Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཞི་པ།  ལམ་གྱི་གཙོ་བོ་རྣམ་གསུམ།
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཞི་པ། ལམ་གྱི་གཙོ་བོ་རྣམ་གསུམ།next

གདམས་ངག་མཛོད་པོད་བཞི་པ།
ལམ་གྱི་གཙོ་བོ་རྣམ་གསུམ།


LT13_Page_218A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གཙོ་བོ་རྣམ་གསུམ་བཞུགས་སོ། །


LT13_Page_218B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ལམ་གྱི་གཙོ་བོ་རྣམ་གསུམ་འདི་འཆད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ཏོ། །དང་པོ་ལ་བཞི། མཚན་བསྟན་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའི་སྒོ་ནས་ལུས་མདོར་བསྟན་པ། མཉན་པར་གདམས་པའོ། །དང་པོ་ནི། ལམ་གྱི་སོགས་སོ། །གཉིས་པ་ནི། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། གསུམ་པ་ནི། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་རྒྱབ་བྱང་ཡིན་ མཆན། ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། བཞི་པ་ནི། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང༌། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དད་པའི་ཡིད་ཀྱིས་ཉོན། །གཉིས་པ་གཞུང་གི་དོན་ལ་གསུམ། ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་བསྟན་པའོ། །དང་པོ་ལ་གསུམ། ངེས་འབྱུང་བསྐྱེད་པའི་དགོས་པ། ཇི་ལྟར་སྐྱེད་པའི་བབས། སྐྱེས་པའི་ཚད་དོ། །དང་པོ་ནི། །རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ཡུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙམ། །གཉིས་པ་ལ་གཉིས། ཚེ་འདིའི་སྣང་ཤས་ལྡོག་པའི་ཚུལ་དང༌། ཕྱི་མའི་སྣང་ཤས་ལྡོག་ནས་ངེས་པར་འབྱུང་བའི་ཚུལ་ལ། དང་པོ་ནི། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལོག །གཉིས་པ་ནི། །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག །གསུམ་པ་ནི། །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། གཉིས་པ་བྱང་ཆུབ་ཀྱི་


LT13_Page_219A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཤད་པ་ལ་གཉིས། ཐེག་པ་ཆེན་པོར་འཇུག་པར་འདོད་པ་དག་གིས་བྱང་ཆུབ་ཀྱི་སེམས་ལ་སློབ་དགོས་པར་བསྟན་པ་དང༌། བྱང་ཆུབ་སེམས་ལ་སློབ་ཚུལ་དངོས་བསྟན་པའོ། །དང་པོ་ནི། །ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། གཉིས་པ་ནི། །ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆི་བ་དམ་པོས་བསྡམས། །བདག་འཛིན་ལྷགས་ཀྱི་དྲྭ་བའི་སྦུབས་སུ་ཆུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། གསུམ་པ་ཡང་དག་པའི་ལྟ་བ་བཤད་པ་ལ་ལྔ། །ཐར་འདོད་རྣམས་ཀྱིས་ཡང་དག་པའི་ལྟ་བ་ཚོལ་དགོས་པར་གདམས་པ། སྟོང་པ་རྟེན་འབྲེལ་གྱི་དོན་དུ་རྟོགས་ན་རྒྱལ་བ་དགྱེས་པར་བསྟན་པ། སྣང་སྟོང་ངོ་བོ་སོ་སོར་འཛིན་པ་དེ་སྲིད་དུ་ཐུབ་པའི་དགོངས་པ་མི་རྟོགས་པར་བསྟན་པ། ལྟ་བའི་དཔྱད་པ་རྫོགས་པའི་ཚད་བསྟན་པ། ཐལ་འགྱུར་བའི་ལྟ་བའི་ཁྱད་ཆོས་བསྟན་པའོ། །དང་པོ་ནི། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། །སྲིད་པའི་རྩ་བ་བཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། གཉིས་པ་ནི། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང༌། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགེས་པའི་ལམ་ལ་ཞུགས། གསུམ་པ་ནི། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། བཞི་པ་ནི། ནམ་


LT13_Page_219B
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ངེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ལྔ་པ་ནི། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །གསུམ་པ་མཇུག་གི་དོན་ལ་གཉིས། ཐོས་བསམ་གྱིས་གཏན་ལ་ཕབ་ནས་ཉམས་སུ་ལེན་པར་གདམས་པའི་དོན་བསྡུ་བ་དང༌། སྦྱར་བྱང་གིས་མཐའ་བརྒྱན་པའོ། །དང་པོ་ནི། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། གཉིས་པ་ནི། །ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། །ཞེས་སོ། །མངྒ་ལམ།། །།


previousགདམས་ངག་མཛོད་པོད་བཞི་པ། ལམ་གྱི་གཙོ་བོ་རྣམ་གསུམ།next