Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བཞི་པ།


   
   
   
   
འཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ། 
   
   
   
   


 
previousའཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ།next

འཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ།


DTG064_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ་བཞུགས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །འཕགས་པ་ཞེས་པ་རྗེ་བཙུན་འཇམ་དཔལ་གྱི་མཚན་བརྗོད་པ་འདི་ནི་སྙིང་པོ་བསྡུས་པའི་རྒྱུད་ཡིན་པས་རྒྱུད་གཞན་ལས་འཕགས་པའོ། །འཇམ་པ་ནི་ཉོན་མོངས་པ་སྲ་ཞིང་རྩུབ་པའི་ཟུག་རྔུ་མེད་པས་སོ། །དེ་ལས་ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བས་དཔལ་ལོ། །ཡང་ན་རང་བཞིན་རྒྱུའི་འཇམ་དཔལ་བསྒོམ་པ་ལམ་གྱི་འཇམ་དཔལ། འབྲས་བུ་མཐར་ཐུག་གི་འཇམ་དཔལ་དང་གསུམ་སྟེ། འཆིང་བ་མཐའ་དག་དང་བཅས་པ་དང༌། ཕྱོགས་འགའ་དང་མ་བྲལ་བ་དང༌། མཐའ་དག་དང་བྲལ་བ་གསུམ་ལ་རིམ་པ་བཞིན་དུ་སྦྱར་རོ། །མཚན་བརྗོད་པའི་དོན་ནི་འོག་ནས་ཡང་དང་ཡང་བསྟན་ཏོ། །དེ་ནས་ཞེས་པ་ནི་ཨ་ཐ་ཞེས་པའི་སྒྲ་སྟེ། བཀྲ་ཤིས་པའི་ཚིག་ཡིན་པས་ཀླད་དུ་བྱུང་ཟེར་ལ། ཡང་ན་ཁ་ཅིག་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པའི་དོན་མ་རྒྱུད་ཀྱི་བསྐྱེད་རྫོགས་སུ་འདོད་དེ། དེ་ཡང་ཨ་ཐ་བཛྲ་དྷ་ར་ཤྲཱི་མན་ཞེས་པའི་སྒྲ་སྟེ། ཨ་ནི་ལྟེ་བ་ན་ཨ་ཐུང་དུ་བཤད་པ་ལྟ་བུའི་རྣམ་པ་རེག་བྱ་ཚ་བ་གཏུམ་


DTG064_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མེའི་རང་བཞིན་དུ་གནས་ལ། ཐ་ནི་སྤྱི་བོ་བདེ་ཆེན་ཙཀྲ་བྱང་སེམས་ཀྱི་ཐ་མེའི་རྒྱ་ཡི་གེ་ཐ་ལོག་གི་དབྱིབས་སུ་གནས། བཛྲ་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་དོན་ལྟེ་བར་བདེ་བ་ཕབ་ནས་དེ་ལ་འབར་འཛག་བྱ་སྟེ་མི་ཕྱེད་པ། དྷ་ར་ནི་འཆང་བ་སྟེ་དེ་དང་མི་འབྲལ་བའོ། །ཤྲཱི་ནི་དཔལ་ཏེ་དེ་ལ་ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བས་སོ་ཞེས་འདོད་དོ། །དེས་སེམས་གདུལ་བྱ་འདུལ་ཞེས་མ་རྒྱུད་དུ་སྦྱར་རོ། །ཡང་ན་ཁ་ཅིག་ནི། འཇམ་དཔལ་ཀྲྀ་ཡ་དཔའ་བོ་གྲུབ་པ་ནས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བརྗོད་ཅིང༌། དེ་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཕྱག་འཚལ་བ་བས། རྗེ་བཙུན་འཇམ་དཔལ་གྱི་མཚན་བརྗོད་ཅིང་ཕྱག་ལན་ཅིག་བཙལ་ན་དེ་བསོད་ནམས་ཁྱད་པར་འཕགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས་འཁོར་རྣམས་ཐེ་ཚོམ་སྐྱེས་ཏེ། དྲང་དོན་དུ་ཡིན་ནམ། ངེས་དོན་དུ་ཡིན་སྙམ་པའི་རྣམ་པར་རྟོག་པ་དེ་གཅད་པའི་ཕྱིར་དེ་སྐད་གསུངས་པ། དེ་མ་ཐག་ཁོ་ནར་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་ཅིང་ཞུས་པས་དེ་ནས་བྱ་ཟེར་ཏེ། སློབ་དཔོན་སྒེག་པའི་གྲུབ་མཐའ་གླེང་གཞི་དང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ལ་སོགས་པ་ཚིག་གི་ཕྲད་མེད་པའི་དེ་ནས་ཞེས་པའི་ཚིག་གཅིག་ཀླད་དུ་བྱུང་བའི་རྒྱུད་འདི་རང་རྐྱའི་རྒྱུད་མ་ཡིན་ཏེ། རྒྱུད་གཞན་དང་འབྲེལ་པའི་རྒྱུད་གཅིག་ཡིན་པར་བཞེད་དེ། དཔེར་ན་རྡོ་རྗེ་རྩེ་མོ་ནས་གཞན་དང་འབྲེལ་པའི་བཤད་རྒྱུད་ཡིན་པས། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་ཀླད་ནས་འབྱུང་བ་དང༌། དཔལ་སྒྱུ་མ་ཆེན་མོ་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང་འབྲེལ་པས་དེ་ནས་མཁའ་འགྲོ་མ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ་།དེ་ཡང་དེ་ནས་ཞེས་པ་འདི་ཕྱག་ན་རྡོ་རྗེའི་བླ་དགས་ཀྱི་ཚིག་ཡིན་ཏེ། ཕྱག་ན་རྡོ་རྗེ་རྒྱུད་འདིའི་སྡུད་པ་པོ་ཡིན་པའི་ཕྱིར་རོ། །འོ་ན་སྡུད་པ་པོ་ཡིན་པས་དེ་ནས་བྱ་བ་འདི་སྡུད་པ་པོའི་ཚིག་ཡིན་པར་ཅིས་ཤེས་ཤེ་ན། བཀའ་སྩལ་སྟོན་པའི་ཚིག་ཞུས་པ་འཁོར་གྱི་ཚིག་མཚམས་སྦྱོར་སྡུད་པ་པོའི་ཚིག་ཡིན་པའི་ཕྱིར་རྩ་བའི་རྒྱུད་སྒྱུ་འཕྲུལ་དྲབ་ཤློ་ཀ་ཕྲག་དྲུག་སྟོང་


DTG064_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་མགུར་བཞེས་བ་སྟེ། སཾ་སྐྲྀ་ཏའི་སྐད་དུ་མ་བཞེས་པར་རྡོ་རྗེའི་ཚིག་ཏུ་བསྒྱུར་བས་དེ་དབང་པོ་རྟུལ་པོའི་འཁོར་རྣམས་ཀྱིས་མ་གོ་ནས་དབང་པོ་རྟུལ་བའི་འཁོར་ཉེ་བར་བཟུང་བའི་ཕྱིར་དེ་མ་ཐག་ཁོ་ནར་བྱ་བ་གཞན་གྱིས་བར་མཆོད་པར་ཕྱག་ན་རྡོ་རྗེའི་འཁོར་རམ་གྲོགས་ལྔ་བརྒྱ་དང་ལྷན་ཅིག་གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པའི་དོན་ཏོ། །ཨ་ཐ་ཞེས་པ་དེ་མ་ཐག་པ་ལ་བྱའོ། །ལྔ་བརྒྱ་དང་ལྷན་ཅིག་ཏུ་སྟེ། དེ་ལྟར་ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཕྱག་ན་རྡོ་རྗེའི་རྗེས་སུ་སློབ་པའི་གྲོགས་ལྔ་བརྒྱ་དང་ལྷན་ཅིག་ཏུ་མནོས་ཞེས་འབྱུང་བ་དེས་ནི་གྲོགས་ཀྱི་གྲངས་ཀྱི་ངེས་པའོ། །ལྔ་བརྒྱ་པོ་དེ་རྣམས་ཀྱི་མཚན་ཅི་ཡིན་ཞེ་ན། ཀུན་ཀྱང་ལག་ན་རྡོ་རྗེ་ཞེས་པ་ཤ་སྟག་གོ །མཐའ་ཡས་ཞེས་པ་ལྔ་བརྒྱ་པོ་དེ། རེ་རེ་ལ་ཡང་འཁོར་ལྔ་བརྒྱ་ལྔ་བརྒྱ། ཡང་འཁོར་དེ་རེ་རེ་ལ་ཡང༌། སུམ་འཁོར་ལྔ་བརྒྱ་ལྔ་བརྒྱ་མངའ་བའམ། ཡང་ན་ལྔ་བརྒྱ་པོ་དེ་རྣམས་ཟབ་མོ་སྟོང་པ་ཉིད་རྟོགས་པས། ཡོན་ཏན་མཐའ་ཡས་པ་སྟེ་མཚན་གྱི་ངེས་པའོ། །དཔའ་བོ་ནི་གཞན་གྱིས་མི་ཐུབ་པ་གདུལ་དཀའ་ནི་ལྷ་ཆེན་གསུམ་ལ་སོགས་པ་སྡུག་བསྔལ་གྱིས་འདུལ་དགོས་པའི་ཕྱིར་རོ། །འདུལ་བ་ནི་ཕན་འདོགས་པའི་ཚུལ་དང༌། ཚར་གཅོད་པའི་ཚུལ་གཉིས་པ་སྟེ། གོང་གི་བས་འདི་ཁྱབ་ཆེ་སྟེ་ཕྲིན་ལས་ཀྱི་ཁྱད་པར་རོ། །འཇིགས་སུ་རུང་བ་ནི་ཁྲོ་བོའི་ལུས་ཏེ། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །ཞེས་པས་འོག་ནས་ཀྱང་རྒྱས་པར་འཆད་དེ་གཟུགས་ཀྱི་ཁྱད་པར་རོ། །རྡོ་རྗེ་ནི་ཕྱག་མཚན་རྩེ་མོ་ནི་སྟེང་གི་ཆ་རབ་ནི་རྩེ་མོའི་ཆ་ལས་ཕྲ་མོ་འཕྲོས་ཤིང་ནམ་མཁའ་ཐམས་ཅད་དུ་ཏམ་ཏམ་བྱུང་བའོ། །ཕྱག་ན་རྡོ་རྗེས་རང་གི་གདན་ལས་བཞེངས་ནས་གསོལ་བ་འདེབས་པའི་དུས་སུ་དེའི་རྗེས་སུ་སློབ་པའི་གྲོགས་ལྔ་བརྒྱ་པོ་དེ་རྣམས་ཀྱིས་རང་གི་སྟན་གང་ཡིན་པ་ལས་ལངས་ཏེ། ཕྱག་གཡས་པས་རྡོ་རྗེ་རྣམས་ཡང་དང་ཡང་དུ་བསྒྱུར་ཞིང་གསོར་ཏེ་རྡོ་རྗེའི་ཐེག་པས་སེམས་ཅན་རྣམས་འཁོར་བ་ལས་འདོན་པ་ལ་མངའ་


