བུང་བ་མྱོས་པའི་སྒྲུབ་ཐབས།
རིན་ཆེན་མྱུ་གུ།
རྒྱ་གར་སྐད་དུ། ཨ་ལི་མན་མ་ཐ་སཱ་དྷ་ནཾ། བོད་སྐད་དུ། བུང་བ་མྱོས་པའི་སྒྲུབ་ཐབས། བུང་བ་མྱོས་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཡིད་འོང་བདེ་མི་འགྱུར། །བསྟན་བཅོས་ལོངས་སྤྱོད་སྐུར་གྱུར་ལ། །ཕྱག་འཚལ་བུང་བ་ལུས་མེད་ཀྱི། །སྒྲུབ་ཐབས་བསྡུས་པ་བདག་གིས་བཤད། །དང་པོར་རེ་ཞིག་ཆུ་སྐྱེས་དམར་པོའི་ཟེའུ་འབྲུའི་གཟུགས་བརྙན་ལ་དཔལ་ཧེ་རུ་ཀའི་སྐུར་བདག་ཉིད་བསྐྱེད་ནས་རྣམ་པར་རྟོག་པ་ཙམ་གྱིས་ཁམས་གསུམ་པོ་ཀུན་ནས་བརྟག་པར་བྱའོ། །རང་གི་སྙིང་གར་ཤིན་ཏུ་དམར་བའི་ཨུཏྤ་ལ་ཆེན་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཨཱ་ལི་དང་ཀཱ་ལི་བསྡུས་པའི་གཟུགས་ལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྗེས་སུ་ཆགས་པའི་ཨཱཿཡིག་དང་ཧཱུཾ་ཡིག་ཡིད་ཀྱིས་མངོན་པར་བྲི་བར་བྱའོ། །དེ་ནས་ཨཱཿཡིག་དང་ཧཱུཾ་ཡིག་དེ་དག་ལས་ཤིན་ཏུ་དམར་ཞིང་མཛེས་པའི་འོད་ཟེར་གྱི་ཚོགས་འཕྲོས་ཏེ་དེ་བཞིན་དུ་ཡང་གུར་གུམ་རློན་པ་ལས་སྐྱེས་པའི་འོད་ཟེར་གྱི་གཟུགས་ཀྱི་ཚོགས་ཀྱིས་སྣོད་ཀྱི་འཇིག་རྟེན་རྣམ་པར་སྦྱངས་ཏེ། དེ་རྣམས་ཀྱི་ཡང་ལུས་ངག་ཡིད་རྣམས་ལྷན་ཅིག་ཏུ་བྱས་ནས་བཀུག་སྟེ། དེ་དག་ལ་དེ་བཞིན་དུ་ཨཱཿཡིག་དང་ཧཱུཾ་ཡིག་དག་ཐིག་ལེ་ལ་ཞུགས་ཏེ་དེ་ནས་
ཨཱཿཡིག་དང་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བ་འཁྲིགས་པའི་ཚོགས་རིན་པོ་ཆེ་ཀུ་རུ་བིནྡྷ་ལྟ་བུ་མཆོག་གི་སྙིང་རྗེས་སྤྲང་འཐུངས་པས་མྱོས་ཤིང་རྒྱུན་མི་འཆད་པར་གྲོལ་བ་ཧཱུཾ་ཞེས་རིང་དུ་སྒྲོགས་ཤིང་མཛེས་པའི་སྐུ་བདག་མེད་མ་དང་ཧེ་རུ་ཀའི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་དེ་བཞིན་དུ་སྙིང་གར་ལེ་བརྒན་དམར་པོས་ཁ་བསྒྱུར་བའི་ཆུའི་ཐིགས་པ་ལྟ་བུ་ཡུངས་ཀར་ཙམ་ཤིན་ཏུ་ཕྲ་བའི་ཨཱཿཡིག་དང་ཧཱུཾ་ཡིག་བལྟ་བར་བྱའོ། །དེའི་རྗེས་སུ་དེ་འཁྲིགས་པས་དབུགས་རླུང་གི་ལམ་ལ་ཞོན་ཏེ། སྣའི་བུ་ག་ནས་འཐོན་ནས་ཁམས་གསུམ་ན་གནས་པའི་སེམས་ཅན་གྱི་ལུས་དང་ངག་དང་ཡིད་རྣམ་པར་སྦྱངས་ཏེ་བཟུང་ནས་སླར་ཡང་དབུགས་རླུང་ལ་ཞོན་ཏེ། ཇི་ལྟ་བ་དེ་བཞིན་དུ་རང་གི་སྙིང་གའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་གཞུག་པར་བྱའོ། །གཞུག་པར་བྱ་བ་ལས་ཡང་བླངས་ནས་ལུས་དང་ངག་དང༌། ཡིད་རྣམས་ཀྱི་རང་གི་ལུས་ངག་དང་ཡིད་ཀྱིས་མཉམ་པ་ཉིད་དུ་གྲོལ་བར་བྱའོ། །དེ་བཞིན་དུ་ཡང་དང་ཡང་བསྒོམ་པར་བྱའོ། །ཇི་སྲིད་སྐད་ཅིག་གིས་རབ་ཏུ་གསལ་བའི་ངེས་པ་སྐྱེ་བར་འགྱུར་རོ། །ཕྱི་ནས་བསྒྲུབ་བྱའམ། བསྒྲུབ་བྱ་མོའི་སྙིང་གར་སྐད་ཅིག་གིས་ཆུ་སྐྱེས་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །བདག་ཉིད་ཀྱི་སྙིང་གའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལས་དེར་བུང་བ་འཁྲིགས་ཤིང་དབུགས་རླུང་ལ་ཞོན་ཏེ། སྣའི་བུག་ནས་འཐོན་ནས་བསྒྲུབ་བྱའི་སྣ་བུག་གང་ནས་རང་གི་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་སྙིང་གའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་ཞུགས་ཏེ། གཞུག་པར་བྱ་བ་དེའི་སྙིང་གའི་པདྨའི་སྐུའི་རང་བཞིན་ཟེའུ་འབྲུའི་བདག་ཉིད་གེ་སར་འཕྲོ་བར་བྱེད་པ། གསུང་གི་རང་བཞིན་སྦྲང་རྩི་འཐུང་བར་བྱེད་པ། ཐུགས་ཀྱི་རང་བཞིན་ཆུ་སྐྱེས་ཟ་བར་བྱེད་པའོ། །དེའི་རྗེས་སུ་སྒྲུབ་པ་པོའི་རང་གི་རླུང་གིས་བཀུག་ནས་བསྒྲུབ་བྱའི་སྣ་བུག་གཡས་ནས་འཐོན་ཏེ་བདག་གི་སྣ་བུག་ནས། སྙིང་གའི་ཨུཏྤ་ལ་ཆེན་པོའི་ཟེའུ་འབྲུ་ལ་ཞུགས་ནས་འདར་ཞིང་ལྷུང་ནས་སྐུའི་རང་བཞིན་གྱི་ཟེའུ་འབྲུ་སྤངས་ཏེ། གསུང་གི་རང་བཞིན་གྱི་སྦྲང་རྩི་ཐུགས་ཀྱི་རང་བཞིན་གྱི་པདྨ་ནས་སྐྱུགས་པར་བསམ་པར་བྱའོ། །སླར་ཡང་དེ་བཞིན་དུ་གྱུར་ཅིང་དེ་བཞིན་དུ་ཞུགས་ནས་དེ་བཞིན་ཉིད་དུ་བླངས་ཤིང་དེ་ཉིད་དུ་འོངས་ནས་ཤིན་ཏུ་སྐྱུགས་པར་བསམ་པར་བྱའོ། །
དེ་བཞིན་དུ་ཡང་དང་ཡང་དུ་ཇི་སྲིད་རྗེས་སུ་ཆགས་པར་མ་གྱུར་གྱི་བར་དུ་བལྟ་བར་བྱའོ། །རྗེས་སུ་ཆགས་པར་མཐོང་ནས་བརྗོད་པར་བྱ་བ་ཁོང་དུ་ཆུད་པར་བྱའོ། །ཁོང་དུ་ཆུད་པ་ལས་ཡང་ཇི་ལྟར་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ། །འདིར་ཡང་འདི་བསྒོམས་ནས་བུད་མེད་རྩེ་ཞིང་དགའ་བས་ཡིད་མྱོས་ཤིང་ལུས་གཡོ་བ་ཅན་སྒྲུབ་པ་པོའི་མིང་གིས་མཚན་པའི་ཚིག་རབ་ཏུ་སྦྱར་བས་དགའ་ཞིང་སྤྲོ་བར་བྱེད་པར་འགྱུར་རོ། །གལ་ཏེ་སྐྱོན་མཐོང་བ་ལས་མི་དགའ་ཞིང་དེའི་ཚེ་སྡུག་བསྔལ་ཆེན་པོ་ཉིད་དུ་ལྟུང་བར་འགྱུར་བས་དེའི་ཕྱིར་དང་པོར་དེ་བཞིན་དུ་དམ་པ་མ་ཡིན་པ་དང༌། ཕྱིན་ཅི་ལོག་གི་ཡུལ་སྤང་བར་བྱའོ། །སྤངས་ནས་ཡང་བསྒོམ་པ་ཞེས་བརྗོད་དོ། །བུང་བ་མྱོས་པའི་སྒྲུབ་ཐབས་ཀྱི། །ཆོ་ག་བསྒྲུབས་པའི་བསོད་ནམས་ནི། །གང་བསགས་དེ་ཡིས་སྐྱེ་བོ་རྣམས། །དཔལ་ལྡན་སྙིང་རྗེའི་སྟོབས་ལྡན་ཤོག །གང་ཞིག་བུད་མེད་སྒེག་མའི་སྙིང་ག་ཡི། །ཆང་གི་དགའ་བས་མྱོས་པར་བྱེད་པ་ལྟར། །རིན་ཆེན་མྱུ་གུས་ལེགས་པར་སྦྱར་བ་ཡིས། །བུང་བ་མྱོས་བྱེད་སྒྲུབ་ཐབས་དེ་ཡིས་སོ། །བུང་བ་མྱོས་པའི་སྒྲུབ་ཐབས་རྫོགས་སོ།།