་ལྷན་ཅིག་ཏུ་སྐྱེས། ཕྱིའི་བར་ཆད་འདོད་ཆགས་ལས་བསེན་མོ་སོགས་མོ་རིགས་ཀྱི་གདོན། ཞེ་སྡང་ལས་རྒྱལ་འགོང་སོགས་པོ་རིགས་ཀྱི་གདོན། གཏི་མུག་ལས་ཀླུ་གཉན་ས་བདག་སོགས་ཀླུ་རིགས་ཀྱི་གདོན་བྱུང་བ་སྟེ། དེ་ལྟར་ན་ཆོས་བཅོ་ལྔ་པོ་དེ་ཐོག་མར་རང་སེམས་འཁྲུལ་པས་ཉོན་མོངས་པའི་གཞན་དབང་དུ་སོང་སྟེ་ལུས་གྲུབ་པ་ཙམ་ནས་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར་དེ་དག་སྦྱོང་བའི་དོན་ཏུ་ལམ་ཉམས་སུ་བླང་བ་ལ་འབད་དགོས་སོ། །གཉིས་པ་ཐབས་ལྷན་ཅིག་སྐྱེས་པ་ལ་གཉིས། དཀའ་ཐུབ་པའི་ལམ་དང་། བུ་ཆུང་གི་ལམ་མོ། །དང་པོ་ནི། རྟོག་བཅས་དཀའ་ཐུབ་པའི་གང་ཟག་དེ་ལམ་དུ་ཞུགས་པའི་ཐོག་མར་སྦྱོར་བའི་ཆོས་གསུམ་ལས། བླ་མ་སྤྱི་བོར་བསྒོམ་པ་ནི། རང་གི་སྤྱི་བོར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་ཤེས་པར་བྱས་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་འདེབས་ཀྱི་ཚིག་ཁྱད་པར་ཅན་རྣམས་དང་བརྒྱུད་པའི་གསོལ་འདེབས་ཀྱང་བྱས་ལ། མཐར་བླ་མ་ཉིད་འོད་ཀྱི་རང་བཞིན་ཏུ་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་ཐོབ། དྲི་མ་བཞི་དག །ལུས་ངག་
ཡིད་བྱ་བྱེད་དང་བཅས་པ་བླ་མ་སྐུ་བཞིའི་བདག་ཉིད་དུ་གྱུར་པར་མོས་ལ་གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞག །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པ་ནི། རང་གི་ཚེ་རབས་ཐོག་མ་མེད་པ་ནས་ཕ་མར་གྱུར་པའི་སེམས་ཅན་འདི་རྣམས་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱང་བ་སྙིང་རེ་རྗེ། འདི་རྣམས་ཀྱི་དོན་དུ་བདག་གིས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཅི་ནས་ཀྱང་ཐོབ་ངེས་པར་བྱ། དེའི་རྒྱུ་རྐྱེན་གྱི་གཙོ་བོ་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་འདུན་པ་དྲག་པོས། ངག་ཏུའང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་མང་དུ་བརྗོད། ལྷའི་རྣལ་འབྱོར་དྲན་པ་ནི། ཧཱུྃ་ཞེས་བརྗོད་པས་གནས་ཁང་སྲུང་བའི་འཁོར་ལོ། ཧཱུྃ་ཞེས་བརྗོད་པས་དེའི་ནང་དུ་གཞལ་ཡས་ཁང་། ཧཱུྃ་ཞེས་བརྗོད་པས་དེའི་དབུས་སུ་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་ལ་བདག་ཉིད་བཅོམ་ལྡན་འདས་དཔལ་ཀྱེ་རྡོ་རྗེ་མཐིང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་ཐོད་པ་བསྣམས་པ། གྲུ་མོ་ན་བདག་མེད་མའི་ངོ་བོ་ཁ་ཊྭཱྃ་ལ་འཁྱུད་པ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་རྡོ་རྗེ་གསུམ་གྱི་ངོ་བོར་འབྲུ་གསུམ་དཀར་དམར་མཐིང་གས་མཚན་པར་གསལ་བཏབ་ལ། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད། དངོས་གཞི་ལ། ལུས་ཀྱི་འཁྲུལ་འཁོར་ལག་ལེན་བཞིན་བྱ། ངག་འདྲེན་པ་ལུགས་གཉིས་ལ་ཡན་ལག་གསུམ་གསུམ་དུ་བྱ་བ་བླ་མའི་ཞལ་ལས་འདྲི། ཞེས་གསུངས་པ་ཡི་གེར་བཏབ་པ་མེད་ཅིང་ཞལ་ཤེས་མན་ངག་གི་རྒྱུན་དངོས་མི་བཞུགས་ཀྱང་དཀའ་ཐུབ་ཀྱི་ལམ་གྱི་དངོས་གཞི་དང་། བུ་ཆུང་གི་ལམ་པ་ལའང་སྔོན་དུ་གལ་ཆེ་བའི་རང་ལུས་ཐབས་ལྡན་གྱི་གདམས་པ་ལ་དོན་ཚང་བས། དེ་ལ་བཞི།
སྦྱང་བའི་ཐབས། གཟུད་པའི་སྲང་། དྲང་བའི་ཐབས། དགྲམ་པའི་གནས་བསྟན་པའོ། །དེའི་དང་པོ་ལའང་བཞི། ལུས་བཅོས་པའི་ཐབས་ནི། རྐང་པ་གཡོན་པ་གཡས་པའི་བརླ་སྟེང་དུ་འཁྱུད། རླུང་བཟུང་བའི་གནས་བསྟན་པ་ནི་ལྟེ་བ་དང་གསང་གནས་བར་དུ་བཟུང་། དམིགས་པ་བྱ་བའི་ཡུལ་ནི་གནས་དེར་རླུང་ཁ་དོག་སྔོ་ཆི་ལེ་བ་སོར་གཉིས་སམ་སོར་བཞིའི་ཚད་དུ་བསྒོམ། ཉམས་སུ་བླང་བའི་མན་ངག་ནི། བཙན་ཐབས་སུ་སྟེང་འོག་རླུང་ཁ་སྦྱོར་དུ་བཟུང་བས་ཞག་གསུམ་ནས་ལྟེ་བ་འབུར་གྱིས་འོང་བར་གསུངས། གཉིས་པ་གཟུང་བའི་སྲང་བསྟན་པ་ནི། དངོས་ལས་རྒྱའི་ལམ་ལ་བསྟེན་པ་ཡིན་པས་མདོ་ཙམ་འོག་ཏུ་བཤད། ལམ་གཉིས་ཀར་ཡང་ཐོག་མར་ཡིད་རིག་ལ་བརྟེན་དགོས་པས། ངག་འདྲེན་པའི་ཐབས་གཉིས་སམ། གོང་བཤད་དེ་ལ་རིམ་གྱིས་སྦྱངས་པས་རླུང་ལས་སུ་རུང་བ་ན་ཡིད་ཆགས་པའི་བུ་མོ་ཞིག་མདུན་དུ་ཡོད་པར་དམིགས། འདོད་ཆགས་ཀྱི་རོལ་རྩེད་བྱས་པས་བདེ་བ་བསྐུལ། འདུ་ཤེས་སྤྱི་ལྟར་བྱས་ལ་སྙོམས་པར་འཇུག །ཡས་བབ་ཀྱི་དགའ་བ་བཞི་རིམ་པར་བསྐྱེད། འདིར་རྩ་བཞི་པོ་དང་དངོས་སུ་འཕྲད་པ་མེད་ཀྱང་ཡིད་ཀྱིས་བརྟགས་པས་དངོས་སུ་འབྱང་བའི་དགོས་པ་ཡོད། དེས་ཐིག་ལེ་དངོས་སུ་བབས་པའམ་རྗེས་མཐུན་པའི་བདེ་བ་སྐྱེ་བར་འགྱུར་རོ། །གསུམ་པ་དྲང་བའི་ཐབས་བསྟན་པ་ནི། ཡས་བབས་ཀྱི་དགའ་བཞི་རྫོགས་མ་ཐག་པར་ཐིག་ལེ་ཏིལ་འབྲུ་ཙམ་ཡང་མ་ཉམས་པར་བྱས་ཏེ། ལུས་ཀྱི་མགོ་སྨད། གཞན་སྟོད་ལ་དང་པོ་ཨ་ཐུང་དུ་སྒྲ་མེད་དུ་དྲང་། དེ་ནས་སྒྲ་བཅས་སུ་དྲང་། མཐར་ཡིད་ཀྱིས་དྲང་། གསུམ་ག་རེ་རེ་བཞིན་མགོ་སྤྲུགས། དམིགས་པ་ཐིག་ལེ་རྣམས་སྐྱ་ཆི་ལི་ལི་སྤྱི་བོར་ལྡོག་པར་བསྒོམ། ཡས་བརྟན་གྱི་དགའ་བཞི་ངོས་བཟུང་བས་ངེས་པར་ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་སྐྱེའོ། །བཞི་པ་དགྲམ་པའི་གནས་བསྟན་པ་ནི། དབུགས་ནང་དུ་རྔུབ་
ལ་སྟེང་རླུང་དགག །དང་པོ་ལག་པ་གཡས་བརྐྱང་ལ་སྣ་གཡོན་ནས་བཟུང་སྟེ་མགོ་སྤྲུགས། ལག་པས་བཏང་ནས་སྤྲུགས། ཡང་བཟུང་སྟེ་སྤྲུགས། དེ་གོ་ལྡོག་སྟེ་བྱ། ལུས་ཐམས་ཅད་ཐིག་ལེས་ཁྱབ་པར་དམིགས། དེས་ངེས་པར་ལུས་ཀྱི་བ་སྤུའི་བུ་ག་ཚུན་ཆད་ཐིག་ལེས་ཁྱབ་པར་འགྱུར་ཞིང་། དེ་ནས་ལུས་ཀྱང་རས་བལ་གྱི་ཟེག་མ་ལྟ་བུར་འགྱུར། འདིས་འཕྲལ་དུ་ཉམས་མྱོང་སྐྱེ་བས་ཤིན་ཏུའང་གནད་གལ་ཆེ་གསུངས་སོ། །འདི་ནི་དཀའ་ཐུབ་པའི་ལམ་གྱི་དངོས་གཞི་དང་། བུ་ཆུང་གི་ལམ་ལའང་སྔོན་ཏུ་འབྱང་ངེས་པ་དགོས་སོ། །གཉིས་པ་བུ་ཆུང་གི་ལམ་གྱི་དངོས་གཞི་ལ། ཐོག་མར་སྦྱོར་བའི་ཡུམ་བཞི་ནི། པདྨ་ཅན། དུང་ཅན་མ། རི་མོ་ཅན། བ་ལང་ཅན་མ་བཞི། དེ་རེ་རེ་ལའང་རབ་འབྲིང་ཐ་མ་གསུམ་རེ་ཡོད་པ་རྣམས་གཞུང་ལྟར་བརྟགས་ལ་རབ་འབྲིང་གང་རྙེད་བསྟེན། ཐ་མ་བསྟེན་དུ་མི་རུང་། བསྟེན་བྱ་དེའང་རྒྱུད་དག་པར་བྱས་ལ་ཟླ་བ་གཅིག་ཏུ་བཟའ་བཏུང་བཅུད་ཆེན་གྱིས་མདངས་བསྒྲུབ། བཀྲག་མདངས་རྒྱས་པ་དང་དམིགས་པ་འཁྲུལ་འཁོར་སོགས་ཡིད་