རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མབ།
པདྨ་འབྱུང་གནས།
རྒྱ་གར་སྐད་དུ། །བཛྲ་བི་དཱ་ར་ནཱ་མ་དྷཱ་ར་ཎི་བྱཱ་ཁྱྰྭ་ན་བཛྲཱ་ལོ་ཀ་ནཱ་མ། བོད་སྐད་དུ། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། མ་རུངས་པ་ཐམས་ཅད་འདུལ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་སྣང་བའི་རྣམ་འཕྲུལ་གྱིས། །བདུད་ཚོགས་རབ་འདུལ་མཛད་ལ་ཕྱག་འཚལ་ནས། །འགྲོ་བའི་ཉོན་མོངས་བགེགས་ཚོགས་ཞི་བའི་ཕྱིར། །རྡོ་རྗེ་རྣམ་འཇོམས་གཟུངས་ནི་ཅི་ནུས་དབྱེ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་འདི་དག་གིས་བརྗོད་པར་བྱ་བ་ལ་སོགས་པ་ནི་ཐོག་
མར་སྨྲ་དགོས་སོ་ཞེ་ན། དེ་ནི་རིགས་པ་ཁོ་ན་ཡིན་ཏེ་འདི་ནི་མདོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཞེས་བྱ་བ་ནི་མདོ་ཡིན་ལ། འདི་སྐད་ཅེས་བྱ་བ་ལ་སོགས་པ་ནི་འདི་ལ་གདུལ་བྱ་རྣམས་འདུན་པར་བྱ་བའི་ཕྱིར་གཟུངས་སོ། །དེ་རྣམས་ལ་རྡོ་རྗེ་རྣམ་པར་འཇོམས་པའི་རང་བཞིན་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ནས་བརྩམས་ཏེ། སྙོམས་པར་ཞུགས་སོ་ཞེས་བྱ་བའི་བར་དུ་ནི་བྱིན་གྱི་བརླབས་པ་དང༌། རྗེས་སུ་མཐུན་པའི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་ལག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་བྱ་བའི་བར་གྱིས་ནི་བྱིན་གྱི་བརླབས་ཀྱི་རྡོ་རྗེ་རྣམ་པར་འཇོམས་པའི་རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པ་བསྟན་ཏོ། །རྡོ་རྗེ་སྙིང་པོས་སྨྲས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་དུ་མ་ཕམ་པ་ཞེས་པའི་བར་གྱིས་ནི་དཀྱིལ་འཁོར་གྱི་རང་བཞིན་བསྟན་ཏོ། །སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ནས་བརྩམས་ཏེ། གདོན་ཐམས་ཅད་རླག་པར་བྱེད་པ་ཞེས་བྱ་བའི་བར་གྱིས་མི་མཐུན་པའི་ཕྱོགས་ཚར་གཅད་པ་བསྟན་ཏོ། །གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་སྲུང་བ་ཞེས་བྱ་བའི་བར་གྱིས་ནི་བསྟན་པ་ལ་ཞུགས་པ་རྣམས་ལ་ཕན་གདགས་པ་བསྟན་ཏོ། །ཞི་བ་ཞེས་བྱ་བ་ནས་བརྩམས་ཏེ། རྨུགས་པར་བྱེད་པ་ཞེས་བྱ་བའི་བར་གྱིས་ནི་ལས་རྣམ་པ་གསུམ་མདོར་བསྡུས་ནས་བསྟན་ཏོ། །གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ཞེས་བྱ་བ་ནས་བརྩམས་ཏེ། རབ་ཏུ་སྨྲས་སོ་ཞེས་བྱ་བའི་བར་གྱིས་ནི་གསང་སྔགས་འབྱུང་བའི་རྒྱུ་བསྟན་ཏོ། །དེ་དག་གིས་ནི་མཚན་ཉིད་ཀྱིས་བསྡུས་པའི་དོན་བསྟན་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ནས་བརྩམས་ཏེ། སེ་ནཱ་པ་ཏཱ་ཡེ་ཞེས་བྱ་བའི་བར་གྱིས་ནི་གསང་སྔགས་གསུངས་པའི་ཐོག་མར་དཀོན་མཆོག་གསུམ་དང༌། ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་བ་བསྟན་ཏོ། །ཏདྱ་ཐཱ་ཞེས་བྱ་བ་ནས་བརྩམས་ཏེ། སུ་བཛྲཱ་ཡ་སྭཱཧཱ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་རྣམ་པར་འཇོམས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྐུལ་བ་བསྟན་ཏོ། །ཧེ་ཕུ་ལླུ་ཞེས་
བྱ་བ་ནས་བརྩམས་ཏེ། མཱ་ར་ཎ་ཞེས་བྱ་བའི་བར་གྱིས་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བཞི་བསྐུལ་བ་བསྟན་ཏོ། །བཛྲ་བི་དཱ་ར་ཎཱ་ར་ཡ་སྭཱཧཱ་ཞེས་བྱ་བ་ནས་བརྩམས་ཏེ། ཀཱི་ལི་ཀཱི་ལ་ཡ་ཞེས་བྱ་བའི་བར་གྱིས་ནི་དེ་ཁོ་ན་ཉིད་ཀྱི་རྒྱུའི་རང་བཞིན་བསྐུལ་བ་བསྟན་ཏོ། །ཙུ་རུ་ཙུ་རུ་ཞེས་བྱ་བ་ནས་བརྩམས་ཏོ། །བཛྲ་པྲ་བྷཉྫ་ནཱ་ཡ་སྭཱཧཱ། ཞེས་བྱ་བའི་བར་གྱིས་ནི་ཁྲོ་བོ་བཞིའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ཏོ། །མ་ཏིསྠ་ར་བཛྲ་ཞེས་བྱ་བ་ནས་བརྩམས་ཏེ། ཨ་མུ་ཀ་མཱ་ར་ཡ་ཕཊ་ཅེས་བྱ་བའི་བར་གྱིས་ནི་དེ་དག་ཉིད་ཀྱི་གསུང་གི་སྒོ་ནས་ཕྲིན་ལས་མཛོད་ཅིག་ཅེས་བསྐུལ་བ་བསྟན་ཏོ། ན་མཿ་ས་མནྟ་བཛྲ་ཎཱཾ་ཞེས་བྱ་བ་ནས་བརྩམས་ཏེ། བཛྲ་ཨདྐུ་ཤ་ཛྭཱ་ལཱ་ཡ་སྭཱཧཱ། །ཞེས་བྱ་བའི་བར་གྱིས་ནི་ཁྲོ་བོ་རྣམས་ཀྱི་སྐུ་གསུང་ཐུགས་དག་གིས་བཅོལ་བའི་ཕྲིན་ལས་མཛད་ཅིག་ཅེས་བསྐུལ་བ་བསྟན་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ནས་བརྩམས་ཏེ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ་ཅེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ཏོ། །ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ་ཞེས་བྱ་བ་ནས་བརྩམས་ཏེ། ཨ་མྲྀ་ཏེ་ཧཱུཾ་ཞེས་བྱ་བའི་བར་གྱིས་ནི་དེ་ཁོ་ན་ཉིད་ཀྱི་ཉེ་བའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ཏོ། །དེ་དག་གིས་ནི་ཕྲིན་ལས་ལ་བསྐུལ་བའི་བསྡུས་པའི་དོན་བསྟན་ཏོ། །སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་བྱ་བ་ནས་བརྩམས་ཏེ། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་བྱ་བའི་བར་གྱིས་ནི་གཟུངས་འདིའི་དཀྱིལ་འཁོར་སྒྲུབ་པར་བསྟན་ཏོ། །སེམས་ཅན་དབང་པོ་ཉམས་པ་དང༌། །ཞེས་བྱ་བ་ནས་བརྩམས་ཏེ། རྨི་ལམ་སྡིག་པ་མཐོང་ན་ཡང༌། །ཞེས་བྱ་བའི་བར་གྱིས་ནི་ཇི་ལྟ་བ་བཞིན་དུ་བསྒྲུབས་པས་ཚེ་འདི་དག་དང་གཞན་ལ་གནོད་པར་གྱུར་པའི་མི་མཐུན་པའི་ཕྱོགས་འདི་ལྟ་བུ་དག་ཡོད་ན་ཡང་སྤང་པར་འགྱུར་རོ་ཞེས་བྱ་བར་བསྟན་ཏོ། །དེས་ནི་རབ་བཀྲུས་གཙང་མ་ཡིན། །ཞེས་བྱ་བ་ནས་བརྩམས་ཏེ། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་བྱ་བའི་བར་གྱིས་ནི་མདོ་སྡེ་འདི་ཉན་པའི་ཐབས་བསྟན་ཏོ། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཞེས་བྱ་བ་ནས་བརྩམས་ཏེ། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་བྱ་བའི་བར་གྱིས་ནི་མཉན་པའི་ཕན་ཡོན་བསྟན་ཏོ། །ནོར་བུ་
ཡུངས་ཀར་དཱུར་བ་དང༌། །ཞེས་བྱ་བ་ནས་བརྩམས་ཏེ། གཙང་མའི་གོས་ཀྱིས་དཀྲིས་ཤིང་དགང༌། ཞེས་བྱ་བའི་བར་གྱིས་ནི་ཁྲུས་བྱས་པའི་ཡན་ལག་གི་གཙོ་བོར་བུམ་པའི་ཆོ་ག་བསྟན་ཏོ། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཞེས་བྱ་བ་ནས་བརྩམས་ཏེ། རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག །ཅེས་བྱ་བའི་བར་གྱིས་ནི་མདོ་བཀླག་པའི་གྲངས་བསྟན་པའི་སྒོ་ནས་ཁྲུས་བྱ་བའི་ཆོ་ག་བསྟན་ཏོ། །དེ་དག་གིས་ནི་ཕན་ཡོན་གྱི་བསྡུས་པའི་དོན་བསྟན་ཏོ། །དེ་ལྟ་བུའི་མཚན་ཉིད་ཀྱི་ཡེ་ཤེས་དང་ལྡན་པའི་བཅོམ་ལྡན་འདས་ནི་བརྗོད་པར་བྱ་བ་ཡིན་ལ། གཞུང་འདི་ནི་རྗོད་པར་བྱེད་པ་ཡིན་ནོ། །མདོ་སྡེ་བཤད་པའི་སྒོ་དང་ལྡན་པའི་ཉན་པ་པོས་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ནོ། །ཁོང་དུ་ཆུད་པའི་གང་ཟག་གིས་འབྲས་བུ་རྣམ་པ་གཉིས་མངོན་དུ་གྱུར་པ་ནི་དགོས་པའི་དགོས་པ་ཡིན་ནོ། །འདི་དག་གི་དོན་འབྲེལ་བ་ནི་དོན་གྱིས་ཤེས་པར་བྱ་སྟེ། འདི་ལྟར། བསྟན་བཅོས་དང་ནི་དགོས་པའི་དོན། །འབྲེལ་པ་བཞི་ནི་གཉིས་ལ་གནས། །དེ་བསྟན་འདུས་པ་དེ་ཡི་ཕྱིར། །དགོས་ལས་ལོགས་ཤིག་མ་བསྟན་ཏོ། །ཞེས་བཤད་པ་ལྟ་བུའོ། །རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་བསྡུས་པའི་དོན་བསྟན་ཏོ།། །།དེ་ལྟར་བསྡུས་པའི་དོན་བསྟན་ནས་ད་ནི་ཚིག་གི་དོན་བཤད་པར་བྱ་སྟེ། འདི་ལྟར་མདོ་དོན་སྨྲ་བར་འདོད་པ་ཡིས། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། ཞེས་བསྟན་པས་སོ། །འདི་སྐད་དུ། གཞུང་འདི་ཇི་ལྟ་བུ་ཞིག །ཉན་པ་པོ་སུ་ཞིག་གིས་ཐོས་པ་ན། །དུས་ནི་གང་ཞིག་གི་ཚེ། །སྟོན་པ་ནི་སུ་ཞིག །གནས་ནི་གང་དུ་བསྟན་ཞེ་ན། རྟོག་པ་དེ་དག་བསལ་བའི་ཕྱིར་ལྕགས་ལོ་ཅན་ན་བཞུགས་པའི་ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པས་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ལ། འདི་ལ་ཅུང་ཟད་ཀྱང་ལྷག་པ་དང་ཆད་པར་གྱུར་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བཅོམ་ལྡན་འདས་ལས་
