Nitartha Digital Library
Tibetan
 
no previousསྦྱོར་བ་བརྒྱ་པ། ཀླུ་སྒྲུབ།next

སྦྱོར་བ་བརྒྱ་པ།
ཀླུ་སྒྲུབ།


DTG198_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡོ་ག་ཤ་ཏ་ཀ །བོད་སྐད་དུ། སྦྱོར་བ་བརྒྱ་པ། སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །རིང་དུ་གྲགས་པའི་གསོ་དཔྱད་ནས། །མཐའ་ཡས་རྒྱུད་ཀྱི་གཅེས་པ་བླངས། །སྨན་པ་མཁས་པར་རབ་མཆོད་པའི། །སྦྱོར་བ་བརྒྱ་ཡིས་བཅིང་བར་བྱ། །བདུད་རྩི་ལྟ་བུའི་སྨན་སྦྱོར་གྱིས། །ལུས་ནི་ནད་མེད་འགྱུར་བ་ཡིན། །གསོ་དཔྱད་ཤེས་པའི་སྨན་པ་ཡིས། །ནད་རྒྱུ་མཚན་ཉིད་ཡོངས་སུ་བརྟག །སླེ་ཏྲེས་གླ་སྒང་བྱི་ཚེར་བཅའ་སྒ་དང༌། །བྱི་ཚེར་གླ་སྒང་ཏིག་ཏ་པརྤ་ཏ། །བ་ཤཀ་བྱི་ཚེར་བཅའ་སྒ་གླ་སྒང་རྣམས། །བསྐོལ་ཐང་རླུང་མཁྲིས་བད་ཀན་རིམས་ལ་བཏུང༌། །ཀྵུ་ཏྲ་སླེ་ཏྲེས་བཅའ་སྒ་པུཥྐ་རཽ། །བསྐོལ་བའི་ཐང་བྱས་བད་ཀན་རླུང་མཆོག་ལ། །ལུད་པ་དབུགས་མི་བདེ་བཅས་དང་ག་མེད། །གཞོགས་གཟེར་ཉེས་གསུམ་ལས་བྱུང་རིམས་ལའང་བསྔགས། །དོང་ག་དྲོད་སྨན་ནར་རྩ་གླ་སྒང་དང༌། །ཧོང་ལེན་


DTG198_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རུ་ར་རྣམས་བསྐོལ་བའི་ཐང༌། །གཟེར་བཅས་ཚད་འཁྲུ་བད་རླུང་ལྡན་རིམས་ལ། །ཕན་ནོ་དྲོད་སྐྱེད་བཞུ་བ་བྱས་པས་ཀྱང། །རྒུན་འབྲུམ་གླ་སྒང་ཧོང་ལེན་ཨ་རུ་ར། །དོང་ག་པརྤ་ཏ་ཀའི་ཐང་བྱས་ལ། །མཁྲིས་བྱུང་རིམས་དང་བླ་འཆོལ་བརྒྱལ་བ་དང༌། །མགོ་འཁོར་ཚ་སྐམ་སྐོམ་དང་ལྡན་རྣམས་ཕན། །ཀཎྜ་ཀ་རི་བཅའ་སྒ་སླེ་ཏྲེས་བསྐོལ། །དྲོད་སྨན་ནར་མོ་བསྲེས་པའི་ཐང་འཐུངས་པས། །གསུས་གཟེར་ལུད་པ་ཚད་རྙིང་དང་ག་མེད། །ཕོ་བའི་ནད་ཆམ་དབུགས་མི་བདེ་རྣམས་འཇོམས། །བྱི་ཚེར་པརྦ་ཏ་ཀ་ཨ་རུ་ར། །བ་ཤ་ཧོང་ལེན་ཏིག་ཏ་པྲི་ཡངྐུ། །ཀ་ར་ཆེར་བཏབ་བསྐོལ་བའི་ཐང་འཐུངས་པས། །སྐོམ་དང་ཁྲག་མཁྲིས་རིམས་དང་ཚད་ལྡན་འཇོམས། །རིམས་ནད་གསོ་བའི་དཔྱད་དོ། །སྐྱེར་རྩ་འབྲས་བུ་གསུམ་དང་བཱི་ཤཱ་ལ། །སྐྱེར་རྩ་ཕྱེ་མར་བྱས་ལ་ངེས་པར་བསྐོལ། །ཐང་ལ་སྦྲང་རྩི་ལྡན་པ་འཐུངས་པ་ཡིས། །གཅིན་ཁ་སྙི་བའི་ནད་སྐྱེས་མ་ལུས་འཇོམས། །ཨུ་དི་ཙྱ་དང་ཀ་པེད་བོང་ང་དཀར། །གླ་སྒང་དུག་མོ་ཉུང་བཅས་ཐང་བྱས་པ། །ཚད་པ་གཟེར་བཅས་ཁྲག་འཁྲུ་དང་བཅས་པ།


DTG198_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིངས་ཞུགས་པའི་འཁྲུ་བ་རྣམས་ལ་ཕན། །གླ་སྒང་བཅའ་སྒ་བོང་ང་དཀར་པོར་བཅས། །སླེ་ཏྲེས་ཆ་སྙོམས་ཆུ་ལ་བསྐོལ་འཐུངས་པས། །མེ་དྲོད་ཞན་པའི་རྒྱུན་གྱི་ནད་རྣམས་དང༌། །ཚད་ཟིན་འཁྲུ་བའི་ནད་ཀྱང་སེལ་བར་འགྱུར། །ལྤགས་ནད་ལྟོ་བ་ན་དང་སྐྱ་རྦབ་ནད། །སྦོས་དང་ཆམ་པ་བད་ཀན་མགུལ་འགགས་ལ། །པུརྞ་རྣ་བ་ཐང་ཤིང་ཨ་རུ་ར། །སླེ་ཏྲེས་བ་གཅིན་གུ་གུལ་ལྡན་པ་བཏུང༌། །གླ་སྒང་ཤི་ཀྲུ་ཐང་ཤིང་དནྟཱི་འབྲས། །བྱི་དང་དྲོད་སྨན་ནར་ཕྱེ་བཅས་ཐང་གིས། །རྒྱུན་དུ་ཁ་རྐུབ་ནས་འབྱུང་སྲིན་བུ་དང༌། །སྲིན་ལས་སྐྱེས་པའི་ནད་ཀྱང་འཇོམས་པར་འགྱུར། །སུཀྵྨེ་དྲོད་སྨན་ཤིང་མངར་ན་ལེ་ཤམ། །ཨསྨ་བྷེ་དང་ཨེ་རཎ་བ་ཤ་གཟེ། །བྲག་ཞུན་གཙོ་ཆེར་བསྐོལ་བའི་ཐང་འཐུངས་ན། །རྡེའུ་གསེག་མ་དང་བཅས་གཅིན་སྲི་སེལ། །བྲག་ཞུན་ཨསྨ་བྷེ་དང་སུཀྵེ་དང༌། །དྲོད་སྨན་ཕྱེ་མ་འབྲས་བཀྲུས་ཆུ་བཏབ་བཏུང༌། །ཡང་ན་བུ་རམ་དང་བཅས་འཐུངས་གྱུར་ན། །གཅིན་སྲི་འཆི་ལ་ཐུག་པའང་འཆོ་བར་འགྱུར། །དོང་ག་དང་ནི་གཟེ་མ་ཨ་རུ་ར། །བྱི་ཚེར་ཨསྨ་བྷེ་ད་བ་ཤ་ཀ །བསྐོལ་བའི་ཐང་ལ་སྦྲང་རྩི་ལྡན་འཐུངས་ན། །ཚ་ཞིང་གཟེར་བཅས་གཅིན་སྲི་གྲོལ་བར་འགྱུར། །དོང་ག་དང་ནི་སླེ་ཏྲེས་བ་ཤ་རྣམས། །ཨེ་རཎ་མར་ཁུ་ལ་བསྐོལ་ཐང་འཐུངས་ན། །རླུང་བྱུང་རྣམ་འགྱུར་མ་ལུས་ཁྲག་གི་ནད། །སྟེང་འོག་ལུས་ཀུན་ནས་འཛག་རིམ་པས་འཇོམས། །ཏཎྜུ་ལི་ཀའི་རྩ་བ་ལིག་བུ་མིག །འབྲས་ཀྱི་ཆུ་ལ་སྦྲང་རྩི་ལྡན་འཐུངས་ན། །ཀུན་གྱིས་བསྐྱེད་པའི་ཁྲག་ནད་ངེས་པར་འཇོམས། །དབུགས་མི་བདེ་ལ་བྷཱརྒཱི་བཅའ་སྒས་སོ། །བྲི་ཧ་ཏི་གཉིས་ཨེ་རཎ་ཀ་པེད་དང༌། །མ་ཏུ་ཨསྨ་ཀྵ་ར་ཤིང་ཀུན་གཟེ། །སན་དྷེ་ཨེ་རཎ་མར་ཁུར་བསྲེས་བྱས་ཐང༌། །རྐེད་པ་སྙིང་ནུ་ཕོ་མཚན་གཟེར་བས་གདུང༌། །ཤིང་ཀུན་ཤུ་དག་ཁ་རུ་བཅའ་སྒ་དང༌། །གོ་སྙོད་ཨ་རུ་པུཥྐར་རུ་རྟ་རྣམས། །ཕྱི་མའི་ཆ་འཕེལ་ཕྱེ་མར་བྱས་རྣམས་ཀྱིས། །ལྟོ་སྐྲན་རིམས་རྙིང་གསུང་


DTG198_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ནད་རྣམས་ལའོ། །བཅའ་སྒ་ཤིང་ཀུན་རུ་ཚ་ཆ་སྙོམས་ཕྱེ། །སྒ་ཆུ་ལ་བསྐོལ་བད་ཀན་རླུང་བྱུང་དང༌། །རྩིབ་ལོགས་སྙིང་རྒྱབ་གསུས་གཟེར་གསུད་རྣམས་ལ། །བཏུང་ངོ་དེ་བཞིན་ནས་ཁུས་རྟུག་འགགས་ལའོ། །འཇམ་འབྲས་ལོ་མའི་བཱི་ཤཱ་ལཱ་ཙ་བྱ། །ཙི་ཏྲ་ཚ་གསུམ་ལན་ཚྭ་གཙོ་ཆེར་བརྩེགས། །བསྲེགས་པའི་ཐལ་བ་ཞོ་ལ་སྦྱར་འཐུངས་པས། །དམུ་སྐྲན་སྐྱ་རྦབ་རྐུབ་ཀྱི་ནད་རྣམས་སེལ། །ཤིང་ཀུན་ཤུ་དག་བཅའ་སྒ་སརྫིཀ །ཁ་རུ་ཕྱི་མ་ཉིས་འགྱུར་ཕྱེ་མར་བྱས། །ཆུ་དྲོན་བཏབ་འཐུངས་སྣ་ཚོགས་གསུད་གཟེར་དང༌། སྙིང་ནད་སྐྲན་དང་སྟོད་དུ་རླུང་འཚངས་འཇོམས། །ཤྲིང་གི་ཚ་གསུམ་འབྲས་གསུམ་ཀཎྜ་ཀ །བྷཱརྒཱི་པུཥྐར་ཛ་ཊཱ་ཚ་སྣ་ལྔ། །ཕྱེ་མ་ཆུ་དྲོན་བཏབ་འཐུངས་སྐྱིགས་བུ་ལུད། །དང་ག་མེད་ཆམ་སྟོད་རླུང་མི་བདེ་འཇོམས། །ཛམ་བུ་དུག་ཉུང་ཨརྐ་ཤིཀྲུ་སྣུ་ཧ་བསེ་ཤིང་བྱ་ཀྲི་བྲི་ཧ་ཏི། །པ་རི་ཀ་པེད་ཚོས་ཤིང་ཛ་ཌ་ཨ་པ་མརྒ་ནིམྦ་ཙེ་ཏྲ་ཀ །བ་ཤ་པུཥྐར་པ་ཊ་ལ་དང་སེནྡྷེ་ལྡན་པ་བསྲེགས་ཐལ་བསྐོལ་བ་ལ། །སྔར་བཤད་ཤིང་ཀུན་ལ་སོགས་བཏབ་པའི་ཁུ་བ་ལྟོ་སྐྲན་བད་ཀན་ནད་ལ་བཏུང༌། །ཙ་བྱ་སྟར་བུ་ཚ་གསུམ་བསེ་ཡབ་བཅས། བ་ལུ་ཛཱི་ར་ཅུ་གང་ཙི་ཏྲ་ཀ །ཕྱེ་མ་ཆ་མཉམ་བུར་བསྲེས་དྲི་གསུམ་ལྡན། །གྲེ་མཛེར་ཆམ་བད་དང་ག་མེད་ལ་བསྔགས། །བ་ལུ་ཙ་བྱན་ཤམ་མཚུངས་གཉིས་པ། །མཱུ་ལ་ཅུ་གང་དྲོ་ཙའོ་སྒ་སུམ་འགྱུར། །བུ་རམ་སུམ་འགྱུར་དྲི་བཟངས་རི་ལུ་བྱས། །གྲང་གཞི་གློ་རིམས་གཟེར་བའི་གཞང་འབྲུམ་སེལ། །སྒ་དྲོས་ནལ་ཤམ་ནཱ་ག་འདབ་ཤིང་ཚ། །སུཀྵྨེ་མཐའ་རིམས་གང་འཕེལ་ཕྱེ་མར་བྱས། །འདི་དག་ཆ་འདྲའི་ཀར་འགམ་གཞང་མེ་ཞན། །དབུགས་དང་མི་བདེ་སྐྲན་འགུལ་སྙིང་ནད་ལའོ། །སེནྡྷེ་ཤིང་ཀུན་འབྲས་གསུམ་ལ་ལ་ཕུད། །ཚ་གསུམ་བུ་རམ་ཆ་རྣམས་རིལ་བུར་བྱས། །དེ་རྣམས་མུར་ཞིང་མྱངས་པས་ཚིམ་ཐོབ་ཅིང༌། །མེ་དྲོད་ཞན་ལས་རབ་ཏུ་བྱུང་བའང་སེལ། །ལྕགས་ཕྱེ་ཚ་གསུམ་རྒྱ་ཤུག་ཆ་ཐམས་ཅད། །མཱཀྵི་ཕྱེ་མ་དང་མཉམ་དེ་རྣམས་བཟའ། །