DTG064_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་པའི་དོན་ཏོ། །ཕྱག་མཚན་གྱི་ཁྱད་པར་རོ། །ཤེས་རབ་ནི་སྟོང་པ་ཉིད་དེ་མཐའ་ཐམས་ཅད་དང་བྲལ་བ་ཟབ་པའི་དོན་དམ། སྙིང་རྗེ་ནི་ཐབས་ཐུགས་རྗེ་ཆེན་པོ་སྟེ་རྒྱ་ཆེ་བ་དེ་གཉིས་ཀྱིས་འགྲོ་བའི་དོན་བྱེད་དེ། འགྲོ་བ་ཞེ་སྡང་ཅན་རྣམས་ལ་སྣོད་མ་ཡིན་པ་མ་ཡིན་ཏེ། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནས་དེ་བཞིན་དུག་ལྔ་ཆ་མཉམ་པ་རྣམས་རིགས་བསྡུས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་བར་དུ་དོན་བྱེད་པ་ནི་འགྲོ་དོན་བྱེད་པའི་ནང་ན་མཆོག་ཏུ་གྱུར་པའོ། །དགའ་བ་ནི་གདུལ་བྱ་ཞེ་སྡང་ཅན་དེ་དང་བདག་འཚམ་པས་གདུལ་བྱ་དེ་ལ་དགའ་ལ། འགྲོ་བ་ནི་རང་ཞེ་སྡང་ཅན་གདུལ་བའི་གཉེན་པོ་ཁྲོ་བོའི་ལུས་ལ་དགའ་བའོ། །སྤྲོ་བ་ནི་གདུལ་བྱ་དེ་འདུལ་བ་ལ་སྤྲོ། ཁྲོ་བོའི་ལུས་ཀྱི་ཆས་འཇིགས་སུ་རུང་བའི་ཆས་བཤད་དེ། འཇིགས་བྱེད་ཆེན་པོ་དང་དྲག་ཏུ་དགོད་དབུ་ཕྱག་ཞབས་དུ་མ་སྤྱན་མི་སྡུག་པ་ལ་སོགས་པའོ། །སངས་རྒྱས་ཕྲིན་ལས་ཞེས་པ་ལོངས་སྐུ་དང་སྤྲུལ་སྐུའི་ཕྲིན་ལས་ཏེ། ལོངས་སྐུ་ནི་གནས་དང་དུས་དང་འཁོར་རྣམས་ལྷན་ཅིག་ཏུ་ཆོས་བསྟན་པ་ལས་གཞན་གྱི་ཕྲིན་ལས་མཛད་ལ། སྤྲུལ་སྐུས་ནི་མི་བསྟན་པ་ནས་མཛད་དེ། དེ་གཉིས་བསྟན་པ་ལ་བར་དུ་གཅོད་པའམ་གདུག་པ་ཅན་འདུལ་བས་ཕྱག་ན་རྡོ་རྗེ་རྣམས་ནི་མགོན་ཏེ། བཅོམ་ལྡན་འདས་ལ་ལུས་བཏུད་ནས་གྲོགས་དེ་རྣམས་དང་ལྷན་ཅིག་ཏུ། གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པ་དང་འབྲེལ་ཏེ་དེས་གྲོགས་རྣམས་ཀྱི་ཐེ་ཚོམ་ཆོད་དོ། །དེ་བཞིན་གཤེགས་པ་ཞེས་པ་ནི་ཏ་ཐཱ་ག་ཏའི་སྒྲས་འགྲོ་བ་དང༌། རྟོགས་པ་དང༌། གསུང་བ་ལ་རབ་ཏུ་འཇུག་སྟེ། ཇི་སྲིད་དུ་སྤང་བྱ་ཡོད་ཀྱི་བར་དུ་ས་དང་ལམ་གོང་ནས་གོང་དུ་འགྲོ་བ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །སྤང་བྱ་སྤངས་ནས་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་ཤེས་པ་ནི་རྟོགས་པ་ཕུན་སུམ་ཚོགས་པ་སྟེ་དེ་གཉིས་བདག་གི་དོན་ཏོ། །རྟོགས་པའི་དོན་གཞན་ལ་སྟོན་པ་ནི་གཞན་དོན་ཕུན་སུམ་ཚོགས་པའོ། །བཅོམ་ལྡན་འདས་ཞེས་པ་ནི་བྷ་ག་བཱན་ཏེ། བདུད་བཞི་


DTG064_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པའམ་ཡང་ན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྫོགས་པ་ནི་བདག་གཞན་གྱི་དོན་ཐམས་ཅད་མ་ལུས་པར་རྫོགས་པ་དེ་ལྟ་བུའི་སངས་རྒྱས་དེ་ལ་ཕྱག་ན་རྡོ་རྗེ་དེ་རྣམས་ཀྱིས་གསོལ་བ་འདེབས་པ་དེ་ཐམས་ཅད་ཀྱང་རྡོ་རྗེ་གསོར་ཞིང་བསྒྱུར་བཞིན་པ་དང་བཅས་པ་དེས་བཙན་ཐབས་སམ་མི་དགའ་བཞིན་དུ་གསོལ་བ་འདེབས་སྙམ་པ་ལ་ཕྱག་ལན་གསུམ་བཙལ་བསྐོར་བ་ལན་གསུམ་བྱས་ནས། ཐམས་ཅད་ཀྱང་ཐལ་མོ་སྦྱར་ཞིང་སོར་རྩེལ་རྡོ་རྗེ་སིབ་བེ་ཐོགས་ནས་གུས་པའི་ཚུལ་གྱིས་མདུན་ཕྱོགས་སུ་སྤྱན་སྔར་བུས་མོ་གཡས་པ་ས་ལ་བཙུགས་ཏེ་འདུག་པར་གྱུར་ཏེ་འོག་ནས་འབྱུང་བའི་ཚིག་འདི་སྐད་དོ། །དེས་ནི་ཞུ་ཚུལ་གྱི་ཐེ་ཚོམ་ཆོད་དོ། །གང་གི་ཆེད་དུ་ཞུས་སྙམ་པ་ལ་གསུངས་པ། ཁྱབ་བདག་ནི་བརྟན་གཡོ་ཐམས་ཅད་ལ་ཁྱབ་པ་སྟེ་ཀྱེ་ཁྱབ་བདག་ཅེས་སངས་རྒྱས་ལ་བོད་པའོ། །ཕྱག་ན་རྡོ་རྗེ་ལ་ཕན་གདགས་མི་དགོས་རྡོ་རྗེ་ནི་སྟོང་པ་ཉིད་དེ་ཟབ་པའི་དོན་དམ་མོ། །དཔལ་ནི་དཀྱིལ་འཁོར་བདུན་གྱི་ལྷ་ལ་བྱ་སྟེ་ཀུན་རྫོབ་ཏུ་རྒྱ་ཆེ་བ་དེས་ལེགས་པའི་ཡོན་ཏན་སྟེར་ལ་དེ་གང་དང་ལྡན་པ་ནི་ཕྱག་ན་རྡོ་རྗེའོ། །ཡང་རྡོ་རྗེ་ནི་དབྱེར་མི་ཕྱེད་པའི་སྟོན་པ་དང་འཁོར་དང་སྡུད་བ་ཐ་མི་དད་པའི་དོན་ཏོ། །དེ་ལྟར་ཡང་དགྱེས་པའི་རྡོ་རྗེ་ལས། ང་ཉིད་སྟོན་པ་ང་ཉིད་ཆོས། །ཞེས་པ་ལ་སོགས་པ་ལྟ་བུའོ། །འཆང་བ་ནི་སྐྱེ་མེད་དོན་རྟོགས་པའི་རྟགས་སུ་ཕྱག་མཚན་རྡོ་རྗེ་འཆང་བའོ། །རང་གི་མཚན་ཉིད་དམ་ངོ་བོ་དེ་ལྟ་བུ་དང་ལྡན་པའི་ཕྱག་ན་རྡོ་རྗེ་དེས་གསོལ་བ་བཏབ་བ་དེ་བཤད་དུ་གསོལ་ཞེས་པ་དང་འབྲེལ་ཏོ། །གདུལ་དཀའ་ཞེས་པ་སེམས་ཅན་སངས་རྒྱས་ཀྱི་བསྟན་པ་ལ་འཛུད་པ་ནི་ཕན་འདོགས་པའི་ཚུལ་གྱིས་འཛུད་པ་དང་ཚར་གཅོད་པའི་ཚུལ་གྱིས་འཛུད་པ་ལས། འདིར་ཚར་གཅོད་པའི་ཚུལ་གྱིས་འཛུད་པ་སྟེ་ཆེན་པོ་གསུམ་ལ་སོགས་པ་ཞི་བས་མི་འདུལ་བ་གང་ཡིན་པ་དེ་བཙན་ཐབས་སམ་མི་དགའ་བའི་ཚོགས་འདུལ་བ་སྟེ། དེ་ཡང་དཔལ་ཁམས་གསུམ་རྣམ་པར་རྒྱལ་བ་ལས་ཁྱབ་འཇུག་འདུལ་པའི་ཕྱིར་ལྕགས་ཀྱུ་ཅན་གྱིས་སྙིང་ག་ནས་བཟུང་ནས་འོངས་པས་ཁོས་ལྕགས་ཁྱུ་བཅག་