རིག་ལྟར་བྱས་ལ་སྙོམས་པར་ཞུགས། གཟུད་པའི་སྲང་དངོས་རིགས་བཞི་དང་མཐུན་པའི་རྩ་བཞི་སྟེ། པདྨའི་སྣལ་མ་ལྟར་ཕྲ། མདུང་གི་རྩེ་ལྟར་རྣོ། རལ་གྲིའི་སོ་ལྟར་གཅོད། མེ་ལོང་གི་ངོས་ལྟར་འཇམ། སྤྱིར་རྩ་ཤིན་ཏུ་ཕྲ་ན་བཟང་ཞིང་རྩྭ་ཤིན་ཏུ་བཟང་བའི་རིགས་ཆགས་པ་སྐྱེས་པ་ཙམ་གྱིས་རྩ་སྣ་རང་བཞིན་འབྱུང་བ་ཡོད་ཅིང་། དེ་ལྟར་མི་འབྱུང་བ་རྣམས་ལ་རྩ་བཙལ་བའི་ཐབས་བྱས་ཏེ་རྩྭ་སྣེ་རྡོ་རྗེའི་བུ་གར་གཟུད། དམིགས་པ་རྩྭ་ཀུན་འདར་སྦྲུལ་གྱི་མགོ་རླུང་གིས་བསྐྱོད་པ་ལྟར་ལྟེ་བའི་གནས་དེར་ཕྲིལ་ཕྲིལ་སོང་བར་བསམ། འདྲེན་དགྲམ་སྔར་བཞིན་བྱའོ། །དེ་ལྟར་སྦྱངས་པས་ཞག་དང་པོ་ནས་བཅུ་གཅིག་ཚུན་ཆད་དུ་བདེ་བས་བརྒྱལ་ནས་མི་འགྲོ་མི་སྲིད། གང་ཟག་འགའ་ཞིག་ཐོག་མ་ནས་བདེ་བས་བརྒྱལ་ནས་འགྲོ་བའང་ཡོད་དོ། །གསུམ་པ་ལམ་གཉིས་ཀ་ལ་ཐུན་མོང་དུ་བསྟན་པ་
ཉམས་ཀྱི་མན་ངག་གི་ཆོས་ཉི་ཤུ་རྩ་བཞི་ནི། དང་པོ་ཐུར་སེལ་གྱེན་ལ་ལོག་པའི་སྟོབས་ཀྱིས་ལུས་ལ་བདེ་རླུང་འབར་བས་སྐྱེ་བའི་གོ་རིམ་ངེས་པ་མེད་པར་དྲོད་དང་བདེ་བ་དུས་གཅིག་ཏུ་སྐྱེ། སེམས་ལ་དགའ་བདེས་ཁྱབ། ངག་སྨྲ་རྒོད་དང་གློ་བུར་གྱིས་འོ་དོད་འབོད་པ་འབྱུང་། དེ་ནི་སྒོ་གསུམ་ལ་འདོད་ཆགས་ཆེན་པོས་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན། ཉོན་མོངས་པ་འདོད་ཆགས་ལམ་དུ་བསླང་བ་ལ་ཡུལ་ལ་ཆགས་པ་རིམ་གྱིས་སྤང་། ནང་རླུང་ནད་འབྱང་། གདོན་མ་རིགས་ལྔ་ལས་གྲོལ། རྩ་གཡོན་པ་རྐྱང་མ་དབང་དུ་འདུས། རླུང་འཇུག་པ་ལ་དབང་ཐོབ། སེམས་རྨི་ཉམས་རྣམས་སུའང་བདེ་བ་འབྱུང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་མིང་ཐོབ། དེ་ལྟར་བརྒྱད་ནི་ཡན་ལག་དང་པོ་སྟེ་རྒྱུ་ཉིད་ལམ་དུ་འགྱུར་བའོ། །གཉིས་པ་ཐུར་སེལ་དྲངས་པའི་སྟོབས་ཀྱིས་ཉམས་མྱོང་གཅིག་ཆར་དུ་སྐྱེ། བདེ་བ་སྐྱེས་པའི་དུས་སུ་ཤེས་པ་གསལ་ལ་ཡང་བ། སྙིང་རྗེ་ཆེན་པོ་འབྱུང་བ་ནི་ཏིང་ངེ་འཛིན། མི་སྡུག་པའི་རྐྱེན་གྱིས་གསལ་བ་མཐར་ཐུག་པ་འབྱུང་བ་ནི་ཞེ་སྡང་ཆེན་པོ་ཡིན་པས་ཉོན་མོངས་པ་ཞེ་སྡང་ལམ་དུ་བསླངས། ནད་ཁྲག་མཁྲིས་ཞི། གདོན་ཕོ་རིགས་ལས་གྲོལ། རྩ་གཡས་པ་རོ་མ་དབང་དུ་འདུས། རླུང་ཕྱིར་དབྱུང་བ་ལ་དབང་ཐོབ། སེམས་རྨི་ལམ་དུའང་ནམ་མཁའ་ལ་སྐྱིལ་ཀྲུང་བཅའ་བ་སོགས་གསལ་ཞིང་ཡང་བ་འབྱུང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་མིང་ཐོབ། དེ་ལྟར་བརྒྱད་ནི་ཡན་ལག་གཉིས་པ་སྟེ་རྒྱུ་ལྷན་ཅིག་སྐྱེས་པའི་སྟོབས་ལས་བྱུང་བའོ། །གསུམ་པ་ཐུར་སེལ་དྲངས་པའི་སྟོབས་ཀྱིས་སྔ་མ་དང་ལྷན་ཅིག་ཏུ་ཤེས་པ་རང་བཞིན་གྱིས་མི་རྟོག་པའི་གཉུག་མར་གནས་པ་འབྱུང་སྟེ་ཏིང་ངེ་འཛིན། ཡུལ་གང་ལའང་མི་རྟོག་པས་མ་རིག་པ་ཆེན་པོ་ཡིན་པས་ཉོན་མོངས་པ་གཏི་མུག་ལམ་དུ་བསླང་། ནད་བད་ཀན་ཞི། །གདོན་རླུང་རིགས་ཀྱིས་མི་ཚུགས། རྩ་ཨ་བ་དྷཱུ་ཏི་དབང་དུ་
འདུས། རླུང་གནས་པ་ལ་དབང་ཐོབ། སེམས་མི་རྟོག་པ་མཉམ་རྗེས་མེད་པས་གཉིད་ལོག་མ་ལོག་ཀྱི་ཁྱད་པར་མེད་པས་གཉིད་ལོག་ནས་སད་པར་མི་བྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མིང་ཐོབ་སྟེ། གཟུང་འཛིན་གཉིས་ལས་གྲོལ། དེ་ལྟར་བརྒྱད་ནི་ཡན་ལག་གསུམ་པ་སྟེ་དེ་དག་ཀྱང་རྒྱུ་ལྷན་ཅིག་སྐྱེས་པའི་མཐུ་ལས་བྱུང་བའོ། དེ་དག་བསྡོམས་པས་ཡན་ལག་ཉི་ཤུ་རྩ་བཞི་ནི་ཉམས་ལྷན་ཅིག་སྐྱེས་པའོ། །གསུམ་པ་འབྲས་བུ་ལྷན་ཅིག་སྐྱེས་པ་ལའང་གསུམ། དང་པོ་རྟགས་འབྱུང་ཚུལ། བར་དུ་སྤྱོད་པ་སྤྱད་ཚུལ། མཐར་འབྲས་བུ་དངོས་ཐོབ་ཚུལ་ལོ། །དང་པོ་ཉམས་གསུམ་རྒྱུད་ལ་སྐྱེས་ནས་རྟགས་གསུམ་ལུས་ངག་ཡིད་གསུམ་ལ་འབྱུང་སྟེ། ལུས་ཀྱི་གཞན་དོན་བྱེད་པའི་ཁྱད་པར་གྱི་རྟགས་ནད་དང་གདོན་གྱིས་ཟིན་པའི་སྡུག་བསྔལ་ཅན་མཐོང་ན་ལག་པས་བྱབས་པའམ་འགོམ་པ་དང་དྲི་ཆེན་དྲི་ཆུ་བྱུགས་པ་ཙམ་གྱིས་ཞི་བར་འགྱུར། ངག་གི་རྟགས་ནད་སོས་པར་གྱུར་ཅིག་བརྗོད་པས་ནད་སོས་པ་སོགས་སྨོན་པའི་ཚིག་བརྗོད་པ་ཙམ་གྱིས་དེ་དང་དེ་དག་འགྲུབ་པ་སྟེ་ཚིག་གི་མཆོག་གྲུབ་པར་འགྱུར་རོ། །སེམས་ཀྱི་རྟགས་དང་པོ་རྨི་ལམ་ཇེ་གསལ་དུ་འགྲོ། །དེ་ནས་མི་མ་ཡིན་མཐོང་། དེ་ནས་སྒོམ་ཉམས་ཉིད་ལ་ཕན་པ་དང་གནོད་པ་ངོས་ཟིན་པ་འབྱུང་ངོ་། །ཡང་ཚེ་འདི། འཆི་ཁ། བར་དོ་ལ་རྟགས་གསུམ་འཆར་བར་འགྱུར་སྟེ། ཚེ་འདིར་འཆར་བ་ནི། ལུས་ཡང་། བཀྲག་མདངས་བཟང་། ཟས་གོས་གང་ལའང་ཞེན་པ་ཆུང་། བྱ་བ་རྣམས་ཐུག་འཕྲད་བྱེད། བརྗེད་ངས་གློ་བུར་དུ་དྲན་པ་སྐྱེའོ། །གཉིས་པ་འཆི་ཁར་གནད་གཅོད་ཀྱི་ཟུག་རྔུ་མེད། འཆི་བ་ལ་མི་འཇིགས། ལྷ་མིའི་ལུས་དོན་དུ་མི་གཉེར། རང་གི་ཏིང་ངེ་འཛིན་གྱི་ཉམས་དང་མ་བྲལ་བར་འབྱུང་ངོ་། །གསུམ་པ་བར་དོར་བླ་མ་དང་མཇལ་བ་སྙམ་བྱེད། སངས་རྒྱས་ཞལ་མཐོང་བ་སྙམ་བྱེད། ལུས་གང་ལེན་པ་དེའི་སྣང་བ་རང་གི་ལྷག་པའི་ལྷར་འཆར་སྟེ་རིག་པ་འཛིན་པ་ལ་སོགས་པར་གྱུར་ནས་ངན་སོང་གི་སྐྱེ་སྒོ་ཁེགས་པར་འགྱུར་རོ། །གཉིས་
པ་རྟགས་མཐོང་ནས་སྤྱོད་པ་སྤྱད་ཚུལ་ནི། འདིའི་ལུགས་ཀྱི་རྟགས་དང་པོ་ཅུང་ཟད་ཙམ་བྱུང་ནས་གསང་བའི་སྤྱོད་པ་རིམ་གྱིས་བྱེད་པ་ཡིན་ཏེ། ཉིན་མོ་གྲོགས་དང་མཐུན་པའི་སྤྱོད་པ་བྱ། འཇིག་རྟེན་པའི་ཁ་ན་མ་ཐོ་བ་བསྲུང་། མཚན་མོ་སྤྱོད་པའི་དུས་སུའང་གོ་རིམ་དཀྲིག་གེ་བ་མི་བཞེད། གོས་བཟང་ངན་མེད་པ་གྱོན། གྲོགས་ཀྱང་རིགས་བཟང་ངན་གཉིས་ཀ་ལ་བསྒྲོད། རྣམ་རྟོག་ཆུང་ན་དྲི་ཆེན་དྲི་ཆུ་ཤ་ཆེན་རྣམས་རིམ་གྱིས་གསང་ལ་བརྟེན་པས་རིམ་པར་སེམས་ཉམས་བརྟན་ཅིང་རྟགས་གསུམ་ལ་སོགས་པ་མྱུར་དུ་འཆར་ཅིང་བརྟན་པར་འགྱུར། མངོན་ཤེས་འཆར་ཅིང་གཞན་དོན་ནུས་ན་ལུས་ལ་རྒྱན་དྲུག་གདགས་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བར་བཞེད་དོ། །འདིའི་ལུགས་ཀྱིས་ལམ་དང་པོ་བསྒོམ་པ་ནས་བཟུང་། འབྲས་བུ་ཐོབ་ཀྱི་བར་བར་ཆད་ཀྱི་ཆོས་བསལ་བ་གུད་དུ་མི་མཛད་དེ། བར་ཆད་ནི་ནད་གསུམ། གདོན་གསུམ་ཡིན་ལ་དེ་ནི་ཉམས་བསྐྱངས་པ་ཉིད་ཀྱིས་རང་གྲོལ་དུ་འགྱུར་བར་བཞེད་དོ། །གསུམ་པ་སྤྱོད་པས་མཚམས་སྦྱར་ཏེ་འབྲས་བུ་ལྷན་ཅིག་སྐྱེས་པ་ཐོབ་པར་འགྱུར་ཏེ། དེ་ལའང་གསུམ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