མངོན་སུམ་དུ་ཐོས་ཀྱིས་བརྒྱུད་པས་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཐོས་པ་ཞེས་བྱ་བ་ནི་བདག་གིས་རྣ་བའི་རྣམ་པར་ཤེས་པས་ཐོས་པ་ཡིན་གྱི་རྟོག་པ་ལ་སོགས་པས་ནི་མ་ཡིན་ནོ་ཞེས་བྱ་བའོ། །དུས་གཅིག་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ནམ་གྱིས་གུང་ཐུན་ལ་བདུད་ཀྱི་དཔུང་གི་ཚོགས་ཆེན་པོ་འདུལ་བར་གྱུར་ནའོ་ཞེས་བྱ་བའོ། །ཡང་ན་བདག་ཉིད་ཐོས་པ་མང་པོའམ་ཚད་མའི་སྐྱེས་བུ་ཡིན་པར་ཡང་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལྡན་པ་ནི་བཅོམ་ལྡན་འདས་ཏེ། ཤཱཀྱ་ཐུབ་པ་ཞེས་གྲགས་པའི་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །འདི་ལྟར་བཅོམ་པའི་ཕྱིར་ན། བཅོམ་ལྡན་འདས་ཞེས་བསྟན་པའི་ཕྱིར་རོ། །རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་དང་ལྡན་པའི་རྡོ་རྗེའི་གདན་ལ་སྒོ་བཞི་ལ་སོགས་པས་བརྒྱན་པའི་གཞལ་ཡས་ཁང་ཕུན་སུམ་ཚོགས་པའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་བདུད་འདུལ་བའི་ཕྱག་རྒྱས་བཞུགས་སོ། །ཡང་ན་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བྱ་སྟེ། བྱམས་པ་ཆེན་པོས་བདུད་ཀྱི་སྟོབས་དག་བཅོམ། །ཞེས་བསྟན་པས་སོ། །འདི་ལ་འཁོར་གཞན་ནི་མེད་དོ་སྙམ་ན་བདེན་ཏེ། བཅོམ་ལྡན་འདས་ཀྱི་ཉེ་གནས་སུ་གྱུར་པ་འཕགས་པ་ཀུན་དགའ་པོ་ལ་སོགས་པ་མེད་པ་ཁོ་ན་ཡིན་ཏེ་དེའི་དུས་ན་མ་བྱུང་བའི་ཕྱིར་རོ། །འོན་ཀྱང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ནི་དོན་གྱིས་ཡོད་པ་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་བདག་ཅག་གི་ལུང་དང་འགལ་བར་འགྱུར་བའི་ཕྱིར་རོ། །ཡང་ན་དཀྱིལ་འཁོར་གྱི་ཡན་ལག་ཏུ་གྱུར་པའི་རིགས་པའི་ཁྲོ་བོ་རྣམས་ཀྱིས་ཡིན་པར་ཤེས་པར་བྱའོ། །འདི་སྐད་སྟོན་ཏེ། གནས་པ་ལ་སོགས་པ་མ་བསྟན་ན་གཞན་དག་གཞུང་འདི་ལས་སོ་ཉིད་འགྱུར་རོ་སྙམ་དུ་དགོངས་པ་སྟེ། འདི་ལྟར། སྟོན་པ་དང་ནི་འཁོར་དབང་པོ། །ཞེས་བསྟན་པ་ཡིན་པས་སོ། །དེ་དག་གིས་ནི་གདུལ་བྱ་འདུན་པར་བྱ་བའི་ཕྱིར་ཕུན་སུམ་ཚོགས་པ་རྣམས་དང་ལྡན་པའི་གླེང་གཞི་གསུངས་པ་ཡིན་ནོ། །དེ་ལྟར་འདུན་པར་བྱ་བའི་འོག་ཏུ་ཅི་ཞིག་བསྟན་ཞེ་ན། དེའི་རང་བཞིན་བསྟན་
པའི་ཕྱིར་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པའི་ཟག་པ་ཟད་པ་དང་ལྡན་པའི་སྐྱེས་བུ་ཆེན་པོ་སྟེ། འདི་ལྟར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་པས། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་བཤད་པས་སོ། །མཐུ་ཞེས་བྱ་བ་ནི་དེ་དག་གི་བྱིན་གྱི་རླབས་ཀྱིས་ཏེ། ཁབ་ལེན་གྱིས་ལྕགས་འདྲེན་པ་ལྟ་བུའོ། །ལག་ན་རྡོ་རྗེ་ཞེས་བྱ་བ་ཀུན་དུ་བཟང་པོ་ཉིད་དོ། །ལུས་ཐམས་ཅད་ཅེས་བྱ་བ་ནི་བསགས་པའི་ཕྱིར་ན་ལུས་ཏེ་ཕྱག་ན་རྡོ་རྗེའི་ཚོགས་བསགས་པ་ལས་བྱུང་བའི་ལུས་ཀྱི་ཆ་ཤས་རྣམས་སོ། །རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་རིན་པོ་ཆེའི་རྡོ་རྗེ་ལྟར་བདག་ཉིད་ཀྱིས་ཡེ་ཤེས་ཀྱི་རང་བཞིན་དུ་བསྐྲུན་པའོ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི་མི་རྟོག་པའི་ཡེ་ཤེས་ལ་གནས་བཞིན་དུ་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་སྒྱུ་མའི་སྐུར་དཀྱིལ་འཁོར་སྤྲུལ་པ་དང༌། རྒྱུད་བཤད་པ་ལ་དབང་ཐོབ་པར་བྱའོ་སྙམ་པའི་ཏིང་ངེ་འཛིན་ཐུགས་རྩེ་གཅིག་པར་བཞུགས་པ་སྟེ། འདི་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་འདྲ་བར་མཐོང་ལ། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་སྒྱུ་མ་ལྟ་བུར་མཐོང་ངོ་ཞེས་གསུངས་པས་སོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་གཅོད་པའི་ཕྱིར་བདུད་ཀྱི་ཚོགས་མང་པོ་སའི་སྟེང་དང་བར་སྣང་ལ་ལྷགས་པར་གྱུར་པ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ལུས་མ་རུངས་པའི་ཁྲོ་བོར་བསྒྱུར་ཏེ་བདུད་འདི་དག་ཐུལ་ཅིག །དེ་སྐད་ཅེས་གསུངས་པ་དང༌། ཕྱག་ན་རྡོ་རྗེ་བདག་ཉིད་ཀྱི་ལུས་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་འབྱེས་པ། སྨིན་མ་ཁྲོ་གཉེར་ཅན། །རལ་པ་དམར་སེར། ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་གཉིས་པ། གཡས་པ་རྡོ་རྗེ་ཐུགས་ཀར་གསོར་བ། ཕྱག་གཡོན་པ་བཀུར་བརྟེན་པ། ཞབས་གཡོན་པ་རྡོ་རྗེའི་གདན་ལ་བརྐྱང་
པ། རབ་ཏུ་བརྗིད་པའི་འགྱིང་བག་དང་ལྡན་པ། །དར་དང་ལྭ་བའི་སྟོད་གཡོགས་དང་སྨད་གཡོགས་མནབས་པ། སྦྲུལ་གྱིས་བརྒྱན་པ། མེའི་ཚོགས་ཆེན་པོ་འབར་བ་ལྟ་བུའི་ནང་ན་གནས་པ། མ་རུངས་པ་ཐམས་ཅད་འདུལ་བའི་སྐུར་དཀྱིལ་འཁོར་གྱི་དབུས་སུ་སྤྲུལ་པར་གྱུར་ཏེ། དེའི་རྗེས་ཐོགས་ལ་ཅི་ཞིག་མཛད་ཅེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པས་འཁོར་གྱི་ཁྲོ་བོ་སྤྲུལ་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། གཙོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྗེས་ཐོགས་ལའོ། །ལག་ན་རྡོ་རྗེ་ཞེས་བྱ་བ་ནི་གང་གི་ལག་ན་རྡོ་རྗེ་གནས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལག་ན་རྫས་ཐོགས་པ་ལྟར་ཡེ་ཤེས་ཉེ་བ་ན་གནས་པའི་རྟགས་ཅན་ནོ། །སངས་རྒྱས་ཀྱི་མཐུ་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉག་གཅིག་གི་བྱིན་གྱིས་བརླབས་ཀྱིས་དཀྱིལ་འཁོར་སྤྲུལ་པའི་ནུས་པ་བསྐྱེད་པའོ། །སངས་རྒྱས་ཀྱི་བྱིན་གྱིས་རླབས་དང་ཞེས་བྱ་བ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་ངོ༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་པ་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནུས་པ་ཅི་ཡོད་པར་བྱིན་གྱིས་བརླབས་པའོ།། ཡང་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བདུད་རྩི་ཐོབ་ཕྱིར་ལམ་ནི་མ་ཡིན་ཆད། །ལམ་ངན་སྤོངས་ལ་ལམ་ལ་མནོས་ཤིག་ཅེས། །ལྟ་ངན་སེམས་ཅན་རྣམས་ལ་གོ་བར་བྱེད། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བཤད་དོ། །ཞེས་གསུངས་པའི་ཚུལ་གྱིས་ཡིན་ནོ། །རྡོ་རྗེ་ཁྲོ་བོ་ལས་བྱུང་བའི་ཞེས་བྱ་བ་ནི་རང་ཉིད་ཀྱི་སྐུ་ལས་མཚམས་བཞིར་ཕྱུང་བར་གྱུར་པའོ། །འདི་སྐད་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཕྱག་ན་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་སྤྲུལ་པའི་ནུས་པ་བསྐྱེད་ནས་བདག་ཉིད་ཀྱིས་ཀྱང་དཀྱིལ་འཁོར་སྤྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཁྲོ་བོ་རྡོ་རྗེ་གཏུམ་པོ་ཞེས་བྱ་བ་སྐུ་མདོག་སྨུག་ནག་ཞལ་གྱི་བཞིན་ཁྲོ་གཉེར་ཅན། གཡས་པའི་ཕྱག་གིས་རྡོ་རྗེ་རྩེ་གཅིག་པ་འཛིན་པ། ཕྱག་གཡོན་
པ་ཐུགས་ཀར་སྡིགས་མཛུབ་བསྒྲེང་བ། ཐུགས་ཀ་ནས་ཕྱུང་ནས་དབང་ལྡན་གྱི་ཕྱོགས་སུ་གཞག་གོ །དེ་ནས་ཁྲོ་བོ་རྡོ་རྗེ་ཀཱི་ལི་ཀཱི་ལ་ཡ་ཞེས་བྱ་བ་སྐུ་མདོག་ལྗང་ནག །དཔྲལ་བར་ཁྲོ་གཉེར་རབ་ཏུ་བསྙེར་བ། གཡས་པའི་ཕྱག་གིས་རྡོ་རྗེ་རྩེ་གཅིག་པ་འཛིན་པ། ཐུགས་ཀ་ནས་ཕྱུང་ནས་མེའི་མཚམས་སུ་གཞག་གོ །དེ་ནས་ཁྲོ་བོ་རྡོ་རྗེ་བེ་ཅོན་ཞེས་བྱ་བ། སྐུ་མདོག་མཐིང་ནག་གཡས་པའི་ཕྱག་གིས་གཤིན་རྗེའི་བེ་ཅོན་བསྣམས་པ། ཐུགས་ཀ་ནས་ཕྱུང་ནས་བདེན་བྲལ་གྱི་མཚམས་སུ་གཞག་གོ །དེ་ནས་ཁྲོ་བོ་རྡོ་རྗེ་ཐོ་བ་ཞེས་བྱ་བ་སྐུ་མདོག། ནག་པོ་གཡས་པའི་ཕྱག་གིས་རྡོ་རྗེ་ཐོ་བ་བསྣམས་པ་ཐུགས་ཀ་ནས་ཕྱུང་ནས་རླུང་ལྷའི་མཚམས་སུ་གཞག་གོ །ལྷག་མ་ནི་སྔ་མ་བཞིན་ནོ། །འདི་དག་ནི་རྟོགས་པར་བྱ་བའི་དོན་ཡིན་ནོ་སྙམ་དུ་དགོངས་སོ། །དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པ་བསྟན་ནས། དེའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་བསྟན་པར་བཞེད་ནས་རྡོ་རྗེ་སྙིང་པོས་སྨྲས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱི་ཐུགས་མངའ་བས་ན། རྡོ་རྗེ་སྙིང་པོ་སྟེ་ཕྱག་ན་རྡོ་རྗེ་ཉིད་དོ། །སྨྲས་ཏེ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ནས་འོག་ནས་བྱུང་བ་རྣམས་གོང་དུ་བརྗོད་པའོ། །འདི་སྐད་དུ་གལ་ཏེ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བཤད་པ་ཡིན་ན་ནི་གང་དུ་བདག་གིས་ཐོས་པ་ཞེས་སྨྲས་པ་དང་འགལ་ལོ་ཞེ་ན། དེ་ནི་བྱིན་གྱིས་བརླབས་པ་ནི་འགལ་བ་མེད་དོ། །སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་སོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་ཡང་གཅིག་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ་སྔར་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནས་བཤད་པ་ཡིན་ལ། ཕྱིས་ནི་བཤད་པའི་གཞུང་བསྡུས་པ་ཡིན་ནོ། །དེ་ལྟ་ན་ཡང་སྐྱོན་ཡིན་ནོ་ཞེ་ན། ཐམས་ཅད་ལ་ཐལ་བར་འགྱུར་རོ། །སྤྲོས་པས་ཆོག་གོ །ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། མི་ཆོད་པ་ཞེས་བྱ་བ་ནི་ཡེ་ཤེས་ཡིན་ཏེ། བདུད་ལ་སོགས་པས་བར་དུ་གཅད་པར་མི་ནུས་པས་སོ། །མི་ཤིགས་པ་ཞེས་བྱ་བ་ནི་མི་རྟོག་པའི་ཡེ་ཤེས་དེ་ཉིད་མཚན་མའི་རྣམ་པར་རྟོག་པས་བཤིག་པར་མི་ནུས་
པའོ། །བདེན་པ་ཞེས་བྱ་བ་ནི་བརྟགས་པའི་དངོས་པོ་དང་བྲལ་བའོ། །སྲ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་གསོས་མི་མངའ་བའོ། །བརྟན་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་གཞན་དུ་མི་འདོར་བའོ། །ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་བྱ་བ་ནི་ཤེས་བྱ་རྣམས་པ་གཉིས་ལ་ཐོགས་པ་མེད་པའོ། །ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱབ་པའོ། །འདི་སྐད་དུ་སྟོན་ཏེ་གང་དུ་དཀྱིལ་འཁོར་སྤྲུལ་པ་ཡང་བྱིན་གྱི་རླབས་ཡིན་པ་ལྟར། དེ་དག་གིས་རྡོ་རྗེ་སྙིང་པོ་བསྐུལ་ནས་རང་བཞིན་བསྟན་པ་ཡང་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱི་རང་བཞིན་དེ་ལྟ་བུ་ཞིག་ཡིན་ན་ཅི་མི་མཐུན་པའི་ཕྱོགས་ཚར་གཅོད་པ་ཡང་བྱེད་དམ་ཞེ་ན། དེ་ལྟ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སེམས་དང་ལྡན་པས་ན་སེམས་ཅན་ཏེ། དགའ་རབ་དབང་ཕྱུག་ལ་སོགས་པའི་བདུད་རྣམས་སོ། །སྐྲག་པར་བྱེད་པ་ཞེས་བྱ་བ་ནི་དེ་དག་དངངས་ཤིང་འདར་བར་བྱེད་པའོ། །སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་བྱ་བ་ནི་བདུད་ཀྱི་རིས་སུ་གྱུར་པ་རྣམས་འཇིགས་ཤིང་འབྱེར་བར་བྱེད་པའོ། །རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ་ཞེས་བྱ་བ་ནི་བདུད་ལ་སོགས་པས་སྦྱར་བའི་རིག་སྔགས་ངན་པ་རྣམས་ཀྱི་མཐུ་ཉམས་པར་བྱེད་པའོ། །རིག་སྔགས་ཐམས་ཅད་གནོན་པར་བྱེད་པ་ཞེས་བྱ་བ་ནི་བྱད་སྟེམས་ལ་སོགས་པའི་སྦྱོར་བའི་ནུས་པ་མེད་པར་བྱེད་པའོ། །ལས་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་ནི་སྨན་པ་དང་རྫས་ལ་སོགས་པའི་སྦྱོར་བ་ལས་བྱུང་བའི་མཐུས་ངན་པ་རྣམས་ཉམས་པར་བྱེད་པའོ། །གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ཞེས་བྱ་བ་ནི་གཅིག་གིས་གཅིག་གི་དཔུང་བྱས་ནས་སྦྱོར་བའི་རིག་སྔགས་ལ་སོགས་པའི་མཐུ་ཉམས་པར་བྱེད་པའོ། །གདོན་ཐམས་ཅད་རླག་པར་བྱེད་པ་ཞེས་བྱ་བ་ནི་གང་དག་གིས་ཇི་ལྟར་བྱས་ཀྱང་རུང་བའི་ལས་ངན་པ་རྣམས་བཅོམ་ནས་མེད་པར་བྱེད་པའོ། །འདི་སྐད་སྟོན་ཏེ་བྱ་བའི་རྒྱུད་ཀྱི་གཟུང་
འདི་འཛིན་པའི་གང་ཟག་གིས་ཀྱང་གསང་སྔགས་དག་དང༌། དཀྱིལ་འཁོར་གྱི་མཐུ་ཡང་དེ་ལྟ་བུ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ་།ཚར་གཅོད་པ་ནི་དེ་ལྟ་བུ་ཡིན་ན། དཀར་པོའི་ཆོས་དང་ལྡན་པ་རྣམས་ལ་ཕན་འདོགས་པར་ཡང་བྱེད་དམ་ཞེ་ན། བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ཞེས་བྱ་བ་ནི་འགའ་ཞིག་ལྷའི་གདོན་ལ་སོགས་པ་དེའི་ནང་དུ་ཁྲིད་ཅིང་དེ་དག་བདག་གིར་བྱས་པ་ལས་ཕྲོགས་ཏེ། རང་བཞིན་དུ་གནས་པར་བྱེད་པའོ། །འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ་ཞེས་བྱ་བ་ནི་འགའ་ཞིག་ལ་ཤ་ཟ་བ་ལ་སོགས་པས་གནོད་པར་བྱེད་དེ་གཞན་དུ་བྱེད་པ་རྣམས་དེ་དག་ཚར་གཅད་པར་བྱ་བའི་ཕྱིར་བདག་གི་མདུན་དུ་འདྲེན་པར་བྱེད་པའོ། །རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ཞེས་བྱ་བ་ནི་ལྷ་ལ་སོགས་པས་བདག་དང་གཞན་ལ་གནོད་པ་མི་བྱེད་པའི་ཐོག་ཏུ་རིག་སྔགས་ལ་སོགས་པའི་སྦྱོར་བ་དེ་དག་ལ་ཕན་འདོགས་སུ་འཇུག་པའོ། །མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་ཞེས་བྱ་བ་ནི་གང་གིས་ཞི་བ་ལ་སོགས་པ་བསྒྲུབས་པ་ལས་འབྲས་བུ་མ་བྱུང་བ་རྣམས་ཀྱི་འབྲས་བུ་འབྱིན་པར་བྱེད་པའོ། །གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་ཞེས་བྱ་བ་ནི་འབྲས་བུ་ཐོབ་པ་རྣམས་སླར་ཉམས་པར་མི་བྱེད་པའོ། །འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས་བྱ་བ་ནི་གནོད་སྦྱིན་མོ་ལ་སོགས་པ་དབང་དུ་བྱས་ནས་གཏེར་ལ་སོགས་པ་འབྲུག་པའོ། །ཡང་ན་འདི་ཉིད་ལས་གྲུབ་པ་བརྒྱད་ལ་སོགས་པ་འབྱུང་བའོ། །སེམས་ཅན་ཐམས་ཅད་སྲུང་བ་ཞེས་བྱ་བ་ནི་དེ་དག་ངན་སོང་གི་གཡང་ས་ལ་སོགས་པ་ལས་བཟློག་ནས་སྐྱོང་བར་བྱེད་པའོ། །འདི་སྐད་སྟོན་ཏེ་རྒྱུད་འདི་ལ་མོས་ཤིང་དབང་ཐོབ་པའི་སྔགས་པས་ཀྱང་བསྒྲུབས་ན་གསང་སྔགས་འདི་ལས་དེ་ལྟ་བུའི་ལས་ཀྱི་འགྲོ་ལ་ཕན་གདགས་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕན་གདགས་པ་ལ་སོགས་པ་འགྲུབ་ན་མདོར་ན་ལས་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། རྒྱུད་འདིར་ལས་རྣམས་ནི་ཞི་བ་ལ་སོགས་པ་གསུམ་ཡིན་ཏེ། འདི་ལྟར་རྒྱུད་ལས། ཞི་བ་དང་ནི་རྒྱས་པ་དང༌། །དེ་བཞིན་དྲག་ཤུལ་སྤྱོད་
པ་སྟེ། །མདོར་ན་ལས་ནི་རྣམ་གསུམ་དུ། །གསང་སྔགས་ཀུན་ལས་བསྒྲགས་པ་ཡིན། །ཞེས་གསུངས་པས་སོ། །དེ་དག་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཞི་བ་ལ་སོགས་པ་གསུངས་ཏེ། ཞི་བ་ཞེས་བྱ་བ་ནི་གང་གིས་སྡིག་པ་ལ་སོགས་པ་མེད་པར་བྱེད་པའོ།། རྒྱས་པ་ཞེས་བྱ་བ་ནི་གང་གིས་ལོངས་སྤྱོད་ལ་སོགས་པ་འཕེལ་བའོ། །སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ཞེས་བྱ་བ་ནི་གདུག་པ་ཅན་དག་གིས་འབད་རྩོལ་མེད་པར་བྱེད་པའོ། །རྨུགས་པར་བྱེད་པ་ཞེས་བྱ་བ་ནི་གང་གིས་དྲན་པ་ཉམས་པར་བྱེད་པའོ། །འདི་སྐད་སྟོན་ཏེ་འགའ་ཞིག་ལམ་ཡིན་པ་ལ་སོགས་པའི་གནོད་པ་བྱུང་ན་སྒྲུབ་པ་པོ་བདག་གིས་ས་ཕྱོགས་དཀར་པོ་དག་ཏུ་གོས་ལ་སོགས་པ་དཀར་པོ་བགོས་ཏེ། ཡོ་བྱད་རྣམས་དཀར་པོ་བ་སོགས་ནས་འདི་དག་ཉིད་དང་ལྡན་པས་ཞི་བའི་ཡིད་ཀྱིས་ཞི་བའི་ལས་བྱས་ན་ཞི་བ་ཆེན་པོ་འགྲུབ་པར་འགྱུར་རོ། །འགའ་ཞིག་ཚེ་ལ་སོགས་པ་འཕེལ་པར་འདོད་ན་གོས་ལ་སོགས་པ་སེར་པོ་གྱོན་ཏེ་ཡོ་བྱད་རྣམས་སེར་པོ་བསོགས་ནས་རྒྱས་པའི་ལས་བྱས་ན་རྒྱས་པ་འགྲུབ་པོ། །འགའ་ཞིག་ཤ་ཟ་བ་ལ་སོགས་པ་ལ་དྲག་པོའི་ལས་བྱེད་པར་འདོད་ན་ཕྱོགས་ནག་པོ་དག་ཏུ་གོས་ལ་སོགས་པ་ནག་པོ་གྱོན་ཏེ། ཡོ་བྱད་རྣམས་ནག་པོ་བསོགས་ནས་སྡང་པའི་ཡིད་ཀྱིས་མངོན་སྤྱོད་ཀྱི་ལས་བྱས་ན་རེངས་པ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་བྱ་བའི་རྒྱུད་འདིར་རིགས་དུ་ཞིག་ཏུ་འགྱུར་ཞེ་ན། རིགས་གསུམ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་ལ་སོགས་པའོ། །འདི་ཉིད་གང་གི་རིགས་ཡིན་ཞེ་ན། འདི་ནི་རྡོ་རྗེའི་རིགས་ཡིན་ཏེ་དྲག་ཤུལ་གྱི་ལས་བསྟན་པའི་ཕྱིར་རོ། །དེ་ལ་ཡང་རྒྱུད་ལས། བདེ་བར་གཤེགས་པས་ཞི་བ་བྱ། །རྒྱས་ལ་པདྨའི་རིགས་སྐྱེས་ཀྱིས། །རྡོ་རྗེ་རིགས་གསུངས་གསང་སྔགས་ཀྱིས། །དྲག་ཤུལ་སྤྱོད་པའི་ལས་རྣམས་བྱ། །ཞེས་གསུངས་པ་ལས། དེ་ལྟར་ན་སྔར་བསྟན་པ་དང་འགལ་ལོ་ཞེ་ན། རིགས་རེ་རེས་ཀྱང་ལས་གསུམ་གསུམ་བྱེད་པས་འགལ་བ་མེད་དེ། །དེ་ལྟར་རྒྱུད་ལས། །མཁས་པས་རིགས་ནི་གསུམ་ཆར་ལ། །རབ་ལ་སོགས་པ་བསྟན་པ་དང༌། །ཞི་བ་ལ་སོགས་བྱེ་བྲག་གིས།།
ལས་ནི་རྣམ་པ་གསུམ་དུ་བྱའོ། །ཞེས་བསྟན་པས་སོ། །དེ་ལྟར་ན་འགལ་ལོ་ཞེ་ན། འདི་ནི་དོན་གྱི་གཙོ་བོ་ལས་དགོངས་པ་ཡིན་ཏེ། དེ་ཡང་རྒྱུད་ཉིད་ལས། གླེང་གཞིའི་དབང་དུ་མཛད་ནས་ནི། །གསང་སྔགས་གང་དག་གསུངས་གྱུར་པ། དེ་ཉིད་དེ་ལ་གཙོ་བོར་བསྟན། །ལྷག་མ་གཞན་དུ་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ཙམ་གྱིས་ཀྱང་ཡིད་མགུ་བར་མ་གྱུར་ན། །ཁྱེད་ཉིད་ཀྱིས་ཉེས་པ་ཡིན་གྱི་ཁོ་བོ་ལ་ནི་སྐྱོན་མེད་དོ། །ཤིན་ཏུ་སྤྲོས་པས་ཆོག་གོ །ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟ་བུའི་སྟོབས་དང་ལྡན་པའི་གསང་སྔགས་དེ་དག་གང་ཞིག་གིས་མཐུས་སུ་ཞིག་གིས་བསྟན་ཞེ་ན། དེའི་ཕྱིར་གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་སྔགས་ཀྱི་ཞེས་བྱ་བ་ནི་དམ་པ་མ་ཡིན་པ་དག་ལ་སྤས་པའི་ཡིད་སྐྱོབ་པར་བྱེད་པ་སྟེ། འདི་ལྟར་རྒྱུད་ལས། ཡིད་ཀྱིས་སྐྱོབ་པར་འགྱུར་བས་ན། སྔགས་ཀྱི་བདག་ཉིད་ཅེས་བརྗོད་དོ། །ཞེས་གསུངས་པའོ། །མཐུ་ཆེན་པོ་འདི་ཞེས་བྱ་བ་ནི་ལས་མང་པོ་དང་ལྡན་པའི་ནུས་པའོ། །སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་སྔར་བསྟན་པ་ལྟ་བུའོ། །ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་འགའ་ཞིག་ལ་མིང་གི་དབང་བསྐུར་བ་ཅན་དེས་དོན་ཇི་ལྟ་བུ་ཞིག་ཏུ་བརྗོད་པས་སོ། །འདི་སྐད་སྟོན་ཏེ། གོང་དུ་བསྟན་པའི་ཡོན་ཏན་རྣམས་དང་ཡང་དག་པར་ལྡན་པའི་གསང་སྔགས་འདི་དག་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱག་ན་རྡོ་རྗེས་བཤད་པ་ཡིན་གྱི་རང་དགར་སྨྲས་པ་མ་ཡིན་ཏེ། གཞན་དུ་ན་ཟློས་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསང་བའི་བདག་པོས་དེ་ལྟར་མཐུ་དང་ལྡན་པའི་གསང་སྔགས་གསུངས་པས་ན་ཐོག་མར་སུ་ཞིག་ལ་ཕྱག་འཚལ་ཞེ་ན། དེ་བསྟན་པར་བྱ་བའི་ཕྱིར་ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མ་ཤྩཎྚ་བཛྲ་པཱ་ཎ་ཡི། མཧཱ་ཡཀྵ་སེནཱ་པ་ཏ་ཡེ་ཞེས་བྱ་བ་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐུགས་དྲག་པོ་དང་ལྡན་པའི་ཕྱག་ན་རྡོ་རྗེ་ལ་ཕྱག་
