འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ།
ཙནྡྲགོམིན།
རྒྱ་གར་སྐད་དུ། ཨཱ་ཪྻ་ཨ་མོ་གྷ་པཱ་ཤ་པཉྩ་དེ་བསྟོ་ཏྲ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པ་ལྟ་ལྔའི་བསྟོད་པ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁའ་ལྟར་རང་བཞིན་རྣམ་པག་ལས། པཾ་ཡིག་ཨ་དཀར་ཡོངས་གྱུར་པའི། །པདྨ་དཀར་པོ་ཟླ་སྟེང་དུ། །ཧྲཱིཿ་ཡིག་དཀར་པོ་ལས་འཁྲུངས་ཤིང༌། །གཡས་བརྐྱང་རོལ་བའི་ཚུལ་གྱིས་བཞུགས། །གངས་རི་ལྟར་གསལ་ཀུནདའི་མདོག །གཡས་པ་མཆོག་གི་དོན་སྦྱིན་མཛད། །འཁོར་བའི་སྐྱོན་གྱིས་མ་གོས་པའི། །པདྨ་དཀར་པོ་གཡོན་ན་འཛིན། །འཛུམ་བཅས་ཞི་བའི་ཉམས་དང་ལྡན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས། །མ་ཆགས་དཀྱིལ་འཁོར་གཙོ་ལ་བསྟོད། །པདྨ་དཀར་པོ་ཟླ་སྟེང་དུ།། ཧ་ཡིག་དམར་པོ་ལས་འཁྲུངས་ཤིང༌། །མཉམ་པར་བཞེངས་ནས་འགྲོ་དོན་མཛད། །པདྨ་རཱ་ག་དམར་པོའི་མདོག །ཞགས་པ་དང་ནི་རྡོ་རྗེ་གཡས། །ལྕགས་ཀྱུ་བགྲང་ཕྲེང་གཡོན་ན་འཛིན། །སྣ་ཚོགས་རྒྱན་གྱིས་མཛེས་པ་ཡི། །དོན་ཡོད་ཞགས་ལ་ཕྱག་འཚལ་བསྟོད། །པདྨ་ཉི་སྟེང་ཧཱུཾ་ལས་འཁྲུངས། །གཡོན་བརྐྱང་གྱད་ཀྱི་ཚུལ་གྱིས་བཞུགས། །སྐུ་མདོག་དམར་པོ་བྱི་རུའི་ཚུལ། །སྟག་དང་སྦྲུལ་གྱིས་རྣམ་བརྒྱན་ཅིང༌། །བེ་ཅོན་དང་ནི་སྡིགས་མཛུབ་གཡས། །འཁོར་ལོ་པདྨ་དམར་པོ་གཡོན། །སྤྱི་གཙུག་རྟ་མགོ་ལྗང་གུང་ཚེར། །ཧ་ཡ་གྲཱྀ་ལ་ཕྱག་འཚལ་
བསྟོད། །ཆུ་སྐྱེས་ཉི་མར་ཕ་ལས་འཁྲུངས། །ནམ་མཁའི་མདོག་ཅན་གཡོན་བརྐྱང་ཚུལ། །མཆེ་གཙིགས་ཁྲོ་མོའི་ཆ་ལུགས་འཛིན། །སྟག་གི་པགས་པས་རྣམ་པར་དཀྲིས། །རལ་གྲི་ཞགས་པ་པདྨ་མདའ། །འཁོར་ལོ་དབྱིག་བརྩེ་གསུམ་གཞུ། །གཡས་དང་གཡོན་གྱི་ཕྱག་ན་བསྣམས། །རལ་གཅིག་མ་ལ་ཕྱག་འཚལ་བསྟོད། །པདྨ་དཀར་པོ་ཟླ་སྟེང་དུ། །ཊ་ཡིག་དཀར་པོ་ལས་འཁྲུངས་ཤིང༌། །ཟླ་པ་ཆུ་ཤེལ་ནོར་བུའི་མདོག །འགྱིང་ཞིང་ལྡེམ་པའི་ཚུལ་གྱིས་བཞུགས། །དབྱིག་པ་པདྨ་དཀར་པོ་གཡས། །བགྲང་ཕྲེང་དང་ནི་སྤྱི་བླུགས་གཡོན། །སྣ་ཚོགས་རྒྱན་གྱིས་མཛེས་པ་ཡི། །ཁྲོ་གཉེར་ཅན་ལ་ཕྱག་འཚལ་བསྟོད། །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།།