DTG198_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྒུན་འབྲུམ་ལྡན་པའི་རྗེས་སུ་དར་འཐུངས་པས། །སྐྱ་རྦབ་ནད་ལ་ཕན་ཞིང་རིང་དུ་འགྲོ། །བུ་རམ་ལྡན་པའི་བཅའ་སྒའི་དྲོ་སྨན་ནར། །གསུམ་པ་ཨ་རུ་རའམ་བལ་པོའི་སེའུ། །བད་ཀན་ཚད་རྙིང་གཞང་འབྲུམ་ནད་རྣམས་དང༌། །རྟུག་པ་འགགས་པ་རྣམས་ལ་འང་རྟག་ཏུ་བྱ། །བཅའ་སྒ་གླ་སྒང་ཨ་རུ་ར་ཕྱེ་ལ། །བུ་རམ་ལྡན་པ་ལ་ནི་རི་ལུ་བྱ། །ལུད་པ་དབུགས་མི་བདེ་དང་ཚོ་ཆེས་རྣམས། །ཁ་རུ་རི་ལུ་མུར་བས་བཟློག་པར་འགྱུར། །ནྱ་གྲོ་ཨུཏྤལ་རུ་རྟམཱ་ཀྵི་ཀ །ཕྱེ་མ་འབྲས་ཕྱེ་བཅས་པ་རིལ་བུ་བྱ། །སྲ་བ་ཁ་རུ་མུར་པས་སྐོམ་དད་དང༌། །རབ་ཏུ་འཕེལ་བ་མྱུར་དུ་འཇོམས་པར་འགྱུར། །ལྡོད་རོས་དྲོད་སྨན་ནར་མོ་ན་ལེ་ཤམ། །ཕྱེ་མ་ཀ་པིངྠ་སྐྱུར་ཁུ་བར་ལྡན། །འབྲས་ཕྱེ་ཆ་མཉམ་མཱཀྵི་ཀ་བསྲེས་པའི། །ནུས་པས་ལན་ཅིག་མ་ཡིན་སྐྱུག་པ་འཇོམས། །སྣ་ཁྲག་འཛག་ལ་དཱུརྦའི་ཁུ་བའམ། །བལ་སེའུ་མེ་ཏོག་ཁུ་སྦྱར་དེས་པར་བསྟེན། །བུད་མེད་ནུ་ཞོ་རྒྱ་སྐྱེགས་ཁུ་བའམ། །བི་ར་མཱཀྵི་ཀས་ཀྱང་ཨི་ཀུ་འཇོམས། །སྐྱུ་རུ་སྤོས་དཀར་ཁུ་བ་ཁ་རུ་ཆ། །དེ་རྣམས་བསྲེས་པ་སཽ་བི་རི་ལ་བཏགས། །དེས་འདིར་མྱུར་བར་གཞི་ནས་མེད་བྱད་ཅིང༌། །ཇི་ལྟའི་སྐྱིགས་བུ་སླར་མི་འབྱུང་བ་ཡིན། །དཱུརྦ་སེནྡྷེ་ཐལ་ཀ་ཨ་རུ་ར། །ཀུ་ཐེ་ར་ཀཱ་ཀཉྫི་ཀ་དར་བཏགས། །གསུམ་པོས་བྱུགས་པའམ་ནུ་མའི་འོག་བཏགས་པས། །ཤུབ་དང་ནི་གཡན་པ་རྣམ་པར་འཇོམས། །སྣུ་ཧ་ཙི་ཏྲ་བྲིཾ་ག་ཨརྐ་དང༌། །མྱ་ངན་མེད་ཤུན་རུ་རྟ་ཚ་བ་གཅིན། །བཅོས་པའི་མར་ཁུས་ཤུ་བ་མཛེ་གླང་ཤུ། །གདུག་པའི་རྨ་དང་ཟ་འབྲུམ་སེར་ཁ་འཕྲོག །གུ་གུལ་མིག་སྨན་སྤྲ་ཚིལ་སིནྡྷུ་ར། །སྤངས་མ་ཆ་མཉམ་ཚ་བའི་མར་ཁུས་བཙོ། །ཁྱི་རྡོ་ཟ་ཙག་གིས་ནི་ལུས་སྐམས་ལ། །ལན་ཅིག་བྱུགས་པའི་ནུས་པ་གཞི་ནས་འདོན། །པུ་རྩི་ཀཱ་རུ་རྟ་མུརྦ་སྒ། །རྒྱ་སྐྱེགས་དང་ནི་བཙོད་དང་ཡུང་བ་རྣམས། །དྲུག་འགྱུར་དར་བ་ལ་བསྐོལ་གྲུབ་པ་ན། །བྱུགས་པས་གྲང་དང་ཚ་བའི་རིམས་འཇོམས་སོ། །ཀཎྜ་ཀ་རི་སླེ་ཏྲེས་བ་ཤ་ཀ །ཕྱེ་མ་ཞུན་མར་ལ་བསྐོལ་གྲུབ་པ་


DTG198_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །འཐུངས་པས་ཚད་རྙིང་ལུད་གཟེར་དབུགས་མི་བདེ། །མེ་དྲོད་ཞན་པའི་ཕོ་བའི་ནད་ལ་ཕན། །བ་ཤ་སེང་ལྡེང་པ་ཊ་ལ་པ་ཏྲ། །ནིམྦ་ཤིང་ཚ་སླེ་ཏྲེས་ཏ་མ་ལ། །ཀི་ཕྱེ་མར་སར་ལ་བསྐོལ་མྱུར་གྲུབ་ན། །མེ་དབལ་མཁྲིས་སྐྲན་མཛེ་ལས་རྒྱལ་བར་འགྱུར། །དྲུག་པས་ཁྲག་དང་བཅས་པ་བརྒྱ་ཡི་སྐྱོན། །རབ་འཁྲུགས་ལས་སྐྱེས་ཡན་ལག་ལུས་ཀུན་གཟེར། །བྱེ་བྲག་མེ་དབལ་ཆང་གིས་ར་རོ་བ། །རྨོངས་པ་ཆང་འཐུངས་ལས་སྐྱེས་རྣམ་འགྱུར་ལ། །ཀཎྜ་ཀ་རི་ནིམྤ་པ་ཊ་ལ། །སླེ་ཏྲེས་འབྲས་གསུམ་འཇམ་འབྲས་བ་ཤ་ཀ །ཕྱེ་ཆུ་མར་རྙིང་ལ་ནི་ཆོ་གས་བཙོ། །མྱུར་དུ་གྲུབ་འདིས་མཛེ་ལས་མྱུར་དུ་རྒྱལ། །ཀར་ཀུ་ཤྨཎྜ་ཆོ་ག་བཞིན་དུ་བཙོས་སྐམས་ནས། །མར་བསྐོལ་ཀར་བཏབ་ཚ་གསུམ་དྲི་གསུམ་ཟིར་ལྡན་པར་བཙོ། །འདི་བསྟེན་བྱིས་རྒན་ཁྲག་འཛག་རླུང་འཇོམས་བུད་མེད་ལ་ཕོད་ཅིང༌། །ཟས་སྐོམ་ལུད་ཁྲག་མཁྲིས་སྐྱུགས་དབུགས་མི་བདེ་དང་གཞང་འབྲུམ་འཇོམས། །བ་གཅིན་སྐྱུ་རུ་མཱ་ཀྵི་ཀ་དྲོད་སྨན། །ཁ་རུ་པོ་སོན་དུ་བ་དནྟཱི་དང༌། །རུ་རྟ་རྣམས་བཙོ་རེང་བུ་མཐེ་བོང་འདྲ། །མར་བསྐུས་རྐུབ་བཅུག་དེ་ཡི་ནད་འཕྲོག་བྱེད། །ལུས་གསོ་བའི་དཔྱད་རྫོགས་སོ།། །།ཀར་བཅས་གུར་གུམ་ཆ་མཉམ་མར་ལ་བཙོས། །ཆོ་ག་བཞིན་བླུགས་རླུང་ཁྲག་ལས་བྱུང་བའི། །སྨིན་མ་མུར་འགྲམ་རྣ་མིག་མགོ་བོ་ཡི། །ཕྱེད་གཟེར་ཉི་འཁོར་ལས་བྱུང་ནད་འཇོམས་སོ། །ཨ་རུ་བ་རུ་སྐྱུ་རུ་ནང་ས་བོན། །སུམ་གཉིས་གཅིག་གམ་ཆ་རྣམས་ཞོ་ལ་བཏགས། །མིག་སྨན་དེ་ཡིས་མཆི་མ་མང་འབྱུང་ཞིང༌། །མིག་ཚ་རབ་ཏུ་འཁྲུགས་པའང་འཇོམས་པར་འགྱུར། །ཨ་རུ་སེནྡྷེ་བ་དང་ལིག་བུ་མིག །བཙག་ཡུག་དང་བཅས་ཆུ་ལ་བསེས་བཏགས་ཏེ། །མིག་གི་ཕྱི་རོལ་རབ་ཏུ་བྱུགས་བྱས་པས། །འདི་ཡིས་མིག་གི་ནད་ཀུན་ཞི་བར་འགྱུར། །སཽ་བྷི་ལ་སེནྡྷེ་སེང་ཕྲོམ་བཏགས། །དེ་ནས་མར་བཙོས་རས་དཀར་པོ་ལ་བཙགས། །དེ་ཡིས་མིག་ལ་བྱུགས་བྱས་མཁྲིས་སྐྱེད་ནད། །དམར་ཚག་