DTG064_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

།ནས་ཤོར་བས། ལྕགས་ཀྱུ་ལ་སོགས་བཅག་ནས་ནི། །བདག་ཅག་རྣམས་ཀྱིས་ཁོ་ཤོར་ན། །རིག་པའི་རྒྱལ་པོ་ཇི་ལྟར་བགྱི། །ཞེས་པ་ནས་དྲིལ་བུས་མྱོས་སུ་བཅུག་ནས་བརྒྱལ་བ་ལས། འོག་གི་ཕྱོགས་ཐལ་བས་ཁེབས་པའི་འཇིག་རྟེན་དུ་སྐྱེས་ཏེ་སངས་རྒྱའོ་ཞེས་ལུང་བསྟན། དབུ་ལ་ཟླ་བ་ཚེས་གཅིག་པའི་དབུ་རྒྱན་བསྐོར་བ་ལྟ་བུ་སྟེ་དྲག་ཤུལ་གྱིས་འདུལ་བའོ། །གདུལ་བྱ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་ཕྱག་ན་རྡོ་རྗེ་སྟེ་ཕྲིན་ལས་ཀྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པས་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་འབྲེལ་ཏོ། །དཔའ་བོ་ནི་གཞན་གྱིས་མི་ཐུབ་པ་འཇིག་རྟེན་གསུམ་ནི་ས་བླ་ས་འོག་ས་སྟེང་ན་ཙ་མུཎྜཱིའི་མིང་པོ་རྒྱལ་བར་བྱེད་པ་དང༌། སྦྲང་རྩིར་བྱེད་པ་དང༌། དོན་གྲུབ་པ་གསུམ་ལས་ཕྱག་ན་རྡོ་རྗེ་རྒྱལ་བ་སྟེ་ཕྲིན་ལས་ཀྱི་ཁྱད་པར་རོ། །རྡོ་རྗེ་དབང་ཕྱུག་ནི་རྡོ་རྗེའི་ཐེག་པ་ལ་མངའ་བརྙེས་པའམ་རྡོ་རྗེའི་རིགས་ལས་མངའ་བརྙེས་པའོ། །གསང་བའི་རྒྱལ་ནི་ཉོན་མོངས་པ་ལྔ་མཚམས་མེད་ཀྱི་ལས་ལ་སོགས་པ་གསང་བའི་འོས་ཡིན་པ་དེ་ལས་རྒྱལ་བའམ། ཡང་ན་རྡོ་རྗེའི་རིགས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་ཞེ་སྡང་ཅན་བསྒྲལ་བ་དང༌། སེར་སྣ་ཅན་གྱི་ནོར་མ་བྱིན་པར་བླངས་ལ་དཀོན་མཆོག་དང་བླ་མ་མཆོད་པ་ལ་སོགས་པ་ལྟ་བུ་གསང་བའི་མ་མོ་ཡིན་ལ་དེ་ལས་རྒྱལ་བས་གསང་བའི་རྒྱལ་ཏེ། དེ་ལྟ་བུའི་མཚན་ཅན་གྱིས་གསོལ་བ་བཏབ་པ་དང་སྦྱར་རོ། །པདྨ་དཀར་པོ་ཁ་བྱེ་བ་དང་འདྲ་བའི་སྤྱན་མངའ་བ། རྒྱས་པ་ནི་ཤིན་ཏུ་ཁ་བྱེ་བ་སྟེ་མུ་ཁ་ཞེས་པའི་སྒྲ་ཁ་དང་སྒོ་དང་གདོང་པ་ལ་འཇུག་སྟེ། འདིར་ནི་གདོང་གི་ཞལ་དང༌། པདྨ་རྒྱས་པ་ལྟ་བུ་ཅན་ཏེ་སྐྱེ་མཆེད་ཀྱི་ཁྱད་པར་དེ་ལྟ་བུ་དང་ལྡན་ཏེ་གསོལ་བ་བཏབ་པ་དང་སྦྱར་ཏེ། རང་གི་ལག་གིས་རྡོ་རྗེ་དེ་ཡང་དང་ཡང་དུ་གསོར་བ་ནི་རྡོ་རྗེ་ཐེག་པས་སེམས་ཅན་རྣམས་སྒྲོལ་བའི་བརྡའམ། ཡང་ན་འཁོར་དེར་མི་མ་ཡིན་པ་མང་པོ་བར་དུ་གཅོད་པའི་ཕྱིར་འདུས་པས་རང་གི་པདྨ་དང་ཟླ་བའི་གདན་གང་ཡིན་པ་ལས་བཞེངས་ནས་བཞིན་ཁྲོ་བ་དང་བཅས་པས་མཆེ་བ་གཙིགས་གཙིགས་མཛད་ཅིང་


DTG064_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཡང་དང་ཡང་དུ་གསོར་བས་མི་མ་ཡིན་པ་བར་དུ་གཅོད་པའི་ཕྱིར་ལྷགས་པ་རྣམས་ཀྱི་བསམ་པ་ལ་གཤིས་ངན་འདིས་རྡོ་རྗེ་བརྡེག་གམ་སྙམ་དུ་སེམས་ཏེ། གདུག་པ་ཅན་སྦ་བཀོང་བའི་ཕྱིར་རོ། །ཕྱག་མཚན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་འབྲེལ་ཏོ། །དེས་ནི་གསོལ་བ་འདེབས་མཁན་ངོ་ཤེས་སོ། །ཁྲོ་གཉེར་ཞེས་པ་ཁྲོ་གཉེར་གྱི་རླབས་གཡོ་བའི་རྒྱན་དང་ལྡན་པ་ཞལ་གདངས་པ་མཆེ་བ་གཙིགས་པ་སྟེ། དེ་ལྟ་བུའི་གྲོགས་པོ་ལ་སོགས་པ་ཕྱིས་ཀྱི་རྣལ་འབྱོར་པ་མཚན་ཉིད་ཀྱི་སྒོམ་ཆེན་རྣལ་འབྱོར་པ་རྣམས་ལ་བདག་ཅེས་བྱ་སྟེ། ཚེ་འདི་ལ་སྨན་པ་དང་ཕྱི་མའི་དོན་དང་ཐུགས་བརྩེ་སྟེ་འདི་དང་ཕྱི་མ་གཉིས་ཀའི་དོན་ཏོ། །སྒྱུ་འཕྲུལ་དྲ་བ་ཞེས་པ་ནི་རྒྱུ་ལ་མ་འབྲས་བུ་སྦྱར་ཏེ། དེ་ཡང་འདིར་རྒྱུ་སྒྱུ་འཕྲུལ་དྲ་བ་ལམ་འབྲས་བུ་སྒྱུ་འཕྲུལ་དྲ་བ་གསུམ་སྟེ། དེ་ཡང་རྒྱུ་ནི་གཉིས་མེད་ཀྱི་ཤེས་པ་ཉིད་སྣ་ཚོགས་སུ་སྣང་བས་སྒྱུ་འཕྲུལ་ལོ། །དེ་ཚམ་ན་གློ་བུར་དྲི་མས་བསྒྲིབས་ཀྱང་སྐྱེ་མེད་སྟོང་པ་ཉིད་ཀྱི་རྒྱ་དང་མ་བྲལ་ཞིང་དེ་དང་འབྲེལ་པས་དྲ་བ་ལམ་ནི་འཆིང་བ་ཕྱོགས་དང་བྲལ། ཕྱོགས་འགའ་དང་མ་བྲལ་བ་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་མདུན་དུ་སྣང་ཡང་རང་བཞིན་སྟོང་པའི་རྒྱ་དང་མ་བྲལ་བས་སྒྱུ་འཕྲུལ་དྲ་བ་ཞེའོ། །འབྲས་བུ་ནི་སྐུ་ལྔ་ཡེ་ཤེས་ལྔ་ཆོས་ཉིད་བྱང་ཆུབ་སེམས་སུ་རོ་གཅིག་པའི་བདག་ཉིད་དང་རིགས་ལྔ་སངས་རྒྱས་ལྔ་ལ་སོགས་པར་སྣང་ཙམ་ན་སྟོང་བའི་རྒྱ་དང་མ་བྲལ་བས་སྒྱུ་འཕྲུལ་དྲ་བ་ཞེའོ། །དེ་ལ་འདིར་ནི་དྲ་བ་ཞེས་པ་ལམ་དེས་འབྲས་བུ་མངོན་པར་རྫོགས་པའི་བྱང་ཆུབ་དེ་ཅི་ནས་ཀྱང་བདག་གིས་ཐོབ་པར་མཛོད་ཅིག་ཅེས་པ་སྟེ་བདག་དོན་ནོ། །ཉོན་མོངས་པ་ནི་འདོད་ཆགས་དང༌། ང་རྒྱལ་དང༌། ཁོང་ཁྲོ་མ་རིག་པ་ལྟ་བ་ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག་གིས་སེམས་གཉུག་མ་མ་བཅོས་པ་དེ་དཀྲུགས་རྙོག་རྫོགས་ནས་མི་ཤེས་པ་དེ་མ་རིག་པའི་འདམ་དུ་བྱིང་ནས། དེ་ལས་འཐོན་པ་དཀའ་བ་དེ་ལྟ་བུའི་འཁོར་བའི་སེམས་ཅན་ལ་ཕན་པ་སྟེ་གནས་སྐབས་ཀྱི་འབྲས་བུ། བླ་མེད་འབྲས་བུ་ནི་མཐར་ཐུག་སྟེ། དེ་ཐོབ་པར་བྱ་བའི་ཕྱིར་བཤད་དུ་གསོལ་ཞེས་