འཚལ་ལོ། །འདི་སྐད་སྟོན་ཏེ། སྒྲུབ་པ་པོ་རྣམས་ཀྱིས་ཀྱང་བསོད་ནམས་འཕེལ་བ་དང་ལས་རྣམས་འགྲུབ་པར་བྱེད་པའི་གསང་སྔགས་བརྗོད་པའི་ཐོག་མར་འདི་ལྟར་ཕྱག་བཙལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱག་འཚལ་ནས་ཅི་ཞིག་མཛད་ཅེ་ན། བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་བསྐུལ་བ་བསྟན་པའི་ཕྱིར། ཏདྱ་ཐཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏདྱ་ཐཱ་ཞེས་བྱ་བ་ནི་འོག་མ་འདྲེན་པར་བྱེད་པའི་ཚིག་གོ །ཨོཾ་ཏྲ་ཊ་ཏྲ་ཏ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བའི་སྤྲུལ་པས་བདག་དང་གཞན་གྱི་ཉོན་མོངས་པ་ལ་སོགས་པ་རྣམས་མཐར་མཛོད་ཅིག་པའོ། །ཏྲོ་ཊ་ཡ་ཏྲོ་ཏ་ཡ་ཞེས་བྱ་བ་ནི་ཤིན་ཏུ་སོལ་ཅིག་པའོ། །སྥུ་ཊ་སྥུ་ཊ་ཞེས་བྱ་བ་ནི་སྤོར་ཅིག་པའོ། །སྥོཊ་ཡ་སྥོཊ་ཡ་ཞེས་བྱ་བ་ནི་ཤིན་ཏུ་སྤོར་ཅིག་པའོ། །གྷཱུ་རྣ་གྷུརྣ་ཞེས་བྱ་བ་ནི་ཐར་པར་མཛོད་ཅིག་པའོ། །གྷུརྣཱ་པ་ཡ་གྷུ་རྣཱ་པ་ཡ་ཞེས་བྱ་བ་ནི་བ་སྲེག་ཏུ་མ་བཏུབ་པ་རྣམས་གཞན་དུ་ཤིན་ཏུ་འབྱེར་བར་མཛོད་ཅིག་པའོ། །ལན་གཉིས་སུ་བརྗོད་པ་ནི་ཤིན་ཏུ་ཡང་དོན་དུ་གཉེར་བར་བྱ་བ་ཡིན་པ་ནའོ། །ཡང་ན་གཅིག་གིས་ནི་གཙོ་བོ་ལ་བསྐུལ་བ་ཡིན་ལ་གཉིས་པས་ནི་འཁོར་དུ་གྱུར་པ་ལ་བསྐུལ་བའོ། །སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཁྱད་པར་ཅན་གྱིས་སེམས་ལ་གནས་པར་མཛོད་ཅིག་པའོ། །སཾ་བོ་དྷ་ཡ་སམ་བོ་དྷ་ཡ་ཞེས་བྱ་བ་ནི་ཤིན་ཏུ་གནས་པར་མཛོད་ཅིག་པའོ། །བྷྲ་མ་བྷྲ་མ་ཞེས་བྱ་བ་ནི་ཕྱུང་ཤིག་པའོ། །སམ་བྷྲ་མ་ཡ་སཾ་བྷྲ་མ་ཡ་ཞེས་བྱ་བ་ནི་ཤིན་ཏུ་ཕྱུང་ཤིག་པའོ།། སརྦ་བྷཱུ་ཏ་ནི། ཀུ་ཊ་ཀུ་ཊ་ཞེས་བྱ་བ་ནི་གནོད་པ་རྣམས་དུམ་བུར་མཛོད་ཅིག་པའོ། །སཾ་ཀུ་ཊ་ཡ་སཾ་ཀ་ཊ་ཡ་ཞེས་བྱ་བ་ནི་ཤིན་ཏུ་དུམ་བུར་མཛོད་ཅིག་པའོ། །སརྦ་ཤ་ཏྲཱུཾ་ནཱཾ་གྷ་ཏ་གྷ་ཏ་ཞེས་བྱ་བ་ནི་བརྩེ་བ་མེད་པ་རྣམས་གནས་གཞན་དུ་ཕྱིན་པར་མཛོད་ཅིག་པའོ། །སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ཞེས་བྱ་བ་ནི་ཤིན་ཏུ་ཕྱིན་པར་མཛོད་ཅིག་པའོ། །སརྦ་བིདྱཱཾ་བཛྲ་བཛྲ་ཞེས་བྱ་བ་ནི་ལས་དེ་དག་ཀྱང་རིག་པ་ཅན་ཁྱོད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེས་མཛོད་ཅིག་པའོ། །སྥོཊ་ཡ་བཛྲ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་གཏོར་ཅིག་པའོ། །ཀ་ཊ་བཛྲ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་བསད་པར་མཛོད་ཅིག་པའོ། །མ་ཊ་
བཛྲ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་དུམ་བུར་མཛོད་ཅིག་པའོ། །མ་ཐ་བཛྲ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཕུག་ཅིག་པའོ། །ཨཊྚ་ཧ་སནཱི་ལ་བཛྲ་བཛྲ་ཞེས་བྱ་བ་ནི་ཁྱོད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་ཕྱག་ན་བསྣམས་པས་དབྱུང་བ་དང་བཅད་པའི་ཕྲིན་ལས་མཛོད་ཅིག་པའོ། །སུ་བཛྲ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ལས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱིས་ལེགས་པར་མཛོད་ཅིག་པའོ། །འདི་སྐད་སྟོན་ཏེ་འགའ་ཞིག་གིས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་མདུན་དུ་བསམས་ཏེ། དེ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དམིགས་ནས་གསང་སྔགས་དེ་དག་བཟླས་ནས་གང་ལ་བྱ་བའི་ལས་སྣ་ཚོགས་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྐུལ་བ་བསྟན་ནས། ཡེ་ཤེས་བཞི་ལ་སྤྱིར་བསྐུལ་བ་བསྟན་པའི་ཕྱིར། ཧེ་ཕུལླུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧེ་ཕུལླུ། ནི་རུ་ཕུལླུ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལས་སྤྲུལ་པའི་ཁྲོ་བོ་རྣམས་ཀྱིས་སྡུག་བསྔལ་ཆེན་པོའི་རྒྱུ་རྣམས་གཅོད་ཅིག་པའོ། །གྲྀ་ཧཎ་ཀུ་ལུ་ཞེས་བྱ་བ་ནི་གཞོམ་པར་མཛོད་ཅིག་པའོ། །མི་ལི་ཙུ་ལུ། ཀུ་རུ་ཀུ་ལུ་ཞེས་བྱ་བ་ནི་དག་པར་མཛོད་ཅིག་པའོ། །བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ་།ཞེས་བྱ་བ་ནི་རྣམ་པར་རྒྱལ་བའི་ཡེ་ཤེས་ཀྱི་རྡོ་རྗེས་ཞི་བར་མཛོད་ཅིག་པའོ། །ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཕུར་བུས་ཞི་བའི་ལས་མཛོད་ཅིག་པའོ། །ཀ་ཊ་ཀ་ཊ་ཞེས་བྱ་བ་ནི་སྦ་བཀོད་པར་མཛོད་ཅིག་པའོ། །མ་ཊ་མ་ཊ་ཞེས་བྱ་བ་ནི་འགྲོ་བ་རྣམས་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ལ་སྦྱོར་ཅིག་པའོ། །ར་ཊ་ར་ཊ་ཞེས་བྱ་བ་ནི་སྡུག་བསྔལ་རྣམས་མི་འཕེལ་བར་མཛོད་ཅིག་པའོ། །མོཊ་ཎ་པྲ་མོ་ཊ་ཎཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་རྣམས་ལས་བསྒྲལ་པར་མཛོད་ཅིག་པའོ། །ཙ་ར་ཎི་ཙ་ར་ཞེས་བྱ་བ་ནི་དཔལ་ཕུན་སུམ་ཚོགས་པ་ལ་སྦྱོར་ཅིག་པའོ། །ཧ་ར་ཧ་ར་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པ་རྣམས་ཕྲོགས་ཤིག་པའོ། །ས་ར་ས་ར་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའི་བློ་སྐྱེད་ཅིག་པའོ། །མཱ་ར་ཡ་ཞེས་བྱ་བ་ནི་མདོར་ན་ཡེ་ཤེས་བཞིའི་རང་བཞིན་གྱིས་བར་དུ་གཅོད་
པ་རྣམས་ཞི་བར་མཛོད་ཅིག་པའོ། །འདི་སྐད་སྟོན་ཏེ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་བཞི་ལ་དམིགས་ནས་བཟླས་བརྗོད་ལ་སོགས་པ་བྱས་པས་དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐུགས་ཀྱི་རང་བཞིན་ཡེ་ཤེས་ལ་བསྐུལ་བ་བསྟན་ནས། ཁོར་བོ་རྣམས་ཀྱི་སྐུའི་རང་བཞིན་ལ་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། བཛྲ་བི་དཱ་ར་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཛྲ་བི་དཱ་ར་སྭཱ་ཧཱ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུའི་རང་བཞིན་གྱིས་སེམས་ཅན་རྣམས་ཀྱི་བག་ཆགས་ངན་པའི་དྲི་མ་རྣམས་ཞི་ཞིང་མེད་པར་མཛོད་ཅིག་ཅེས་བསྐུལ་བའོ། །ཙྪིནྡ་ཙྪིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་མཐར་ཕྱིན་པར་མཛོད་ཅིག་པའོ། །བྷིནྡ་བྷིནྡ་ཞེས་བྱ་བ་ནི་ཕྱེ་མར་རློགས་ཤིག་པའོ། །མཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཁྱེད་ཀྱི་སྐུའི་ཕུར་བུ་ཆེན་པོས་ཉོན་མོངས་པ་ལ་སོགས་པ་རྣམས་ཞི་བར་མཛོད་ཅིག་པའོ།། བནྡྷ་བནྡྷ་ཞེས་བྱ་བ་ནི་མ་རུངས་པ་རྣམས་ཆིངས་ཤིག་པའོ། །ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཁྲོས་ཤིང་འཁྲུགས་པའི་ཕུར་བུས་ལས་ངན་པ་རྣམས་མེད་པར་མཛོད་ཅིག་པའོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་ལ་དམིགས་ནས་བསྐུལ་བ་བྱས་ན་སྔ་མ་ལྟར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཁོར་གྱི་སྐུའི་རང་བཞིན་ལ་བསྐུལ་བ་བསྟན་ནས་ཁྲོ་བོ་བཞིའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་པར་བྱ་བའི་ཕྱིར་ཙུ་རུ་ཙུ་རུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཙུ་རུ་ཙུ་རུ་ཙཎྜ་ཀཱ་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་རྡོ་རྗེ་གཏུམ་པོའི་ཕུར་བུས་བགེགས་རྣམས་ཞི་བར་མཛོད་ཅིག་པའོ། །ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་ཀཱི་ལི་ཀཱི་ལ་ཡའི་ཕུར་བུས་བགེགས་རྣམས་སྐྲག་པར་མཛོད་ཅིག་པའོ། །ཧ་ར་ཧ་ར་བཛྲ་བི་དཱ་རཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་རྡོ་རྗེ་བེ་ཅོན་གྱི་ཕུར་བུས་བགེགས་རྣམས་འདར་བར་མཛོད་ཅིག་པའོ། །པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷ་ཉྫ་ནཱ་ཡེ་སྭཱ་ཧཱ་ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་རྡོ་རྗེ་ཐོ་བའི་ཕུར་བུས་བགེགས་རྣམས་མེད་པར་མཛོད་ཅིག་པའོ། །འདི་སྐད་སྟོན་ཏེ་བསྙེན་པ་ལ་སོགས་པ་བྱེད་པའི་དུས་སུ་གཟུངས་རྫོགས་པར་བཟླས་པར་མི་ནུས་ན་ཁྲོ་བོ་