། དང་པོ་ཆོས་སྐུ་ནི་ཡན་ལག་གཅིག་སྟེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའོ། །ད་ནི་ལམ་གྱི་ཉམས་ཕྱི་མས་འགྲུབ་པའོ། །གཉིས་པ་ལོངས་སྐུ་ནི་ཡན་ལག་གསུམ་དང་ལྡན་པ་སྟེ་ལོངས་སྤྱོད་རྫོགས་པའི་ཡན་ལག་མཚན་དང་དཔེ་བྱད་འབར་བ། ཁ་སྦྱོར་གྱི་ཡན་ལག་རང་འོད་ཀྱི་ཡུམ་དང་བཅས་པ། བདེ་ཆེན་གྱི་ཡན་ལག་ཟག་པ་མེད་པའི་བདེ་བས་རྒྱུད་གང་བའོ། །དེ་ནི་ལམ་གྱི་ཉམས་དང་པོ་རྣམས་ཀྱིས་འགྲུབ་པའོ། །གསུམ་པ་སྤྲུལ་སྐུ་ནི་ཡན་ལག་གསུམ་དང་ལྡན་པ་སྟེ་སྙིང་རྗེས་ངེས་པར་གང་བའི་ཡན་ལག་ནི། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པས་རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་འབད་མེད་དུ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རྒྱུན་མི་འཆད་པའི་ཡན་ལག་ནི། སྨོན་ལམ་གྱི་དབང་གིས་གདུལ་བྱ་ཇི་སྲིད་གནས་པ་དེ་སྲིད་དུ་སྤྲུལ་པའི་རྒྱུན་མི་འཆད་དེ་ཆུ་
སྣོད་དང་ཟླ་གཟུགས་ལྟ་བུའོ། །འགོག་པ་མེད་པའི་ཡན་ལག་ནི། དོན་དམ་པར་སྤྲུལ་པའི་སྐུ་ལ་མྱ་ངན་ལས་འདའ་བ་མེད་དེ། ཚོགས་ཡོངས་སུ་རྫོགས་པའི་ཕྱིར་དང་། འཆི་བདག་གི་བདུད་བཅོམ་པའི་ཕྱིར་དང་། ཚེ་ལ་དབང་བ་སོགས་དབང་བཅུའི་མཐར་ཐུག་བརྙེས་པའི་ཕྱིར། ཀུན་ཏུ་ཁྱབ་པའི་ནམ་མཁའ་ལ་སྐྱེ་འཇིག་མེད་པ་ལྟ་བུའོ། །དེ་ནི་ལམ་གྱི་ཉམས་བར་པ་རྣམས་ཀྱིས་འགྲུབ་པ་ཡིན་ནོ། །དེ་ལྟར་སྐུ་གསུམ་པོ་འབྲས་བུ་ལྷན་ཅིག་སྐྱེས་པ་སྟེ། མདོར་ན་རྒྱུ་དང་ལམ་དང་འབྲས་བུ་གསུམ་གྱིས་བསྡུས་པའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཀྱི་རིམ་པ་གྲུབ་བོ། །བློ་ལྡན་ཐར་བར་ངལ་འཚོ་བའི། །གཏན་གྲོས་ལྷན་སྐྱེས་ཁྲིད་ཀྱི་ཚུལ། །ཕ་མཐའ་ཡས་པའི་འགྲོ་རྣམས་ཀྱིས། །ཉམས་སུ་ལོན་ནས་བདེ་ཐོབ་ཤོག །གྲུབ་ཆེན་ཌོམྦི་པས་མཛད་པ་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཀྱི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།