DTG064_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པ་དང་འབྲེལ་ཏེ། དེས་ནི་གང་གི་ཆེད་དུ་ཞུས་པའི་ཐེ་ཚོམ་སེལ་ཏོ། །ཞུས་པ་དང་གང་ལ་ཞུས་སྙམ་པ་ལ་གསུངས་པ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་རིགས་ནི་དེ་བཞིན་གཤེགས་པའི་རིགས། སངས་རྒྱས་ནི་རྣམ་པར་སྣང་མཛད་ཡེ་ཤེས་ནི་ཆོས་ཀྱི་དབྱིངས། དེ་བཞིན་དུ་འགྲོ་བའི་བླ་མ་ནི་རིན་ཆེན་རིགས་འབྱུང་ལྡན་མཉམ་ཉིད་ཡེ་ཤེས། སྟོན་པ་ནི་རྡོ་རྗེ་རིགས་མི་བསྐྱོད། མེ་ལོང་ལྟ་བུ་དམ་ཚིག་ཆེན་པོ་ནི་བྱང་ཆུབ་སེམས་རྡོ་རྗེ་སེམས་དཔར་རོ་གཅིག་པར་གྱུར་པ་དེ་ཉིད་མཁྱེན་པ་ནི་སྣང་བ་མཐའ་ཡས་སོ་སོར་རྟོག་པ། དབང་པོ་བསམ་པ་མཁྱེན་པ་ནི་ལས་ཀྱི་རིགས་བྱ་བ་གྲུབ་པ། མཆོག་ནི་རིགས་ལྔ་བྱང་སེམས་རྡོ་རྗེ་རིགས་དང་དྲུག་ཏུ་རོ་གཅིག་པའམ། དེ་བཞིན་དུ་ཡེ་ཤེས་ལྔ། ཆོས་ཉིད་བྱང་ཆུབ་སེམས་དང་དྲུག་ཏུ་རོ་གཅིག་པའམ། བདེ་གཤེགས་ལྔ། རྡོ་རྗེ་སེམས་དཔའ་དང་དྲུག་ཏུ་རོ་གཅིག་ཏུ་གྱུར་པ་ནི་མཆོག་གི་སྟོན་པ་ཞེས་བྱའོ། །དེ་ལ་རྣམ་སྣང་ལ་ཅིའི་ཕྱིར་རྫོགས་པའི་སངས་རྒྱས་ཞེས་བྱ་ཞེ་ན། བདག་གཞན་དོན་ཐམས་ཅད་རྫོགས་པའི་བདག་ཉིད་དུ་གནས་པས་སོ། །འོ་ན་རིགས་གཞན་དག་གཞན་གྱི་དོན་མ་རྫོགས་སམ་ཞེ་ན། རིགས་གཞན་ལ་ཡང་མ་རྫོགས་པ་མེད་ཀྱི། འོན་ཀྱང་འདི་ནི་ཡོན་ཏན་ཕྱོགས་རེ་ལ་དགོངས་སོ། །དེ་བཞིན་དུ་རྒོལ་ཚིག་རྣམས་ཁོང་ནས་དབྱུང་ངོ༌། །དེ་ལ་འགྲོ་བ་ནི་སྐུ་གསུང་ཐུགས་སོ། །བླ་མ་ནི་ཡོན་ཏན་དེ་དེའི་བདག་ཉིད་རིན་ཆེན་འབྱུང་ལྡན་ལ་གནས་པས་དེ་སྐད་བྱའོ། །སྟོན་པ་ཞེས་པ་ནི་མི་བསྐྱོད་པས་རང་གི་དེ་ཉིད་གཞན་ལ་སྟོན་པ་སྟེ། གཙུག་དགུ་ནས་ཀྱང་རང་གི་ངོ་བོ་དེ་ཉིད་སྟོན་པར་མཛད་པ་རྡོ་རྗེ་གཙུག་ཏོར་ཞེས་འབྱུང་བ་ལྟ་བུའོ། །དམ་ཚིག་ནི་བྱང་སེམས་རྡོ་རྗེ་སྟེ་སྟོང་པའི་དོན་ལས་མི་འདའ་ལ་དེ་ཉིད་ཀྱི་ཡེ་ཤེས་ལྔའམ་ཐམས་ཅད་ལ་ཁྱབ་པ་ཆེན་པོ་སྟེ། དེས་ན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་མཁྱེན་ཅེས་པ་ནི་ཆོས་ཅན་སོ་སོ་ལ་ཆོས་ཉིད་སོ་སོར་མཁྱེན་པས་སམ། ཡང་ན་གོང་མའི་སྟོན་པ་ཉིད་ཀྱི་དམ་ཚིག་དེ་ཉིད་མཁྱེན་པས་དེ་ལ་དེ་སྐད་ཅེས་བྱའོ། །གང་ཟག་གདུལ་བྱའི་དབང་པོ་རབ་


DTG064_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཐ་མ་ཐམས་ཅད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་མཁྱེན་པས་དོན་གྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་རོ་གཅིག་པ་མཆོག་གི་སྟོན་པ་དེ་ལ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་སྟེ་དེས་ནི་གང་ལ་ཞུས་པའི་ཐེ་ཚོམ་ཆོད་པའོ། །དོན་གྱི་ངོ་བོ་གང་ཞུས་སྙམ་པ་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མཚན་ནི་ཡང་དག་བརྗོད་པའི་མཆོག །ཅེས་པ་ལ་སོགས་པ་འོག་ནས་འབྱུང་སྟེ། དེ་ལ་འཇམ་དཔལ་ཅི་ལ་བྱ། ཡེ་ཤེས་སེམས་དཔའ་ཅི་ལ་བྱ། མཚན་བརྗོད་པ་ཅི་ལ་བྱ་ཞེ་ན། དེ་ལ་འཇམ་དཔལ་ནི་ཅི་ལ་བྱ་བ་བྱ་བ་སྟེ་གྲུབ་མཐའི་སྒོ་ནས་ཅི་ལ་བྱ་ཟེར་རམ། དངོས་པོ་གནས་ཐབས་ཀྱི་འཇམ་དཔལ་ཅི་ལ་བྱ་ཟེར། དེ་ལ་གྲུབ་མཐའི་འཇམ་དཔལ་ཅི་ལ་བྱ་ཟེར་ན་ཉན་ཐོས་མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་བར་དུ་མི་མཐུན་ཏེ། ཉན་ཐོས་ཀྱི་གྲུབ་མཐའི་འཇམ་དཔལ་ནི་སོ་སོའི་སྐྱེ་བོ་རང་རྒྱུད་པ་འཕགས་པའི་རིགས་ཅན་ཁྱེའུ་ལོ་བརྒྱད་པའམ་བཅུ་དྲུག་པ་ལྟ་བུར་འདོད། །ཐེག་པ་ཐུན་མོང་གི་གྲུབ་མཐའ་ས་བཅུའི་བྱང་ཆུབ་སེམས་དཔའ་སློབ་པའི་ལམ་གྱིས་བསྡུས་པ་རང་རྒྱུད་གཅིག་པར་འདོད། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་གཞུང་གིས་བསྐལ་བ་དཔག་ཏུ་མེད་པའི་གོང་དུ་སངས་རྒྱས་པ་མི་སློབ་པའི་ས་ས་བསྡུས་པ་གཅིག་ཚོགས་པའི་ཕྱིར་རང་དོན་དུ་ས་བཅུའི་བྱང་ཆུབ་སེམས་དཔའི་ཆ་བཟུང་བ་ཅིག་ཡིན་པར་འདོད། ཀྲྀ་ཡ་ལས་རིགས་གསུམ་ལས་རྒྱུ་རིགས་ཀྱི་ཆ་བཟུང་བའི་འཇམ་དཔལ་དུ་འདོད་དོ། །ཡོ་གས་རི་རབ་ཀྱི་སྟེང་དུ་སངས་རྒྱས་རྒྱལ་མཆོག་སྤྲུལ་པའི་དུས་སུ་ནུབ་ཕྱོགས་ཀྱི་སེམས་དཔའ་གཉིས་པ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་དེ་ལ་འཇམ་དཔལ་དུ་འདོད་དོ། །རྣལ་འབྱོར་ཆེན་པོས་ཆོས་སྐུའི་བདག་ཉིད་ལ་འཇམ་དཔལ་དུ་འདོད་དོ། །དེ་ལ་ཀུན་དུ་བཟང་པོ་ཞེས་ཀྱང་བྱའོ། །དཔལ་བདེ་བ་ཆེན་པོ་ཞེས་ཀྱང་བྱ་བ་དེ་ལས་འདིར་ནི་དངོས་པོ་གནས་ལུགས་ཀྱི་འཇམ་དཔལ་དེ་སྟོན་ཏེ། དེ་ཅི་ལ་བྱ་ཞེས་དྲིས་པའི་དོན་དེས་ནི་ཡེ་ཤེས་རྣམ་པ་ལྔ་ཆོས་ཉིད་བྱང་ཆུབ་སེམས་དང་དྲུག་རོ་གཅིག་པར་གྱུར་ཏེ། དེ་ཡང་གོང་དུ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་པ་མེ་ལོང་ལྟ་


DTG064_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པུའི་ཡེ་ཤེས་གཙུག་ཏོར་ཆེན་པོ་ནི་མཉམ་པ་ཉིད། ཚིག་གི་བདག་ནི་སོ་སོར་རྟོག་པའི་ཡེ་ཤེས་སྐུ་བྱ་བ་གྲུབ་པ་རང་འབྱུང་ཆོས་ཀྱི་དབྱིངས་ཏེ་དེ་རྣམས་རོ་གཅིག་པའི་རང་བཞིན་ནི་འཇམ་དཔལ་གྱི་རང་གི་ངོ་བོའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཅིའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཞེས་བྱ་ཞེ་ན། སྐུ་ནི་རྟེན་བྱེད་པ་སྟེ་ཡེ་ཤེས་དེས་ཡེ་ཤེས་ལྔའི་རྟེན་བྱེད་པས་དེ་སྐད་ཅེས་བྱའོ། །ཡང་ན་མེ་ལོང་ལྟ་བུ་ནི་གསལ་བ་སྟེ། སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་འཆར་བའི་རྟེན་བྱེད་པས་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྒོལ་ཚིག་སྦྱར། གཙུག་ཏོར་ཆེན་པོ་ནི་དེ་བཞིན་གཤེགས་པའི་གཙུག་ཏོར་ཏེ་རིན་ཆེན་འབྱུང་ལྡན་རིགས་ལྔའི་དབུ་རྒྱན་དུ་བྱུང་པས་དེ་སྐད་བྱའོ། །ཚིག་གི་བདག་ནི་སོ་སོར་ཀུན་རྟོག་གི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་ཅན་སོ་སོ་ལ་ཆོས་ཉིད་སོ་སོར་མཁྱེན་པས་དེ་བརྗོད་པའི་ཚིག་འབྱུང་བས་དེའི་བདག་གོ །ཡང་ན་སོ་སོར་ཀུན་རྟོག་ལ་ཤེས་བྱ་ཇི་སྙེད་པ་སྣང་སྟེ་རྟོགས་པས་དེ་བརྗོད་པ་འབྱུང༌། དེས་ན་སོ་སོར་རྟོག་པ་དེ་ལ་ཚིག་གི་བདག་ཅེས་བྱའོ། །ཡེ་ཤེས་སྐུ་ནི་བྱ་བ་གྲུབ་པ་དེས་གཞན་དོན་བྱེད་པས་སྐུའི་ལས་ཡིན་པས་ཡེ་ཤེས་ཞེས་བྱའོ། །རང་འབྱུང་ནི་ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཙམ་ན་ཉོན་མོངས་འཁོར་བའི་ཆོས་ཐམས་ཅད་བསྙིལ་ཞིང་པོར་ཏེ་འབྲས་བུ་རང་འབྱུང་བས་དེ་ལ་དེ་སྐད་ཅེས་བྱའོ། །དེས་ནི་འཇམ་དཔལ་ངོ་ཤེས་སོ། །དེ་ལ་ཡེ་ཤེས་སེམས་དཔའ་ཅི་ལ་བྱ་ཞེ་ན། དོན་དམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དམ་ངོ་བོ་ལ་བྱ་ན་ཀུན་རྫོབ་ཏུ་དཀྱིལ་འཁོར་བདུན་གྱི་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་བདུན་ཨ་ར་པ་ཙ་ལ་སོགས་པའི་མཚན་ཅན་སྐུ་མདོག་དང་ཕྱག་མཚན་གྱིས་བསྡུས་པའི་གཟུགས་སུ་བཞུགས་སོ། །གནས་ཀྱང་དོན་དང་གནས་ཀྱི་སྒོ་ནས་དེ་ཉིད་དོ། །མཚན་ཅི་ལ་བྱ་ན་རང་གི་ངོ་བོ་ནི་མཚན་ཉིད་མེད་དེ། ཀུན་རྫོབ་སྣ་ཚོགས་སུ་ཤར་རྒྱ་ཆེ་བ་བཙལ་ན་དེ་ཉིད་ཅིར་ཡང་མི་རྙེད་ཟབ་པའི་དོན་དམ་དེ་གཉིས་སུ་མེད་པ་ནི་གཉིས་མེད་གཅིག་པ་ཞེས་བྱ་སྟེ་རང་གི་ངོ་བོ་དེ་ལ་