བཞིའི་སྙིང་པོའི་བཟླས་པར་བྱ་བ་ནི་འདི་དག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ནས། དེ་དག་གསུང་གི་སྒོ་ནས་བསྐུལ་བ་བསྟན་པའི་ཕྱིར། མ་ཏི་སྠི་ར་བཛྲ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཏི་སྠི་ར་བཛྲ་ཞེས་བྱ་བ་ནི་བློ་གྲོས་ཕུལ་དུ་བྱུང་བ་རྣམས་ཀྱི་སེམས་རྡོ་རྗེ་ལྟར་བརྟན་ཞིང་མི་གཡོ་བར་མཛོད་ཅིག་པའོ། །སུ་ཏིསྠི་ར་བཛྲ་ཞེས་བྱ་བ་ནི་ལེགས་པར་བརྟན་པར་མཛོད་ཅིག་པའོ། །པྲ་ཏི་སྠི་ར་བཛྲ་ཞེས་བྱ་བ་ནི་རབ་ཏུ་བརྟན་པར་མཛོད་ཅིག་པའོ། །མ་ཧཱ་བཛྲ་ཞེས་བྱ་བ་ནི་ཆེན་པོ་རྣམས་ཀྱི་ཚུལ་དུ་བརྟན་པར་མཛོད་ཅིག་པའོ། །ཨ་པྲ་ཏི་ཧ་ཏ་བཛྲ་ཞེས་བྱ་བ་ནི་རབ་ཏུ་གཡོ་བ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པར་གསོལ་ཅིག་པའོ། །ཨ་མོ་གྷ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཆེན་པོའི་ཕྲིན་ལས་རྣམས་དོན་ཡོད་པར་མཛོད་ཅིག་པའོ། །ཨེ་ཧི་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེ་དང་ལྡན་པ་གདུལ་བྱའི་རྒྱུད་ལས་གཤེགས་ཤིག་པའོ། །ཤཱི་གྷྲཾ་བཛྲཱ་ཡ་ཞེས་བྱ་བ་ནི་བྱོན་ནས་ཀྱང་མྱུར་དུ་ཞི་བའི་ལས་གྲུབ་པར་མཛོད་ཅིག་པའོ། །དྷ་ར་དྷ་ར་ཞེས་བྱ་བ་ནི་འབྱུང་པོ་རྣམས་ཟུངས་ཤིག་པའོ། །དྷི་རི་དྷི་རི་ཞེས་བྱ་བ་ནི་བཟུང་ཟིན་པ་རྣམས་ཐོགས་ཤིག་པའོ། །དྷུ་རུ་དྷུ་རུ་ཞེས་བྱ་བ་ནི་བཏགས་པ་རྣམས་མི་འཆོར་བར་མཛོད་ཅིག་པའོ། །སརྦ་བཛྲ་ཀུ་ལཾ་ཨཱ་བརྟཱ་ཡ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་ཞི་བ་དང་ལྡན་པའི་བྱིན་གྱི་རླབས་མཛོད་ཅིག་པའོ། །ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་བྱ་བ་ནི་བར་དུ་གཅོད་པ་རྣམས་བཟློག་པ་དང་གཞོམ་པའི་ལས་མཛོད་ཅིག་པའོ། །འདི་སྐད་སྟོན་ཏེ་དེ་དག་གི་གསུང་གི་རང་བཞིན་ལ་དམིགས་ནས་བསྒྲུབས་ན་ཡང་སྔ་མ་ལྟར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ལ་སྟོན་ཏོ། །དེ་ལྟར་གསུང་གི་སྒོ་ནས་བསྒྲུབ་པ་བསྟན་ནས་སྐུ་དང་གསུང་དང་ཐུགས་ལ་སྤྱིར་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། ན་མཿ་ས་མནྟ་བཛྲ་ཎཱཾ་ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་གྱིས་བདག་ཀུན་ནས་ཕྱག་འཚལ་བའི་གནས་སུ་མཛོད་ཅིག་པའོ། །སརྦ་བཱ་ལེ་ཨཱ་བ་རྟཱ་ཡ་མ་ཧཱ་བ་ལེ་ཞེས་བྱ་བ་ནི་སྟོབས་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་བསྟོད་ཅིང་དགྱེས་པའི་གནས་སུ་མཛོད་ཅིག་པའོ། །ཀ་ཏ་བེ་ཏ་ཏ་ལེ་ཨ་ཙ་ལེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཆེ་བ་ཆེན་པོས་བགེགས་རྣམས་ལ་
ཐོབ་ལ་མི་གཡོ་བར་མཛོད་ཅིག་པའོ། །མཎྜལ་ལ་མ་ཡེ། ཨ་ཏི་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་མཆོག་དང་ལྡན་པ་རྣམས་ཀྱིས་དཀྱིལ་འཁོར་སྐྱོང་བ་རྣམས་བདག་ལ་འགོ་བར་མཛོད་ཅིག་པའོ། །མ་ཧཱ་བ་ལེ་བེ་ག་ར་ཎ་ཞེས་བྱ་བ་ནི་སྟོབས་ཆེན་པོ་དང་བཅས་པ་རྣམས་ཀྱིས་བར་ཆོད་རྣམས་མྱུར་དུ་མེད་པར་མཛོད་ཅིག་པའོ། །ཨ་ཛི་ཏེ་ཛྭ་ལ་ཛྭ་ཞེས་བྱ་བ་ནི་ཡེ་ཤེས་ཆེན་པོའི་མེ་འབར་བར་མཛོད་ཅིག་པའོ། །ཏི་ཊི་ཏི་ཊི་པིཾ་ག་ལེ་ཞེས་བྱ་བ་ནི་རབ་ཏུ་འབར་བར་བསྡུས་པས་གནོད་པ་རྣམས་ལས་སྲུངས་ཤིག་པའོ། །ད་ཧ་ད་ཧ་ཏེ་ཛོ་བ་ཏི་ཞེས་བྱ་བ་ནི་གཟི་བརྗིད་ལྡན་པའི་མེས་བསྲེག་པར་མཛོད་ཅིག་པའོ། །ཏི་ལི་ཏི་ལི་ཞེས་བྱ་བ་ནི་བཅད་པར་མཛོད་ཅིག་པའོ། །བནྡྷ་བནྡྷ་ཞེས་བྱ་བ་ནི་སྲེགས་ཤིག་པའོ། །མ་ཧཱ་པཱ་ལེ་བཛྲ་ཨཾ་ཀུ་ཤ་ཛྭཱ་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེའི་ལུས་འབར་བ་དང་ལྡན་པའི་སྟོབས་ཆེན་པོས་བགེགས་རྣམས་ཞི་ཞིང་མེད་པར་མཛོད་ཅིག་པའོ། །འདི་སྐད་སྟོན་ཏེ། ཁྲོ་བོ་རྣམས་ཀྱི་སྐུ་གསུང་ཐུགས་ལ་སྤྱིར་དམིགས་ནས་བཟླས་པར་བྱས་ན་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ལ་སྦྱོར་ཞིང་བསྐུལ་བ་བསྟན་ནས། བཅོམ་ལྡན་འདས་ཀྱི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ནི་སྔར་བཤད་པ་ལྟ་བུའོ། །ཨོཾ་ཞེས་བྱ་བ་ནི་རབ་ཏུ་བསྔགས་པའི་དོན་ཏེ། བཀྲ་ཤིས་པའི་དོན་ཏོ། །ཧ་ར་ཧ་ར་བཛྲ་ཞེས་བྱ་བ་ནི་གདུག་པ་ཅན་རྣམས་ཀྱི་སྲོག་ཡེ་ཤེས་ཀྱི་རྡོ་རྗེས་སྲོགས་ཤིག་པའོ། །མ་ཐ་མ་ཐ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་དེ་དག་ལ་བརྡེག་པར་མཛོད་ཅིག་པའོ། །ད་ཧ་ད་ཧ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་སྲེགས་ཤིག་པའོ། །པ་ཙ་པ་ཙ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེ་ས་དེ་དག་ཆོམས་ཤིག་པའོ། །དྷ་ར་དྷ་ར་བཛྲ་ཞེས་བྱ་བ་ནི་གནོད་པ་ཅན་འབྲོས་པ་རྣམས་ཟུངས་ཤིག་པའོ། །དྷཱ་ར་ཡ་དྷཱ་ར་ཡ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཅན་ཁྱེད་ཀྱི་འཁོར་རྣམས་ཀྱང་འཛིན་དུ་ཆུག་ཅིག་པའོ། །དཱ་རུ་ཎ་དཱ་རུ་ཎ་བཛྲ་ཞེས་བྱ་བ་ནི་དྲག་ཏུ་ཟུང་ཞིག་པའོ། །ཚིནད་ཚིནད་བཛྲ་ཞེས་བྱ་བ་ནི་བཟུང་འཛིན་པ་རྣམས་རྡོ་རྗེས་ཆོད་ཅིག་པའོ། །བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་
གྱི་ཐུགས་ཀྱིས་ཁོས་ཤིག་པའོ། །འདི་སྐད་སྟོན་ཏེ་བསྙེན་པ་ལ་སོགས་པ་བྱེད་པའི་དུས་སུ་བཅོམ་ལྡན་འདས་ལ་དམིགས་ནས་བཟླས་པ་བྱས་ན་སྔ་མ་ལྟར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དབུས་ཀྱི་གཙོ་བོའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ནས། ཉེ་བའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་པའི་ཕྱིར། ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཕྱིར་རྡོ་རྗེ་ཁྲོ་བོ་དྲག་པོ་ལ་ཕྱག་འཚལ་ལོ་ཞེས་བྱ་བའོ། །ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་བགེགས་སུ་གྱུར་པ་རྣམས་བདག་གི་མདུན་དུ་དྲག་ཏུ་ཁུག་ཅིག་པའོ། །ཏིཥྛ་ཏིཥྛ་ཞེས་བྱ་བ་ནི་དྲངས་པ་རྣམས་བདག་གི་མདུན་དུ་གནས་པར་མཛོད་ཅིག་པའོ། །བནྡྷ་བནྡྷ་ཞེས་བྱ་བ་ནི་གནས་པ་རྣམས་ཆིངས་ཤིག་པའོ། །ཧ་ན་ཧ་ན་ཞེས་བྱ་བ་ནི་བཅིངས་པ་རྣམས་ལ་རྡེགས་ཤིག་པའོ། །ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ལས་དེ་དག་ཐམས་ཅད་ཀྱང་མཐར་ཕྱིན་ཅིང་ཕྱིར་མི་ལྡོག་པའི་ས་ལ་བཞག་ནས་འཆི་བ་མེད་པའི་གནས་ལ་སྦྱོར་བར་མཛོད་ཅིག་པའོ། །འདི་སྐད་སྟོན་ཏེ། སྒྲུབ་པ་འདི་ལ་གནས་པའི་རྣལ་འབྱོར་པས་ཀྱང་དད་པས་བཅོམ་ལྡན་འདས་ལ་དམིགས་ནས་ཉེ་བའི་སྙིང་པོ་འདི་བཟླས་ན། ཇི་ལྟར་བསམས་པ་དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་རང་གི་ཕྲིན་ལས་བསྐུལ་བ་བསྟན་ནས་དཀྱིལ་འཁོར་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་ཐམས་ཅད་ཅེས་བྱ་བ་ནི་མཚམས་མེད་པ་ལྔ་པོ་ལ་སོགས་པ་ངན་སོང་དུ་སྐྱེ་བར་འགྱུར་བའི་རྒྱུ་དང་རྐྱེན་རྣམ་པ་གཉིས་སོ། །བྱང་བྱས་ནས་ཞེས་བྱ་བ་ནི་དེ་དག་སྤངས་ཤིང་དག་པར་བྱས་པའི་འོག་ཏུའོ། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་བྱ་བ་ནི་དེ་དག་གི་འབྲས་བུར་གྱུར་པ་སྡུག་བསྔལ་གསུམ་ལ་སོགས་པ་མེད་པར་འགྱུར་བའོ། །འདི་སྐད་སྟོན་ཏེ་སྡིག་པ་སྤོང་བའི་གཞིའི་རྒྱུ་ནི་རྣམ་པ་གཉིས་ཏེ། ལྟ་བ་རྣམ་པར་དག་པ་དང༌། སྤྱོད་པ་རྣམ་པར་དག་པའོ། །དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་འདོད་པ་ཡང་དག་པ་ནི་བཏགས་པ་ཁོ་ན་ཡིན་
ཏེ། ཚད་མ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རོ། །ནང་གི་ཡིན་པར་སྨྲ་བ་རྣམས་ཀྱི་ལྟར་ན། ཡང་ན་འཐད་པ་མ་ཡིན་ཏེ་ཕུལ་དུ་བྱུང་བའི་སྒྲུབ་པར་བྱེད་པ་མེད་པས་སོ། །འོ་ན་གང་ཞེ་ན། ཁྱད་པར་དུ་འཕགས་པའི་ལམ་དབུ་མའི་གཞུང་ཁོ་ན་ལ་གནས་པ་ཡིན་ཏེ། བདེན་པ་གཉིས་ཀྱི་ཚུལ་ལས་མ་འདས་ཤིང་མི་འགལ་བར་གནས་པའི་ཕྱིར་རོ། །ཅི་དེ་ཁོ་ནར་ཟད་དམ་ཞེ་ན་རྒྱས་པར་ནི་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའི། ཁོ་བོ་ལྟ་བུ་ལ་ནི་དོན་ཟབ་པ་དག་སྟོན་པའི་ནུས་པ་ཡོད་རེ་སྐན། དེ་ཡང་འགལ་བ་ཡིན་ནོ་ཞེ་ན་བདེན་ཏེ། དེ་དག་ནི་བླ་མའི་མན་ངག་གིས་བཤད་པ་ཡིན་ནོ། །དེ་ནི་ལྟ་བ་རྣམ་པར་དག་པ་ཡིན་ནོ། །འདི་ལྟར། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བཤད་པ་ལྟ་བུའོ། །སྤྱོད་པ་ནི་གསུམ་སྟེ། བདེན་པ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་པ་ཡིན་ནོ། །དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་གཞི་གསང་སྔགས་ཀྱི་སྤྱོད་པ་ཡིན་ཏེ། འདི་ལྟར། རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །ཞེས་རྒྱུད་ལས་གསུངས་པ་ཡིན་ནོ། །དེ་གསལ་བར་བསྟན་པར་བྱ་བའི་ཕྱིར། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྒྱུད་དོ་ཅོག་གི་ཞེས་བྱ་བ་ནི་ཐུབ་པ་ཆེན་པོའི་སྐུ་རྣམ་པ་གཉིས་བསྐུལ་ཏེ་བྱུང་པའོ། །དེ་སྟོན་པའི་གཞུང་ལས་ཀྱང་འདི་སྐད་ཅེས་བྱ་སྟེ་མ་ལུས་པའོ། །རྩ་པ་སྟེ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་སྟོན་པས་སོ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་མཐའ་དག་འབྱུང་ཞིང་སྐྱེ་བའི་གཞི་དང་གནས་སུ་གྱུར་པར་དཀྱིལ་འཁོར་ལ་སོགས་པ་སྟོན་པས་སོ། །འདི་སྐད་སྟོན་ཏེ།
ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ཏེ། །དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སློབ་དཔོན་དུ་དབང་བསྐུར་བ་ཐོབ་པའི་རྣལ་འབྱོར་པ་གཞན་དག་གིས་ལན་གཉིས་སམ་གསུམ་དུ་གསོལ་བ་བཏབ་བམ་མ་བཏབ་ཀྱང་རུང་བར་ཐུན་མོང་གི་རྒྱུད་དག་ལས་བྱུང་བའི་ཆོ་གས་བསྙེན་པ་དང་སའི་ཆོག་ལ་སོགས་པ་བྱ་སྟེ། འདི་ལྟར་རྒྱུད་ལས། །དེ་ནས་གཞན་ཡང་རྒྱུད་ཀུན་ལས། དཀྱིལ་འཁོར་ཇི་ལྟར་རྒྱས་བཤད་པའི། །ཆོ་ག་ལྷག་མ་ལུས་པ་དག །འདིར་ནི་ལྷག་པར་རབ་ཏུ་བཤད། །ཅེས་གསུངས་པ་དང༌། གཞན་ཡང༌། གང་དག་དུ་ནི་རང་ཉིད་ཀྱིས། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེར་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །ཞེས་བཤད་པས་ན་འགལ་བ་མེད་དོ། །དེ་ནས་རྒྱུད་ལས་གསུངས་པའི་སྟ་གོན་གྱི་ཆོ་ག་བྱ་སྟེ། དུས་མཚམས་དག་ལས་སྨྱུང་བྱས་ན། །ནུབ་གཅིག་གམ་ནི་ནུབ་གསུམ་དུ། །གཙང་ཞིང་གོས་དཀར་གཙང་བགོས་ཏེ། །ཟླ་བས་སྟ་གོན་གནས་པར་བྱ། །དུས་མཚམས་མིན་ཡང་དགོས་ཡོད་ན། །ཡར་གྱི་ངོ་ཡི་ཚེས་བཟང་ལ། །ཞི་བ་མཆོག་གི་གསང་སྔགས་ཀྱིས། །སྟ་གོན་གནས་པར་རབ་ཏུ་བྱ། །སྐྱུ་རུ་ར་སོགས་ཁྲུས་རྩི་དང༌། །དྲི་ཞིམ་སྤོས་ཀྱིས་ཁྲུས་བྱས་ཏེ། །ཉེ་རེག་བྱས་ཏེ་སྲོད་ལ་ནི། །གསང་སྔགས་སྤྱན་དྲངས་མཆོད་པ་བྱ། །དེ་ནས་ལྷག་པར་མངོན་བསྔགས་པའི། །མཆོད་ཡོན་ཆོ་ག་བཞིན་དུ་དབུལ། །དེ་ནས་ཙནྡན་དཀར་པོ་དང༌། །སྣ་མའི་མེ་ཏོག་ཁ་འབུས་དང༌། མ་ལི་ཏ་ཡི་ཕྲེང་བ་དང༌། །བདུག་པས་བདུག་པའི་མཆོད་པ་བྱ། །གཏོར་མ་མང་ཞིང་བཟང་བ་དག །ཞོ་དང་བཅས་ཤིང་དབུལ་བར་བྱ། །དེ་ནས་མར་གྱི་སྦྱིན་སྲེག་ནི། །ཚུལ་བཞིན་བརྒྱ་རྩ་བརྒྱད་བྱས་ཏེ། །གསང་སྔགས་ལས་དང་རྗེས་མཐུན་པར། །སརྫ་ར་ཡི་སྲེག་བླུགས་དབུལ། །བུ་མོས་བཀལ་པའི་སྲད་བུ་ལ། །མདུད་པ་བདུན་བོར་ལན་བདུན་བསྔགས། །དཔུང་པ་གཡོན་པ་ལ་བཅིངས་ནས། །ཀུ་ཤའི་ལོ་མ་བཏིང་པ་ལ། །དེ་ཉིད་ཀྱིས་ནི་གློས་ཕབ་སྟེ། །བཀའ་ལུང་གསོལ་བ་བཏབ་ནས་ནི། །རང་གི་ལྷ་ཡི་ཚུལ་འདྲ་བར། །སེམས་ཀྱིས་ལེགས་པར་བསམ་བྱས་ཏེ། །ཡིད་ལ་གསང་སྔགས་འདོན་
བཞིན་དུ། །ཀུ་ཤ་སར་པ་ཁྲེས་ཀྱི་སྔགས། །མེ་ཏོག་སྤོས་ཀྱིས་བཀླུབས་པ་ལ། །ཇི་ལྟར་བདེ་བར་ཉལ་བར་བྱ། །གལ་ཏེ་གཉིད་ལོག་རྨི་ལམ་ན། །བརྟན་པར་རྟོགས་པའི་ལྷ་མཐོང་ན། །སོ་སོར་རིག་པའི་གཟུངས་དག་གམ། །དཀོན་མཆོག་གསུམ་ལ་གཅིག་ཙམ་མམ། །དེ་དག་ལ་ནི་མཆོད་ལ་སོགས། །རྒྱལ་སྲས་རྫུ་འཕྲུལ་ཆེན་པོའམ། །འཁོར་ནི་རྣམ་པ་བཞི་རྣམས་སམ། །བདག་ཉིད་ཆོ་ག་སྤྱོད་པའམ། །ཡང་ན་གོས་ཀྱིས་སྤུད་པའམ། །མཐོང་ན་དངོས་གྲུབ་ཉེ་འགྱུར་བས། །སྒྲུབ་པ་པོ་ནི་ཤེས་པར་བྱ། །རི་དང་གླང་པོ་འབབ་ཆུ་དང༌། །རྒྱ་མཚོ་དང་ནི་འབྲས་བུའི་ཤིང༌། །ངང་མོ་ལ་སོགས་བྱ་རྣམས་དང༌། །སེང་གེ་ལ་སོགས་རི་དགས་ཚོགས། །ཁྱུ་མཆོག་བཀྲ་ཤིས་རྟ་ལ་སོགས། །བུ་མོ་བཟང་མོས་བརྒྱན་པ་དང༌། བུམ་པ་བཟང་པོས་བཀྲ་ཤིས་པ། །རྣམ་པ་སྣ་ཚོགས་གཡས་ཕྱོགས་ནའོ། །ནོར་དང་གོས་རྣམས་རྙེད་པ་དང། །དེ་ལ་སོགས་པ་རྣམ་དག་པའི། །རྨི་ལམ་བཟང་པོ་མཐོང་ན་ནི། བློ་ཅན་གྲུབ་པར་ཤེས་པར་བྱ། །ཞོ་དང་འབྲས་ཡོས་འོ་མ་མར། །མེ་ཏོག་འབྲས་བུའི་རྩ་བ་དང༌། །ཡང་ན་གྲུབ་པའི་རྫས་ཀྱང་རུང༌། །རྨི་ལམ་དག་ན་རྙེད་པ་དང༌། དེ་འདྲའི་རྣམ་པ་མཐོང་གྱུར་ན། །རིག་སྔགས་གྲུབ་པར་གསུངས་པས་ན། །དེས་ན་བློ་དང་ལྡན་པ་ཡིས། །བསྙེན་པ་སྒྲུབ་པའི་ལས་རྣམས་བརྩམ། །གལ་ཏེ་སྔགས་ཀྱིས་ནོར་བུའམ། །སྒྲུབ་པའི་རྫས་རྣམས་ཐོབ་ན་ནི། །དེ་ནས་བསྙེན་པའམ་སྒྲུབ་པ་ཡི། །ལས་རྣམས་མྱུར་དུ་བརྩམ་པར་བྱ། །གོས་དང་ཁྲུས་དང་རྒྱན་དག་གིས། །བདག་ཉིད་བརྒྱན་པར་མཐོང་ན་ནི། །དེ་ཚེ་བསྙེན་པའམ་སྒྲུབ་པ་ཡི། །ལས་རྣམས་རབ་ཏུ་བརྩམ་པར་བྱ། །རང་གི་རིག་སྔགས་ཚུལ་བཞིན་དུ། །མཆོད་པ་བྱས་ནས་རིགས་ཡུམ་གྱི། །སྣ་མའི་མེ་ཏོག་བརྒྱད་དག་དང༌། །རས་ཟུང་དག་གིས་མཆོད་པར་བྱ། །ཙནྡན་གྱི་ནི་བདུག་སྤོས་ཀྱིས། །ལན་བརྒྱ་ཉིད་དུ་བདུགས་ནས་ནི། །དེ་ནས་ལྷ་ཉིད་རྨི་ལམ་དུ། །ཅི་རིགས་པར་ནི་བཀའ་ལན་གསོལ། །ཨུ་ཤི་ར་ཡི་གཟུགས་བརྙན་བཞིན། །གྲོག་མཁར་ས་ཡི་སྣོད་དུ་གཞག །མཆོད་ཅིང་ཡོངས་སུ་ཚིམ་བྱས་ནས། །ལན་བརྒྱ་དག་ཏུ་མངོན་
བསྔགས་ཏེ། དེ་ནི་འོ་མའི་ནང་དུའམ། །ཡང་ན་སྦྲང་རྩིའི་ནང་དུ་གཞག །དུས་གསུམ་དག་ཏུ་ལེགས་མཆོད་ནས། །སྲོད་དུ་ཡང་ནི་གསོལ་བ་གདབ། །རྣམ་པ་འདི་དག་ཉིད་ཀྱིས་ཀྱང༌། །ཡོངས་སུ་དགྱེས་པ་བསྐྱེད་གྱུར་ན། །དེ་ལྟ་བྱའམ་མི་བྱ་བ། །ལྷ་ཉིད་བཀའ་ལན་གསོལ་བར་མཛད། །སྨྱུང་བྱས་འདོད་པའི་དུས་མཚམས་ལ། །རིག་སྔགས་ཆོ་ག་བཞིན་མཆོད་དེ། ཐ་ཆུངས་རྣམ་པ་བདུན་དག་དང༌། །ཤིང་གི་སྙིང་པོ་དམ་པ་ལྔས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་པའམ། །ཡང་ན་བཟླས་བརྗོད་གྲངས་དག་གིས། །བྱས་ན་རིག་སྔགས་ཉིད་ཀྱིས་ནི། །མྱུར་བ་ཉིད་དུ་བཀའ་སྩལ་ཏོ། །དེ་ལྟར་རིག་པ་སྟ་གོན་གནས། །དེས་ནི་མྱུར་དུ་འགྲུབ་པར་འགྱུར། །སྟ་གོན་གནས་པའི་ཆོ་ག་འདི། །རྒྱས་པར་རབ་ཏུ་གྲགས་པ་ཡིན། །འདི་དག་ནི་ཐུན་མོང་གི་ཆོ་ག་ཡིན་པས་ན་འདིར་བསྟན་པ་ལ་འགལ་བ་མེད་དོ། །སྟ་གོན་དུ་གནས་པའི་ཆོ་ག་གསང་བའི་རིམ་པར་ཕྱེ་བའོ། །དེ་ནས་ནང་པར་སྔར་ལངས་ནས་ཁྲུས་ལ་སོགས་པ་བྱས་ཏེ་དཀྱིལ་འཁོར་བྱུགས་ལ་ཐིག་གདབ་པར་བྱའོ། །དེ་ཡང་སྒོ་བཞི་དང༌། ཁ་ཁྱེར་དང༌། དྲ་བ་དང༌། དྲ་བ་ཕྱེད་པ་དང༌། ཉི་མ་དང༌། ཟླ་བ་དང༌། རྔ་ཡབ་ཤིན་ཏུ་མཛེས་པ་དང༌། ཕྱིའི་ཁོར་ཡུག་ལ་རྡོ་རྗེའི་ཕྲེང་བ་འབར་བ་ཆེན་པོ་དང་བཅས་པ་དང༌། ནང་གི་ཁྱམས་དང༌། རབ་ཆུང་དུ་དང༌། སྣ་ཚོགས་པདྨ་རྣམས་ཀྱི་ཐིག་གདབ་པོ། །དེ་ནས་ཚོན་རྩི་བྱིན་གྱིས་བརླབས་ལ། བྲི་བ་ནི་གཞལ་ཡས་ཁང་རིམ་པ་ལྔར་བྱས་ཏེ། ཕྱི་རོལ་ནས་བརྩམས་ནས་དཀར་པོ་དང༌། །དམར་པོ་དང༌། སེར་པོ་དང༌། ལྗང་གུ་དང༌། ནག་པོའི་ནང་དུ་སྟེ་གོ་རིམས་བཞིན་ནོ། །ཕྱོགས་ཀྱི་ཁ་དོག་གི་ངེས་པ་ཡང་འདི་ཉིད་ཡིན་ནོ། །དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བྲིའོ། །རྡོ་རྗེའི་ར་བ་ནི་ནག་པོའོ། །ཁྱམས་ཀྱི་ས་གཞི་ནི་དམར་པོའོ། །རིན་པོ་ཆེའི་ཕ་གུ་ནི་སེར་པོའོ། །མུ་ཏིག་ཧ་ར་ནི་ནག་པོའོ། །རྟ་བབས་ནི་ཁ་དོག་སྣ་ཚོགས་པའོ། །བཅུ་གཅིག་རྡོ་རྗེ་དཀར་པོའོ། །ཆོས་ཀྱི་འཁོར་ལོ་སེར་པོའོ། །རི་དགས་ནི་ནག་པོ་བྲིའོ། །པདྨའི་དབུས་སུ་གཙོ་བོའི་ཕྱག་མཚན་རྡོ་རྗེ་རྩེ་དགུ་བ་བྲི་བར་བྱའོ། །དབང་ལྡན་ནས་བཟུང་སྟེ་མཚམས་བཞེར་ནི་རྡོ་རྗེ་ཁ་གྱེས་པ་དང༌། རྡོ་རྗེ་
རྩེ་གཅིག་པ་དང༌། བེ་ཅོན་རྡོ་རྗེས་མཚན་པ་དང༌། རྡོ་རྗེ་ཐོབ་པ་རྣམས་གོ་རིམས་བཞིན་དུའོ། །ཁྱམས་ལ་ནི་བཀྲ་ཤིས་ཀྱི་ལྷ་མོ་རྣམས་དང་འཇིག་རྟེན་སྐྱོང་བ་རྣམས་ཀྱི་མཚན་མ་བྲིའོ། །དེ་ལྟར་བྲིས་ནས་བུམ་པ་ལ་སོགས་པའི་རྫས་རྣམས་བཀོད་ནས་ཁྲུས་བྱས་ཏེ་གནས་ལ་སོགས་པ་བསྐྱེད་དེ། ལྷ་རྣམས་ཇི་ལྟ་བ་བཞིན་སྤྱན་དྲངས་ནས་ཕྱག་རྒྱ་རྣམས་བསྟན་པར་བྱའོ། །དེ་ལ་དང་པོ་ནི་རིགས་ཀྱི་སྙིང་པོའི་ཕྱག་རྒྱའོ། །གཉིས་པ་ནི་ལྷ་སོ་སོའིའོ། །གསུམ་པ་ནི་རིགས་ཀྱི་ཡུམ་གྱིའོ། །བཞི་པ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱའོ། །དེ་ལ་རིགས་ཀྱི་སྙིང་པོའི་ཕྱག་རྒྱ་ནི་ལག་པ་ཕན་ཚུན་དུ་ཁུ་ཚུར་བཅངས་ཏེ། གཡས་པའི་མཐེ་བོང་བསྟན་པའོ། །སྔགས་ནི་བཛྲ་དྷྲྀ་ཀ་སྭཱཧཱ་ཞེས་བྱ་བའོ། །ལྷ་སོ་སོའི་ཕྱག་རྒྱ་ནི། རྡོ་རྗེ་རྣམ་པར་འཇོམས་པའི་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཅུག་སྟེ། ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་དབྱུང་བར་བྱས་ནས། གུང་མོ་གཉིས་པའི་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་ལ་བར་ནས་གང་ཙམ་གྱིས་མ་རེག་པར་བྱས་ཏེ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་གཞིབས་པའོ། །སྔགས་ནི་གོང་དུ་བསྟན་པའོ། །ཡང་ན་ཨོཾ་བཛྲ་ཛྭ་ལཱ་ཡ་སྭཱཧཱ་ཞེས་བྱའོ། །རྡོ་རྗེ་གཏུམ་པའི་ཕྱག་རྒྱ་ནི་ལག་པ་གཡོན་པའི་མཛུབ་མོ་གཉིས་ཀའི་ལོགས་སུ་གཞག་ལ་གཡས་པའི་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་པའོ། །སྔགས་ནི། ཨོཾ་ཙུ་རུ་ཙུ་རུ་ཙཎྜ་ལི། ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཞེས་བྱའོ། །རྡོ་རྗེ་ཀཱི་ལི་ཀཱི་ལཱ་ཡའི་ཕྱག་རྒྱ་ནི་ལག་པ་གཉིས་ཀྱི་ཁུ་ཚུར་བཅངས་ལ་ཅུང་ཟད་བསྣོལ་བའི་ཚུལ་དུ་བཅུག་སྟེ། མཐེ་བོང་གཉིས་གྱེན་དུ་གཤིབས་ནས་བསྒྲེང་བའོ། །སྔགས་ནི་ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ་ཞེས་བྱ་བའོ། །རྡོ་རྗེ་བེ་ཅོན་གྱི་ཕྱག་རྒྱ་ནི་ཕྱག་འཚལ་བའི་ཐལ་མོ་སྦྱར་བ་ལས་མཐེ་བོང་གཉིས་བསྒྲེངས་ཏེ། ཚིགས་བཀུག་ནས། སྲིན་ལག་གི་མདུན་དུ་གཟུགས་པར་བྱ་སྟེ། སྔགས་ནི་ཨོཾ་ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱཧཱ་ཞེས་བྱ་བའོ། །རྡོ་རྗེ་ཐོ་བའི་ཕྱག་རྒྱ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེ་བོང་གཉིས་བསྒྲེང༌། མཐེའུ་ཆུང་གཉིས་ནང་དུ་གཞུག་གོ །སྔགས་ནི་ཨོཾ་པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱཧཱ། ཞེས་བྱ་བའོ། །རྡོ་རྗེའི་རིགས་ཀྱི་
ཡུམ་གྱི་ཕྱག་རྒྱ་ནི་ཕྱག་འཚལ་བའི་ཐལ་མོ་ལས་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ལག་པའི་ནང་དུ་བཅུག་པའོ། །སྔགས་ནི་ཨོཾ་ཀུ་ལཾ་དྷ་རི་བནྡྷ་བནྡྷ་སྭཱཧཱ་ཞེས་བྱ་བའོ། །དམ་ཚིག་ཆེན་པོའི་ཕྱག་རྒྱ་ནི་སྲིན་ལག་གི་ཚིགས་བར་མ་མཐེ་བོས་མནན་མཐེའུ་ཆུང་དང་གུང་མོ་གཉིས་གཤིབས་ཏེ་བསྒྲེང༌། མཛུབ་མོ་གཉིས་གུང་མོའི་ཚིགས་གསུམ་པར་བཅུག་པའོ། །སྔགས་ནི་ཨོཾ་ཤཾ་ཀ་རེ་མ་ཧཱ་ས་མ་ཡེ་སྭཱཧཱ་ཞེས་བྱའོ། །དེ་ནས་འཇིག་རྟེན་སྐྱོང་བ་བཀུག་ནས་རང་རང་གི་ཕྱག་རྒྱ་བསྟན་ཏེ། ཐམས་ཅད་ལ་མཆོད་པ་ལ་སོགས་པ་བྱས་ནས་གཏོར་མ་སྦྱིན་ཏེ། སྦྱིན་སྲེག་བྱས་ལ། མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་རྣམས་ཀྱི་བཟླས་བརྗོད་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ། །དེ་ནས་རྒྱུད་ལས་གསུངས་པའི་རིགས་གཟུང་བའི་ཆོ་ག་བྱ་སྟེ། སློབ་མ་དཀྱིལ་འཁོར་ཕྱག་བྱས་ནས། ཁྱད་པར་དུ་ནི་ཡོན་ཕུལ་ཏེ། །བླ་མའི་ཁ་ནས་མངོན་སུམ་དུ། །རིག་སྔགས་ཡོངས་སུ་གཟུང་བར་བྱ། །སྙིམ་པ་མེ་ཏོག་གིས་བཀང་ནས། །གུས་ཤིང་རིམ་གྲོ་བསྐྱེད་བྱ་སྟེ། །བླ་མས་ཐོག་མར་ལན་གསུམ་བཟླས། །རང་གིས་ལན་གསུམ་བཟླས་ཏེ་མཆོད། །དེ་ནས་ཡི་གེ་མང་པོའི་སྔགས། །གི་ཝང་གིས་ནི་ཤོག་ཤོག་ལ། །ཇི་སྐད་བསྟན་པ་མངོན་བྲིས་ཏེ། །དེ་ནས་ཅི་བདེ་བ་ཁ་ཏོན་བསླབ། །བླ་མས་ཇི་ལྟར་མགུ་བ་ལས། །དུས་མཚམས་དག་གམ་ཚེས་གཞན་ལ། །རིག་སྔགས་དག་ནས་བྱིན་པ་དག །ཆོ་ག་བཞིན་དུ་གུས་པར་ནོད། །སློབ་མ་ལེགས་པར་མནོས་པ་དེ། །རིང་པོར་མི་ཐོགས་འགྲུབ་པར་འགྱུར།། མ་བསྙེན་པར་ཡང་དེ་ལ་ནི། །རྟག་ཏུ་དེ་ལ་ཉེ་བར་གནས། །ཡང་ན་གསེར་ལ་སོགས་པ་ཡི། །བུམ་པ་གསེར་ཞིང་གཙང་ལ་བཟང༌། །སྐྱོན་ཀུན་རྣམ་པར་ངེས་པ་ལ། །བཀྲ་ཤིས་ངོ་མཚར་དག་ཀྱང་བྱས། །དེ་ལ་སྤོས་ཆུ་འབའ་ཞིག་མེད། །ཁྱད་པར་དུ་ནི་བཤམས་བྱས་ནས། །གཙང་མར་བྱས་ཏེ་ནུབ་གཅིག་གམ། །ནུབ་གསུམ་དུ་ནི་སྨྱུང་བྱས་ཏེ། །སྲོག་ལ་རབ་ཏུ་བརྩམ་བྱ་སྟེ། །ཆོ་ག་འདི་དག་སྤྱད་པར་བྱ། །གསང་སྔགས་རིག་སྔགས་གདམས་པ་དག །གྲོ་ག་ལ་སོགས་ཤོག་ཤོག་ལ། །གི་ཝང་གིས་ནི་མཉམ་བྲིས་ཏེ། །ཤོག་ཤོག་རྣམས་ནི་ལྷན་ཅིག་
གཞུག །རིག་སྔགས་རྒྱལ་པོས་ལེགས་པར་ནི། །དྲི་དང་མེ་ཏོག་བདུག་མཆོག་སྟེ། །དེ་བཞིན་ལྷ་བཤོས་མར་མེ་དང༌། སྦྱིན་སྲེག་ལས་ཀྱིས་མཆོད་པར་བྱ། །དེ་ནི་ཆོ་ག་འདི་དག་གིས། །ནུབ་གཞན་སྟ་གོན་གནས་པ་ལ། །བདེན་པ་དང་ནི་དམ་ཚིག་གིས། །ཁྱད་པར་དུ་ནི་གསོལ་བ་གདབ། །ལན་བརྒྱར་བསྔགས་ནས་ཡང་དང་ཡང༌། །བདུག་སྤོས་ཀྱིས་ནི་རབ་བདུགས་ཏེ། །དྲི་ཞིམ་ཁྲུས་བྱས་གཙང་བྱས་ནས། །ཕྱག་བྱས་ཡིད་ལ་བསམས་ནས་སུ། །གསང་བྱེད་བཅས་པའི་ལག་པ་ཡིས། །དེ་ལས་གཅིག་ནི་དབྱུང་བར་བྱ། །དེ་ཤེས་ནས་ནི་ཕྱག་འཚལ་ཏེ། །གུས་པས་སྤྱི་བོའི་སྟེང་དུ་གཞག །ཤེས་རབ་ཅན་གྱིས་བསྔགས་ཏེ་སྒྲུབ། །དེ་ཉིད་དེ་ལས་མྱུར་དུ་སྒྲུབ། །ཤེས་རབ་ཅན་གྱིས་གཞན་མི་སྒྲུབ། །སྒྲུབ་ན་ཡང་ནི་འཆི་བར་འགྱུར། །གང་ཞིག་གྲུབ་ནས་བྱིན་པ་དང༌། །ཆོ་ག་བཞིན་དུ་དེ་མ་ནོས་ན། །སྒྲུབ་པ་པོ་ཡི་ལྷ་ཡིན་ཏེ། །དེ་ལ་དེ་ནི་འགྲུབ་པར་ཤེས། །རིག་སྔགས་ཡིད་ཀྱིས་གསོལ་བཏབ་ནས། །ལན་བརྒྱར་ཡོངས་སུ་བཟླས་བརྗོད་དེ། །འདིར་ནི་ཁྱེར་ཅིག་ཁྱེར་ཅིག་ཅེས། །མེ་ཏོག་དྲི་ཞིམ་དག་གིས་བརྒྱན། །བཅོམ་ལྡན་འདི་ལ་བསྙེན་པ་དང༌། །འདི་ལ་རབ་ཏུ་འགོ་བར་མཛོད། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛོད་ཅེས་བྱ། །སློབ་དཔོན་དང་ནི་སློབ་མ་ཡིས། །རིག་སྔགས་སྦྱིན་ཞིང་ཡོངས་བཟུང་བའི། །ཆོ་ག་འདི་ལྟར་བྱས་ནས་ནི། །ལྷ་ཉིད་རབ་ཏུ་འགྲུབ་པར་འགྱུར། །མཁས་པས་རིག་སྔགས་གྲུབ་པ་ཀུན། །གྲུབ་པ་ཉིད་དུ་ཤེས་པར་བྱ། །རྣམ་པ་དེ་ལྟའི་རྫས་དག་ཀྱང༌། །ཚུལ་བཞིན་ཐོབ་སྟེ་བསྙེན་མི་དགོས། །ཟློས་པ་གྲུབ་པ་པོ་དག་གིས། །རིག་སྔགས་ཚུལ་བཞིན་བཟླས་པ་ཡིས། །བསྙེན་པ་ཚད་བྱས་གང་ཡིན་པ། །དེ་ཡང་མ་བསྙེན་འགྲུབ་པར་འགྲུབ། །དངོས་གྲུབ་ཕྱིར་ནི་གསང་སྔགས་ཡིན། །མེ་ཏོག་འབྲས་བུ་རྩ་བ་དང༌། །རྡོ་གུ་གོས་དང་གསེར་དང་ཞོ། །འབྲས་དང་ནོར་བུ་བུ་མོ་དང༌། །མལ་ཆ་རྣམས་དང་ལྷམ་དག་དང༌། །རྒྱན་གྱི་རྣམ་པ་ཐམས་ཅད་དང༌། །སྒྲུབ་པའི་ཡོ་བྱད་རྣམས་དང་ནི། །གླང་པོ་བ་ལང་རྟ་ལ་སོགས། །བཀུར་སྟི་རྣམ་པ་དུ་མ་དང༌། །བདག་གི་བདོག་པ་ཐམས་ཅད་དབུལ། །གུས་པར་ཐལ་སྦྱར་ཕྱག་
འཚལ་ཏེ། །བདག་ཉིད་ཀྱང་ནི་དབུལ་བར་བྱ། །དེ་ལྟར་ཆོ་ག་ཤེས་པ་ཡིས། །རྣམ་པ་སྣ་ཚོགས་ཅི་རིགས་པར། །བླ་མ་ལ་ནི་ཡོན་དབུལ་ཏེ། དེ་ནས་གསང་སྔགས་ནོད་པར་བྱ། །རིག་སྔགས་ཡོངས་སུ་གཟུང་བའི་རིམ་པར་ཕྱེ་བའོ།། །།འདི་དག་ཀྱང་མཁས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་ཡིན་ནོ། །ཤིན་ཏུ་སྤྲོས་པས་ཆོག་གོ །ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱའོ། །དེ་ལྟར་བསྒྲུབས་པས་ཅིར་འགྱུར་ཞེ་ན། །ཚེ་འདི་དང་གཞན་དག་ལ་གནོད་པར་འགྱུར་བ་འདི་ལྟ་བུ་དག་ཡོད་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། སེམས་ཅན་དབང་པོ་ཉམས་པ་དང༌། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ནི་སྔར་བཤད་པར་ཟད་དོ། །དབང་པོ་ཉམས་པ་དང་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་ལ་སྐྱོན་བྱུང་བའོ། །ཚེ་ཟད་པ་དང་ཞེས་བྱ་བ་ནི་སྲོག་གི་དབང་པོ་གནས་པའི་རྒྱུན་ཆད་པའོ། །ཚེ་ཉམས་དང་ཞེས་བྱ་བ་ནི་དེ་ཉིད་ཉམས་དམས་པར་གྱུར་པའོ། །ཕུན་སུམ་ཚོགས་མིན་གང་ཆགས་དང༌། །ཞེས་བྱ་བ་ནི་བཀྲ་ཤིས་པ་མ་ཡིན་པའི་དངོས་པོ་རྣམས་ཉེ་བར་གནས་པའོ། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང༌། ཞེས་བྱ་བ་ནི་སྔོན་གྱི་དུས་ན་བདག་དང་གཞན་སྲུང་བའི་རྒྱལ་པོ་བཞི་ལ་སོགས་པ་རྣམས་བདག་ཅག་ལ་སྐྱབས་མི་བྱེད་པའོ། །མཛའ་སྡུག་སྐྱེ་བོ་སྡང་བ་དང༌། །ཞེས་བྱ་བ་ནི་བདག་གི་བུ་ལ་སོགས་པ་ཉེ་དུར་གྱུར་པ་མཛའ་ཞིང་ཡིད་གཅུགས་པ་རྣམས་ལ་རྒྱལ་པོ་ལ་སོགས་པས་འཚེ་ཞིང་གནོད་པའོ། །བྲམ་ཟེ་ལ་སོགས་གཙེས་པ་དང༌། ཞེས་བྱ་བ་ནི་འཁོར་དུ་གཏོགས་པའི་ཞོ་ཤས་འཚོ་བ་རྣམས་ལ་གཞན་དག་གིས་གཙེས་པར་གྱུར་པའོ། །ཕན་ཚུན་མཐུན་པ་མ་ཡིན་དང༌། །ཞེས་བྱ་བ་ནི་དེ་དག་ཕན་ཚུན་ཞེ་འགྲས་པའོ། །ནོར་འགྲིབ་པས་ནི་གནོད་པ་དང༌། །ཞེས་བྱ་བ་ནི་བདག་དང་གཞན་གྱི་བདོག་པ་རྣམས་ཉམས་པར་འགྱུར་བའོ། །མྱ་ངན་ལས་འདས་གནོད་པ་དང༌། ཞེས་བྱ་བ་ནི་མྱ་ངན་ཞེས་བྱ་བ་ནི་སེམས་མི་བདེ་བའོ། །ང་དང་ཞེས་བྱ་བ་ནི་དེ་ཉིད་ཀྱི་ལུས་རབ་ཏུ་སྡུག་བསྔལ་བར་གྱུར་པའོ། །གནོད་པ་དང་ཞེས་བྱ་བ་ནི་རྒྱུ་དེ་གཉིས་ཀྱིས་ཤ་ཟ་ལ་སོགས་པའི་གཟུགས་རྨི་ལམ་དུ་སྣང་བའོ། །འཇིགས་པ་དང་ནི་ཕོངས་པ་དང༌། ཞེས་བྱ་བ་ནི་འཇིགས་པ་ཞེས་བྱ་བ་ནི་རྒྱུ་མེད་པར་སྤུ་ཟིང་ཞེས་བྱེད་
