Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་གཉིས་པ།


   
   
   
རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ཀུན་དགའ་སྙིང་པོ།
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་སེམས་དཔའི་སྒྲུབ་ཐབས།ཀུན་དགའ་སྙིང་པོ།next

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས།
ཀུན་དགའ་སྙིང་པོ།


DTG062_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་སཏྭ་སཱ་དྷ་ནོ་པ་ཡི་ཀ །བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་འགྲོ་བའི་མགོན། །ཡང་དང་ཡང་དུ་ཕྱག་བྱས་ནས། །རྡོ་རྗེ་སེམས་དཔའ་སྩོལ་མཛད་པའི། །སྒྲུབ་པའི་ཐབས་ནི་བཤད་པར་བྱ། །དེ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་རྣལ་འབྱོར་པས། དེར་བསྲུང་བའི་དམ་ཚིག་ཡོངས་སུ་བསྲུངས་ལ། སེམས་དག་པ་དང་ལྡན་པས་ཁྲུས་བྱས་ཀྱང་རུང༌། མ་བྱས་ཀྱང་རུང༌། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཡོད་ན་དྲི་ལ་སོགས་པའི་དཀྱིལ་འཁོར་བྱས་ཤིང༌། མེ་ཏོག་གིས་


DTG062_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ལ། རས་རིས་ལ་སོགས་པའི་རྣམ་པ་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་བཞུགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནད་ནཱཾ་ཀ་རོ་མི། ཞེས་བརྗོད་ཅིང་ཡན་ལག་ལྔས་ཕྱག་བྱའོ། །དེ་ནས་ཕྱག་བཞི་བྱས་ལ། བུས་མོ་གཉིས་ས་ལ་བཙུགས་ཏེ། སྙིང་གར་རྡོ་རྗེ་ཐལ་མོ་ཡང་དག་པར་སྦྱར་ནས། དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །བགྱིད་སྩལ་རྗེས་སུ་ཡི་རང་གང་ཡིན་པ། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཅན་གྱི། །སྤྱན་སྔར་མ་ལུས་ད་ལྟར་སོ་སོར་བཤགས། །བདེ་བར་གཤེགས་པའི་སྲས་ཀྱི་ཚོགས་གཉིས་པོ། །ཟབ་པ་དང་ནི་རྒྱ་ཆེན་འགྲོ་ཀུན་གྱི། །དོན་ནི་སྒྲུབ་པར་བྱེད་པ་དེ་དག་ལ། །གཞན་པ་ལ་ཡང་བདག་ནི་རྗེས་ཡི་རང༌། །ཐུགས་རྗེས་ཐུགས་ལྡན་བློ་གྲོས་སྡིག་བྲལ་བའི། །གཏི་མུག་བཅོམ་པའི་སྐུ་ནི་ཕུན་སུམ་ཚོགས། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་དང༌། །དམན་པ་འཇིགས་བྱེད་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལའང་བདག་ནི་སྐྱབས་སུ་མཆི། །སྲིད་པའི་འཆིང་བ་དག་དང་རྣམ་བྲལ་བ། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ་ཞིང༌། །བློ་གྲོས་རྣམ་རྒྱལ་ཐུགས་རྗེར་ལྡན་པ་ཡི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་བའི། །སོ་སོར་རྟོགས་ནས་སྙིང་རྗེའི་རྩ་བ་ཅན། །མཉམ་མེད་སེམས་ནི་བྱང་ཆུབ་སེམས་བསྐྱེད་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་ཕྱིར་རམ། །འདི་ཀུན་ཐམས་ཅད་རྩྭ་སོགས་བཞིན་དུ་གཏང༌། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ལ་ན་མེད་པ་འདི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེར་ཞིང་ཡང་བསྒོམ་པར་བགྱི། །


