རྣམ་པར་སྣང་མཛད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག།
རྒྱལ་བའི་འོད།
༈ རྣམ་པར་སྣང་མཛད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཞུགས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཀྱི་ཆོ་གས་དམ་ཚིག་མནོས་པའི་སྔགས་པས་དེ་ལས་འབྱུང་བའི་སྔགས་རྗེས་སུ་དྲན་པར་བྱ་བའི་ཆོ་གའི་རིམ་པ་མདོར་བཤད་པའི་ཕྱིར་འདི་བརྩམས་ཏེ་དེའི་རིམ་པ་ནི་འདིའོ། །དེས་དང་པོར་དམ་ཚིག་ཇི་ལྟར་མནོས་པ་བསྲུང་བ་ལ་འབད་པར་བྱ་སྟེ་དེ་ལ་དམ་ཚིག་ནི་འདིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དེ་དག་གི་ཕྱག་རྒྱ་དང་སྔགས་རྣམས་དང་ཐེག་པ་ཆེན་པོ་མཆོག་གི་ཆོས་དང་དེ་སྟོན་པའི་བླ་མ་རྣམས་ལ་སྨད་
པར་མི་བྱའོ། །སངས་རྒྱས་ལ་སོགས་པ་འདི་རྣམས་ནམས་ཀྱང་མི་གཏོང་ངོ༌། །དེ་དག་ལས་རྟག་པར་སེམས་རབ་ཏུ་དང་བས་ཡོན་ཏན་དུ་བཟུང་བ་དང༌། གུས་པ་དང་མཆོད་པ་དང་མཉེས་པར་བྱ་བ་ལ་ནི་ཅི་ནུས་སུ་ཡང་འབད་པར་བྱའོ། །འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་དེ་དག་གི་ཆོས་དང་མཁན་པོ་དང་སློབ་དཔོན་དང་བླ་མ་གཞན་རྣམས་དང་བདེ་བར་གཤེགས་པའི་བསླབ་པའི་ཆོས་སྤྱད་པ་བར་མ་དང་གསར་བུ་གཞན་རྣམས་ལ་ཡང་སྨད་པར་མི་བྱའོ། །དེ་དག་ལ་ཡང་དུས་ཇི་ལྟ་བ་དང༌། ཇི་ལྟར་རིགས་པར་རིམ་གྲོར་ཡང་བྱའོ། །ལྷ་དང་བླ་མ་ལ་བྱིས་པའི་ཆོས་ཉིད་དང་ཁོང་ཁྲོ་བ་མི་བྱའོ། །འཇིག་རྟེན་གྱི་ལྷ་ལ་སོགས་པ་ལ་ཡང་སྨད་པར་མི་བྱའོ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྲོག་བཞིན་དུ་རྟག་ཏུ་བསྲུང་བར་བྱའོ། །སེམས་ཅན་ཐམས་ཅད་ལ་ཡང་བྱམས་པ་དང་སྙིང་རྗེ་བསྐྱེད་ནས་དེ་དག་གི་གནོད་པ་བཟློག་པ་ལ་འབད་པར་བྱའོ། །དེ་དག་གིས་གནོད་པ་བྱས་པ་ལ་ཡང་བཟོད་པར་བྱའོ། །ཟད་ཟིང་དང་མི་འཇིགས་པ་དང༌། ཆོས་ཀྱི་སྦྱིན་པས་ཇི་ལྟར་རིགས་པར་སེམས་ཅན་རྣམས་ལ་རྟག་པར་ཅི་ནུས་སུ་ཕན་གདགས་པར་བྱ་སྟེ་དེ་བས་ན་འཇུག་པ་ནི་རྒྱང་རིང་དུ་སྤང་བར་བྱའོ། །དམ་ཚིག་མེད་པ་ལ་ཕྱག་རྒྱ་དང་སྔགས་མི་བསྟན། དམ་ཚིག་ཅན་ལ་ཡང་ལུང་མེད་པར་མི་བསྟན་ཏོ། །མ་རུང་བར་འགྱུར་བ་ཐམས་ཅད་ཀྱི་རྩ་བ་ཆང་མི་བཏུང་བར་ནན་ཏན་ཆེར་བྱའོ། །མདོར་ན་གང་བདག་དང་གཞན་ལ་གནོད་པ་དེ་ནི་མི་བྱའི་བདག་དང་གཞན་ལ་ཕན་པ་འབའ་ཞིག་ཏུ་འབད་པར་བྱའོ། །ཁྲི་ལ་ཉལ་བར་མི་བྱ་སྟེ་དེ་ནི་དམ་ཚིག་གོ །དེ་ནས་བར་ཆད་མེད་ཅིང་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་སྒྲིབ་པ་ཟད་པར་བྱ་བ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པའི་ཕྱིར། བླ་མ་ལས་སྔགས་གང་ཡང་རུང་བ་ཅིག་ཇི་ལྟ་བ་བཞིན་དུ་མནོས་ཏེ། སྔགས་ཇི་ལྟར་མནོས་པ་བསླབས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཉེས་པར་བྱ་བའི་ཕྱིར་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་གོང་དུ་སྨོས་པ་སྤྱོད་ཅིང༌། གནས་དབེན་པ་འདུ་འཛི་མེད་པ་འཚེ་བ་མེད་པ་འཕྲོད་པའི་རི་ཕུག་གམ་སུལ་ལམ་ནགས་ལ་སོགས་པ་ཁྱད་པར་དུ་འཕགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
དང་འཕགས་པ་རང་སངས་རྒྱས་དང་ཉན་ཐོས་རྣམས་བཞུགས་བཞུགས་པའམ་གཙུག་ལག་ཁང་དང་ཁང་པ་ལ་སོགས་པ་ཇི་སྐད་སྨོས་པ་དང་ལྡན་པར་ཚད་མེད་བ་བཞི་བསྒོམས་པའི་སེམས་ཀྱིས་འདུ་འཛི་མེད་པར་ཆོས་ཀྱི་དགའ་བའི་ལོངས་སྤྱོད་ལ་དད་པ་བསྐྱེད་དེ་བློ་དང་སྤྲོ་བ་དང་སེམས་དཔའ་བ་ཕུན་སུམ་ཚོགས་པ་མཆོག་དང་ལྡན་པར་བྱས་ལ་གནོད་པ་ཐམས་ཅད་ལ་ཇི་མི་སྙམ་ཞིང་དགེ་བར་འཚོ་བ་དང་ལྡན་པས་དགའ་བར་གནས་པར་བྱའོ། །དེར་གནས་ནས་བློ་བརྟན་པས་ནང་པར་ལངས་ནས་དགྲའི་འཁོར་མ་ལུས་པར་སྤངས་ལ་སྙིང་རྗེའི་ཤུགས་ཀྱིས་འགྲོ་བ་མ་ལུས་པ་བསྒྲལ་བ་རྒྱུན་མི་འཆད་པར་ཡིད་ལ་བྱེད་པས་ཁྲུས་བྱས་ཀྱང་རུང་མ་བྱས་ཀྱང་རུང་ངེས་པ་