DTG064_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན་ཟབ་པ་དང་རྒྱ་ཆེ་བ་སྟེ། མདོར་བསྡུས་པ་དང་རྒྱས་པར་དབྱེ་ན་རིགས་བསྡུས་པ་ལ་མཚན་བརྒྱ་བརྒྱད་ཅུ་རྩ་དྲུག་ལ་སོགས་པའོ། །དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །ཞེས་འོག་ནས་འབྱུང་བའོ། །དེ་གཉིས་ལ་ཅིའི་ཕྱིར་ཟབ་པ་དང་རྒྱ་ཆེ་ཞེ་ན། སྒྲ་འཇུག་པའི་རྒྱུ་མཚན་ནི་དོན་ཆེན་མཚུངས་མེད་ཅེས་ཏེ་སྟོང་ཉིད་དེ་དང་འདྲ་བའམ་མཚུངས་པ་མེད་པའི་ཕྱིར་ཟབ། དེ་ཉིད་ཀུན་རྫོབ་ཏུ་དཀྱིལ་འཁོར་བདུན་གྱི་ལྷར་སྣང་ཞིང་དཀྱིལ་འཁོར་བདུན་གྱི་གཏི་མུག་ཅན་ལ་སོགས་པའི་དོན་བྱེད་ཅིང་དེ་དང་དེའི་དཀྱིལ་འཁོར་དུ་འཇུག་པས་དོན་ཆེན་བྱེད་དེ་དེའི་ཕྱིར་རྒྱ་ཆེའོ། །མཚན་གྱི་ལས་ནི་རབ་ཞི་ཞེས་པ་སྟེ། རྒྱ་ཆེ་བའི་མཚན་གྱིས་སེམས་ཅན་གྱི་ཉོན་མོངས་བ་ཞི་བར་བྱེད་ལ་ཟབ་པས་ཤེས་བྱ་ཞི་བར་བྱེད། མཆོག་ཅི་ལ་བྱ་ཞེ་ན། འོག་ནས་ཐོག་མ་བར་དང་ཞེས་པ་སྟེ། ཐོག་མར་ཐོས་པས་སྤྲོ། བར་དུ་བསམས་པས་དགའ། ཐ་མར་བསྒོམས་པས་ཤིན་ཏུ་སྦྱངས་པ་ཐོབ། དེས་ན་མཆོག་གོ །ཡང་དག་བརྗོད་པ་ཅི་ལ་ཟེར་ཞེ་ན། འདས་པ་ལ་སོགས་པ་འོག་ནས་འབྱུང་སྟེ་མར་མེ་མཛད་ལ་སོགས་པས་གསུངས། བྱམས་པ་ལ་སོགས་པ་གསུང་བར་འགྱུར། ད་ལྟར་ཤཱཀྱ་ཐུབ་གསུང་དེ་ལྟར་རྟག་ཏུ་རྒྱུན་མི་འཆད་དེ། བདེ་བ་ཅན་དང་པདྨ་ཅན་གྱི་སངས་རྒྱས་རྣམས་འདོན་བ་གཅིག་བཏང་སྙོམས་པའི་རྟོག་པ་མེད་པ་དེ་རང་བཞིན་གྱིས་ཟབ་མོའི་དོན་བརྗོད། མན་ངག་ཏུ་རྡོ་རྗེ་འཆང་རྣམས་རྡོ་རྗེའི་མགུར་དུ་རྟག་ཏུ་བཞེས་སོ། །གསུངས་ངོ་སྙམ་པའི་རྟོག་པ་མི་མངའ་ཡང་ཆོས་ཀྱི་དབྱིངས་རྟག་ཏུ་རང་སྒྲ་ཐལ་ལེ་འབྱུང་ངོ༌། །དེས་ན་ཡང་དག་པར་བརྗོད་པའོ། །རྒྱུད་ཆེན་ཞེས་པ་འཇམ་དཔལ་རྩ་བའི་རྒྱུད་སྒྱུ་འཕྲུལ་དྲ་བ་ཤློ་ཀ་དྲུག་སྟོང་པར། རྡོ་རྗེ་འཆང་ཆེན་པོ་གསང་སྔགས་ཀྱི་དོན་གྱི་རྟོགས་པ་འཆང་བ་དཔག་ཏུ་མེད་པ་རྣམས་ཀྱི་རྟོགས་པའི་དོན་ལ་དགའ་བཞིན་དུ་རྡོ་རྗེའི་གླུ་བླངས་པའི་དོན་གང་ལགས་པ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པའི་དོན་ཏོ། །མགོན་པོ་ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་འགྲོ་བའི་མགོན་དུ་གྱུར་པ་བསྐལ་བ་ཟང་གི་སངས་རྒྱས་སྟོང་དུ་གཉིས་ཀྱིས་མ་ཚང་བ་ཀུན་གྱི་སྟེ།


DTG064_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཡུལ་འཁོར་སྐྱོང་གི་བུ་སྟོང་ལས་ཆེ་དག་ཕྱག་ན་རྡོ་རྗེའོ། །ཆུང་དག་ཀུན་དགའ་བོ་དེ་གཉིས་ཀྱི་ཐེག་པ་ཆེ་ཆུང་གི་སྡུད་མཁན་བྱེད་དེ། ཀུན་དགའ་བོའི་སྤྲུལ་བ་ཚངས་པ་ཡིན་ཏེ་དེས་ཐེག་པ་ཆུང་དུ་སྡུད། ཕྱག་ན་རྡོ་རྗེ་ནི་ཐེག་པ་ཆེན་པོ་ནས་ཉན་ཐོས་ཡན་ཆད་ལ་གསང་བ་དེ་འཛིན་པའི་བདག་པོར་ཅི་ནས་ཀྱང་གྱུར་པའི་ཕྱིར་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ལ་ངེས་པར་འབྱུང་བའམ། བདག་ངེས་པར་འབྱུང་གི་བར་དུ་བདག་གིས་ཆུད་མི་གསན་པར་བློ་གྱ་གྱུ་མེད་པའི་བློ་བརྟན་པོས་གཟུང་གིས་ཞེས་ཁས་བླངས་པའི་ཕྱིར་རོ། །གཞན་དོན་དུ་ཡང་མཚན་རྒྱ་ཆེ་བའི་སྒོ་ནས་ཉོན་མོངས་པའི་སྒྲིབ་པ་བསལ་བ་དང་མཚན་ཟབ་པའི་སྒོ་ནས་མི་ཤེས་པ་སྟེ། ཤེས་བྱའི་སྒྲིབ་པ་མ་ལུས་བར་སྤངས་པའི་ཕྱིར་བསམ་པའི་ཁྱད་པར་དང་སྦྱར་ནས། ཇི་ལྟར་འཚམ་པ་བཞིན་དུ་སེམས་ཅན་རྣམས་ལ་བཤད་པར་འཚལ་ལོ་ཞེས་གནོད་སྦྱིན་གསང་བའི་བདག་པོ་ལག་ན་རྡོ་རྗེས་གྲོགས་དང་བཅས་པས་བཅོམ་ལྡན་འདས་ལ་དེ་སྐད་ཅེས་གསོལ་ནས། ལུས་བཏུད་ཐལ་མོ་སྦྱར་ཏེ་གུས་པའི་ཚུལ་གྱིས་མདུན་ན་གནས་པར་གྱུར་ཏོ། །དེ་ནི་ཞུས་པའི་རིམ་པ་རྣམ་པར་ཕྱེ་བ་སྟེ་ལེའུ་དང་པོ་རྫོགས་སོ།། །།དེ་ནས་ཞེས་པ་སྔ་མ་བཞིན་དུ་ཕྱག་ན་རྡོ་རྗེའི་ཚིག་ཡིན་ཏེ། འདིའི་སྡུད་པ་པོ་ནི་ཕྱག་ན་རྡོ་རྗེ་ཡིན་པའི་ཕྱིར་རོ། །འོ་ན་སྡུག་པ་པོའི་ཚིག་ཡིན་པས་དོན་མེད་དམ་སྙམ་པ་ལས་དོན་མེད་པ་མ་ཡིན་ཏེ། གསོལ་བ་བཏབ་པའི་རྗེས་དེ་མ་ཐག་ཁོ་ནར་བཅོམ་ལྡན་འདས་ཀྱིས་གསང་དབང་ལ་སླར་གསུངས་པ་དང་འབྲེལ་ཏོ། །བཅོམ་ལྡན་འདས་དང་རྫོགས་པའི་སངས་རྒྱས་ཀྱི་དོན་ནི་བཤད་ཟིན་ཏོ། །ཤཱཀྱ་ཐུབ་ཅེས་པ་རྒྱལ་པོ་ཤཱཀྱའི་རིགས་ཀྱི་ཁ་ཐུབ་པའམ་ལུས་ངང་ཡིག་གསུམ་གྱི་སྒོ་ཐུབ་པས་དེ་སྐད་ཅེས་བྱའོ། །རྐང་གཉིས་ཞེས་པ་ལྷ་དང་མི་དེ་གཉིས་ཀྱི་ནང་ན་མཆོག །དེ་ལྟ་བུའི་མཆོག་སྟོན་པ་དེས། གསང་དབང་ལ་ནི་སླར་གསུངས་སོ། །ཞེས་པ་དང་འབྲེལ་ཏོ། །དེས་ནི་གསུང་མཁན་ངོ་ཤེས་སོ། །སྐབས་ཁ་ཅིག་ཏུ་ནི་གཞན་གྱི་ལྕེ་བྱིན་གྱིས་བརླབས་ནས་ཆོས་བཤད་དུ་བཅུག་པ་


