མཆོད་རྟེན་ལྔ་གདབ་པའི་ཆོ་ག།
མཆོད་རྟེན་ལྔ་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་མ་དང་འདྲའོ། །དེ་ལ་དཀྱིལ་འཁོར་གྱི་ཚད་ནི་སྟེགས་བུ་ཁྲུ་གང་གྲུ་བཞི་པ་འཕང་དུ་ཡང་ཁྲུ་གང་བ་ཞིག་བྱས་ལ། དེའི་གྲྭ་བཞིར་ཡང་དེ་དང་འདྲ་བ་རེ་རེ་བྱས་ལ། དབུས་ཀྱི་སྟེགས་བུ་གྲུ་བཞི་དང་མཐའ་མའི་སྟེགས་བུ་བཞིའི་གྲྭ་བཞི་དང་སྦྱར་བར་བྱ། དེ་ནས་སྟེགས་བུ་དབུ་མའི་དབུས་སུ་པདྨ་འདབ་མ་བཅུ་དྲུག་པའམ། །བཅུ་གཉིས་པ་ཅིག་བྲིས་ཏེ་གྲྭ་བཞིའི་སྟེགས་བུའི་དབུས་ཀྱི་པདྨ་འདབ་མ་གྲངས་བཅུ་དྲུག་པ་ཞིག་ན་ནི། པདྨ་འདབ་མ་བཅུ་གཉིས་པ་བྲི། དབུས་ཀྱི་བཅུ་གཉིས་པ་ཞིག་ན་ནི། མཐར་བརྒྱད་པ་བྲིས་ཏེ། དེའི་དབུས་སུ་མཆོད་རྟེན་གཞག །མཆོད་རྟེན་བཞག་པའི་གོ་རིམས་ནི། དང་པོ་དབུས་སུ་བཞག་ནས། མཐའ་མ་བཞི་ནི་ཤར་ནས་ལྷོར་བསྐོར་ཐབས་སུ་གཞག་གོ །ཡང་རྣམ་པ་གཞན་དུ་ན་དཀྱིལ་འཁོར་གྲྭ་མ་སྦྱར་བར་ཕྱོགས་བཞི་ངོས་ངོས་སྦྱར་ཏེ་བྱའོ། །གྲྭ་བཞིར་དཀྱིལ་འཁོར་གྱི་སྟེང་དུ་ལྷུང་བཟེད་རེ་རེ་སྤོས་ཆུས་བཀང་སྟེ། མཆོད་དོ། །མཆོད་རྟེན་ལྔ་གདབ་པའི་ཆོ་གའོ།།