རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་ག་ཞིབ་མོ།
རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུཏྤཱ་ད་ཧྲྀ་ད་ཡ་ཀལྤཾ། བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་ག་ཞིབ་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལ། །ཆོས་གང་རྒྱུས་འབྱུང་དེ་དག་གི །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཚིགས་བཅད་འདི་ཡི་ཆོ་ག་ནི། །སེམས་ཅན་རྣམས་ལ་ཕན་བྱེད་པ། །ལས་ཀུན་འགྲུབ་པར་བྱ་བའི་ཕྱིར། །ཆོ་ག་བཞིན་དུ་བཤད་པར་བྱ། །དེ་ལ་རེ་ཞིག་སྒྲུབ་པ་པོའི་སྐྱེས་བུས་དང་པོར་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བ་ཆེན་པོས་བསྐྱེད་པར་བྱའོ། །འདི་སྙམ་དུ་ཡང་སེམས་བསྐྱེད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདིས་སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པའི་སྒོ་ནས་འཇུག་པ་དང༌། ལྡོག་པ་གསུངས་ཏེ་འདི་ལྟར་ལས་དང་ཉོན་མོངས་པ་ཡོད་ན་ནི་སེམས་ཅན་རྣམས་འཁོར་བར་འཇུག་པར་འགྱུར་ལ། ལས་དང་ཉོན་མོངས་པ་མེད་ན་ནི་སེམས་ཅན་རྣམས་འཁོར་བ་ལས་ལྡོག་གོ་ཞེས་བྱ་བའི་བདེན་པའི་ཚིག་འདིས་བདག་གི་ཆོ་ག་ཞིབ་མོ་ཞིག་གྲུབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱའོ། ། དེའི་འོག་ཏུ ་འདི་སྐད་ཅེས་ཚིག་བརྗོད་པར་བྱའོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པར་བྱའོ། །རིམ་པ་འདིས་དེ་དག་གི་ལས་ཐམས་ཅད་ཚིགས་སུ་བཅད་པ་འདིའི་ཆོ་ག་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལྟ་བུ་ནི་ཆོ་ག་ཞིབ་མོ་དང་པོ་ཡིན་ནོ། །དེ་ནས་རང་གི་ལག་མཐིལ་ལམ་ལུས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་
མེའི་ཁམས་ལ་སྙོམས་པར་བཞུགས་པར་བསམ་པར་བྱ་སྟེ། དེ་ལྟ་བུ་ནི་ལྷ་རྗེས་སུ་དྲན་པའི་ཆོ་ག་ཡིན་ནོ། །ད་ནི་སྦྱོར་བ་བྲི་བར་བྱ་སྟེ། རིམས་ཀྱིས་བཏབ་པ་དང༌། ཀླད་པ་ན་བ་དང་མིག་ན་བ་ལ་སོགས་པ་ཇི་ལྟར་འདོད་པ་ཚིགས་སུ་བཅད་པ་འདིས་ལག་པ་གཡས་པའི་ཁུ་ཚུར་གྱིས་དབྱུང་བའི་ཚུལ་དུ་བྱབ་པར་བྱའོ། །རིམས་ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། རྟག་པ་དང༌། རིམས་མི་བཟད་པས་ཐེབས་པ་རྣམས་ལ་བུ་མོ་གཞོན་ནུས་བཀལ་པའི་སྐུད་པ་ལ་བཟླས་བརྗོད་བརྒྱ་བྱས་པ་གདགས་པར་བྱའོ། །དེ་བཞིན་དུ་རིམས་སེལ་བའི་བདུག་པའི་རི་ལུ་དག་ཇི་ལྟར་འདོད་པར་བཟླས་བརྗོད་བྱས་ནས་བདུག་པར་བྱའོ། །སྙིང་ནད་དང་རྩིབ་ལོགས་ན་བས་ཐེབས་པ་རྣམས་ལ་ཆུ་ལ་བཟླས་བརྗོད་བཅུའམ་བཅུ་གཉིས་བཟླས་ནས་བླུད་པར་བྱའོ། །ཡང་ན་ནད་དེ་ལ་ཕན་པའི་སྨན་དང་བཅས་ལ་བཟླས་བརྗོད་བྱས་ལ་བླུད་དོ། །གཡེན་པ་དང༌། རྔོ་དང༌། འབྲུམ་བུ་དང༌། ཕོལ་མིག་ལ་སོགས་པ་དང༌། རྨ་རེད་པ་ལ་གྲོག་ཚང་གི་ས་ལ་སྔ་མ་བཞིན་དུ་བཟླས་བརྗོད་བྱས་ནས་བསྐུ་བར་བྱའོ། །གཞང་འབྲུམ་མམ་ཕོ་མཚན་འབྲུམ་བུས་ཐེབས་པ་རྣམས་ལ་སྐྱེར་ཁཎྜའི་རི་ལུའམ་བྱང་ཆུབ་སེམས་དཔའི་རི་ལུ་ལ་བཟླས་བརྗོད་བྱས་ནས་བསྐུ་བར་བྱའོ། །མདོར་ན་ནད་ཀྱི་རྣམ་པ་གང་གིས་ཐེབས་པ་དེ་ལ་བདག་ཉིད་ཀྱིས་ཚབ་ཆེ་ཆུང་ཤེས་པར་བྱས་ལ་ཚིགས་སུ་བཅད་པ་འདིས་བཟླས་བརྗོད་མང་བའམ་ཉུང་དུ་ཉི་ཤུ་སུམ་ཅུ་བཟླས་པས་བྱུག་པའམ་བསྐུ་བར་བྱའོ། །འཁྲུ་བས་ཐབས་པ་རྣམས་ལ་སྨན་ཁུའམ་རི་ལུའི་རྫས་ཀྱི་རིགས་གཞན་ལ་བཟླས་བརྗོད་ལྔའམ་དྲུག་བཟླས་ནས་ཟར་གཞུག་སྟེ། དེ་ལྟ་བུའི་ནད་གསོ་བའི་ཆོ་ག་ཡིན་ནོ། །དེ་ནས་ལོ་ཏོག་ནས་དང༌། གྲོ་དང༌། འབྲས་དང༌། སྲན་མུངྒ་དང༌། མོན་སྲན་དྲེའུ་དང༌། རས་བལ་གྱི་ཤིང་དང༌། རྒུན་འབྲུམ་དང༌། ཨ་རུ་ར་ལ་སོགས་པ་ལ་ཟ་པའི་སྲིན་བུ་དང་སྦྱར་བ་དང༌། ཕྱེ་མ་ལེབ་དང༌། བྱི་བ་དང༌། ནེ་ཙེ་དང༌། རི་སྐེགས་ལ་སོགས་པ་ཁ་བཅིང་པའི་ཕྱིར་ཞིང་གི་ཁྱོན་ཤེས་པར་བྱས་ནས་བྱེ་མའམ་ཐལ་བ་བྲེ་གང་ངམ། དེ་ལས་ལྷག་ཙམ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ནས་ཞིང་ལ་གཏོང་བར་
བྱའོ། །དེ་ལྟ་བུ་ནི་ལོ་ཐོག་ལ་ཕན་པའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་ཧ་ཅང་ཆར་ཆེས་ན་བཅོམ་ལྡན་འདས་ལ་ཕུལ་བའི་མེ་ཏོག་དམན་མ་རེ་རེ་ལ་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱས་ནས། བླ་གབ་མེད་པའི་ཕྱོགས་སུ་བ་ལང་གི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་ཞིག་བྱས་ལ། དབུས་སུ་བུམ་པ་བཞག་ནས་སྟེང་དུ་ཁམ་ཕོར་གཞག་པར་བྱའོ། །ཁམ་ཕོར་གྱི་ནང་དུ་མེ་ཏོག་དམན་པ་བཟླས་བརྗོད་བྱས་པ་བསྲེགས་པས་འཆད་པར་འགྱུར་ཏེ། འདི་ནི་ཆར་བཅད་པའི་ཆོ་གའོ། །དེ་བཞིན་དུ་སེར་བ་བཟློག་པ་ལ་སེའུའི་ལྕུག་མའམ་ཉ་ཕྱིས་ལྕུག་མ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ནས་སྤྲིན་བཟློག་པར་བྱའོ། །ཡང་ན་ཡུངས་ཀར་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ནས་ཐུམ་པོར་བྱས་ཏེ། སེའུའི་ལྕུག་མའི་ཐོར་ཐོ་ལ་བཅིངས་ནས་བླ་གབ་མེད་པར་གཟུགས་ཏེ། དེ་ལྟ་བུ་ནི་སྤྲིན་བཟློག་པའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་འབྱུང་པོ་དང༌། ཤ་ཟ་དང༌། བརྗེད་བྱེད་ཀྱི་གདོན་གྱིས་ཟིན་པ་རྣམས་བུམ་པའམ་ཟངས་ཀྱི་རིལ་བར་ཡུངས་ཀར་ཡང་བླུགས། དྲིའི་རྫས་ག་པུར་དང༌། ཙནྡན་དང༌། གླ་རྩི་ལ་སོགས་པ་ཡང་བཅུ་གནས་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ཏེ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ། དྲི་གཙང་ཁང་ངམ། ས་ཕྱོགས་བདེ་བ་ཞིག་ཏུ་བཞག་ལ། ཕྱིས་ས་ཕྱོགས་གཞན་པར་བ་ལང་གི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། མེ་ཏོག་གིས་གཏོར་ལ་ཕྱོགས་བཞིར་བུམ་པ་གང་བ་བཞག་སྟེ། གུ་གུལ་གྱི་བདུགས་པས་བདུག་པར་བྱའོ། །དེ་ནས་བཀྲུ་བར་བྱ་བ་དེ་གོས་དཀར་པོ་བསྐོན་ནས་དཀྱིལ་འཁོར་གྱི་ནང་དུ་བཞག་ལ། བུམ་པར་ས་བོན་ཐམས་ཅད་དང་རིན་པོ་ཆེ་ཐམས་ཅད་བཅུག་ལ། རྗེ་བཙུན་སངས་རྒྱས་ལ་རེག་པར་བྱས་པའི་ཆུའི་རྒྱུན་གྱིས་བཀྲུས་ན། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ནད་འགོ་བ་ཐམས་ཅད་དང་འཚེ་བ་ཐམས་ཅད་ཐག་རིང་པོར་འགྱུར་རོ། །རིམ་པ་དེ་ལྟར་བྱས་ན་འབྱུང་པོའི་གདོན་དང༌། བརྗེད་བྱེད་དང༌། ཤ་ཟ་ལ་སོགས་པས་ཀྱང་གླགས་རྙེད་པར་མི་འགྱུར་ཏེ། དེ་ལྟ་བུ་ནི་བུམ་པའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་སྦྱོར་བ་གཞན་ཡང་བྱིས་པས་
འཇིགས་པ་རྣམས་ལ་གི་ཝང་ལ་བཟླས་བརྗོད་ལན་ཉི་ཤུ་རྩ་གཅིག་བྱས་པས། འཕགས་པ་སྟོབས་པོ་ཆེ་བྲིས་ལ་གཙང་སྤྲ་བྱས་ལ་མགུལ་བར་གདགས་སོ། །དེ་བཞིན་དུ་ཡུངས་ཀར་ལ་བཟླས་བརྗོད་བྱས་ནས་མགུལ་དུ་གདགས་སོ། །གུ་གུལ་གྱི་བདུག་པ་ལ་ཡང་དག་པར་བཟླས་བརྗོད་གཉིས་སམ་གསུམ་བྱས་ནས་བདུག་གོ །མཁའ་འགྲོ་མས་ཟིན་པ་ལ་ཡུངས་ཀར་དང་གུ་གུལ་གྱི་བདུག་པ་ལ་དེ་བཞིན་དུ་བཟླས་བརྗོད་བྱས་པས་བདུག་པར་བྱའོ། །ཡང་ན་སྐུད་པ་ལ་སྔ་མ་དེ་བཞིན་དུ་བཟླས་བརྗོད་བྱས་ནས་མགུལ་དུ་གདགས་ཏེ། དེ་ལྟ་བུ་ནི་བྱིས་པ་གསོ་བའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་བུད་མེད་དུ་ཐོགས་པ་ལ་ཆུ་ལ་བཟླས་བརྗོད་ལྔའམ་དྲུག་བྱས་ནས་བླུད་ན་ལེགས་པར་བཙའ་བར་འགྱུར་རོ། །དེ་བཞིན་དུ་བུད་མེད་མོ་གཤམ་ལ་རྗེ་བཙུན་སངས་རྒྱས་ཀྱི་སྐུ་བསིལ་བའི་ཆུ་ལ་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱས་ཏེ། ཁྲུས་བྱས་པས་ལུས་གཙང་མར་གྱུར་པ་ལ་བླུད་ན་བུ་ཚ་བྱུང་ཞིང་ཕན་པར་འགྱུར་ཏེ། དེ་ལྟ་བུ་ནི་རིགས་རྒྱུད་སྤེལ་བའི་ཆོ་ག་ཡིན་ནོ། །ལམ་དུ་ཞུགས་པ་རྣམས་ཀྱིས་སྐུད་པ་ལ་བཟླས་བརྗོད་ལན་བདུན་བྱས་ནས་རེ་རེ་བཞིན་མདུད་པ་དོར་བར་བྱའོ། །ཡང་ན་གོས་ཀྱི་མཐའ་ལ་ལན་གཉིས་སམ་གསུམ་བཟླས་བརྗོད་བྱས་ཏེ། མདུད་པ་བོར་ན་བདེ་བར་འགྲོ་བར་འགྱུར་ཏེ། དེ་ལྟ་བུ་ནི་ལམ་དུ་ཉེས་པ་མི་འབྱུང་བའི་ཆོ་ག་ཡིན་ནོ། །ཤུ་དག་ཚོན་གང་ཙམ་ལོ་གཅིག་གི་ཉི་མའི་གྲངས་དང་མཉམ་པ་བླངས་ནས་གྲངས་དེ་ཙམ་དུ་བཟླས་བརྗོད་བྱས་ལ། མར་ཡང་སྲང་དེ་ཙམ་ཞིག་ལ་བཟླས་བརྗོད་བྱས་ནས་བུམ་པ་གཅིག་ཏུ་བླུགས་ཏེ། བཀྲུས་ནས་ཉི་མ་རེ་རེ་ཞིང་ཤུ་དག་གི་དུམ་བུ་དང༌། མར་སྲང་གཅིག་ལ་བཟླས་བརྗོད་བྱས་ནས་ཟོས་ན་ཡིད་གཞུངས་པའི་མཆོག་ཏུ་འགྱུར་རོ། །དེ་བཞིན་དུ་བ་སེར་སྐྱའི་འོ་མ་དང་མར་དང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པའི་འོ་ཐུག་སྣ་མའི་མགོ་ལྕོགས་ཀྱིས་དཀྲུགས་ཏེ་ཟོས་ན་ཡིད་གཞུངས་པའི་མཆོག་ཏུ་འགྱུར་ཏེ། དེ་ལྟ་བུ་ནི་ཡིད་གཞུངས་པའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་མེ་ཏོག་དང༌། འབྲས་བུའམ། རྩྭའམ། ཤིང་ངམ་
འཇིམ་པ་ལག་པ་གཡས་པའི་ཆང་པར་བཅུག་ལ་ལན་ཉི་ཤུ་རྩ་གཅིག་ཆང་པར་བཅུག་པ་བྱིན་པ་དེ་དང་མཛའ་བར་འགྱུར་རོ། །དེ་ནི་མཛའ་བར་འགྱུར་བའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་བ་ལང་དང་རྟ་ལ་སོགས་པ་ཕྱུགས་འཆི་བར་ཉེ་བར་གནས་པའི་ཚེ་ཆུ་ཡུངས་ཀར་དང་བཅས་པ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་ཐུམ་པོ་གདགས་སོ། །དེ་བཞིན་དུ་མི་རྣམས་འཆི་བའི་གནོད་པ་འབྱུང་བ་ལ། ཡུངས་ཀར་ལ་དེ་བཞིན་དུ་བཟླས་བརྗོད་བྱས་པའི་ཐུམ་པོ་མགོ་སྐྱོབ་ཀྱི་ཐོག་ཏུ་གདགས་པར་བྱ་སྟེ། འདི་ལྟ་བུ་ནི་རེ་ཞིག་མི་ངས་དང་ཕྱུགས་ངས་གསོ་བའི་ཆོ་ག་ཡིན་ནོ། །རེ་ཞིག་ནེ་རྦན་རཀྵི་ཏ། བདག་གིས་རང་གི་བླ་མ་ལས་ཚིགས་སུ་བཅད་པ་མཐུ་བསམ་གྱིས་མི་ཁྱབ་པའི་སྦྱོར་བ་བརྒྱ་ཐོས་སོ། །དེ་ཡང་ཡུན་རིངས་པས་ཁ་ཅིག་ནི་བརྗོད་དེ། ཆེ་ལོང་ཀུན་བསྡུས་པ་ཡིན་ནོ། །འདི་ཐམས་ཅད་འགྲུབ་པ་ལ་ཐེ་ཚོམ་མི་བྱའོ། །ནངས་ན་ཡང་གང་ལ་ཡིད་ཆེས་པས་དད་པ་ཡོད་པ་དེ་ལ་ལྷག་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བར་ངེས་སོ། །བཟླས་བརྗོད་འབུམ་བྱས་ནས་དགོས་པ་ཅི་ཡང་མི་འགྲུབ་པ་མེད་དོ། །ཐོ་གར་ཡུལ་ནས་སྐྱེས་གྱུར་པ། །དགེ་སློང་ནེ་རྦན་རཀྵི་ཏས། །ཆོ་ག་བཟང་པོ་ཚུལ་བཞིན་དུ། །རབ་ཏུ་འབད་ནས་བཤད་པ་ཡིན། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་ག་ཞིབ་མོ། །མཁན་པོ་ནི་རྦན་རཀྵི་ཏས་མཛད་པ་རྫོགས་སོ།།