རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས།
རྒྱ་གར་སྐད་དུ། བཛྲ་སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །བྱི་རུ་ནོར་བུའི་འོད་ཅན་ཤིན་ཏུ་མཛེས། །དང་པོར་རྡོ་རྗེ་དབྱངས་ཅན་མ་ནི་ཞལ་གསུམ་མ། །པདྨ་རལ་གྲི་གྲི་གུག་འཁོར་ལོ་དཀར་པོ་དང༌། །པི་ཝང་རིན་ཆེན་ཚངས་པ་བསྣམས་ལ་མགོས་ཕྱག་འཚལ། །ཡིད་དང་མཐུན་པའི་དབེན་པའི་ས་ཕྱོགས་སུ་སྟན་བདེ་བའི་སྟེང་དུ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་དབྱངས་ཡིག་དང་པོ་ལས་བྱུང་བ་བསྒོམ་པར་བྱའོ། །དེའི་སྟེང་དུ་ངོཿཡིག་གི་ས་བོན་ལས་ནོར་བུ་པདྨ་རཱ་གའི་འོད་དང་མཚུངས་པའོ། །དེ་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་བསྐུལ་ཏེ་མདུན་དུ་གདན་དྲངས་ནས། དེ་ནས་རྡོ་རྗེ་མེ་ཏོག་མ་ལ་སོགས་པ་རྣམས་ཀྱི་སྔགས་ཀྱི་ཡིད་ཀྱི་རང་བཞིན་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། དེ་ནས་ཨོཾ་སྭ་ཧཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་ལན་བདུན་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་མདུན་དུ་པདྨ་དམར་པོ་ཁྲུ་བདུན་གྱི་ཚད་རྣམ་པར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཅུང་ཟད་དམར་བ་ཨཾ་ཡིག་ལས་བྱུང་བའོ། །དེའི་སྟེང་དུ་དོཿཡིག་ལས་བྱུང་བའི་ཆུ་སྐྱེས། སླར་ཡང་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་དེའི་སྟེང་དུ་དོཿཡིག་གོ །ཡང་དེ་ལས་བྱུང་བའི་འོད་ཟེར་གྱི་སྤྲིན་གྱིས་འགྲོ་བ་དྲུག་པོ་ཡང་དག་པར་བསྡུས་
ནས། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བཀོད་ནས་རྡོ་རྗེ་དབྱངས་ཅན་མའི་རྣམ་པས་དོཿཡིག་ལ་རབ་ཏུ་གཞུག་པར་བྱ་སྟེ། དེ་ནས་རང་ལ་གཞུག་པར་བྱའོ། །རང་ལ་ཞུགས་པ་ཙམ་གྱིས་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་པའི་ལྷ་མོ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། སྐྲ་དམར་སེར་གྱེན་དུ་བརྫེས་པ། ཟླ་བ་དམར་པོའི་སྟེང་ན་ཞབས་གཡོན་བརྐྱང་གིས་བཞུགས་པ་རྣམ་པར་བསྒོམ་པར་བྱའོ། །དེའི་ཞལ་དང་པོ་ནི་དམར་པོ། །གཡས་པ་ནི་དཀར་པོ། གཡོན་པ་ནག་པོའོ། །ཕྱག་གཡས་ཀྱི་དང་པོར་ཆུ་སྐྱེས་ཀྱི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིས་མཚན་པའོ། །གཉིས་པ་ན་རལ་གྲི། གསུམ་པ་ན་གྲི་གུག་གཡོན་གྱི་ཕྱག་དང་པོ་ན་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། གཉིས་པ་ན་པི་ཝང་རིན་པོ་ཆེ། གསུམ་པ་ན་ཚངས་པའི་མགོའོ། །ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་མཐར་ལྷ་མོ་བསྐྱེད་ནས། ས་བོན་ལས་དེ་བཞིན་དུ་ཡང་བཅོམ་ལྡན་འདས་མ་སྙིང་གར་བསྒོམ་པར་བྱའོ། །དེ་ནས་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གདན་དྲངས་ཏེ། མཆོད་པར་བྱའོ། །འཇུག་པར་འདོད་ན་དེ་ནས་སྔགས་བཟླས་པར་བྱའོ། །སྔགས་པས་ཡིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས། འབུམ་ཕྲག་གཉིས་བཟླས་ནས་དེ་ནས་བྱ་བ་རྩོམ་མོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ། མེ་དྷ་བརྡྷ་ནི། དྷི་རི་དྷི་རི་བུ་དྷི་བརྡྷ་ནི་སྭཱ་ཧཱ། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཟླ་བའི་སྣང་བ་ལ་ལེགས་པར་སྦྱར་བ་བརྩམ་པར་བྱའོ། །ཇི་སྲིད་ཟླ་བ་མ་ནུབ་ཀྱི་བར་དུ་སྟེ། ཇི་སྲིད་ཟླ་བ་ཡོངས་སུ་རྫོགས་པའི་ཉིན་པར་ཉ་ལ་ཟླ་བ་གང་བ་ཇི་སྲིད་པ་དེ་སྲིད་དུ་བཟླས་ཤིང་བསྒོམ་པར་བྱའོ། །དེ་ནས་སྔར་མ་ཐོས་པའི་བསྟན་བཅོས་ཀྱང་མངོན་དུ་བྱེད་པར་འགྱུར་རོ། །ཉི་མ་རེ་རེ་ཞིང་གཞུང་སྟོང་ཕྲག་རེ་འཛིན་པར་འགྱུར་རོ། །རྒོལ་བ་ཐམས་ཅད་འཇོམས་པར་བྱེད་དོ། །ལྷ་དང་མི་རྣམས་དགའ་བར་འགྱུར་རོ། །གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ཕྱུང་བ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།།