DTG062_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པའི་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟགས་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བའི་ཚོགས་ཀྱིས་ཐོབ་པར་བྱ་བའི་ཕྱིར། །འདིར་ནི་བདག་གིས་མཁའ་འདྲར་གནས་པར་བགྱི། །ཞེས་བརྗོད་པར་བྱའོ། །དེ་ནས་ང་རྒྱལ་གྱིས་འདུག་སྟེ། ལག་པ་བསྐོར་ཞིང༌། སརྦ་བི་ཤུདྡྷཿ་སརྦྦ་དྷརྨྨཿ་སྭབྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བ་དོར་ལ་མོས་ཤིང་བརྗོད་དོ། །དེའི་འོག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། བཛྲ་སཏྭ་བྷ་བ་ཡང་ཞེས་བྱ་བ་མངོན་དུ་བྱས་ནས། གཟུགས་བརྙན་གྱི་སྦྱོར་བས་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་ཐལ་མོ་དམ་དུ་བསྡམས་པ་ལས། སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོ་བཀའ་སྩལ་པ། །རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །བཛྲ་ཨཉྫ་ལི་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་སྔགས་སོ། །བཛྲ་བནྡྷ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ཡིན་ཏེ། བཛྲ་བནྡྷ་ཏྲཊ་ཅེས་ལན་གསུམ་བརྗོད་ཅིང༌། རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །ཨོཾ་བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཨཿ་ས་བདག་ཉིད་ལ་དབབ་པར་བྱའོ། །རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་བཅིངས་པ་མཛུབ་གཉིས་བསྡམས། །ཞེས་བྱའོ། །དེ་ནས་དབབ་པ་སྟེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་ཞེས་བྱ་བ་འདིས་བརྟན་པར་བྱའོ། །སྙིང་གར་ཟླ་བ་དང་རྡོ་རྗེ་བརྟན་པར་བྱས་ནས། བཛྲ་མུཥྚི་ཞེས་པས་དམ་ཚིག་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཨོཾ་བཛྲ་མུཥྚི་བཾ་ཞེས་བྱ་བས་ཕྱག་རྒྱའི་དེ་ཁོ་ན་ཉིད་དང་ལྡན་པར་བསམ་མོ། །དེས་ན་དམ་ཚིག་གི་ཕྱག་རྒྱ་མིན་པ་གསུམ་པོ་ལ། སུ་ར་ཏ་སྟྭཾ་ཞེས་བརྗོད་དོ། །རྡོ་རྗེ་དེ་ལ་བཛྲ་སཏྭ་ཞེས་བྱ་བ་བཀོད་ལ། དེ་ཉིད་ཡིད་ཀྱིས་བརྗོད་དེ། བདག་ནི་ནམ་མཁའ་དང་མཚུངས་པའོ་ཞེས་བསམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དེའི་སྟེང་དུ། དེ་ཉིད་ལས་ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་བཛྲ་སཏྭ་ཞེས་བྱ་བ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པའི་འོད་ཟེར་གྱིས་ཁྱབ་པའི་སྙིང་པོ་དང་བཅས་པ་