DTG064_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད་པ་ལས་འདིར་ནི་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་སླར་གསུངས་སོ་ཞེའོ། །ལྗགས་བཟང་བ་ནི་ཆོས་ཀྱི་འཁོར་ལོ་གསུམ་ལ་སོགས་པ་དམ་པའི་ཆོས་ཐམས་ཅད་ཀྱི་འབྱུང་བའི་གནས་ནི་བཅོམ་ལྡན་འདས་ཀྱི་ལྗགས་ཏེ། དེ་ཡིན་པས་དེ་ལ་ནི་ལྗགས་བཟང་པོ་ཞེས་བྱའོ། །རིང་ཞིང་ཞེས་པ་ནི། ཁ་ཅིག་ནི་ལྗགས་རིང་ཞིང་སྲབ་པས་ཞལ་གྱི་བཞིན་གཡོགས་ནས་ཞེས་འདོད་དེ། འདིར་ནི་རིང་ཞིང་རྒྱ་ཆེ་བར་ཡངས་པ་སྤྲོས་ཤིང་བརྐྱང་ནས་འགྲོ་བ་རྣམས་སེམས་བསྐྱེད་པ་ལ་སོགས་པའི་དོན་མཛད་དོ། །ས་བླ་ས་སྟེང་ས་འོག་གསུམ་གྱི་འཇིག་རྟེན་སྣང་བར་བྱེད་ཅིང་ཉོན་མོངས་དང༌། ཕུང་པོ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་བར་དུ་གཅོད་པར་བྱེད་པའི་དགྲ་རྣམས་བཏུལ་སེམས་ཅན་ལོག་པའི་སྡུག་བསྔལ་སྦྱང་པ་ལ་སོགས་པ་དང་ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་སྦྱོང་བའི་ཕྱིར་གསོལ་བ་བཏབ་པའི་རྗེས་དེ་ལ་ཆོས་བཤད་པས་འོད་ཟེར་དང་བཅས་པའི་འཛུམ་པ་མཛད་དེ། དེ་ཡང་ཆོས་གསུང་པའི་སྔ་རྟགས་ནི་འོད་ཟེར་བཀྱེ་བ་དང༌། ལྗགས་རྐྱོང་བ་དང༌། འཛུམ་པ་མཛད་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། དེ་ལྟ་བུ་རྣམ་པ་མང་དུ་ཡོད་པ་ལས་འདི་ཡང་སྔ་རྟགས་སུ་བསྟན་པ་སྟེ། འདིས་ནི་གསུང་ཚུལ་གོ་བའོ། །ཚངས་པའི་གསུང་ཞེས་པ་བཅོམ་ལྡན་འདས་ཉོན་མོངས་པའམ། ཤེས་བྱའི་སྒྲིབ་པ་སྤངས་པས་དེ་སྐད་བྱ་བའམ་ཡང་ན་ལྷ་ཚངས་པའི་གསུང་ནི་སྙན་ལ་སྒྲོ་བ་ཉམས་དགའ་པ་ཡིན་ལ་དེ་ནི་འཇིག་རྟེན་གསུམ་དུ་ཐོས་པས་གསུང་ཆེ་བ་ཡང་ཡིན་ནོ། །གསུང་གཅིག་ལ་དོན་དུ་མ་བྱུང་པས་གསུང་དེ་ཡོན་ཏན་ཆེ་བ་ཡང་ཡིན་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་གསུང་ཡང་སྙན་ཅིང་ཉམས་སུ་བདེ་བ་འཇིག་རྟེན་གསུམ་དང་དྲུག་ན་བཞུགས་པ་ལྷའི་བུའི་གསུང་འབྱུང་བ་ཐམས་ཅད་ཀྱིས་ཐོས་པས་གསུང་ཆེ་བ་ཡང་ཡིན། གསུང་གིས་དོན་དུ་མ་ནུས་པས་གསུང་དེ་ནི་ཡོན་ཏན་ཆེ་བ་ཡང་ཡིན། དཔེར་ན་མདོ་སྡེ་སྤྲིང་སངས་རྒྱས་ཀྱི་ལོ་རྒྱུས་བཞིན་ཏེ་བཅོམ་ལྡན་འདས་ཀྱིས་ནད་པ་ཅིག་གི་སྒོ་ཕུག་ཏུ་ཐད་ཕྲི་ཞེས་པའི་སྤྲིང་པ་གཅིག་མཛད།


DTG064_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པས། རིན་ཆེན་སྲོག་དང་མ་བྲལ་ན། །སྒྱུ་མའི་ནོར་ནི་བཙལ་ཀྱང་རྙེད། །ཟེར་བར་གོ །ནད་པའི་བྱན་མོས། ཕྱི་མ་གར་འགྲོ་ཆ་མེད་ཀྱིས། །སྔ་མ་དེ་ལ་ནན་ཏན་བསྐྱེད། །བྱ་བར་གོ །སྨན་པས། ནོར་གྱི་སྡོང་པོ་སྙིང་རྗེ་ཡིན། །སྙིང་རྗེ་བ་དང་མ་བྲལ་མཛོད། །ཟེར་བར་གོ་བ་ལྟ་བུའོ། །དེས་ནི་ཚིག་གི་ཁྱད་པར་གོའོ། །ལག་ན་རྡོ་རྗེ་ནི་གོང་དུ་བཤད་དོ། །སྟོབས་ནི་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད་གནོད་སྦྱིན་གསང་བའི་དབང་ཕྱུག་དེ་ལ་སླར་སངས་རྒྱས་ཀྱི་ཚིག་འོག་མ་འདི་རྣམས་གསུངས་ཏེ། འདིས་ནི་གསུང་གོ་བའོ། །གསུང་རྒྱུ་དོན་གྱི་ངོ་བོ་གང་གསུངས་སྙམ་པ་ལ་འཇམ་དཔལ་ཡེ་ཤེས་ཀྱི་རྒྱུ་དང་འབྲེལ་ཞིང་མཚན་ནས་བརྗོད་པས་དོན་ཆེ་བ་གཅིག་ཁྱོད་ལ་ལེགས་པར་བསྟན་པར་བྱའོ། །ཁྱོད་སྣོད་སྐྱོན་མེད་པའི་སྒོ་ནས་སེམས་རྩེ་གཅིག་པས་ཉོན་ཅིག་ཅེས་རྣ་བ་གཏད་པར་བསྐུལ་བ་སྟེ། སྙིང་རྗེ་ཞེས་པ་ཐབས་ཐུགས་རྗེ་ཆེན་པོ་དང་ལྡན་པས་འགྲོ་བ་རྣམས་ལ་ཕན་པའི་དོན་དུ་ཁྱོད་ལ་འདྲི་བ་སྟེ། ཀྱེ་དཔལ་ལྡན་རྡོ་རྗེ་འཆད་ཁྱོད་ལེགས་སོ། །ཀྱེ་ལག་ན་རྡོ་རྗེ་འཆང་ཁྱོད་ལེགས་སོ་ཞེས་ལེགས་པ་གཉིས་བྱིན་ཏེ། དེ་ལ་ལེགས་པ་གོང་མ་ནི་གཞན་དོན་གྱི་ལེགས་པ་འོག་མ་རང་དོན་ནོ། །དེ་ཡང་ཅིའི་ཕྱིར་ལེགས་ན། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །ཞེས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང་འབྲེལ་པ་ཡིན། མཚན་བརྗོད་པ་ནི་ང་ལ་ཉན་པར་བརྩོན་པ་ནི་ཁྱོད་ལེགས་སོ། །གསང་བའི་བདག་པོ་ལེགས་པའི་གཏན་ཚིགས་དེའི་ཕྱིར་ཁྱོད་ལ་ངེས་ལེགས་པར་ཕྱེ་སྟེ་བསྟན་པར་བྱའོ། །ཁྱོད་སྣོད་ཞབས་རྡོལ་དང༌། ཁ་སྦུབ་དང་མི་གཙང་བའི་སྐྱོན་དེ་གསུམ་མེད་པར་གྱིས་ལ་སེམས་རྩེ་གཅིག་གིས་མ་ཡེངས་པར་ཉོན་ཅིག་ཅེའོ། །འོ་ན་བསྟན་རྒྱུ་ཆོས་གང་ཞེ་ན། དོན་ཆེ་བ་ཞེས་པ་སྟེ། ཅིའི་ཕྱིར་དོན་ཆེ་ཞེ་ན། དག་པར་བྱེད་ཅིང་སྡིག་སེལ་བ་སྟེ། ཉོན་མོངས་པའི་སྒྲིབ་པ་ནི་ལྷའི་དཀྱིལ་འཁོར་དུ་བསྒོམས་པས་རྒྱ་ཆེ་བའི་སྒོ་ནས་དག་པར་བྱེད་ལ། ཤེས་བྱའི་སྒྲིབ་པ་ནི་ཟབ་པས་སེལ་ཏོ། །ཡང་ན་ཡེ་ཤེས་ཕུན་སུམ་ཚོགས་