DTG198_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཤ་མཛེར་ངེས་པར་འཇོམས། །ཁྲག་སྐྱེད་ཀ་ར་རྒྱ་མཚོའི་སྦུ་བས་འཇོམས། །བ་བྱུང་དྲོད་སྨན་ནར་མོ་བྲོད་ལོང་ལའོ། །ལིག་མིག་ཚ་བ་གསུམ་གྱིས་མིག་འགྲིབ་ལ། །ལིང་ཏོག་དཀར་ལ་མཱ་ཀྵི་སྦྲང་རྩིས་སོ། །ནག་ཚུར་ལིག་མིག་དཀར་བཅས་རྒྱ་མཚོའི་ལྦུ། །ནལ་ཤམ་སམ་ཁ་སཻནྡྷ་བཅག་ཡུག་དང༌། །ལྡོང་རོས་ཆ་མཉམ་མཱཀྵི་ཀ་བསྲེས་བཏགས། །རབ་རིབ་ཁུས་བསྐྱེད་རྫི་ནད་ཚག་པོ་འཇོམས། །སླེ་ཏྲེས་པུ་ཤེལ་ལྕགས་ཕྱེ་དུག་ཉུང་ནལ་ཤམ་སེནྡྷེ་ཀངྤ་ལ། །ལིག་མིག་རྡོ་དྲེག་སྤང་སྤོས། ཡུང་བ་སྤངས་མ་སམ་ཁ་རྒྱ་མཚོའི་ལྤུ། །མཚུངས་པ་ཕྱེ་མ་ལྕགས་སྣོད་དུ་བཞག་སྦྲང་རྩི་ལྡན་པས་ཤ་མཛེར་དང༌། །རབ་རིབ་ལིང་ཏོག་ཁྲག་འབུར་མིག་ཤའི་ནད་ལ་ཉེ་བར་བྱུགས་པའང་བསྔགས། །ཤིང་མངར་ཨུཏྤལ་རྒྱ་མཚོའི་ལྤུ་བ་ཤིང་ཚ་པུ་ཤེལ་གི་ཝང་བཙོད། །སྤང་སྤོས་ཙནྡན་སམ་ཁ་བཙག་ཡུག་བ་ལུ་ལིག་མིག་ནག་ཆུར་འདབ། །དེ་ལྟར་ཐམས་ཅད་ཆ་མཉམ་མིག་སྨན་འདི་ཡིས་མིག་འབྲུམ་མིག་ནག་ཚ། །མཆི་ཁྲག་སྐྱ་རིབ་མིག་ཤ་གཟེར་ནས་འཕྲོགས་ལ་བསྔགས་པས་རྟག་ཏུ་བྱུག །མིག་གི་སྨན་དཔྱད་དོ། །ཐང་ཤིང་བོང་ང་དཀར་པོ་སླེ་ཏྲེས་བཅས། །དུག་ཉུང་ཧོང་ལེན་མ་ནུ་པ་ཐའི་ཐང༌། །བ་གཅིན་ལས་གྲུབ་སྦྲང་རྩི་དང་ལྡན་པ། །མགྲིན་པའི་ནད་དང་ཀུན་ལ་བཏུང་བར་བྱ། །ཀྵར་ཏེ་ཛ་བ་ཏི་པ་ཐ་དང༌། །ལིག་མིག་སྐྱེར་རྩ་ཡུང་བ་དྲོད་སྨན་ནར། །རིལ་བུ་སྦྲང་རྩི་ལས་བྱས་ཁ་ནང་དུ། །མུར་བར་བྱ་ཡི་མགྲིན་པའི་ནད་ཀུན་ལ། །སྐྱེར་རྩ་གླ་སྒང་ཛཱ་ཏིའི་མེ་ཏོག་དང༌། །ལོ་གསར་རྒུན་འབྲུམ་དུག་ཉུང་འབྲས་གསུམ་བསྐོལ། །སྦྲང་རྩི་ལྡན་བས་ལུས་ཀྱི་ཁ་སྒོའི་ནད། །ལྕེ་ཡི་ནད་རྣམས་དུས་སུ་ཞི་བར་བྱེད། །རུ་རྟ་དང་ནི་སྐྱེར་པའི་རྩ་བ་སེང་ཕྲོམ་བཅོད། །ཡུང་ཧོང་གླ་སྒང་པ་ཐ་ཏེ་ཛ་ནི། །ཞིབ་བཏགས་སོ་རྣམས་ལྡེག་པར་བྱེད་པ་དང༌། །གཟེར་ཞིང་འཁྱུགས་ལ་ནང་ཁྲག་འབྱིན་པར་བྱེད། །སཽ་བི་ར་ཅུ་ཀྲ་སྒེའུ་གཤེར་མ་ཏུ། །ཁུ་བ་ཤ་རྣམས་གུ་གུལ་སེནྡྷེ་རྣམས། །གང་ཞིག་ཚ་བའི་མར་


DTG198_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ལ་བསྐོལ་ཏེ། །རྣ་བར་བླུགས་པས་རྣ་བའི་ཟུག་རྡུ་སེལ། །བ་ཤ་ནིམྦ་པ་ཊོ་ལ་དང་པརྦ་ཏ་ཀ་པེ་ཛྠ་ཙ་བྱ་སྐྱེར་རྩ་དང༌། །གླ་སྒང་ཏིག་ཏ་པུ་ཤེལ་བྱི་ཚེར་ཚ་གསུམ་ཏྲ་ཡནྟི་ཀ་ཙནྡན་རྣམས། །ཞུན་མར་ལས་གྲུབ་སྟེང་འོག་ནས་སྐྱེས་རྣམ་འགྱུར་སྣ་དང་མིག་གི་གཟེར་ལ་སོགས། །ལྤགས་ནད་རིམས་དང་ཁོང་འབྲས་རྨ་ཡི་ཟུག་རྡུ་མིག་ནད་སྐྱ་རིབ་རྣམས་ལ་བསྔགས། །སྐྱེར་རྩ་དུག་ཉུང་ནིམྦ་པརྤ་ཏ་དང་དྲོད་སྨན་བྱི་ཚེར་ཤིང་མངར་དང༌། །ཏྲ་ཡནྟཱི་ཧོང་འབྲས་གསུམ་ཏིགྟ་བྲི་ཤ་པ་ཊོ་ལ་དང་གླ་སྒང་དམར། །དེ་རྣམས་ཕྱེ་མར་བསྐོལ་བ་ཞུན་མར་ལས་གྲུབ་འདི་ནི་མིག་ལ་ཕན་པ་ཡིན། །མཁྲིས་པ་ཁྲག་ལས་བྱུང་དང་སྐྱ་རིབ་རབ་རིབ་རྣམས་དང་སྟོད་ཀྱི་ནད་རྣམས་ལའོ། །ཨེ་རཎྜ་དཀར་པོ་ཡི་རྩ་བ་དང་ནི་ཤུ་དག་དང༌། །ཤ་ཏ་པུཥྤ་བྲི་ཧ་ཏིའི་འབྲས་བུ་གཞན་ཡང༌། །སྟར་གའི་འབྲས་བུ་འོ་མར་བཅས་པ་ལས་གྲུབ་པ། །རབ་རིབ་སྟོད་དང་གཙོ་ཆེའི་ནད་དང་གཞན་པའང་འཇོམས། །ཟུག་རྔུ་ཟད་པར་བྱེད་པ་གཉིས་པ་རྫོགས་སོ།། །།དུང་དང་མུཤྐ་ཀ་དག་མེ་ལྕེས་བསྲེགས་པའི་ཐལ་བ་སྣོད་དུ་བླུགས་བྱས་ཏེ། །དེ་ཉིད་དུ་སླར་ཆུ་ལ་བཙོ་ཞིང་བསྐོལ་བའི་ཐལ་བ་མར་ཁུའི་ཆོ་ག་རྣམས། །སྦྱོར་བ་དེ་ཡིས་བདུགས་པས་རྨ་དང་རྨ་ཚ་སྐྲངས་འབུར་རྩ་ཡི་ནད་རྣམས་དང༌། །རྣམ་པ་སྣ་ཚོགས་མཚན་བར་རྡོལ་བའི་ལྤགས་ནད་ཡུན་རིང་མགུལ་པའི་ནད་རྣམས་ལ། །ཤིང་མངར་དང་བཅས་སྐྱེར་རྩ་ཤུག་པ་ཨུཏྤལ་དང༌། །པྲེ་ཡངྐུ་དང་སེང་ཕྲོམ་དཀར་པོ་ཙནྡན་རྣམས། །མར་ཁུ་དང་ནི་འོ་མར་བཙོ་ཞིང་སྦྱར་བར་བྱ། །རྨ་རྣམས་དང་ནི་གཟེར་དང་ཚ་བ་འཇོམས་པར་འགྱུར། །ཛཱ་ཏི་ནིམྤ་པ་ཊོ་ལ་དང་པ་ཊ་ཧོང་ལེན་སྐྱེར་རྩ་ཡུང་བ་དང༌། །བཙོད་དང་ཐལ་ཏྲེས་ཨ་རུ་པུ་ཤེལ་སྤྲ་ཚིལ་སྤངས་མ་ཤིང་མངར་འཇམ་འབྲས་རྣམས། །མར་ལས་གྲུབ་པ་འདི་ཡིས་ཁ་ནད་ཕྲ་མོ་དང་ནི་གནད་གཟེར་རྩ་ཡི་ནད། །ནད་དམ་གཟེར་བཅས་འཕོ་ཞིང་འབྱུང་བའི་རྨ་ཡི་ནད་རྣམས་དང་ནི་འབྱང་བ་འབྱིན། །ཟུག་རྔུ་ཟད་བྱེད་གསུམ་པ་རྫོགས་སོ།། །།ནལ་


DTG198_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་དཀར་པོར་ཤི་རི་ཥའི། །མེ་ཏོག་ཁུ་བས་བརྒྱ་ཕྲག་བསྒོ་བར་བྱ། །སྦྲུལ་གྱི་སོས་བཏབ་བརྒྱལ་བར་གྱུར་པ་ལ། །རབ་ཏུ་སྦྱར་བྱ་བཏུང་དང་མིག་སྨན་ལ། །རྨ་བྱའི་མཁྲིས་པ་ཏནྡུ་ལཱི་ཡ་ཀ །ཀཱ་ཀཎྜ་བཅས་མི་ཉུང་འཐུང་བྱས་པས། །འགྲོ་བའི་དུག་དང་བརྟན་མཆོག་དུག་གི་ནི། །འཚེ་བ་དང་བཅས་མྱུར་དུ་འབྱིན་པར་བྱེད། །ཏིལ་བཏགས་མར་ཁུ་ལ་ནི་བུ་རམ་དང༌། །དེ་བཞིན་ཨ་རྐའི་ལོ་མ་ཆ་མཉམ་བཏུང༌། །སྤྲིན་གྱི་ཚོགས་ལ་འཕྲལ་དུ་རླུང་བྱུང་ལྟར། །ཁྱི་སྨྱོའི་དུག་མཆོག་མྱུར་དུ་འབྱིན་པར་འགྱུར། །ཁང་པའི་དུ་བ་གུ་གུལ་དང་ལྡན་པ། །བཱ་ཛི་གནྡྷ་ཏནྡུ་ལཱི་ཡ་བཅས། །བ་ཡི་གཅིན་ལ་བཏགས་བྱས་སྙིང་ནད་དང༌། །བརྟན་མཆོག་འགྲོ་བའི་དུག་རྣམས་འཕྲོག་པར་འགྱུར། །སྤང་སྤོས་པུ་ཤེལ་བ་བླ་ཀཽནྟི་ཛ་ལ་སླེ་ཏྲེས་ལྡོང་རོས་གི་ཝང་པརྨ་ཀེ་ཤི་དང༌། །སྤྲིཀྐཱ་ཙནྡན་ཡུང་བ་རུ་རྟ་ཀ་ར་ལ་རྟ་རྡོ་དྲེག་སུཀྵྨེ་གུར་གུམ་ཤིང་ཤུག་པ། །ཆ་མཉམ་ཉུངས་ཀར་བརྒྱད་ཚ་ནཱ་ག་གེ་སར་མེ་ཏོག་ཆ་བཞིའི་ལྡེ་གུས་ཀུན་ཏུ་ལོངས་སྤྱོད་ཅིང༌། །ཕུན་སུམ་ཚོགས་བྱ་ཤ་ཟ་རིམས་དང་དུག་གི་ནད་རྣམས་འཇོམས་འགྱུར་ཟླ་བ་ཤར་བ་ལྟ་བུར་གྲགས། །དུག་ནད་སེལ་བའི་རྒྱུད་བཞི་པ་རྫོགས་སོ།། །།ཉུངས་ཀར་འབྲས་གསུམ་ཤིཪྵ་ཀ་ཊ་བྷཱི་ཤྭེ་འཇམ་འབྲས་སླེ་ཏྲེས་དང༌། །བཙོད་དང་སེར་པོ་གཉིས་དང་ཚ་བ་གསུམ་དང་སྤང་སྤོས་ཤུ་དག་ཤིང་ཀུན་རྣམས། །ར་ཡི་གཅིན་ལ་བཏགས་བྱས་འཐུངས་སོགས་བརྟེན་པས་སྦྲུལ་གྱི་སོས་བཏབ་གདོན་ཀུན་དང༌། །གཤེད་བྱེད་སྨྱོ་བྱེད་ཤ་ཟ་དང་ནི་སྲིན་པོ་འཇོམས་ཤིང་རླག་པར་བྱེད་པར་འགྱུར། །ཀརྤ་པ་ཡི་རུས་པ་དང་ནི་རྨ་བྱའི་འདབ་མ་བྲི་ཧ་ཏི་རྣམས་དང༌། །ནི་རྨ་ལྱ་པོ་སོན་ཆ་ཤིང་ཚ་ཅུ་གང་བྱི་ལའི་རྟུག་པ་བ་ཤ་ཀ་དང་ཀེ་ཤ་སྦྲུལ་ལྤགས་དང༌། །གླང་པོའི་སོ་དང་ཤྲིང་ག་ཤིང་ཀུན་ནལ་ཤམ་དཀར་པོ་ཆ་མཉམ་བདུག་བྱས་པས། །གཤེད་བྱེད་སྨྱོ་བྱེད་ཤ་ཟ་སྲིན་པོ་ལྷ་རྣམས་ཞུགས་པའི་རིམས་ནི་འཇོམས་པར་དྲན། །ཚ་བ་གསུམ་དང་ད་ལ་གུར་གུམ་དྲོད་སྨན་ནར་མོའི་རྩ་བ་ཀྵཱ་ར་སིང་ཧི་ཡུང་བ་


DTG198_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རྟ་ཉུངས་ཀར་གཉིས་དང་ཨམྦུ་དུག་ཉུང་ཀ་ར་སྒོག་སྐྱ་འབྲས་བུ་གསུམ་དང་པུ་ཤེལ་ཙེ་དང་ཧོང་ལེན་ཤུ་དག་སྤངས་མ་ཤིང་མངར་བཱ་ལ་དམར་པོ་ལྡོང་རོས་ཤུག་པ་ཞེས་གྲགས་པ། །ད་དྷི་རྒྱ་སྤོས་མ་དྷཱུ་ཀ་སཱ་པྲི་ཡངྐུ་དང་བོང་ད་དཀར་པོ་ལིག་བུ་མིག་དང་ཙ་བྱ་ཐང་ཤིང་བཅས་པ་ཕྱེ་མར་བྱས་པ་མར་དང་སྲོག་ཆགས་བརྒྱད་ཀྱི་གཅིན་གྱི་ཆུ་ལ་བསྐོལ་བཤད་འཐུངས་པས་འབྱུང་པོ་འབྲོས་ཤིང་དེ་ཡིས་གདོན་རྣམས་མཆོག་ཏུ་འཇོམས་པར་འགྱུར། །རྒྱ་སྤོས་ཤིང་མངར་འཇམ་འབྲས་རྒྱ་སྐྱེགས་པ་ཊོ་ལ་ཡི་ལོ་མ་རཀྟ་པ་ཏྲིཀ་ཤུ་དག་པ་ཏྲ་ལ་དང་ཤིང་ཀུན་ཉུངས་ཀར་སིཾ་ཧི་སེར་གཉིས་ལ་ཏཱ་ཧོང་ལེན་དང༌། །པོ་སོན་ཚ་གསུམ་ཀཱ་ཀཎྜ་ཐང་ཤིང་པི་དང་ཨ་ང་གནྡྷ་མ་རཱ། །ཨརྐོ་ཊ་དང་ཀོ་ཥ་ཏ་ཀཱི་ན་ཤམ་ནིམྦ་སླེ་ཏྲེས་དུག་མོ་ཉུང༌། །རུ་རྟ་ཤུ་ཀ་ཏ་རུ་པུཥྤབཱ་ལ་ཤིང་མངར་ཨ་པ་ར་ཛི་ཏ། །དནྡཱི་ཙི་ཏྲ་ཀ་པེད་ཆ་མཉམ་ཕྱེ་མ་གཅིན་གྱི་སྡེ་དང་མར་ལ་བསྐོལ། །ཡུན་རིང་དུ་གཞག་ཀུན་གྱིས་རིམ་པར་སྦྱོར་བས་མྱུར་དུ་འཇོམས་པར་འགྱུར་བ་ཡིན། །འབྱུང་པོ་ཆེན་པོའི་གདོན་ཀུན་དང་ནི་སྨྱོ་བྱེད་དེས་བྱས་མཛེ་རིམས་ཞི་བར་བཤད། །འབྱུང་པོ་ཞི་བར་བྱེད་པའི་རྒྱུད་ལྔ་པ་རྫོགས་སོ།། །།སྐྱེར་ཡུངས་དུག་མོ་ཉུང་གི་ས་བོན་དང༌། །སིང་ཧི་དང་ནི་ཤིང་མངར་ཆ་མཉམ་པོ། །དེ་རྣམས་ཐང་བྱས་བུ་ཆུང་མ་ཡི་ནི། །བུ་ནད་དང་ནི་འཁྲུ་བ་ཀུན་ལ་ཕན། །ཀ་པེད་པུཥྤ་ད་ཏ་ཀི་ཛ་ལ། །སེང་ཕྲོམ་དང་བཅས་ག་ཛ་པིཔཱ་ལཱི། །ཐང་ལ་མཱཀྵི་ཀ་བསྲེས་བྱུགས་པ་དང༌། །འཁྲུ་བ་རྣམས་ལ་བྱིས་པ་ལ་སྦྱར་བྱ། །ཤྲིང་ག་དྲོད་ནར་བོང་ང་དཀར་པོ་ཕྱི་མར་བྱས། །གློ་རིམས་སྐྱུག་པའི་ནད་རྣམས་འཇོམས་པ་ལ། །མཱཀྵི་ཀ་བཅས་བོང་དཀར་དེ་བཞིན་གཅིག །བྱིས་པའི་ནད་སེལ་བའི་རྒྱུད་དྲུག་པ་རྫོགས་སོ།། །།སྐྱུ་རུ་ར་ཕྱེ་དྲུག་ཅུ་རྩ་བཞིའི་སྲང་ལ་རང་གི་ཁུ་བསྒོས་སྦྲང་རྩི་མར་དང་ཆ་མཉམ་ཞིང༌། །དྲོད་སྨན་ནར་མོ་སྲང་བརྒྱད་ཀ་ར་ཉིས་འགྱུར་ཆ་ལྡན་ཐལ་བའི་ཕུང་པོའི་ནང་དུ་གཞག་པར་བྱ། །དབྱར་གྱི་མཐའ་རུ་དེ་བསྟེན་སྐྲ་དཀར་དང་བྲལ་གཟུགས་དང་ཁ་དོག་དང་ནི་སྤོབས་པ་དང་ལྡན་ཞིང༌། །ནད་མེད་བློ་དང་ཡིད་


DTG198_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གཞུངས་དྲན་པ་ཚིག་གསལ་སྟོབས་དང་ལྡན་ཞིང་སེམས་སྟོབས་ལྡན་པར་འགྱུར་བ་ཡིན། །ཤིང་མངར་དང་ནི་སྦྲང་རྩི་མར་དང་ནི། །འོ་མ་དང་སྦྱར་རྗེས་སུ་བསྟེན་པ་ཡིས། །ལུས་པོ་རྒྱགས་པ་རབ་ཏུ་ཐོབ་གྱུར་ནས། །དགའ་ཞིང་འཁྲིགས་པ་ཡང་ཡང་ནུས་པར་འགྱུར། །ཤིང་མངར་ཅུ་གང་སེནྡྷེ་དྲོད་སྨན་ནར། །ཀ་ར་དང་ནི་འབྲས་བུ་གསུམ་རབ་ལྡན། །ཚེ་སྦྱིན་རོ་ཙ་ཤིན་ཏུ་ཡིད་གཞུངས་ཤིང༌། །རྒས་དང་ནད་རྣམས་རྣམ་པར་འཇོམས་པར་འགྱུར། །གཟེ་མ་སྐྱུ་རུ་སླེ་ཏྲེས་ཕྱེ་མར་བྱ། །སྦྲང་རྩིའི་མར་དང་ལྡན་པ་བསྟེན་པ་ཡིས། །རོ་ཙ་བསྟེན་ཞིང་སྡུག་བསྔལ་རྣམ་འགྱུར་ཞིང༌། །སྐྲ་གནག་ཚེ་ལོ་བརྒྱར་ནི་འཚོ་བར་འགྱུར། །ནིམྦའི་མར་ཁུ་རང་བཞིན་གནས་བྱས་པ། །ཆོ་ག་ཇི་ལྟ་བ་བཞིན་བཏུང་བ་དང༌། །འོ་མ་མར་དང་རབ་སྦྱར་དེ་ཟླ་བས། །སྐྲ་དཀར་དང་ནི་རྒས་པ་རྣམ་པར་འབྱིན། །གཟེ་མ་ཀྵུ་ར་དང་ནི་རྩ་བ་བརྒྱད། །བཱ་ན་རཱི་ནཱ་ག་བ་ལཱ་བ་ལཱ། །ཕྱེ་མ་འོ་ཐུག་བྱས་འདི་བཏུང་བར་བྱ། །དེ་ཡིས་འཁྲིག་པ་ལན་བརྒྱར་ནུས་པ་ཡིན། །རྟ་ལྟར་བྱེད་པ་བདུན་པ་རྫོགས་སོ།། །།ཤིང་མངར་ཐང་བསྐོལ་སེནྡྷེ་བ་ལྡན་ཞིང༌། །དུག་ཉུང་དྲོད་ནར་པོ་སོན་ཕྱེ་མར་བསྲ། །སྦྲང་རྩི་བཅས་པ་འདི་དག་སློན་ལ་སྦྱར། །མགྲིན་ནད་ཁ་དང་གྲེ་འགགས་ནད་རྣམས་ལའོ། །སཽ་བཱི་ར་ལ་ཨ་རུ་ར་ཐང་བསྐོལ། །དྲོད་ནར་ཁ་རུ་དནྟི་ཕྱེད་ཕྱེ་ལྡན། །ཨེ་རཎ་མར་ཁུ་དང་བཅས་འཁྲུ་ལ་དེ། །བཤལ་གྱི་སྦྱོར་བས་ནད་རྣམས་འཇོམས་པར་འགྱུར། །ར་སྣ་པོ་སོན་ཆ་དང་འབྲས་གསུམ་སླེ་ཏྲེས་རྩ་བ་བཅུ་དང་བཱ་ལཱ་དང༌། །མར་ཁུ་སེནྡྷེ་བ་བཅས་པ་ལ་མམ་སི་བཙོས་ལྡན་སྦྲང་རྩི་བུར་མ་བཅས། །ཤ་ཏ་པུཥྤ་སླེ་ཏྲེས་རུ་རྟ་ཀ་བེད་པྲི་ཡངྐུ་དང་དྲོད་སྨན་ནར། །ཤུ་དག་ཕྱེ་མ་ཀཉྫི་བ་འོ་གཅིན་བཅས་མས་གཏོང་རླུང་ནད་རྣམས་ལ་ཕན། །བ་ལ་ཕྱེ་མ་མར་ཁུ་ལ་བསྐོལ་དྲི་བཟངས་དང༌། །བཅུད་གྲུབ་པ་དང་འོ་མ་ཞོ་དང་སྐྱུར་ཆུ་རྣམས། །དེ་བཞིན་ས་ཧཱ་ར་ཛ་ར་སྣ་སླེ་ཏྲེས་དང༌། །བ་རི་རེ་རེར་བསྐོལ་བས་རླུང་འཇོམས་སོ། །སྦྱར་བར་བྱའོ་བཅའ་སྒའམ་བུ་རམ་ལ། །ཡང་ན་སེནྡྷེ་བ་བཅས་དྲོད་


DTG198_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ནར་ལའོ། །སྣ་ཁ་མཇིང་པ་འགྲམ་པ་དཔུང་པ་དང༌། །རྒྱབ་དང་མགོ་མིག་མགུལ་འགགས་ནད་རྣམས་ལ། །ལས་ལྔའི་ལེའུ་བརྒྱད་པ་རྫོགས་སོ།། །།རིམས་ལ་གཙོ་ཆེར་པརྤ་པ་ཊ་སྦྱར་བྱ་སྐོམ་དད་ཆེ་ལ་སྐྱུ་རུ་ར་དང་སྐྱུགས་པ་ལ། །ཚ་བ་ལྔ་སྐྱེས་གཟེར་ལ་འཇམ་རྩི་རེངས་ལ་གི་རི་ཛ་དང་གཅིན་སྙི་སྐྱུ་རུའི་ཁུ་བས་སོ། །རླུང་གི་ནད་ལ་ར་སྣ་དམུ་རྫིང་མཆེར་པའི་ནད་ལ་བ་གཅིན་ཆམ་པ་ལ། །དྲོད་ནར་འཕྱོ་ལ་བི་དང་དུག་ལ་ཤུ་ཀ་རྟ་རུ་སྐྲངས་ལ་གུགྒུལ་ལོ། །བ་ཤ་ཀ་ཡིས་ཁྲག་མཁྲིས་དུག་ཉུང་གིས། །འཁྲུལ་འོ་བསེ་ཤིང་ཧེ་མམ་ལྕི་གཟེར་ལ། །སྦོས་ལ་ཐང་ཤིང་སྲིན་ནད་བྱི་དང་གས། །སྐྱ་རྦབ་ཨ་རུ་ར་དང་འབྲུ་གཞན་གྱིས། །ཟད་བྱེད་ནད་ལ་འབྲས་བུ་གསུམ་བཤད་གཟེར་བ་ཀུན་ལ་དེ་ལྟར་ཁུ་བས་སོ། །མཛེ་ལ་རྟག་ཏུ་སེང་ལྡེང་ཁུ་བ་གློ་ལ་ཀཎྜ་ཀ་རི་དང༌། །ཚིགས་བཅད་གཟེ་མ་མུ་ར་གཤེད་བྱེད་ན་ག་བཱ་ལཱ་བ་ལས་སོ། །བཅུད་ལེན་ཀུན་ལ་སྐྱུ་རུ་ལྷ་བཅས་གདོན་གྱི་ནད་ལ་བྲག་ཞུན་བཤད། །རྒྱུད་ཕྱི་མའོ།། །།རབ་ཏུ་གྲུབ་པའི་སྦྱོར་བའི་ཆོ་ག་རྫོགས་པར་བྱས། །གྲུབ་པའི་དོན་རྣམས་རྟོགས་པའི་སྨན་པ་མཁས་རྣམས་ཀྱིས། །རྟོགས་པའི་སྨན་པ་མེད་པར་སུ་ཡིས་སྦྱོར་བ་མཐོང༌། །འདི་དོན་སླར་ཡང་འདིར་ནི་ཅུང་ཟད་བཤད་པར་བྱ། །ཤུགས་བཀག་མ་ཟོས་གཉིད་ཆགས་སྐད་ཆེས་རྩོལ་བ་དྲགས། །བཞོན་པ་ལ་ཞོན་ཚབ་ཁ་བསྐ་རྩུབ་པ་རྣམས། །སེམས་གཟུང་འཁྲིག་དང་འཇིགས་དང་སྨྱུང་གནས་མྱ་ངན་དྲངས། །དབྱར་གྱི་དུས་སུ་རླུང་ནི་རབ་ཏུ་འཁྲུགས་པར་འགྱུར། །ཚ་སྐྱུར་ཆང་དང་ལན་ཚྭ་རྣོ་དྲོ་ཏིལ་མར་ཁུ། །ཁྲོ་དང་གདུང་བ་ལོ་མ་སྐམ་པ་འཇིགས་ངལ་རྣམས། །ཐལ་སྨན་ལ་སོགས་མ་ཞུ་མ་འཕྲོད་ཟས་ཟོས་པ། །སྟོན་གྱི་དུས་སུ་མཁྲིས་པ་རབ་ཏུ་འཁྲུགས་པར་འགྱུར། །ཉིན་གཉིད་མངར་དང་གྲང་ཆེས་ཉ་ཤ་ལྕི་བ་དང༌། །ཤིང་ཏོག་འོ་མ་བུ་རམ་ཤིང་གི་རྣམ་འགྱུར་རྣམས། །སྣུམ་བག་འགྲངས་ཆེས་ཟོས་དང་ལན་ཚྭ་བུར་ཆུ་རྣམས། །དཔྱིད་ཀྱི་དུས་སུ་བད་ཀན་རབ་ཏུ་འཁྲུགས་པར་འགྱུར། །དེ་ལྟར་


DTG198_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་རིམ་པས་བྱེ་བྲག་སྐྱོན། །གདུག་པ་ཀུན་ནི་ལྡན་པ་བརྒྱད་དུ་ཤེས། །སྣ་ཚོགས་ནད་ནི་ལུས་ཀྱི་གྲངས་བཞིན་དུ། །མིང་རྣམས་མ་ལུས་རྗེས་སུ་རྟོགས་པར་བྱ། །རྩུབ་འཁུམས་འཕོ་ཞིང་གཟེར་དང་སྔོ་བསངས་མདོག །ཡན་ལག་ཟུག་ཆེ་ཡན་ལག་བརྐྱང་བསྐུམ་བྱེད། །ཤེས་རྨོངས་དྲང་ཞིང་གྱོང་ལ་སྐོམ་པ་རྣམས། །རླུང་གི་ལས་སུ་མཁས་པས་རབ་ཏུ་བསྟན། །འཛག་ཅིང་རྡུལ་འབྱུང་ཚ་ཞིང་འདོད་ཆགས་སྐྱེ། །དྲི་ང་རྣག་དང་འཇུ་དང་ཁྲོ་བ་དང༌། །བླ་འཆོལ་བརྒྱལ་དང་མགོ་འཁོར་ལུས་མདོག་སེར། །མཁྲིས་པའི་ལས་སུ་མཁས་པས་རབ་ཏུ་བསྟན། །ཁ་མིག་སྣ་ཆུ་གྲང་ལྕི་ལུས་གཡའ་རྡུལ། །ཤེས་པ་རྨོངས་ཤིང་སྣ་ཚོགས་འགགས་པ་དང༌། །ཚོ་ཆེས་མཆིལ་སྣབས་ཡུན་རིངས་འབྱུང་བྱེད་རྣམས། །བད་ཀན་ལས་སུ་མཁས་པས་རབ་ཏུ་བསྟན། །དེ་རྣམས་ཀྱིས་བྱས་འདི་དག་རྟོགས་རྣམས་ནི། །ནད་ཀུན་མིང་ནི་དུ་མའི་རྣམ་པ་ཡང༌། །བྱེ་བྲག་ཁ་ཅིག་སྐྱེ་བའི་དབང་གིས་འགྱུར། །གང་གིས་འདི་རྣམས་མིང་གཞན་ཀུན་དུ་འགྲོ། །རྒྱུད་ནི་ལེ་ལོ་ཡིད་ནི་རྣམ་མ་དག །སྐྱོན་ནི་རབ་འཇུག་བཀྲེས་དང་གཅིན་ཡང་འབྱུང༌། གསུས་ལྕི་ཤེས་པ་རྨོངས་ཤིང་དང་ག་མེད། །དེ་རྣམས་ནད་ལྡན་དེ་ལ་ནད་འབྱུང་འགྱུར། །བཅུད་དང་དྲོད་དང་བརྟན་དང་རོ་ཙ་སྟོབས་སྐྱེད་ལན་ཚྭ་མངར་སྐྱུར་མར་ཁུ་དང༌། །ཁྲུས་དང་དྲོད་བསྟེན་མས་གཏོང་ཤ་དང་སྟན་བསྟེན་ཡན་ལག་ཀུན་ལ་དྲིལ་ཕྱིས་དང༌། །སྣུམ་གྱི་དུགས་དང་འཇམ་རྩིས་ཞི་བྱས་བསྐུ་བྱུག་ཉེ་བར་བསྟེན་པ་ལ་སོགས་པ། །བཟའ་དང་བཏུང་བ་གནས་དང་སྨན་འདི་རྣམས་ཀྱིས་རླུང་ནི་རབ་ཏུ་ཞི་བར་འགྱུར། །ཁ་མངར་བསྐ་བ་གྲང་དང་རླུང་ཡབ་མཚན་མོ་ཟླ་བའི་ཟེར་ལ་གནས་པ་དང༌། །ས་ཡི་ཁང་པ་ཆུ་ཡི་འཁྲུལ་འཁོར་ཆུ་ལ་རྩེ་ཞིང་བུད་མེད་ལུས་ལ་རེག །མར་སར་ཀྵི་ར་དང་པོར་ལུས་ལ་བཀྲུ་སྨན་དང་ནི་ཁྲག་གི་གཏར་དཔྱད་བྱ། །བཟའ་དང་བཏུང་བ་གནས་དང་སྨན་འདི་རྣམས་ཀྱིས་མཁྲིས་པ་རབ་ཏུ་ཞི་བར་འགྱུར། །རྩུབ་དང་ཀྵཱ་ར་བསྐ་ཁ་ཚ་བ་དང་ནི་འབད་རྩོལ་དྲག་དང་