DTG062_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེའི་སྟེང་དུ་ང་རྒྱལ་དུ་བསྒོམ་པར་བྱ་ཞིང༌། རྡོ་རྗེ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་བཞུགས་པར་བསམ་པར་བྱའོ། །དེ་ནས། ཀུན་བདག་སེམས་དཔའ་བདག་ཉིད་གྲགས། །བདག་ཉིད་ཀྱང་ནི་བདག་ལ་གནས། །ཞེས་བྱ་བས་བྱིན་གྱིས་བརླབས་ནས། རྡོ་རྗེ་དེ་བཛྲ་སཏྭ་ཨ་ཧཾ་ཞེས་བརྗོད་ཅིང༌། རྡོ་རྗེ་སེམས་དཔར་ངེས་པར་བསྐྱེད་ལ། སྒེག་པ་དང་བཅས་པས་རྡོ་རྗེ་བསོར་ཏེ། བཛྲ་སཏྭ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་ས་ཏྭ་ཧཾ་ཞེས་བྱ་བ་དང༌། ཡང་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ས་མ་ཡོ་ཧཾ་ཞེས་བརྗོད་དོ། །དེ་ནས་དེ་ཉིད་དང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་བོ་དག་ཏུ་བྱིན་གྱིས་བརླབ་པོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་བཅིངས་ནས། བཛྲ་སཏྭ་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བརྗོད་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྡོ་རྗེ་སེམས་དཔའ་བདག་ཉིད་གྲགས། །དེ་ནས་ཕྱག་རྒྱ་བཅིངས་བྱས་ནས་ས་མ་ཡ་ཨཿ་ཞེས་བརྗོད་དེ། མདུན་དུ་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ། དེའི་སྟེང་དུ་བཛྲ་སཏྭ་ཨཿ་ཞེས་བྱ་བ་འདིས་རྡོ་རྗེའི་བདག་ཉིད་དབབ་པར་བྱའོ། །དེ་ནས་བཛྲོ་ཧཾ་ཞེས་བྱ་བའི་ང་རྒྱལ་བསྐྱེད་ལ། དེ་ཉིད་བཛྲ་སཏྭ་ཧཾ་ཞེས་བརྗོད་དེ། རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ། བཛྲ་ཨཾ་ཀུ་ཤ་ཛཿ་བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཨཿ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱའོ། །དེ་ནས་དེ་དག་གི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ལས་བྱུང་བ། མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །དེ་ནི་རྡོ་རྗེ་ལྕགས་ཀྱུའོ། །མཁྲིག་མ་མདུད་པ་ཞགས་པའོ། །མཛུབ་གཉིས་མདུད་པ་ལྕགས་སྒྲོག་གོ །རྒྱབ་གཉིས་ཀྱང་ནི་མཉམ་སྟེ་མནན། །དེ་ནི་རྡོ་རྗེ་འབེབས་པའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཛྲ་སཏྭ་དྲྀ་ཤྱ་ཞེས་བྱ་བ་བརྗོད་དེ་བལྟས་ལ། ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །


DTG062_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུས་ལ་རྣམ་ཤེས་བསྒོམས། །རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང༌། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བ་འདིས་དགུག་ཅིང་གཞུག་ལ་བཅིང་བ་དང༌། དབང་དུ་བྱས་ཏེ་བསྒྲུབ་པར་བྱ། དེ་ཉིད་དང་ས་མ་ཡ་སྟྭཾ་ཞེས་བརྗོད་པས། རྒྱབ་ཏུ་ཟླ་བ་གྲུབ་ནས་ནི། །ས་མ་ཡ་སྟྭཾ་ཨ་ཧཾ་བརྗོད། དེར་བདག་སེམས་དཔའི་ལུས་སུ་བསྒོམ། །བཛྲ་སཏྭ་ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་བརྗོད་དོ། །བཞད་པ་དང་བཅས་སྐུ་མདོག་དཀར། །ཟླ་བའི་གདན་དན་ཟླ་བའི་འོད། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རབ་ཏུ་དགྱེས་པས་སྤྱན་གདངས་པ། །མགོན་པོ་རྡོ་རྗེ་དྲིལ་བུ་བསྣམས། །ཕྱག་རྒྱ་ཆེན་པོ་རྣམ་པར་བཞུགས། །བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བ་མིག་ལ་བཀོད་དེ། ཡང་སེམས་མ་རྡོ་རྗེ་ལ་སོགས་པས། སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་པོར་བྱིན་གྱིས་བརླབ་པར་བྱ་སྟེ། སཏྭ་བཛྲ་ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བ་དང༌། སེམས་མ་རྡོ་རྗེ་མས་སྙིང་གར། རཏྣ་བཛྲི་ཨ་དྷི་ཏིཥྛ་མཱཾ་ཞེས་པ་དང༌། རིན་ཆེན་རྡོ་རྗེ་མས་དཔྲལ་བར། དྷརྨ་བཛྲི་ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བ་དང་ཆོས་ཀྱི་རྡོ་རྗེ་མས་ལྐོག་མ་དང༌། ཀརྨ་བཛྲི་ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བ་དང། ལས་ཀྱི་རྡོ་རྗེ་མས་སྤྱི་བོར་རོ། །སེམས་མ་རྡོ་རྗེ་མ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་མྱུ་གུ་ལྟར་སྙོམས་ཏེ་བསྒྲེང་བའོ། །རིན་ཆེན་རྡོ་རྗེ་མའི་དེ་ཉིད་ལས་གུང་མོ་རིན་པོ་ཆེ་ལྟ་བུར་བཀུག་པའོ། །ཆོས་ཀྱི་རྡོ་རྗེ་མའི་དེ་ཉིད་པས་གུང་མོ་དང་སྲིན་ལག་པདྨ་ལྟ་བུར་བཀུག་པའོ། །ལས་ཀྱི་རྡོ་རྗེ་མ་ནི་དེ་ཉིད་ལས་མཛུབ་མོ་དགུག་པའོ། །དེ་དག་གིས་རང་གི་སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་བོ་དག་ཏུ་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་བསྐྱེད་པར་བྱའོ། །ཡི་གེ་ཧཱུཾ་ལས་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་དེ་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ལ་རབ་ཏུ་སྦྱོར་ཞིང༌། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །བསྡུ་བའི་ཕྱག་རྒྱ་བཅིངས་ལ། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་དོ། །ཡིད་ཀྱི་ལེགས་པའི་སྦྱོར་བས་རང་གི་ལུས་ལ་སངས་རྒྱས་ཐམས་ཅད་བཅུག་ལ། ཨོཾ་


DTG062_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་dhO་མེ་བྷ་བ། སུ་ཏོ་ཥྡྱོ་མེ་བྷ་བ། ཨ་ནུ་ར་ཀྟོ་མེ་བྷ་བ། སུ་པོ་ཥྜྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱ་ན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲའི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ་ཞེས་བྱ་བའི་ཡི་གེ་བརྒྱ་པ་འདིས་བརྟན་པར་བྱས་ནས། བདག་ཉིད་ལ་དབང་བསྐུར་བར་བྱ་སྟེ། རྡོ་རྗེ་ཐལ་མོ་བཅིངས་པ་ལས། མཐེ་བོ་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་བཀུག་ནས་ནི། གུང་མོ་སྙོམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད།། ཅེས་བྱ་བ་འདི་དང༌། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ་བཛྲི་ཎི་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པས། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཉི་མའི་འོད་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས། གུང་མོ་གཉིས་ནི་རྡོ་རྗེར་བྱས། །ཞེས་བྱ་བ་འདི་དང། ཨོཾ་བཛྲ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བས། དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཉི་མའི་འོད་ཅན་ས་གནོན་གྱི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས། གུང་མོ་གཉིས་ནི་ནོར་བུར་བྱ། །ཞེས་བྱ་བ་འདི་དང་ཨོཾ་རཏྣ་བཛྲི་ཎི་ཧཱུཾ་ཨབྷི་ཥྙྩ་མཱཾ་ཞེས་བྱ་བས་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་གསེར་བཙོ་མའི་མདོག་ཅན་ཉི་མའི་འོད་དང་ལྡན་པ། མཆོག་སྦྱིན་པའི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་པདྨ་ལྟར་བྱས་པའི་འདི་དང༌། ཨོཾ་དྷརྨྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥྀཉྩ་མཱཾ་ཞེས་བྱ་བས། མགོ་བོའི་རྒྱབ་ཏུ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཉི་མའི་འོད་ཅན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས་ལག་པའི་སོར་མོ་བརྐྱང་པ་འདི་དང༌། ཨོཾ་ཀརྨ་བཛྲི་ཎྀ་ཧཱུཾ་ཨ་བྷི་ཥྙྩི་མཱཾ་ཞེས་བྱ་བ་འདིས་རྣ་བ་གཡོན་པའི་སྟེང་དུ། དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ཉི་མའི་འོད་ཅན་མི་འཇིགས་པའི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལས་ཞེས་བྱ་བ་ནི་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ཡིན་ནོ། །ཨོཾ་ཊུཾ་ཞེས་བྱ་བ་དང༌། རྡོ་རྗེ་


DTG062_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཚུར་གཉིས་ཀྱིས་བསྐོར་ཞིང་སྙིང་གར་མདུད་པ་བཅིང་བའི་ཚུལ་དུ་བྱས་ལ། དེ་བཞིན་དུ་མགྲིན་པ་དང༌། ལྟག་པ་དང༌། སྙིང་ག་དང༌། ནུ་མའི་བར་དང༌། ཡང་སྙིང་ག་དང༌། མགྲིན་པ་དང༌། རྒྱབ་དང༌། དཔྲལ་བར་གོ་ཆ་བགོ་བར་བྱའོ། །དེ་ནས་ཕྲེང་བ་བཅིང་བ་དང༌། དར་དབྱངས་པའི་ཚུལ་དུ་བྱས་ནས། སོར་མོ་ཐམས་ཅད་ཐ་མ་ལ་སོགས་པ་ནས་བཀྲོལ་ཏེ། མཐར་མཉམ་པའི་ཐལ་མོ་དང༌། བཛྲ་ཏུ་ཥྱོ་ཧོཿ་ཞེས་བྱ་བ་འདིས་དགྱེས་པར་བྱའོ། །ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རྣམ་པར་བསྒོམས་ལ། ས་མ་ཡ་སྟྭཾ་ཞེས་བྱ་བའི་ཆོས་ཀྱི་ཡི་གེ་བསམ་པར་བྱའོ། །སྙིང་གར་ཡི་གེ་ཨཿ་ལས་སྣ་ཚོགས་རྡོར་ཇེ་བསྐྱེད་ལ། ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། བསྒྱིངས་བཅས་གཉི་ག་བསོར་བའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱའོ། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བརྗོད་ཅིང་རེ་རེ་ཞིང་རྡོ་རྗེའི་གར་བྱས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བརྒྱད་ཀྱིས་བདག་ཉིད་ལ་མཆོད་པར་བྱའོ། །དེ་ནས་བསྒྱིངས་པ་དང་བཅས་པས་རྡོ་རྗེ་བསོར་ཞིང༌། རང་གི་སྙིང་གར་རྡོ་རྗེ་བསྟོད་པའི་ཚུལ་གྱིས་གཟུང་སྟེ། རང་གི་སྙིང་པོ་དན་སྔགས་བརྗོད་པ་འདི་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་བདག་ཉིད་བསྐྱེད་ནས་ཡིད་ཀྱིས་བར་སྣང་ལ་འདུག་སྟེ། ཁམས་གསུམ་མ་ལུས་པ་ནམ་མཁའ་ལྟ་བུར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་དེར་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང༌། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་གསེར་གྱི་དཀྱིལ་འཁོར་དང༌། ཡང་དེའི་སྟེང་དུ་ཡི་གེ་བཾ་ལས་རྒྱ་མཚོ་ཆེན་པོ་དང༌། དེ་ནས་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་རི་རབ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ། གསེར་གྱི་རི་བོ་ལ་སོགས་པས་ཡོངས་སུ་བསྐོར་བ་བསྐྱེད་ལ། རྡོ་རྗེ་བསྡམས་པ་ཁ་སྦུབ་པ་ས་ལ་རེག་པ་དང༌།


DTG062_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་དྲཾ་དྷོ་མེ་བྷ་བ་རཀྵ་སརྦཱཾ་སྭཱ་ཧཱ། ཞེས་བྱ་བ་འདིས་རྡོ་རྗེ་དང་འདྲ་བར་བྱིན་གྱིས་བརླབ་པར་བྱའོ། །ཡི་གེ་ཧཱུཾ་ལས་རྩེ་མོ་རྡོ་རྗེ་དང་རིན་པོ་ཆེས་སྤྲས་པའི་གཞལ་ཡས་ཁང་བསྐྱེད་ལ། དེའི་དབུས་སུ་ཨོཾ་སིཾ་ཨཿ་ཞེས་བྱ་བ་ལས་སེང་གེའི་གདན་ལ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་བསྐྱེད་ཅིང༌། ནམ་མཁའི་ཕྱོགས་ནས་བབས་ཏེ། དེ་ཉིད་དུ་འདུག་ལ་མདུན་དུ་གདན་གཉིས་པ་དེ་བཞིན་དུ་བསམ་པར་བྱའོ། །གདན་དེ་ལ་བཛྲ་སཏྭ་ཞེས་བྱ་བ་འདིས་བཅོམ་ལྡན་འདས་སྤྲུལ་ལ། ཨོཾ་བཛྲ་ས་མཱ་ཡ་ཛཿ་ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་དོ། །བསྡུ་བའི་ཕྱག་རྒྱས་སྤྱན་དྲང་བར་བྱའོ། །ལག་ངར་རྡོ་རྗེ་བཅིངས་ནས་ནི། །རྡོ་རྗེ་སེ་གོལ་བརྡབ་བྱས་ནས། །སངས་རྒྱས་ཐམས་ཅད་ཡང་དག་བསྡུ། །གཞན་དག་ཇི་ལྟར་འཇུག་མི་འགྱུར། །གཡོན་པའི་སེ་གོལ་བརྡབས་པ་དང༌། །གཡས་པ་ཡིས་ནི་འགྲུབ་པར་འགྱུར། །གཡས་པ་ཐལ་མོ་ཞེས་བྱ་སྟེ། །འདུས་པ་ཡང་ནི་གཉིས་ཀ་ཡིན། །ཞེས་བྱ་བ་འདི་བསྡུ་བའི་ཕྱག་རྒྱའི་མཚན་ཉིད་དོ། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང༌། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱི། །སུ་ཞིག་མིང་རྣམས་འཆང་བ་ནི། །ཞི་བའི་རྒྱལ་པོ་རྩ་བརྒྱད་འདིས། །རྡོ་རྗེ་མིང་དབང་བསྐུར་ལ་སོགས། །མཆོག་རྣམས་ཀུན་གྱིས་དེ་དབང་བསྐུར། །གང་ཞིག་ཡོན་ཏན་མིང་རྣམས་ཀྱི། །རྡོ་རྗེ་འཆང་བ་ཆེན་པོ་ལ། །རྟག་ཏུ་དབྱངས་ཀྱིས་བསྟོད་པ་ནི། །དེ་ཡང་རྡོ་རྗེ་འཆང་འདྲར་འགྱུར། །དེ་ནས་སྤྲུལ་པ་དེ་ལ། བཅོམ་ལྡན་འདས་ཀྱི་རང་གི་དམ་ཚིག་གི་ཕྱག་རྒྱ་དང༌། བཛྲ་སཏྭ་དྲི་ཤྱས་བལྟ་བར་བྱས་ལ། ཛཿ་ཧཱུཾ་བཾ་ཉོཿ་ཞེས་བྱ་བ་དང༌། སྔར་བཤད་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ་བསྒྲུབས་ནས། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ། བཛྲ་སཏྭ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་བྱ་བ་ཡང་བརྗོད་པར་བྱའོ། །དེ་ལ་ཟླ་བ་ལྟ་བུའི་ལག་གཉིས་ཀྱིས། །གུང་མོ་བཏང་བར་གྱུར་པ་དང༌། །མཐེ་བོང་མཐེའུ་ཆུང་མཛུབ་མོ་བསྒྲེང༌། །སེམས་དཔའི་རྡོ་རྗེ་བསྒྲེང་རྡོ་རྗེ། །ཞེས་བྱ་འདི་ཡིན་ནོ། །དེ་ནས་ཆོས་