DTG064_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉོན་མོངས་པའི་སྡིག་པ་སེལ་ཏོ། །བཅོམ་ལྡན་འདས་ཞེས་པ་ནི་བོས་པ་སྟེ། དེ་ལྟར་སྟོན་པ་ནི་ལེགས་སོ། །དེ་ལྟར་བགྱི་ལགས་སོ་ཞེས་ཁས་བླངས་པའོ། །སླར་གསུངས་པའི་ལེའུ་སྟེ་གཉིས་བ་རྫོགས་སོ།། །།དེ་ནས་ཞེས་པ་དེ་མ་ཐག་པ་སྟེ། སླར་གསུངས་པའི་རྗེས་དེ་མ་ཐག་ཁོ་ནར་བྱ་བ་གཞན་གྱིས་པར་མཆོད་པར་རིགས་དྲུག་ལ་གཟིགས་ཤིང་བཞུགས་སོ་ཞེའོ། །དེ་ཡང་གང་གིས་གཟིགས་པ་ལ་བཅོམ་ལྡན་འདས་རྐང་གཉིས་ཀྱི་མཆོག་ཏུ་གྱུར་པ་ལྷ་དང་མིའི་སྟོན་པ་ཤའྐྱ་ཐུབ་པས་གཟིགས་སོ། །དེ་ལ་རིགས་དྲུག་པོ་གང་སྙམ་པ་ལ་སློབ་དཔོན་སྒེག་པའི་རྡོ་རྗེའི་འགྲེལ་པའམ་མན་ངག་གི་དབང་དུ་བྱས་ཏེ་མིང་འདོགས་ན་རིགས་བསྡུས་དང༌། ལས་ཀྱི་རིགས་དང༌། དེ་བཞིན་གཤེགས་པའི་རིགས་དང༌། པདྨའི་རིགས་དང༌། རྡོ་རྗེའི་རིགས་དང༌། བྱང་སེམས་རྡོ་རྗེའི་རིགས་དང་རིན་པོ་ཆེའི་རིགས་དང་དྲུག་གོ །མདོའི་རང་གཞུང་གིས། གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་གྱི་སྔགས་དང༌། འཇིག་རྟེན་གཟིགས་པའི་རིགས་དང༌། འཇིག་རྟེན་སྣང་བྱེད་ཀྱི་རིགས་དང༌། ཕྱག་རྒྱ་ཆེན་པོའི་རིགས་མཆོག་གི་དང༌། རིགས་ཆེན་གཙུག་ཏོར་གྱིས་གཟིགས་ཏེ་གོང་མ་རྣམས་ལ་རིམ་པ་བཞིན་མིང་གདགས་སོ། །དེ་ལ་རིགས་བསྡུས་པ་ཅིའི་ཕྱིར་གསང་སྔགས་རིགས་ཆེན་བྱ་ཞེ་ན། གསང་སྔགས་ཞེས་པ་ནི་མནྟྲ་ཞེས་པའི་སྒྲ་མནྟྲ་ནི་ཡནྟྲ་ཏྲ་ས་ན་སྐྱོབ་པ་སྟེ་ཉོན་མོངས་པ་ཅན་གྱི་ཡིད་སྐྱོབ་པའམ། མཱ་ན་ཞེས་པ་སྟེ་ཤེས་བྱ་ལ་རིགས་བསྡུས་པ་རྣམ་སྣང་ཆེན་པོ་དེས་ཉོན་མོངས་པ་སྤྱིར་སྐྱོབ་པས་གསང་སྔགས་ཀྱི་རིགས་སོ། །ཆེན་པོ་ནི་ཐམས་ཅད་ཀྱིས་བསྒྲུབས་ཏེ། རིགས་ཐམས་ཅད་བསྡུས་པས་ན་ཆེན་པོའོ། །དེ་ལ་ཆེར་གཟིགས་ནས། ཚིག་གི་བདག་པོས་ཚིགས་སུ་བཅད་དེ། རིགས་བསྡུས་ཀྱི་མཚན་འདི་ལྟར་སངས་རྒྱས་ལ་སོགས་པ་བརྒྱད་ཅུ་རྩ་དྲུག་གི་ཚིག་བཅད་བཅུ་བཞི་པ་ལ་འོག་ནས་གསུངས་སོ་ཞེས་བྱ་བར་འབྲེལ་ཏོ། །གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་ཅིའི་ཕྱིར་ལས་ཀྱི་


DTG064_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་དེ་སྐད་བྱ་ཞེ་ན། ལས་ཀྱི་རིགས་ཁྱད་པར་དུ་བྱས་པ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ནི་ཁྱད་པར་གཞན་དོན་བྱེད་པས་དེ་ལ་ཡིད་སྐྱོབ་ཅེས་བྱའོ། །འོ་ན་ཡེ་ཤེས་གཞན་གྱིས་གཞན་དོན་མི་བྱེད་དམ་ཞེ་ན། བྱེད་དེ་ཡོན་ཏན་ཕྱོགས་རེ་འདོགས་པའོ། །རིག་སྔགས་ཞེས་པ་གཟུངས་ལ་བྱ་སྟེ། ཚིག་དང་དོན་དང་སྔགས་ཕྱག་རྒྱའི་གཟུངས་རྣམས་ཞེས་འཛིན་པའམ་འཆང་བ་སྟེ། འདི་གཟུངས་ཀྱི་རིགས་སོ། །ཅིའི་ཕྱིར་ཞེ་ན། འབྱུང་བས་སམ་འཛིན་པ་སྟེ། དོན་གྲུབ་གཙོ་བོར་གྱུར་པའི་ཚེ་འདིའི་སྐྱབས་སྦྱིན་གྱི་ཕྱག་ན་རྒྱ་གྲམ་བསྣམས་པ་བྱིན་འཁོར་རྣམས་ཀྱང་རྒྱ་གྲམ་བསྣམས་པ་སྟེ། དེ་ནི་དེའི་རིགས་འཛིན་པའི་འབྱུང་བ་ཡང་རྒྱ་གྲམ་གཉིས་སུ་གྱུར་པ་ལས་དེས་ན་ཀུན་དེས་བསྐྱེད་པས་འབྱུང་བས་རིགས་སོ། །རིགས་དེ་ལ་ཆེར་གཟིགས་ནས་ཚིགས་སུ་བཅད་དེ། སངས་རྒྱས་ཀུན་གྱིས་རྟོགས་བྱ་པ། །ཞེས་པ་ནས་མར་ཚིགས་བཅད་བཅོ་ལྔ་འོག་ནས་གསུངས་སོ་ཞེའོ། །དེས་བསྒྲེས་ཏེ་རིགས་དང་ཚིགས་བཅད་ཀུན་ལ་སྦྱར་རོ། །རིགས་གསུམ་ཞེས་པ་དེ་བཞིན་གཤེགས་པའི་རིགས་ལ་བྱ་སྟེ། ཅིའི་ཕྱིར་རིགས་གསུམ་ཞེས་བྱ་ཞེ་ན། སྐུ་གསུངས་ཐུགས་གསུམ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་གཟིགས་ནས། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས་མར་ཚིག་རྐང་གཅིག་མ་ཚང་པའི་ཚིགས་བཅད་ཉི་ཤུ་རྩ་ལྔ་གསུངས་སོ། །འཇིག་རྟེན་གཟིགས་པ་ཞེས་པ་པདྨས་ཁྱད་པར་དུ་བྱས་པའི་རིགས་ཏེ་པདྨའི་རིགས་ལ་འཇིག་རྟེན་གཟིགས་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན། ཐུགས་རྗེས་འཇིག་རྟེན་ལ་གཟིགས། ཡེ་ཤེས་ཀྱིས་འདས་པ་ལ་གཟིགས་ཏེ། སྤྱན་དེ་གཉིས་ཀྱིས་རྟག་ཏུ་གཟིགས་པས་འདི་ནི་སྤྱན་རས་གཟིགས་ཀྱི་རིགས་ལ་བྱའོ། །རིགས་ནི་འབྱུང་བ་དང་འཛིན་པ་སྟེ། དེ་ལ་གཟིགས་ནས། ཡང་དག་བདག་མེད་ཅེས་པ་ནས་མར་ཚིགས་བཅད་ཞེ་གཉིས་གསུངས་ཞེས་འབྲེལ་ཏོ། །འཇིག་རྟེན་སྣང་བྱེད་ཅེས་པ་རྡོ་རྗེའི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བྱ་སྟེ། ཅིའི་ཕྱིར་དེ་སྐད་བྱ་ན། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་ཆོས་ཐམས་ཅད་ཀྱི་


DTG064_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་འཆར་ཞིང་སྣང་བར་བྱེད་ལ། སྣང་ཡང་སྣང་ངོ་སྙམ་པའི་རྟོག་པ་མེད། མེད་ཀྱང་སྣང་བ་རྒྱུན་མི་འཆད་པས་དེ་ལ་དེ་སྐད་བྱ། རིགས་ནི་འཛིན་པ་དང༌། འབྱུང་བ་ཆེན་པོ་ནི་སྐུ་དང་གསུང་ལ་ལྟོས་ནས་ཆེན་པོ་སྟེ་ཐུགས་ཡིན་པའི་ཕྱིར་རོ། །དེ་ལ་གཟིགས་ནས་རྡོ་རྗེ་འཇིགས་བྱེད་ནས་མར་ཚིག་རྐང་གཅིག་ལྷག་པའི་ཚིགས་བཅད་བཅུ་གསུངས་པ་དང་འབྲེལ་ཏོ། །ཕྱག་རྒྱ་ཆེན་པོ་ནི་བྱང་སེམས་རྡོ་རྗེའི་རིགས་ལ་བྱ་སྟེ། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། ཕྱག་རྒྱ་ནི་འདེབས་པ་སྟེ། བྱང་ཆུབ་ཀྱི་སེམས་སྟོང་པའི་རྣག་བཞིན་དེས་གཟུགས་དང་ཚོར་བ་ལ་སོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་འདས་པ་ལ་རྒྱས་བཏབ་སྟེ། ཐམས་ཅད་ཀྱང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཆེན་པོ་ནི་ཁྱབ་བྱེད་ཅེས་པ་སྟེ་དེས་མ་ཁྱབ་པ་མེད་དོ། །རིགས་ནི་བྱང་སེམས་རྡོ་རྗེ་དེ་གཙོ་བོར་གྱུར་པའི་ཚེ་རིགས་བསྡུས་ཀྱི་ལྷ་རྣམས་དེའི་ཐུགས་ཀ་ནས་སྦྲུལ་པ་འབྱུང་བའི་དོན་གྱིའམ་དེའི་ཆ་འཛིན་པས་སོ། །མཆོག་ནི་བྱང་སེམས་སྟོང་པ་དང་སྐྱེ་མེད་ཀྱི་ངོ་བོ་ཡིན་པས་སོ། །དེ་ལ་གཟིགས་ནས་རིགས་བསྡུས་ཀྱི་མཚན་ཚོ་ཡང་གསུངས་སོ་ཞེས་འབྲེལ་ཏོ། །རིགས་ཆེན་ཞེས་པ་འདིའི་རིགས་ནི་རིན་ཆེན་རིགས་སངས་རྒྱས་ནི་རིན་ཆེན་འབྱུང་བ། ཡེ་ཤེས་ནི་མཉམ་པ་ཉིད་དེ། དེ་ཅིའི་ཕྱིར་རིན་ཆེན་གཙུག་ཏོར་ཞེས་བྱ་ཞེ་ན། འདི་ནི་ཡོན་ཏན་གྱི་རིགས་ཀྱིས་ཁྱད་པར་དུ་བྱས་པས་རིགས་ཆེན་ནོ། །འདི་ཉིད་རིན་པོ་ཆེའི་གཙུག་ཏོར་གྱི་དབུ་རྒྱན་དུ་ཐམས་ཅད་ཀྱི་དབུ་ལ་བྱུང་བས་གཙུག་ཏོར་ཆེན་པོའི་རིགས་ཞེས་ཀྱང་བྱའོ། །ཡང་ན་རིགས་ནི་རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་པའི་ཚེ་འཁོར་གྱི་ལྷ་ལྔ་བཅུ་རྩ་གཉིས་རིན་པོ་ཆེར་གྱུར་པ་ལས་བྱུང་བས་ན་རིགས་སོ། །ཕྱག་མཚན་ཡང་དེ་ཉི་ཚེ་འཛིན་པས་དེ་ཉིད་ཀྱི་རིགས་སོ། །དེ་ལ་སངས་རྒྱས་ཤཱཀྱ་ཐུབ་ཀྱིས་ཆེར་གཟིགས་ནས། ཚིག་གི་བདག་པོ་དེས་ཚིགས་སུ་བཅད་དེ་རིན་ཆེན་རིགས་ཀྱི་མཚན། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས་མར་ཚིག་རྐང་གཅིག་མ་ཚང་བའི་ཚིགས་བཅད་ཉི་།།ཤུ་རྩ་བཞི་གསུངས་སོ་ཞེས་བྱ་བར་འབྲེལ་ཏོ། །གཟིགས་པའི་རིམ་པ་རྣམ་པར་