པའོ། །ཡང་ན་རྒྱལ་པོའི་ཆད་པ་ལ་སོགས་པའོ། །ཕོངས་པ་ཞེས་བྱ་བ་ནི་ནོར་ཉམས་པའི་སྔ་ལྟས་བྱུང་བས་བདག་ཉིད་དོགས་པ་སྐྱེས་པའོ། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང༌། ཞེས་བྱ་བ་ལ། གཟའ་དང་ཞེས་བྱ་བ་ནི་ཉི་མ་ལ་སོགས་པའི་གནོད་པའོ། །རྒྱུ་སྐར་ཞེས་བྱ་བ་ནི་སྨིན་དྲུག་ལ་སོགས་པའི་གནོད་པའོ། ཁྱད་སྟེམས་ཞེས་བྱ་བ་ནི་དྲང་སྲོང་གི་དམོད་པ་ལ་སོགས་པའོ། །མི་བཟད་གདོན་གྱིས་ཉོན་པ་དང༌། ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པ་མཐུ་ཆེན་པོ་དང་ལྡན་པའི་མ་རུངས་པ་རྣམས་ཀྱིས་གཟུང་བའོ། །མྱ་ངན་ངལ་ལས་བྱུང་བ་ཡི། །ཞེས་བྱ་བ་ནི་ལུས་དང་སེམས་གདུངས་པར་གྱུར་པ་ལས་བྱུང་བའོ། །རྨི་ལམ་སྡིག་པ་མཐོང་ན་ཡང༌། ཞེས་བྱ་བ་ནི་ཐབས་འདིས་དེ་དག་རྣམས་སྤོང་བར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །འདི་སྐད་སྟོན་ཏེ་གོང་དུ་བཤད་པ་དང་འོག་ནས་འབྱུང་བའི་ཆོ་ག་རྣམས་ཚུལ་བཞིན་དུ་བསྒྲུབས་ན་འགྲོ་བ་རྣམས་ཀྱི་དབང་པོ་ཉམས་པར་གྱུར་པ་ལ་སོགས་པ་གནོད་པ་རྣམས་བྱུང་བར་གྱུར་ན་ཡང་ངེས་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕན་ཡོན་དེ་ལྟ་བུ་དག་དང་ལྡན་པར་སྟོན་པར་བྱེད་པའི་མདོ་འདི་ཐོག་མར་མཉན་དགོས་པ་ཡིན་ནམ་ཞེ་ན། དེ་ནི་དགོས་པ་ཁོ་བ་ཡིན་ཏེ། དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དེ་ལ་ཐོག་མ་ཉིད་དུ་མདོ་སྡེ་འདི་མཉན་པའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནི་རབ་བཀྲུས་གཙང་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པར་འདོད་པས་སོ། །རབ་བཀྲུས་གཙང་མ་ཡིན་ཞེས་བྱ་བ་ནི། གདོང་ལ་སོགས་པ་དག་པར་བྱས་ཏེ། སྤོས་ལ་སོགས་པ་དྲི་ཞིམ་པོས་བྱུགས་པའོ། །མདོ་སྡེ་དམ་པ་མཉན་པར་བྱ། ཞེས་བྱ་བ་ནི་ཕན་ཡོན་མཐའ་ཡས་པ་དང་ལྡན་པའི་གཟུངས་འདི་མཉན་ཞིང་བཀླག་པར་བྱའོ། །འདི་ལ་འགའ་ཞིག་འདི་སྙམ་དུ་སེམས་ཏེ་དཀྱིལ་འཁོར་དུ་མ་ཞུགས་པ་ལ་རྒྱུད་བཤད་པ་ནི་ཉེས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་འདི་གཞུང་ཙམ་བསྟན་པ་ལ་ནི་ཉེས་པ་མེད་པར་ཤེས་པར་བྱའོ། །དེ་ལྟ་ན་ཡང་སྐྱོན་ཡིན་ནོ་སྙམ་དུ་སེམས་ན་ཐམས་ཅད་ཡང་དེ་ལྟར་འགྱུར་རོ། །གཞན་དུ་ཡང་སྤྲོས་པས་
ཆོག་གོ །ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། གང་དག་ཡིད་དགེ་སེམས་དང་ཞིང༌། ཞེས་བྱ་བ་ལ་གང་དག་ཅེས་བྱ་བ་ནི་གང་ཡང་རུང་བའོ། །ཡིད་དགེ་ཞེས་བྱ་བ་ནི་འཚེ་བ་མེད་པའི་སེམས་དང་ལྡན་པའོ། །སེམས་དང་ཞིང་ཞེས་བྱ་བ་ནི་དད་པ་དང་ལྡན་པའོ། །ཡང་ན་སྔ་མ་ནི་དད་པ་གཉིས་དང་ལྡན་པ་ཡང་ཡིན་ལ་ཕྱི་མ་ནི་དང་པའི་དད་པ་དང་ལྡན་པ་ལ་བྱའོ། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། ཞེས་བྱ་བ་ནི་དུ་གུ་ལའི་རས་ལ་སོགས་པ་སྨད་པ་མ་ཡིན་པའི་གོས་བགོས་པའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། ཞེས་བྱ་བ་ལ་ཟབ་མོ་ཞེས་བྱ་བ་ནི་ཚིག་དང་དོན་གཞན་དག་གིས་རྟོགས་པར་མི་ནུས་པའོ། །སངས་རྒྱས་སྤྱོད་ཡུལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པའོ། །མདོ་སྡེ་འདི་ནི་ཉན་བྱེད་ན། ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་མདོ་སྡེ་འདི་ཉན་ཅིང་ཀློག་པར་བྱེད་ན་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ་གོང་དུ་བསྟན་པའི་མི་མཐུན་པའི་ཕྱོགས་རྣམས་སྤང་བར་འདོད་པའི་གང་ཟག་གིས་སྤྱོད་ལམ་འདི་ལྟ་བུ་དག་དང་ལྡན་པར་བྱ་སྟེ། གཟུངས་འདི་མཉན་པ་ལ་སོགས་པ་བྱ་བའི་དོན་ཏོ། །དེ་ལྟར་མཉན་པ་ལས་ཕན་ཡོན་ཅི་ཞིག་འགྱུར་ཞེ་ན། གཞན་དག་ཀྱང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཕྱིར། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཞེས་བྱ་བ་ལ་སོགས་པ། སྲོག་ཆགས་དག་ནི་ཐམས་ཅད་ཀྱི། ཞེས་བྱ་བ་གང་གི་ཆེད་དུ་བྱ་བ་ཐམས་ཅད་ཀྱིའོ། །མི་བཟད་པ་ཡི་ནད་རྣམས་ཀྱང༌། ཞེས་བྱ་བ་ནི་འབྲུམ་བུ་མེ་དཔལ་ནག་པོ་ལ་སོགས་པ་ཤིན་ཏུ་སྡུག་ཅིང་སྤང་བར་དཀའ་བའི་ནད་ཆེན་པོ་སྤོང་ངོ༌། །དེ་དག་ཐམས་ཅད་ཞི་བར་ལྟ། །ཞེས་བྱ་བ་ནི་དེ་ལྟ་བུ་དག་ཀྱང་ཟད་ཅིང་དེངས་པར་འགྱུར་བར་ཤེས་པར་བྱའོ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། ཞེས་བྱ་བ་ནི་ཚེ་འདི་ལའོ། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་བྱ་བ་ནི་ཚེ་རབས་གཞན་གྱིའོ། །འདི་བསྟན་ཏེ་མཉན་པ་ལས་ཀྱང་ཕན་ཡོན་འདི་ལྟ་བུ་དག་འབྱུང་ན་གཞན་དུ་དཀྱིལ་འཁོར་དུ་ཞུགས་ཤིང་སྒྲུབ་པ་བྱས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་པའོ། །དེ་ལྟར་མཉན་པའི་ཕན་ཡོན་བསྟན་ནས་སྒྲུབ་པའི་ཡན་ལག་གི་གཙོ་བོ་བུམ་པའི་ཆོ་ག་བསྟན་པའི་
ཕྱིར། ནོར་བུ་ཡུངས་ཀར་དཱུར་བ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནོར་བུ་ཞེས་བྱ་བ་ནི་ནོར་བུ་རིན་པོ་ཆེ་ལ་སོགས་པའོ། །ཡུངས་ཀར་ཞེས་བྱ་བ་ནི་རྒྱལ་པོའི་ཡུངས་ཀར་རོ། །དཱུར་བ་ཞེས་བྱ་བ་ནི་རྩྭའི་ཁྱད་པར་འགའ་ཞིག་གོ །རིན་ཆེན་རྨ་མེད་ཅེས་བྱ་བ་ནི་གས་པ་ལ་སོགས་པའི་སྐྱོན་མེད་པའི་རིན་ཆེན་སྣ་ལྔ་དག་གོ །ཙནྡན་བཅས་ཞེས་བྱ་བ་ནི་གོར་ཤིཪྵ་ལ་སོགས་པ་དྲི་ཞིམ་པོ་དག་དང་ལྡན་པའོ། །ཤེལ་དང་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཉེ་བར་མཚོན་པའོ། །རྡོ་རྗེ་མེ་ཏོག་དང་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་མེ་ཏོག་གོ །ཆུ་ཡིས་ཞེས་བྱ་བ་ལ་དགང་ཞེས་བྱ་བར་སྦྱར་རོ། །གསེར་རམ་ཞེས་བྱ་བ་ལ་བུམ་པ་ཞེས་བྱ་བ་ནི་ལྷག་མའོ། །ཡང་ན་ནི་ཞེས་བྱ་བ་ནི་རྣམ་གྲངས་གཞན་སྟོན་པའི་ཚིག་གོ །དངུལ་གྱི་བུམ་པ་དག་ཀྱང་རུང༌། །ཞེས་བྱ་བ་ནི་ཟངས་ལ་སོགས་པ་ལས་བྱས་པ་དག་ཀྱང་རུང་གསུང་ངོ༌། །གཙང་མའི་གོས་ཀྱིས་དཀྲིས་ཤིང་དགང༌། །ཞེས་བྱ་བ་ནི་བུམ་པའི་མགུལ་པར་རས་གཙང་མ་ཁ་ཚར་མ་ཉམས་པས་དཀྲི་བར་བྱའོ། །འདི་སྐད་སྟོན་ཏེ། གང་གི་དོན་དུ་བྱ་བ་དེ་ཉིད་ཀྱི་ནུས་པ་དང་སྦྱར་ནས་གསེར་ལ་སོགས་པའི་བུམ་པ་ལྟོ་བ་ཆེ་བ། མགྲིན་པ་མཐོ་བ་ཁ་གྱེད་པ། མཆུ་འཕྱང་བ་དག་པར་བཀྲུས་ལ་མགུལ་པ་རས་ཀྱིས་བཅིངས་ཏེ། འབྲས་བུ་དང་ལྡན་པའི་ཤིང་གིས་ཁ་བརྒྱན་པར་བྱའོ། །གསེར་ལ་སོགས་པ་རིན་པོ་ཆེ་སྣ་ལྔ་དང༌། འབྲས་སོ་བ་ལ་སོགས་པ་འབྲུ་སྣ་ལྔ་དང༌། བྱ་ཀྲྀ་ལ་སོགས་པ་སྨན་སྣ་ལྔ་དང༌། བུ་རམ་ལ་སོགས་པའི་སྙིང་པོ་ལྔ་དང༌། ཡང་དྲི་ཞིམ་པོའི་ཆུ་ལ་སོགས་པ་དང་བཅས་པ་བཅུག་ལ་ལུང་ཇི་ལྟ་བ་བཞིན་བསྙེན་པ་བྱས་ནས་སྔར་བཤད་པ་ལྟར་འགྱུར་རོ། །ཞེས་པའི་དོན་ཏོ། །ད་ནི་བཟླས་པའི་གྲངས་བསྟན་པའི་སྒོ་ནས་གང་ཞིག་ལ་ཁྲུས་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ནི་གོ་བར་སླའོ། །རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག །ཅེས་བྱ་བ་ནི་ཡན་ལག་གི་མཆོག་མགོ་ཡིན་པས་སོ། །ཡང་ན་རྒྱལ་པོ་ཉིད་ལ་བྱ་སྟེ་དེ་ཡང་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །འདི་སྐད་སྟོན་ཏེ་ཐོག་མར་བསྙེན་པ་ནས་བརྩམས་ཏེ། དཀྱིལ་
འཁོར་དུ་འཇུག་པའི་བར་དུ་གཟུངས་འདི་ཉིད་ཅི་ནུས་པར་བཀླགས་ཤིང་བཟླས་ནས་གཟོད་ཁྲུས་ཀྱི་ཆོ་ག་བྱའོ་ཞེས་པའི་དོན་ཏོ། །ད་ནི་ཅུང་ཟད་མདོའི་མཚན་གྱི་དོན་ལ་འཇུག་པར་བྱ་སྟེ། རྡོ་རྗེ་ཞེས་བྱ་བ་ལ་རྡོ་རྗེ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་ལྡན་པའི་ཡེ་ཤེས་སོ།། དེ་ལས་བྱུང་བ་རྣམས་ལ་ཡང་དེ་སྐད་ཅེས་བྱ་སྟེ། སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་གསུངས་པས་སོ། །རྣམ་པར་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཁྱད་པར་རྣམས་སོ། །དེ་དག་འཇོམས་པ་ནི་ཞི་ཞིང་རླག་པར་བྱེད་པའོ། །ཡང་ན་ཡེ་ཤེས་དེ་ཉིད་ཀྱིས་གཞན་རྣམ་པར་འཇོམས་པའོ། །གཟུངས་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱིས་བསྟེན་ཅིང་དྲན་པར་བྱ་བ་ཡིན་པས་ནའོ། །རྫོགས་སོ་ཞེས་བྱ་བ་ནི་མཐར་ཐུག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདིའི་མཚན་བསྟན་པས་དོན་རྟོགས་པར་ནུས་པའི་གང་ཟག་ལ་ངེས་པར་བསྟན་པའོ། །སྙན་ཅིང་འཇམ་པའི་ཚིག་དག་ཐོབ་པར་གྱུར་པ་ན། །འགྲོ་རྣམས་སེམས་ནི་རབ་ཏུ་དགའ་བར་འགྱུར་བ་ལྟར། །བདག་གིས་ལེགས་པར་སྦྱར་བའི་རྣམ་འགྲེལ་འདི་ཐོས་ན། །མཁས་པ་རྣམས་ཀྱི་ཡིད་ནི་ཤིན་ཏུ་དགའ་བར་གྱིས། །རྡོ་རྗེ་རྣམ་འཇོམས་གཟུངས་འདིའི་བཤད་པ་ནི། །རྡོ་རྗེ་སྒྲོན་མ་ཞེས་བྱ་སྦྱར་བ་ལས། །བདག་གིས་ཟླ་འདྲའི་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་བ་ཉོན་མོངས་ཉེར་ཞི་ཤོག །རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། གསང་སྔགས་མཐའ་དག་ལ་མངའ་བརྙེས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའོ།།