DTG062_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལས་དང་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་ལ་རྒྱས་བཏབ་ལ་དབང་བསྐུར་ཏེ། ཚོགས་པ་ཡོད་ན་བཟླ་བར་བྱ་བ་བརྗོད་ཅིང༌། མཆོད་པའི་ཡོ་བྱད་ལྔ་པོ་དག་གིས་ཡང་དག་པར་མཆོད་ལ། གར་ལས་བྱུང་བའི་སྒེག་མོ་ལ་སོས་པའི་ལས་ཀྱི་ཕྱག་རྒྱ་བརྒྱད་དང༌། བཛྲ་ལཱ་སྱེ། བཛྲ་མཱ་ལེ། བཛྲ་གཱི་ཏི། བཛྲ་ནྲི་རྟྱ། བཛྲ་དྷཱུ་པེ། བཛྲ་པུ་ཤྤེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། ཞེས་བྱ་བའི་སྙིང་པོ་དེ་དག་གིས་མཆོད་པར་བྱའོ། །སྒེག་མོའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གྱིས་བཅིངས་ནས། རྡོ་རྗེ་བ་སྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་མ་ཡི་ཕྱག་རྒྱ་ནི། །ཕྲེང་བ་འཆིང་བའི་ཚུལ་དུའོ། །གླུ་མའི་ཕྱག་རྒྱ་ནི་ཚིག་ཀུན་ནས་སློང་བའི་ཚུལ་གྱིས་ཁ་ནས་འབྱིན་པའོ། །གར་མཁན་མའི་ཕྱག་རྒྱ་ནི། གར་བྱས་རྡོ་རྗེ་ཐལ་སྦྱར་སྤྱི་པོར་གཞག །བདུག་སྤོས་ཀྱི་ཕྱག་རྒྱ་ནི། བདུག་སྤོས་འབུལ་བའི་ཚུལ་དུ་འོག་ཏུ་ལྡུག་པའོ། །མེ་ཏོག་གི་ཕྱག་རྒྱ་ནི། མེ་ཏོག་འབུལ་བའི་ཚུལ་གྱིས་གྱེན་དུ་འཐོར་བའོ། །མར་མེའི་ཕྱག་རྒྱ་ནི། མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བའོ། །དྲིའི་ཕྱག་རྒྱ་ནི། རང་གི་སྙིང་གར་རབ་ཏུ་བརྐྱང་སྟེར་བྱུག་པའོ། །བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིངས་པས། །བཟླས་པའི་སྙིང་པོ་དེར་བདག་ནི། །བདག་ཉིད་ཆེན་པོ་བསྒོམ་པར་བྱ། །ཞེས་བྱ་བ་འདི་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གོ །དེའི་རྗེས་ལ་ཡི་གེ་ཨོཾ་ལས་གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་དང། རྣ་ཆ་དང༌། དཔུང་རྒྱན་དང༌། ཅོད་པན་དང༌། གོས་དང༌། རྒྱན་དང༌། ཁ་ཟས་རོ་བརྒྱ་པ་དང༌། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཚོགས་སྤྲུལ་ཏེ་དེ་དག་གིས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ་ཕྱག་བགྱིའོ། །འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་སྤྱི་བོར་བརྐྱང་ལ་ལུས་ཐམས་ཅད་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་བསྠ་ནཱ་ཡ། ཨཱཏྨ་ནཱཾ་ནི་ཪྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། དཔྲལ་བ་སལ་