མེད་དེ། དགེ་བར་སྤྱད་པ་མཚན་ཉིད་ཇི་སྐད་བསྒྲགས་པའི་ནང་གི་ཁྲུས་བྱེད་པས་ས་གཞི་གཙང་མར་དཀྱིལ་འཁོར་མེ་ཏོག་གིས་གཏོར་བར་སྐུ་གཟུགས་སམ་མཆོད་རྟེན་ནམ་དམ་པའི་ཆོས་ཀྱི་གླེགས་བམ་གང་ཡང་རུང་བ་ཅིག་མདུན་དུ་བཞག་གམ། སྐུ་གཟུགས་ལ་སོགས་པ་མེད་ཀྱང་རུང་སྟེ་ཤར་ཕྱོགས་སམ་བྱང་ཕྱོགས་སུ་བལྟས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་དང་བ་བསྐྱེད་དེ་དེ་དག་ཇི་ལྟར་རིགས་པར་ཕྱོགས་བཅུར་མངོན་སུམ་བཞིན་དུ་དམིགས་ལ་ཕྱག་བྱ་བ་ལ་སོགས་པའི་ཆོ་གས་བདག་ཡོངས་སུ་སྦྱངས་པ་འདི་ལྟར་བྱ་སྟེ། དེ་དག་གི་རིམ་པ་ནི་འདིའོ། །དང་པོར་སྔགས་པས་ཡན་ལག་ལྔ་ས་ལ་གཏུགས་ཏེ་རིམ་གྲོ་བསྐྱེད་ལ་གུས་པར་ཕྱག་འདི་ལྟར་བྱའོ། །ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་ཆོས་སུ་བཅས་པ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་དུ་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་བཏུད་དེ་བསམ་པ་ཐག་པ་ནས་འདི་སྐད་ཅེས་བརྗོད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སྐྱེ་བ་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་སྡིག་པ་མི་དགེ་བའི་ལས་གང་བདག་གིས་བགྱིད་པ་དང་
བགྱིད་དུ་སྩལ་བ་དང་རྗེས་སུ་ཡི་རང་བ་དང་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སོ་སོར་བཤགས་སོ་ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བླ་ན་མེད་པ་དེ་བཞིན་གཤེགས་པའི་ཞི་བའི་ཆོས་ཀྱི་སྐུ་སོ་སོ་རང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་འཕགས་པ་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་དེའི་འོག་ཏུ་བདག་གི་ངོ་བོ་དབུལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་གི་ངོ་བོ་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་གྱིས་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་བདག་བ་ཞེས་ཤིག་ཅེས་ལན་གསུམ་དུ་བརྗོད་དོ། །དེ་ནས་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མངོན་དུ་བྱ་སྟེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་ཐོག་མ་ནས་མ་སྐྱེས་པ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཀྱི་བར་དུ་ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་བསོད་ནམས་གྱི་རྗེས་སུ་ཡི་རང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བླ་ན་མེད་པའི་བསོད་ནམས་ཀྱི་
རྗེས་སུ་ཡི་རང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུ་བདག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕགས་པ་རང་སངས་རྒྱས་དང༌། ཉན་ཐོས་རྣམས་དང་འགྲོ་བ་མ་ལུས་པའི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ་ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་གསོལ་བ་གདབ་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་ཆོས་ཀྱི་ཆར་དབབ་པ་དང་ཐབས་དང་ཚུལ་སྣ་ཚོགས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་ཅིང་རྟག་ཏུ་བཞུགས་པར་གསོལ་ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་སེམས་ཅན་ལ་ཕན་པ་བསྟབས་པ་ནི་སེམས་ཅན་ཐམས་ཅད་ངན་པའི་མཐའ་དབུགས་མ་ཕྱིན་པ་སོ་སོའི་སྐྱེ་བོའི་གནས་མྱུར་དུ་སྤངས་ཏེ་བདེ་བ་མྱ་ངན་ལས་འདས་པར་འགྲོ་བའི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པར་གྱུར་ཅིག །དམ་པའི་ལམ་ལ་གནས་པ་རྣམས་ཀྱང་དེའི་གོང་ནས་གོང་དུ་འཕར་བའི་ཁྱད་པར་ཐོབ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་ལ་གཞོལ་བར་གྱུར་ཅིག་ཅེས་ལན་གསུམ་དུ་བརྗོད་དོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བདག་གི་བསོད་ནམས་བསྔོ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བསོད་ནམས་ཀྱི་བསྔོ་བ་ཇི་ལྟར་མཁྱེན་པ་དེ་བཞིན་དུ་བདག་གིས་བསོད་ནམས་མ་ལུས་པ་ཡང་སེམས་ཅན་ཐམས་ཅད་ཡང་དག་པའི་བདེ་བ་མ་ཐོབ་པ་རྣམས་བླ་ན་མེད་པའི་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ་ཞེས་ལན་གསུམ་དུ་བརྗོད་དོ། །ཕྱག་འཚལ་བ་ལ་སོགས་པ་འདི་རྣམས་ཅི་ནུས་པ་ལས་གཞན་དུ་ཡང་རུང་ངོ༌། །དེ་ལྟར་བསམ་པ་ཡོངས་སུ་སྦྱངས་པ་ངེས་པ་ཐེག་པ་ཆེན་པོ་ལས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་སྐྱིལ་མོ་ཀྲུང་བཅས་ཏེ་དམ་ཚིག་གསུམ་གྱི་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབ་པ་ཆོ་ག་འདི་བཞིན་དུ་བྱའོ། །དེ་ལ་དམ་ཚིག་གསུམ་གྱི་ཕྱག་རྒྱ་ནི་ཐལ་མོ་སྦྱར་ཏེ་མཐེ་བོ་གཉིས་བསྒྲེང་ངོ༌། །ཕྱག་རྒྱ་འདི་ནི་རྒྱ་ཆེན་ཏེ། སངས་རྒྱས་སྐྱོབ་པ་རྣམས་ཀྱི་ཡིན། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །དེའི་སྔགས་ནི་འདིའོ། །ན་མ་སྶ་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མེས་མ་ཡེ་སྭཱ་ཧཱ། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་བདག་རྣམ་པར་དག་པར་བྱ་བ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེ་བོ་གཉིས་ནང་དུ་བཅུག་སྟེ་མཛུབ་མོ་
གཉིས་བསྒྲེང་ངོ༌། །དེ་ནི་ཆོས་ཀྱི་དབྱིངས་གྱི་ཕྱག་རྒྱ་སྟེ་སྔགས་ནི་འདིའོ། །ན་མ་སྶ་མནྟ་བུདྡྷཱ་ནཱཾ། དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ནི་ལག་པ་གཉིས་ཀྱི་སོར་མོ་རྒྱབ་སྤྲོད་དུ་བསྣོལ་ལ་མཐེ་བོ་གཉིས་ཀྱང་སྤྲད་དོ། །རྒྱ་མཆོག་དཔལ་དང་ལྡན་པ་ནི། །ཆོས་ཀྱི་འཁོར་ལོས་སྒྱུར་བ་ཡིན། །འཇིག་རྟེན་མགོན་པོ་སྐྱོང་བ་ཡི། །འཁོར་ལོ་རབ་ཏུ་འདི་སྒྱུར་རོ། །དེའི་སྔགས་ནི་འདིའོ། །ན་མ་སྶ་མནྟ་བཛྲཱ་ཎཱཾ། བཛྲ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པའི་སྔགས་སོ། །ཡི་གེ་རི་དཀར་པོ་ཡང་སྤྱི་བོར་བསམ་མོ། །དེ་ནས་རྡོ་རྗེ་གོ་ཆའི་ཕྱག་རྒྱས་གནས་ལྔར་བསྔགས་ན་གོ་བགོས་པར་འགྱུར་རོ།། ཐལ་མོ་སྦྱར་ཏེ་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་མཐེ་བོ་གཉིས་གུང་མོ་ལ་གཞར་རོ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་སྟེ་དེའི་སྔགས་ནི་འདིའོ། །ན་མ་སྶ་མནྟ་བཛྲཱ་ཎཱཾ། བཛྲ་ཀ་བ་ཙ་ཧཱུཾ། དེ་ནས་བགེགས་ཐམས་ཅད་རྣམ་པར་སེལ་བ་མ་བཟོད་པ་རིག་སྔགས་ཆེན་མོ་རྗེས་སུ་དྲན་པར་བྱ་བའི་ཕྱག་རྒྱ་ནི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ་ནང་དུ་གཞུག་གུང་མོ་གཉིས་རྩེ་སྤྲད་སྲིན་ལག་གཉིས་བརྐྱང་མཐེའུ་ཆུང་གཉིས་ཅུང་ཟད་བཀུག་པ་འདི་ནི་སྲུང་བ་ཆེན་མོའི་ཕྱག་རྒྱ་སྟེ་དེའི་སྔགས་ནི་འདིའོ། །ན་མ་སྶརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་བྷ་ཡ་བི་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ། སརྦ་ཐཱ་ཧཾ་ཁཾ་རཀྵ་མ་ཧཱ་བ་ལ་སརྦ་ཏ་ཐཱ་ག་ཏ་པུ་ཉ་ནི་རྫཱ་ཏེ་ཧཱུཾ་ཧཱུཾ་ཏྲ་ཊ་ཏྲ་ཊ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། བགེགས་དང་ངན་ཁྲིད་ཐམས་ཅད་དང༌། །སྲིན་པོ་འཇིགས་པའི་གཟུགས་ཅན་རྣམས། །འདི་ནི་དྲན་པ་ཙམ་གྱིས་སུ། །དེ་དག་ཐམས་ཅད་འབྱེར་བར་འགྱུར། །དེ་ནས་སེམས་མཉམ་པར་གཞག་སྟེ་མདུན་དུ་རྒྱ་མཚོ་ཆེན་པོ་བསམས་ལ་དེའི་དབུས་ནས་རི་རབ་གྲུ་བཞི་ལྷམ་པ་བྱུང་བའི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་མའི་ནང་ན་པདྨའི་སེང་གེའི་གང་ན་ཆེན་པོ་པདྨའི་གང་ན་ཆུང་དུ་མང་པོས་བསྐོར་བར་བསམ་མོ། །དེ་ལ་རྒྱ་མཚོ་ཆེན་པོ་ལ་སོགས་ཇི་ལྟར་བསམས་པའི་རིམ་པ་བཞིན་དུ་འགྱུར་བར་སྔགས་འདིས་བྱིན་གྱིས་བརླབ་པོ། །ན་མཿ་སམནྟ་བུདྡྷཱ་ནཱཾ། ཨོཾ་ཨཱཿན་མ་སྶརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ལེ་བྷྱཿ། སརྦ་ཐཱ་བཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ལྟར་ན་དེ་དག་ཐམས་ཅད་དེ་བཞིན་དུ་གནས་པར་འགྱུར་རོ། །ཡང་ན་ནམ་མཁའ་མཛོད་ཀྱི་རིག་སྔགས་ཀྱིས་ཀྱང་དེ་བཞིན་དུ་འགྱུར་རོ། །པདྨའི་སེང་གེའི་གདན་དེ་ལ་སངས་རྒྱས་བཅོམ་ལྡན་དས་རྣམ་
པར་སྣང་མཛད་གསེར་གྱི་ཁ་དོག་ཐོར་ཚུགས་དང་དབུ་རྒྱན་དང་ཅོད་པན་ཅན་དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན་ནམ། ཤཱཀྱ་ཐུབ་པ་ཆ་བྱད་དང་ཁ་དོག་དང་དབྱིབས་ཇི་སྐད་དུ་གྲགས་པའང་རུང་སྟེ། འགྲོ་བ་མང་པོ་ལ་ཕན་འདོགས་པར་མཛད་པ་འོད་འཕྲོ་བ་མང་པོས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རབ་ཏུ་གསལ་བར་སྣང་བ་སེམས་ཅན་གྱི་ཁམས་རེ་བ་ཇི་ལྟ་བ་བཞིན་དུ་མགུ་བར་མཛད་པ་སྐྱིལ་མོ་ཀྲུང་བཅས་ཏེ་ཏིང་ངེ་འཛིན་དུ་བཞུགས་པར་བསམ་མོ། །དེ་ནས་དེ་བཞིན་གཤེགས་པའི་གཡས་ལོགས་ཀྱི་པདྨ་ལ་སྤྱན་རས་གཟིགས་དབང་པོ་གཡོན་གྱི་པདྨ་ལ་རྡོ་རྗེ་འཛིན་བཞུགས་པར་བསམ་མོ། །བདག་གི་ལྷ་ཡང་བཅོམ་ལྡན་འདས་ཀྱི་མདུན་གཡས་ལོགས་ཀྱི་པདྨ་ལ་བཞུགས་པར་བསམ་ཁོར་ཁོར་ཡུག་གི་པདྨ་གཞན་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ཕྱིར་མི་ལྡོག་པ་གཞན་ལ་ཕན་འདོགས་པར་མཛད་པ་ལ་ཐོགས་པ་མེད་པའི་མཐུ་བརྙེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་མཛད་པ་རྣམས་བཞུགས་པར་བསམ་མོ། །ཡང་ན་དེ་བཞིན་གཤེགས་པ་གཅིག་པུ་དང༌། བདག་གི་ལྷ་དང་རྡོ་རྗེ་འཛིན་པ་བཞུགས་པར་བསམ་མོ། །བདག་གི་ལྷ་རྡོ་རྗེ་འཛིན་ཡིན་ན་གཡས་སུ་བཞག་ལ་འཕགས་པ་སྤྱན་རས་གཟིགས་དབང་པོ་གཡོན་དུ་གཞག་གོ །ཡང་ན་ལྷ་རྣམས་དགོད་པའི་རིམ་པ་ཇི་ལྟར་འདོད་པ་བཞིན་དུའང་རུང་ངོ༌། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཡི་གེ་བཀོད་པས་བཞག་པ་ནི། ན་མ་སྶ་མནྟ་བུདྡྷཱ་ནཱཾ་ཨ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཡི་གེ་ནི་བྷ་སྟེ། ན་མ་སྶ་མནྟ་བུདྡྷཱ་ནཱཾ་བྷ། དེ་བཞིན་དུ་སྤྱན་རས་གཟིགས་དབང་པོའི་ནི། ན་མ་སྶ་མནྟ་བུདྡྷཱ་ནཱཾ་ས། རྡོ་རྗེ་འཛིན་གྱི་ནི། ན་མ་སྶ་མནྟ་བཛྲཱ་ཎཱཾ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། ན་མ་སྶ་མནྟ་བུདྡྷཱ་ནཱཾ་ཀ །བདག་གིས་ལྷ་ཡང་དེའི་ཡི་གེ་དང་ཡིན་པས་གཞག་གོ །ཡང་ན་བྱང་ཆུབ་སེམས་དཔའི་ཡི་གེས་གཞག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོང་བ་བྱ་བའི་ཕྱིར་བདག་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ནི། ན་མ་སྶ་མནྟ་བཛྲཱ་ཎཱཾ་བ། དེའི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམ་ཚིག་གསུམ་གྱི་ཕྱག་རྒྱ་གོང་དུ་སྨོས་པ་བསྟན་ཏེ། དེའི་སྔགས་ལན་གསུམ་བཟླས་ན་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམ་ཚིག་གཟིགས་པས་མཉེས་ཏེ་གཞན་ལ་ཕན་འདོགས་པར་བཞེད་པས་སྔགས་པ་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་བྱིན་གྱིས་བརླབ་བོ། །དེ་ནས་འཕགས་པ་མི་གཡོ་བའི་ཕྱག་རྒྱ་དང་སྔགས་ལན་གསུམ་བརྗོད་པས་བསྐྲད་པར་བྱའོ། །དེ་ནས་བདག་ཉིད་དེ་བཞིན་གཤེགས་པའི་འཁོར་གྱི་ནང་ན་འདུག་པར་བསམས་ལ་དེ་བཞིན་གཤེགས་པའི་ཕོ་བྲང་གི་ཕྱི་རོལ་དུ་འཕགས་པ་མི་གཡོ་བའི་སྔགས་ཀྱིས་མཚམས་གཅད་པར་བྱ་སྟེ་དེའི་ཕྱག་རྒྱ་ནི་འདིའོ། །ལག་བ་གཡོན་པའི་ཁུ་ཚུར་བཅངས་ལ་མཛུབ་མོ་དང་གུང་མོ་གཉིས་བརྐྱང་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་རྩེར་མཐེ་བོས་མནན། ལག་པ་གཡས་པའང་དེ་བཞིན་དུ་བྱས་ལ་མཛུབ་མོ་དང་གུང་མོ་གཉིས་གཡོན་པའི་མཐིལ་དུ་གཞུག་གོ །མི་གཡོ་མགོན་གི་ཕྱག་རྒྱ་རལ་གྲི་ཤུགས་སུ་བཅུག་པ་སྟེ་སྔགས་ནི། ན་མ་སྶ་མནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀཱ་ཎ་ཙཎྜ་མ་ཧཱ་རོ་ཥ་ཎ་སྤོ་ཊ་ཡ་ཧཱུཾ་ཏྲག་ཧཾ་མཾ། ལན་གསུམ་དུའོ། །རལ་གྲི་ཤུབས་ནས་ཕྱུང་ལ་བསྐྲད་པ་ནི་གཡོན་ནས་བསྐོར། མཚམས་གཅད་པ་ནི་གཡས་ནས་བསྐོར་རོ། །དེ་བཞིན་དུ་འདི་ལས་གཞན་དག་དང་གཞན་དག་ཀྱང་ཇི་ལྟར་རིགས་པར་བྱའོ། །སྐུ་གཟུགས་སམ་མཆོད་རྟེན་ཡོད་ན་དང་བོ་ཉིད་དུ་ཆོས་ཀྱི་དབྱིངས་ཀྱིས་བྱིན་གྱིས་བརླབས་པའི་ཆུས་བཀྲུས་ལ་དེ་ནས་གདོད་འདི་དག་ཀུན་བྱའོ། །དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་སྤྱི་བོ་བཏུད་ལ་ཡོན་ཆབ་དང་པོར་གསོལ་ནས་མཆོད་པ་རྣམ་པ་བཞིས་མཆོད་དེ། ཡོན་ཆབ་ལ་སོགས་པ་དེ་དག་ཀྱང་འཕགས་པ་མི་གཡོ་བའི་སྔགས་ཀྱིས་བཏབ་པའི་ཆུ་འམ་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་གཞག་པའི་ཆུས་གཏོར་ཏེ་སྦྱངས་ལ་མཆོད་པའི་ཕྱག་རྒྱ་དང་སོ་སོའི་སྔགས་ཀྱིས་ལན་གསུམ་དུ་བཏབ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བརྗོད་ཅིང་དབུལ་ལོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་པོ་ལ་ཕྱག་འཚལ་ལོ། །འཕགས་པ་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ་ཞེས་པ་ལ་སོགས་པ་དེ་དག་གི་མཚན་ན་སྨོས་ལ་ཇི་སྐད་དུ་བསྒྲགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་མཆོད་པ་བྱའོ། །ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བརྗོད་ནས་ཐམས་
ཅད་ལ་ཁྱབ་པའི་ཡིད་ཀྱིས་མཆོད་པའི་ཡོ་བྱད་རྣམས་རེ་རེ་ནས་དབུལ་ལོ། །དེ་ལ་མཆོད་པའི་ཡོ་བྱད་རྣམས་ཀྱི་སྤྱིའི་ཕྱག་རྒྱ་ནི་ཐལ་མོ་ཁོང་སྟོད་དུ་སྦྱར་བའོ། །ཡོན་ཆབ་དང་སྤོས་ལ་སོགས་པའི་སྔགས་ནི་འདི་རྣམས་སོ། །ན་མ་སྶ་མནྟ་བུདྡྷཱ་ནཱཾ། ག་ག་ན་ས་མཱ་ས་མ་སྭཱ་ཧཱ། ཡོན་ཆབ་ཀྱི་སྔགས་སོ། །ནམ་སྶ་མནྟ་བུདྡྷཱ་ནཱཾ། བི་ཤུདྡྷི་ག་ག་ན་ས་དྷོདྦྷ་བ་སྭཱ་ཧཱ། སྤོས་ཀྱི་སྔགས་སོ། །ན་མ་སྶ་མནྟ་བུ་དྡྷཱ་ནཱཾ། མ་ཧཱ་མཻ་ཏྲྱཱ་དྦྷུ་ཏ་ག་ཏ་སྭཱ་ཧཱ། མེ་ཏོག་གི་སྔགས་སོ། །ན་མ་སྶ་མནྟ་བུ་དྡྷཱ་ནཱཾ། དྷརྨ་དྷ་ཏྭཱ་ནུ་ག་ཏེ་སྭཱ་ཧཱ། བདུག་པའི་སྔགས་སོ། །ན་མ་སྶ་མནྟ་བུ་དྡྷཱ་ནཱཾ། ཏ་ཐཱ་ག་ཏ་ཨ་རྩ་སྤ་ར་ཎ་ཨ་བྷཱ་བ་ས་ག་ག་ནཽ་དཱཪྻ་སྭཱ་ཧཱ། མར་མེའི་སྔགས་སོ། །རྒྱུད་གཞན་ལས་འབྱུང་བའི་ཡོན་ཆབ་ལ་སོགས་པའི་སྔགས་ཀྱིས་བཏབ་ཅིང་མཆོད་ནའང་ཉེས་པ་མེད་དོ། །འདིར་སྤོས་ལ་སོགས་པ་མཆོད་པ་རྣམ་བཞི་སྨོས་པའམ་བཅོམ་ལྡན་འདས་ལ་མཆོད་པའི་ཡོ་བྱད་མཚན་མ་ཙམ་བསྟན་པར་ཟད་ཀྱི་དེ་ཁོ་ནར་ངེས་བ་ནི་མེད་དོ། །དེ་བས་ན་འཇིག་རྟེན་ན་བསྔགས་པའི་མཆོད་པའི་ཡོ་བྱད་རྣམས་འབྱོར་ན་འཕགས་པ་མི་གཡོ་བའམ། ཆོས་ཀྱི་དབྱིངས་ཀྱི་ཡི་གེས་བསངས་ལ་དབུལ་ལོ། །མཆོད་པའི་ཡོ་བྱད་རྣམས་མ་འབྱོར་ན་ཡང་སེམས་རབ་ཏུ་དང་བས་མཆོད་པ་བྱ་བའི་བསམ་པ་བསྐྱེད་ལ་མཆོད་པའི་ཕྱག་རྒྱ་དང་སྔགས་རྣམས་བརྗོད་ན་ཐམས་ཅད་རྫོགས་པར་བྱས་པར་འགྱུར་རོ། །ཕྱོགས་བཅུ་ནས་མཆོད་པའི་ཡོ་བྱད་རྣམས་ཀྱང་ཡིད་ཀྱིས་དབུལ་བར་བྱ་སྟེ་དེའི་ཐབས་ཀྱང་འདིའོ། །ཕྱོགས་བཅུ་ནས་ས་དང་ཆུ་ལས་སྐྱེས་པའི་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པ་མཛེས་པའི་དངོས་པོ་དེ་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དབུལ་ལོ་ཞེས་ཐལ་མོ་སྦྱར་ལ། སེམས་ཐག་པ་ནས་ཕུལ་ན་མཆོད་པ་ཆེན་པོ་བྱས་པར་འགྱུར་རོ། །དེ་ནས་ཡང་སྤྱིར་པོར་མཆོད་པའི་ཡུལ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དབའ་རྣམས་ལ་དུས་ཐམས་ཅད་དུ་རྙེད་པར་སླ་བ་ཡོངས་སུ་དག་པ། རབ་ཏུ་རྒྱ་ཆེ་བའི་མཆོད་པའི་སྤྲིན་ཆེན་པོ་འདི་ལྟར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་མཐུ་དང༌། ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱི་མཐུ་དང༌། བདག་
