ལུས་སྦྱིན་ཚོགས་གཉིས་བུམ་བཟང་།
༈ ལུས་སྦྱིན་ཚོགས་གཉིས་བུམ་བཟང་བཞུགས། ཕཊ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཕཊ་་ལན་གསུམ། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཕཊ་ཕན་བདེ་སེམས་ཅན་ཀུན་ལ་བསྔོ། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །སྡུག་བསྔལ་མ་ལུས་བདག་ལ་འདུས། །འགྲོ་ཀུན་སྡུག་བསྔལ་ལས་གྲོལ་ཤོག །ཕཊ་་དེ་ནི་བསོད་ནམས་ཚོགས་བསགས་སོ། །དེ་ནས་ཡེ་ཤེས་ཚོགས་བསགས་ནི། །ཕཊ་་གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་
རབ་ཏུ་ཞི། །སྤྲོས་པ་མེད་པ་སྟོང་པའི་དབྱིངས། །ཤེས་རབ་ཕ་རོལ་ཕྱིན་པའོ། །དུས་གསུམ་རྟོག་པ་དབྱིངས་སུ་དག །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་པ་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཕཊ་རྗེས་ལ་བསྔོ་བ་སྨོན་ལམ་ནི། །དགེ་བ་འདི་ཡི་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ན་མོ་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པ་ཁྱད་པར་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གོ་འཕང་ཐོབ་པར་ཤོག །དཔལ་སྤྲུལ་པས་སོ། ༈ བྱང་ཆུབ་སེམས་དང་ལྡན་པའི་སྐྱེས་བུ་ཡིས། །ཐུགས་བསྐྱེད་དམ་བཅའ་མི་ཉམས་བསྟན་འགྲོའི་དོན། །སྐལ་མེད་ཐར་པའི་ས་བོན་འདེབས་པ་ལ། །དམ་ཅན་རྒྱ་མཚོས་རུ་ང་ཕྲག་དོག་སྤོངས། །ཤིན་ཏུ་གདུལ་དཀའ་ལས་འབྲེལ་མེད་པའི་རིགས། །བཀའ་སྲུང་དྲེགས་པའི་ཟ་ཁ་ཟུག་པ་ལ། །ཕྱི་ཚུལ་འཇམ་པོས་འབྲེལ་བ་
བཞག་ནའང་། །བཀའ་སྡོད་ཕོ་ཉའི་ཚོགས་ཀྱི་ཟ་དུ་གྱིས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །རྒྱལ་བསྟན་དར་རྒྱས་འགྲོ་བའི་བདེ་སྐྱིད་འཕེལ། །དམག་ཇག་ཆོམ་པོའི་ལས་ངན་རྒྱུན་ཆད་ནས། །བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །འདི་མཚམས་སྤྲུལ་རིན་པོ་ཆེ་མགོ་ལོག་ཏུ་ཕེབས་སྐབས་དཔལ་སྤྲུལ་པས་སོ།། །།