DTG062_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པར་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥི་ཉྩ་མཱཾ་ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་སུ་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོར་བཅིངས། ཏེ་ཁ་ས་ལ་རེག་པར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱི་ནི་ཪྻཱ་ཏ་ཡཱ་མི་སརྦ་ཐ་ཐཱ་གཏ་བཛྲ་རྨྨ་པྲ་ཏ་ཡ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་སུ་དེ་བཞིན་དུ་ངས་པ་ལས། རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་སྦྱར་ལ། སྤྱི་བོ་ས་ལ་རེག་བར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨྨ་ཎེ་ཨཱ་ཏྣ་ནཱཾ་ནིཪྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨྨ་ཀུ་རུ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཛྲ་སཏྭ་ཧཾ་ཞེས་ང་རྒྱལ་བསྐྱེད་དེ། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་བའམ། རང་གི་སྙིང་གའི་ཟླ་བ་ལ་བཛྲ་སཏྭ་ཧཾ་ཞེས་བྱ་བའམ། ཨོཾ་བཛྲ་སྭཏྭ་ཧཱུཾ་ཞེས་བྱ་བ་མུ་ཏིག་གི་ཕྲེང་བ་ལྟ་བུ་རྣམ་པར་བཀོད་ལ། ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བཟླས་པ་དང་བསྒོམ་པ་བྱས་ཏེ། ཕྱག་རྒྱ་ཆེན་པོའམ། དམ་ཚིག་གི་ཕྱག་རྒྱ་འམ། ཆོས་ཀྱི་ཕྱག་རྒྱའམ། ལས་ཀྱི་ཕྱག་རྒྱ་བསྡུ་བར་བྱའོ། །གལ་ཏེ་ཕྱག་རྒྱས་སྐྱོ་བར་གྱུར་ཏམ། རང་ཉིད་སྟོང་པར་འདོད་ན་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གཤེགས་སུ་གསོལ་བའི་ཚེ་ཡང༌། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་དང༌། མཆོད་པ་དང༌། ཕྱག་བཞི་བྱས་ནས། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་བསྔོས་ལ། བཅོམ་ལྡན་འདས་བདག་གིས་ཆོ་ག་མ་ཚང་བ་གང་ལགས་པ་དེ་བཟོད་པར་མཛད་ཅིག་ཅེས་གསོལ་ནས། ཕྱག་རྒྱ་ཐམས་ཅད་ལ་དབང་བསྐུར་བ་དང་རྡོ་རྗེ་བྱ་བའི་བསམ་པས་བཛྲ་སཏྭ་བཛྲ་སཏྭ་ཞེས་བྱ་བ་ཡང་མང་དུ་བཟླས་ཏེ། བཅོམ་ལྡན་འདས་དམ་ཚིག་གི་གཙོ་བོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བསྐུལ་ནས་བཛྲ་སཏྭ་བཛྲ་སཏྭ་བཛྲ་མུཿ་ཞེས་བརྗོད་དེ། འདི་ལྟར་སེམས་མ་རྡོ་རྗེ་གྱེན་དུ་བཀྲོལ་ན་གཤེགས་སུ་གསོལ་བར་འགྱུར་རོ། །


DTG062_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྤྲུལ་པའི་བཅོམ་ལྡན་འདས་དེ་བཞིན་དུ་ཡིད་ཀྱིས་ལེགས་པར་སྦྱོར་བས་རང་གི་ལུས་ལ་བཅུ་གནས། ཡི་གེ་བརྒྱ་པ་དང་བཛྲ་སཏྭ་ཞེས་བརྗོད་དེ་ལྡང་བར་བྱའོ། །དེ་ལྟར་ཐུན་བཞི་དག་ཏྱུ་བྱའོ། །སྒྲུབ་པའི་ཐབས་ནི་བྱས་པ་ཡི། །བདག་གིས་དགེ་བ་གང་བསགས་པ། །དེ་ཡིས་ཀུན་དགའ་སྙིང་པོ་ནི། །གུན་མཆོག་རྡོ་རྗེ་འཆང་གྱུར་ཅིག །སློབ་དཔོན་ཀུན་དགའ་སྙིང་པོ་མཛད་པའི་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བུདྡྷ་ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousརྡོ་རྗེ་སེམས་དཔའི་སྒྲུབ་ཐབས།ཀུན་དགའ་སྙིང་པོ།next