གི་བསོད་ནམས་དང་ཡེ་ཤེས་དང་སྨོན་ལམ་གྱི་མཐུས། དམ་པ་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་ཁྱབ་པ་མཆོད་པའི་སྤྲིན་ཆེན་པོ་དང་བསྟོད་པ་དང་རྒྱན་དམ་པ་སྣ་ཚོགས་རྣམས་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་བྱུང་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱད་བྱིན་གྱིས་བརླབས་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམས་ལ་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འབྱུང་པར་བྱེད་པའི་རིག་སྔགས་ཆེན་པོ་འདི་ལན་གསུམ་བརྗོད་དོ། །ན་མ་སྶ་མནྟ་བུདྡྷཱ་ནཱཾ། ཨཱ་སྥ་ར་ཨི་མཾ་ག་ག་ཎ་ཁཾ་དྷ་རྨ་དྷཱ་ཏ་ཀྵ་ར་ས་མ་ཏཱ་ཡ་སརྦ་ཏ་ཐཱ་ག་ཏ། བར་ཥཊ་མཎྜ་ལ་མ་མ་པྲ་ཎི་དྷི་པུ་ཉ་ཛྙཱ་ན་པ་ལེན། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཥྛ་ནེ་ན་ཙ་སྭཱ་ཧཱ། དེ་ལྟར་མཆོད་པ་ཆེན་བོའི་སྤྲིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དེ་བཞིན་དུ་གནས་པར་འགྱུར་བར་ཡིད་ཆེས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མྱུར་དུ་འགྲུབ་པར་བྱེད་པ་རྡོ་རྗེ་འཛིན་གྱི་གླུའི་བསྟོད་པ་དམ་པ་འདིས་ཀྱང་དུས་གསུམ་པའི་སངས་རྒྱས་རྣམས་ལ་བསྟོད་པར་བྱའོ། །མཉམ་མེད་མི་གཡོ་མཉམ་ཉིད་མཆོག་ཆོས་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྩོལ། །དྲི་མེད་མི་གཡོ་མཉམ་མེད་དམ་ཆོས་ཅན། །ཡོན་ཏན་ཕྲ་མོའི་ཆ་ལའང་མཐའ་མེད་དེ། །ནམ་མཁའ་དང་ཡང་མཉམ་པའི་དཔེར་མི་རུང༌། །རྟག་ཏུ་སེམས་ཅན་རྣམས་ལ་གྲུབ་མཆོག་སྩོལ། །དཔེ་དང་བྲལ་བའི་དངོས་གྲུབ་མཐའ་ཡས་རྣམས། །རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་བརྩོན་འགྲུས་མཐའ་ཡས་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་ཡང༌། །མཐའ་ཡས་དཔག་མེད་གོ་འཕང་རབ་བརྙེས་ཀྱང༌། །ཁམས་གསུམ་ཀུན་ཏུ་དངོས་གྲུབ་མཆོག་སྩོལ་ལ། །ཐུགས་རྗེ་སྦྱོད་པ་མི་གཡོ་རྒྱུན་མི་གཅོད། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་ཅན། །མགོན་པོ་དུས་གསུམ་གཤེགས་ཤིང་སྒྲིབ་མེད་པ། །རྟག་ཏུ་ཁམས་གསུམ་ཀུན་ལ་མཆོག་སྦྱིན་གྲུབ། །མཆོག་སྦྱིན་མཆོག་གི་གནས་ནི་རབ་བརྙེས་པ། །དམ་ཚིག་མཆོག་གསུམ་གྲུབ་པ་བདག་ལ་སྩོལ། །བཅོམ་ལྡན་འདས་
བདག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྐྱབས་སུ་མཆིས་ཀྱིས་བདག་ལ་ཐུགས་རྗེས་གཟིགས་ཏེ། འགྲོ་བ་མ་ལུས་པ་ཡོངས་སུ་བསྐྱབ་པའི་མཐུ་བདག་ལ་སྩོལ་ཅིག་ཅེས་ཀྱང་བརྗོད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་ཀླས་པ་མ་ལུས་པར་སེམས་ཅན་གྱི་དོན་དུ་འགྱུར་བར་བྱ་སྟེ་དེའི་ཆོ་ག་ནི་འདིའོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པའི་ཕྱོགས་བཅུ་ཐམས་ཅད་དུ་དམ་པ་རྒྱ་ཆེན་པོ་སེམས་ཅན་གྱི་དོན་མཛད་པ་ཁ་ཏོན་དང་ཚུལ་དང་སྤྱོད་ལམ་རྣམ་པ་སྣ་ཚོགས་སུ་ལྡན་བ་ཀུན་ཏུ་བཟང་པོ་སྦྲུལ་བ་མང་པོ་རབ་ཏུ་འབྱུང་བར་གྱུར་ཅིག །དེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གི་མི་བདེ་བ་ཐམས་ཅད་རབ་ཏུ་ཞི་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མ་ལུས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་དེ་དག་གིས་ཐོབ་པར་གྱུར་ཅིག་ཅེས་བསམས་ནས། བྱིན་གྱི་རླབས་ཀྱི་གནས་གསུམ་གྱིས་བྱིན་གྱིས་བརླབ་པོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་མཐུ་དང༌། ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱི་མཐུ་དང༌། བདག་གི་སྨོན་ལམ་གྱི་མཐུས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། སྔར་བསམ་པའི་དོན་དེ་དག་ཐམས་ཅད་སེམས་ཅན་གྱི་ཁམས་འདིར་ཇི་ལྟར་རིགས་པར་མྱུར་དུ་འབྱུང་བར་གྱུར་ཅིག་ཅེས་བརྗོད་དོ། །དེ་ནས་སེམས་ཅན་གྱི་དོན་གྱི་བྱིན་གྱིས་རློབ་པའི་རིག་སྔགས་ནམ་མཁའི་མཛོད་འབྱུང་པར་མཛད་པ་འདི་ལན་གསུམ་བརྗོད་དོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ་སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདི་ལན་གསུམ་བཟླས་པས་ཇི་ལྟར་བསམས་པའི་དོན་རྣམས་སེམས་ཅན་གྱི་ཁམས་འདིར་དེ་བཞིན་དུ་འགྱུར་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་གྱི། གཞན་ཤེས་པ་ཆུང་ངུ་རྣམས་ཀྱིས་ནི་མི་ཤེས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱིས་ཡིད་ཆེས་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་མཉེས་པར་བྱས་ཤིང་འགྲོ་བ་མ་ལུས་བའི་དོན་བྱས་པ་དེས་བདག་གིས་ལྷའི་ཕྱག་རྒྱ་དང་སྔགས་ཀྱི་ཡི་གེ་དགོད་པ་ལ་སོགས་པས་བདག་ཉིད་ལྷའི་སྐུར་བསྒྱུར་ལ་ཡི་གེ་ཧཾ་དཀར་པོ་ཡང་སྤྱི་བོར་བཞག་སྟེ།
མདུན་དུ་སངས་རྒྱས་བཅོམ་ལྡན་འདས་བསམས་ལ་དེར་ཡི་གེ་སྦྱར་བ་བྱས་ཏེ་དབུགས་དང་དྲན་པ་རབ་ཏུ་བསྡམས་ནས་སླར་སྡུད་པའི་ཚིག་གིས་ནོན་པར་ཡིད་ལའམ། བཤུབས་ཏེ། མི་དྲག་མི་ངལ་བར་མ་སྐྱོ་བའམ་ཇི་ཙམ་འདོད་ཀྱི་བར་དུ་བཟླས་པར་བྱའོ། །སློབ་དཔོན་དབང་བསྐུར་བས་ནི་བདག་དེ་བཞིན་གཤེགས་པའི་སྐུར་བསྒྱུར་ཏེ། དེ་བཞིན་གཤེགས་པ་འམ་བྱང་ཆུབ་སེམས་དཔའི་སྔགས་ཟླ་བའི་དཀྱིལ་འཁོར་ལ་བཞག་ནས་བཟླས་བར་བྱའོ། །ཇི་སྐད་དུ་བཤད་པ་ལྟར་མ་ནུས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བར་དམིགས་པའི་སེམས་སམ། །སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་ལ་རྗེས་སུ་ཡི་རང་བར་དམིགས་ཤིང་བཟླས་པར་བྱའོ། །དེ་ནས་ངལ་ལམ་གཏོང་འདོད་ན་བཟླས་པ་བཏང་སྟེ། ཡང་ལས་ཀྱི་རྡོ་རྗེར་བདག་བསྒྱུར་ལ་སྔ་མ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟོད་ཅིང་མཆོད་པ་བྱས་ལ། དགེ་བ་ཅི་བྱས་ཡོངས་སུ་བསྔོས་ལ་བདག་ཀྱང་དགེ་བའི་ལས་འདིས་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་སྒྲོལ་ནུས་པར་གྱུར་ཅིག །བདག་ནམ་སངས་རྒྱས་ཀྱི་བར་དུ་ཡང་སྐྱེས་སོ་ཅོག་ཏུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱེད་པའི་བདག་གི་ངོ་བོ་དང༌། འཁོར་དང་དགེ་བའི་བཤེས་གཉེན་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག་ཤིག་ཅེས་བརྗོད་དོ། །དེའི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐྱོང་བ་རྣམས་བདག་ཐེག་པ་ཆེན་པོ་ལས་མི་ཉམས་ཤིང་ཁྱད་པར་ཐོབ་པར་བྱིན་གྱིས་རློབ་ཤིག་ཅེས་གསོལ་བ་བྱའོ། །དེ་ནས་ཡོན་ཆབ་ཕུལ་ཏེ། གདོན་མི་ཟ་བར་བདག་ལ་ཡང༌། །རྗེས་སུ་གཟུང་པར་དགོངས་ནས་སུ། །སངས་རྒྱས་སྲས་དང་བཅས་པ་རྣམས། །ཅི་བདེ་བར་ནི་གཤེགས་སུ་གསོལ། །དེ་ནས་སྤྱི་བོར་དམ་ཚིག་གསུམ་གྱི་ཕྱག་རྒྱ་བྱས་ཏེ་གྱེན་དུ་དཀྲོལ་ནས་སྔར་དམ་ཚིག་གི་ཕྱིར་ཞུགས་པ་རྣམས་གཤེགས་པར་འགྱུར་རོ། །མཚམས་བཅད་བའང་ཡིད་ཀྱིས་དགྲོལ་ལོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བདག་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་སྔགས་ཀྱིས་བདག་རྡོ་རྗེ་སེམས་དཔར་བྱིན་གྱིས་
བརླབ་པོ། །སྤྱི་བོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེའང་བསམ་མོ། །རྡོ་རྗེ་གོ་ཆའི་ཕྱག་རྒྱས་གོ་ཆ་ཡང་བགོས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ལ་བྱས་ནས་དགེ་བའི་ལས་དམ་པ་བྱ་བར་བསམས་ཤིང་ལྡང་ངོ༌། །ལངས་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་དག་ལྷ་ལ་སོགས་པ་གཉེར་ཏེ་ཆོས་སྦྱིན་པའི་སེམས་ཀྱིས་བཀླག་གོ །དེ་ནས་ལུས་གསོ་བའི་ཕྱིར་ཟས་བཟའ་བའི་རིམ་པའང་འདིའོ། །དང་པོར་ཅི་འབྱོར་པའི་ཟས་ལ་སྔགས་ལན་གསུམ་ནམ་བདུན་དུ་གདབ་པོ། །ན་མ་སྶ་མནྟ་བུ་དྡྷཱ་ནཱཾ། ཨོཾ་ཨ་མི་ཏོདྦྷ་བ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕུད་ཕུལ་ཏེ། དེའི་འོག་ཏུ་སེམས་ཅན་ལ་ཡང་བྱིན་ལ་རོ་ལ་མ་ཆགས་པར་རིགས་པ་དང་རན་པར་བཟའོ། །དེ་ནས་འཕགས་པ་མི་གཡོ་བ་ལ་དྲག་པོ་གདོན་མི་ཟ་བའི་སྙིང་པོས་ཟས་ཀྱི་ལྷག་མའི་ཆང་བུ་ལ་བཏབ་སྟེ་དབུལ་ལོ། །དེའི་སྔགས་ནི། ན་མ་སྶ་མནྟ་བཛྲཱ་ཎཱཾ། ཏྲ་ཊ་ཨ་མོ་གྷ་ཙཎྜ་མ་ཧཱ་རོཥ་ཎ་སྥོ་ཊ་ཡ་ཧཱུཾ་ཏྲ་ཊ་ཡ་ཧཾ་མཾ། གདོན་མི་ཟ་བར་དྲག་པོའི་སྙིང་པོའོ། །དེ་ལྟར་བྱས་ན་དེ་མཉེས་ནས་རྟག་ཏུ་བསྲུང་བར་འགྱུར་རོ། །དེ་ནས་ཟས་ཟོས་ཏེ་ངལ་བསོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བ་དང༌། སྡིག་པ་བཤགས་ལ་སོགས་པ་དེ་བཞིན་དུ་བྱ་སྟེ་དམ་པའི་ཆོས་ཀུན་དུ་དགའ་བར་གནས་སོ། །དེའི་ཕྱི་དྲོ་འང་བཟླས་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ནས་སྲོད་དང་ཐོ་རངས་ལ་དམ་པའི་ཆོས་ལ་བརྩོན་པར་བྱ་སྟེ་ནམ་གྱི་གུང་ལ་མལ་ས་བཅས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ཀུན་གྱིས་ཕྱག་འཚལ་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྗེས་སུ་དྲན་པར་བྱས་ཏེ། ཁམས་སྙོམས་པར་བྱ་བའི་ཕྱིར་ཉལ་གྱི་གཉིད་ཀྱི་བདེ་བའི་ཕྱིར་ནི་མ་ཡིན་ནོ། །སྔ་གློ་གཡས་པས་ཉལ་ན་ཕྱིས་ནི་ཅི་བདེར་རོ། །དེ་ནས་ཕྱི་དེ་ཉིན་ཡང་ཆོ་ག་དེ་བཞིན་དུ་བྱའོ། །དེ་ལྟར་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་རྒྱུན་མི་འཆད་པར་བྱའོ། །ཇི་སྐད་བཤད་པ་བཞིན་མི་ནུས་ན་ཡང་ཅི་ནུས་པས་སྔགས་ཀྱི་ལྷ་མཉེས་པར་བྱའི་མི་རུང་སྙམ་པའི་དོགས་པ་ནི་མི་བསྐྱེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་རྗེར་བཟུང་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་གདབ་པ་འདི་གཉིས་ནི་ཡོངས་སུ་མི་གཏོང་ངོ༌། །འདི་གཉིས་ཡོངས་སུ་མ་བཏང་ན་ཆོ་ག་གཞན་རྣམས་མ་ནུས་ཀྱང་བཟླས་པ་རྟག་པར་བརྩོན་འགྲུས་སུ་བྱས་ན་དས་ཀྱང་རྗེས་སུ་མཐུན་པའི་དངོས་གྲུབ་དངོས་པར་ཐོབ་པོ། །འདི་ལ་ནང་གི་གཙང་སྦྲ་གཙོ་བོ་སྟེ་དེ་བས་ན་ཕྱི་རོལ་གྱི་གཙང་སྦྲ་ལ་ཆགས་པར་མི་བྱའོ། །བཟའ་བ་འདྲེས་པ་ལ་སོགས་པ་ཉེས་པའི་དོགས་པ་ཡང་མི་བྱའོ། །ལུས་གསོ་བའི་ཕྱིར་ནི་ཕྱི་རོལ་གྱི་ཁྲུས་ལ་སོགས་པ་ཡང་བྱ་སྟེ། དེའང་འབབ་ཆུ་ལ་སོགས་པར་ཁྲུས་བྱེད་འདོད་ན་ཐོག་མར་འཕགས་པ་མི་གཡོ་བའི་སྔགས་ཀྱིས་ས་གཙང་མ་བླངས་ཏེ་ལན་གསུམ་བསྔགས་ལ་སྔགས་དེས་བདག་བསྲུངས་ལ་ཆུའི་གདུག་པ་འང་བསྐྲད་དེ། མཚམས་བཅད་ལ་སྔགས་དེ་ཆུ་ལའང་བསྔགས་ཏེ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལའང་མང་དུ་ཕུལ་ནས་ཡིད་ལ་དྲན་པར་བྱེད་ཅིང༌། ས་དེས་ཡ་རབས་ཀྱི་ཚུལ་བཞིན་ཁྲུས་བྱའོ། །དེ་ནས་དམ་ཚིག་ལ་སོགས་པའི་ཕྱག་རྒྱ་གསུམ་པོ་བྱས་ལ་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་འང་སྤྱི་བོར་བསམ། རྡོ་རྗེ་གོ་ཆས་ཀྱང་བདག་གོ་བགོས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་ཕུལ་ཏེ་སེམས་ཅན་ལ་ཕན་པར་བསྔགས་པ་བྱས་ནས་ཕྱག་འཚལ་ཏེ་ལྡང་ངོ༌། །མཚམས་བཅད་པའང་ཡིད་ཀྱིས་དཀྲོལ་ལ་གནས་སུ་མི་གཡེང་བར་འགྲོའོ། །ཡང་ན་ཁྲུས་ཀྱི་གནས་དེ་ཉིད་དུ་སྔ་མ་བཞིན་དུ་བཟླས་པའོ། །ཉིན་རེ་ཞིང་རྗེས་སུ་དྲན་པ་དེ་ལྟར་བྱས་ན་ཐམས་ཅད་མཁྱེན་པའི་ཚོགས་བསགས་པ་དང༌། གོ་འཕང་དམ་པ་རིང་པོར་མི་ཐོགས་པར་འཐོབ་ཅིང་ཚེ་འདི་ཉིད་ལ་འཚེ་བ་ཐམས་ཅད་མེད་པ་དང༌། མཚན་མ་དང་བཅས་པའི་དངོས་གྲུབ་ཐམས་ཅད་ནུས་པར་མྱུར་དུ་འགྱུར་རོ། །མཚན་མ་མེད་པ་ཟབ་ཅེས་ཏེ། །དམན་པ་རྣམས་ཀྱིས་མི་ལྕོགས་པས། །དེ་ཕྱིར་མཚན་མ་ཆོ་ག་ཅན། །སྐྱོན་མེད་པ་ནི་འདིར་བཤད་དོ། །རྣམ་པར་སྣང་མཛད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག །སློབ་དཔོན་རྒྱལ་བའི་འོད་ཀྱིས་མཛད་པ་རྫོགས་སོ།། །།