DTG198_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ངར་སྣབས་སྦྱོང༌། །བུད་མེད་བསྟེན་ཞིང་ངལ་དུབ་གཉིད་བཅག་ཆུ་ལ་རྩེ་ཞིང་རྐང་པ་འཆག་པར་བྱ། །རེང་བུའི་དུད་བསྟེན་མགོ་བསྲོ་ཁྲུས་དང་སྐྱུག་སྨན་དུགས་དང་མས་གཏོང་ལ་སོགས་པ། །བཟའ་དང་བཏུང་བ་གནས་དང་སྨན་འདི་རྣམས་ཀྱིས་བད་ཀན་ཉེ་བར་ཞི་བར་འགྱུར། །འཕྲོད་ཟས་སྨྱུང་དང་ཚ་བའི་ཆུ་བཏུང་ཞིང༌། །ཟས་དང་བྱ་ན་ཡང་ཞིང་ཁ་བའི་བཅུད། །རྩུབ་བྲལ་དུགས་དང་འཇུ་བ་བསྟེན་པ་དང༌། །དེ་བཞིན་ལུས་ཀྱི་སྟེང་འོག་སྦྱང་བར་བྱ། །དགུན་སྟོད་དབྱར་དང་དགུན་སྨད་རླུང་གི་དུས། །མཁྲིས་པ་སྟོན་དང་སོ་ག་ཚ་བའི་དུས། །བད་ཀན་དཔྱིད་ཀ་མེ་ཏོག་འོང་དུས་འཁྲུགས། །དེ་ལ་དེ་བཞིན་ཕན་པའི་སྨན་བསྟེན་བྱ། །བད་ཀན་འཁྲུགས་ལ་སྐྱུག་སྨན་སྦྱར་བར་བྱ། །མཁྲིས་པའི་རྣམ་འགྱུར་བྱུང་ལ་བཀྲུ་སྨན་གཏང༌། །རླུང་གི་བདག་ཉིད་འཇམ་རྩིས་འཇོམས་པར་འགྱུར། །འདུ་འཕྲོད་སྐྱེས་ལའང་འདྲེས་མ་དེ་དག་གོ །རླུང་ལ་སྐྱུར་དང་མར་ཁུ་ལན་ཚྭ་དང༌། །མངར་བའི་བཟའ་དང་བཏུང་བ་རྣམས་ཀྱིས་སོ། །མཁྲིས་པ་ལ་ནི་དེ་བཞིན་མངར་བ་དང༌། །ཁ་དང་བསྐ་བ་གྲང་བ་རྣམས་ཀྱིས་སོ། །བད་ཀན་ལ་ཡང་ཁ་དང་ཚ་བ་དང། །རྩུབ་དང་བསྐ་བ་རྣོ་བའི་རོ་རྣམས་ཀྱིས། །དེ་རྣམས་བཟའ་བས་ཉེ་བར་འགྲོ་འགྱུར་བ། །ནད་ནི་རབ་ཏུ་ཞི་བར་འགྱུར་པ་ཡིན། །བློ་གཞན་ཉིད་ཀྱིས་གང་དེ་མ་བསྟན་གང་ཞིག་བསྟན། །ནད་རྣམས་རང་གིས་ཡང་དག་རྟོགས་ནས་ཇི་ལྟའི་ཚུལ། །སྨན་རྣམས་རྗེས་སུ་བློ་གྲོས་ཆུང་བ་རྣམས་ལ་བྱས། །བསྟན་བཅོས་སུ་ནི་ཅུང་ཟད་གཏན་ཕབ་འབྲས་བུར་བྱས། །ཡོན་ཏན་ལྷག་ཅན་སྦྱོར་བ་བརྒྱ་པ་བརྗོད་པ་ཡིས། །བསོད་ནམས་བླ་ན་མེད་པ་བདག་གིས་གང་ཐོབ་པ། །དེ་ཡིས་རྣམ་པ་སྣ་ཚོགས་ནད་ཀྱིས་གཟིར་གྱུར་པ། །མཐའ་ཡས་འགྲོ་བ་རྣམས་ཀྱི་ནད་ནི་མེད་གྱུར་ཅིག །སྦྱོར་བ་བརྒྱ་པ་ཞེས་བྱ་བའི་སྨན་གྱི་གཞུང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་ཆེན་པོ་བྲམ་ཟེ་ཛེ་ཏ་ཀརྞའི་ཞལ་སྔ་ནས་དང་པོ་རྩ་འགྲེལ་ལན་ཅིག་གསུངས་ཤིང༌། །དུས་ཕྱིས་རྒྱ་གར་


DTG198_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ཀྱི་པཎྜི་ཏ་བུདྡྷ་ཤྲི་ཛྙཱ་ནའི་ཞལ་སྔ་ནས་སྟོད་ཅུང་ཟད་གསུངས་ནས། གྲུབ་པའི་ཞིང་སྐྱི་རོང་འཕགས་པ་འཇིག་རྟེན་དབང་པོའི་གཙུག་ལག་ཁང་ལ་ཅུང་ཟད་ལས་མི་རིང་བ། ཆེན་པོའི་ཆེན་པོ་རྣམས་ཀྱི་གདན་ས་དཔལ་ཤེལ་གྱི་གཙུག་ལག་ཁང་དུ་སྡོམ་བརྩོན་དམ་པ་སྡེ་སྣོད་གསུམ་དང༌། རྒྱུད་དང་རྒྱུད་ཀྱི་ཡན་ལག་རྣམས་ལ་ལེགས་པར་འདྲིས་ཤིང༌། ཁྱད་པར་དུ་ཚེའི་རིག་བྱེད་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་གཞུང་དོན་ལེགས་པར་རྟོགས་པ་དགེ་སློང་ཨ་མོ་གྷའི་གསུང་གིས་བསྐུལ་ནས། མང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་དཔལ་ཉི་མ་རྒྱལ་མཚན་བཟང་པོས་འགྲེལ་པ་གསུམ་དང་བསྟུན་ཏེ་བསྒྱུར་ཞིང་ལེགས་པར་གཏན་ལ་ཕབ་པ།། །།གསོ་དཔྱད་གཞུང་ལུགས་བརྒྱ་ཕྲག་དུ་མའི་གནས། །སྣ་ཚོགས་མངོན་བརྗོད་ཐ་དད་སྡེབ་སྦྱོར་ཅན། །ཡ་མཚན་བརྒྱན་ལ་ལེགས་སྦྱར་ཚིག་གིས་སྤེལ། །གང་འདི་བསྒྱུར་དགས་ནད་རྣམས་ཞི་བར་ཤོག །


no previousསྦྱོར་བ་བརྒྱ་པ། ཀླུ་སྒྲུབ།next