DTG064_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་བ་སྟེ་ལེའུ་གསུམ་པ་རྫོགས་སོ།། །།གོང་མའི་ཚིག་ཞབས་ཀྱི་ནས་ཞེས་པ་ནི་ཚིགས་བཅད་ཀྱི་དབང་དུ་སོང་བ་སྟེ། དེ་ནས་ཞེས་བྱ་སྟེ། གཟིགས་པའི་རིམ་པའི་དེ་མ་ཐག་ཁོ་ནར་བྱ་བ་གཞན་གྱིས་བར་མཆོད་པར་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་མན་ངག་གི་རིམ་པ་འདི་ཚིག་གི་བདག་པོ་ནི་སོ་སོར་ཡང་དག་པར་རིག་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཚེག་བར་བདུན་པར་ཚིགས་སུ་བཅད་དེ་གསུངས་ཞེས་པ་དང་འབྲེལ་ཏོ། །གསང་སྔགས་རྒྱལ་པོ་བཛྲ་ཏཱིཀྵྞ་ནས་ཨ་ར་པ་ཙ་ལ་སོགས་ཀྱི་བར་དུ་ཡེ་ཤེས་སེམས་དཔའི་སྔགས་དྲུག་དང་ཨཱ་ལི་བཅུ་གཉིས་གསུངས་སོ། །དེ་ལ་རྒྱལ་པོ་ནི་ཡེ་ཤེས་སེམས་དཔའ་རྣམས་ཆོས་ཀྱི་སྐུའི་ངོ་བོ་ཡིན་པས་དེའི་སྔགས་ལ་ནི་རྒྱལ་པོ་ཞེས་བྱ། དྲུག་ནི་བཛྲ་ཏཱིཀྵྞ་ནས་ཨ་ར་པ་ཙ་ནའི་བར་དུའོ། །གཉིས་སུ་མེད་པར་ཞེས་པ་གསང་བ་འདུས་པ་ལས། གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་བདག་ཉིད་དོ། །ཟེར་བས་སྔགས་ཀྱི་ལུགས་ཀྱི་ཐབས་ཤེས་རབ་གཉིས་མེད་དུ་འདོད་ལ་ཕ་རོལ་ཕྱིན་པའི་ལུགས་ཀྱི་གཟུང་འཛིན་གཉིས་སུ་འདོད་དེ། གཟུང་བའི་རང་བཞིན་ཙམ་ལ་རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེ་ལྟར་གཟུང་བ་སྟོང་པར་རྟོགས་པས་གཟུང་བ་ལྡོག་ལ་གཟུང་བ་ལོག་པས་འཛིན་པ་རང་བཞིན་གྱིས་ལྡོག་གོ །འདིར་ཡང་གཉིས་མེད་པས་ཤེས་ལ་རང་རིག་རང་སྟོང་པ་ཉིད་རང་འབྱུང་ངོ་ཞེས་སོ། །དེ་གང་ལ་རང་ཞེས་བྱ་ཅི་རིག་ན་རང་གི་རང་བཞིན་སྐྱེ་མེད་དུ་རིག་པས་མི་སྐྱེ་ཆོས་ཅན་འདི་གསུངས་སོ་ཞེས་སོ། །ཨ་ཨཱ་ཞེས་པ་ལ་སོགས་པ་ནི་རྗེ་བཙུན་འཇམ་དཔལ་ཏེ་ཨཱ་ལི་ཀཱ་ལིའི་གཟུགས་སུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་བྱེད། དེ་ལ་ཨཱ་ལི་བཅུ་དྲུག་ཡོད་པ་ལས་འདིར་བཅུ་གཉིས་སུ་འབྱུང་བ་ནི་ས་བཅུ་གཉིས་མཚོན་པའི་རྟགས་སུ་བྱུང་བ་སྟེ། དེ་ཡང་སློབ་དཔོན་ཁ་ཅིག་ནི་ས་གཉིས་ལས་སོ་སོ་སྐྱེ་བོའི་མོས་བ་སྤྱོད་པའི་སས་བསྡུས་པ་དང༌། བྱང་ཆུབ་སེམས་དཔའ་སློབ་པའི་སས་བསྡུས་པའི་ས་བཅུ་དང༌། སངས་རྒྱས་ཀྱི་ས་དང་བཅུ་གཉིས་སུ་འདོད་ལ་སློབ་དཔོན་སྒེག་པའི་རྡོ་རྗེས་བཞེད་ཀྱིས་སངས་རྒྱས་ས་རང་


DTG064_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅུ་གཉིས་སུ་བཞེད་དེ། ཀུན་དུ་འོད་ཀྱིས་དང༌། བདུད་རྩིའི་འོད། ནམ་མཁའི་འོད། རྡོ་རྗེའི་འོད། རིན་པོ་ཆེའི་འོད། པདྨའི་འོད། ལས་ཀྱི་འོད། དཔེ་མེད་འོད། དཔེ་ལྡན་འོད། ཤེས་རབ་འོད། ཐམས་ཅད་མཁྱེན་པའི་འོད། རྣལ་འབྱོར་ཡེ་ཤེས་ཀྱི་འོད་ཀྱི་ས་དང་བཅུ་གཉིས་སོ། །ས་བཅུ་གཉིས་པོ་ཨཱ་ལི་བཅུ་གཉིས་པོ་འདིས་རིམ་པ་བཞིན་དུ་མཚོན་ཏོ། །འོ་ན་འདི་རྣམས་ཁོ་ནས་མཚོན་པ་ཅི་སྟེ་ཟེར་ན། འོ་ན་དུ་བས་མེ་མཚོན་པ་ཡང་ཅི་སྟེ་དུ་བ་མེ་ཁོ་ན་ལས་བྱུང་བ་སྟེ་དེ་ལས་འབྱུང་བའི་འབྲེལ་པ་ཡོད་དོ་ཞེ་ན། འདི་རྣམས་ཀྱང་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་པ་ཡོད་དོ། །འོ་ན་དེ་ལྟར་ཤེས་ན་དུ་བ་ཡང་དེ་ལྟར་ཅི་ཤེས། ཚང་བང་དུ་ཁྱབ་བྱ་ཁྱབ་བྱེད་དུ་གཏན་ལ་ཕབ་པོ་ཟེར་ན། འདི་རྣམས་ཀྱང་ལུང་གིས་གཏན་ལ་ཕབ་སྟེ། རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་གསུངས་ཏེ། ཀུན་དུ་འོད་ཀྱི་ས་ཆེན་པོ་དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། བདུད་རྩིའི་འོད་ཟླ་བ་འདྲ། ནམ་མཁའི་འོད་ནམ་མཁའ་འདྲ། རྡོ་རྗེའི་འོད་ཡིད་དགའ་བྱེད། རིན་ཆེན་འོད་དབང་ལ་གནས། པདྨའི་འོད་རང་བཞིན་དག་ལས་ཀྱི་འོད་གཞན་དོན་བྱེད། དཔེ་མེད་འོད་དཔེ་ནི་ཡོད་མ་ཡིན། དཔེ་ལྡན་ཀུན་རྫོབ་ཙམ་དུ་དཔེ་ཡིས་འབིགས། ཤེས་རབ་འོད་བླ་ན་མེད། ཐམས་ཅད་མཁྱེན་ཇི་སྙེད་པ། རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། སོ་སོ་རང་རིག་གོ་ཞེའོ། །འོ་ན་རྒྱུད་ནས་གསུངས་པ་རང་ཅིའི་ཕྱིར་ཞེ་ན། མེ་ལས་དུ་བ་འོང་བ་རང་ཅིའི་ཕྱིར་ཏེ། ཆོས་ཉིད་ཀྱིས་དེ་ལྟར་འབྱུང་སྟེ། དེའི་རིགས་པ་ལས་མེད་དོ། །འོ་ན་ས་དེ་རྣམས་ལ་དེ་སྐད་ཅེས་ཅིའི་ཕྱིར་བྱ་ཞེ་ན། ཉི་མ་ནི་ཐམས་ཅད་དུ་སྣང་ཞིང་གསལ། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐམས་ཅད་དུ་སྣང་ཞིང་གསལ་བ་སྟེ། རྡོ་རྗེ་ཉི་མ་གསལ་བ་ཆེ། །ཟེར་བའི་ཕྱིར་རོ། །དེའི་ཕྱིར་ཀུན་དུ་འོད་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཡང་ཟླ་བ་ནི་དྲི་མ་མེད་པ་སྟེ། དག་ཅིང་གསལ་ལ་དྲི་མ་མེད། །ཅེས་འབྱུང་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཉོན་མོངས་པའི་རྟོག་པའམ་དྲི་མ་མེད་པ་སྟེ། རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་འབྱུང་བའི་ཕྱིར་རོ། །བདུད་རྩིའི་


DTG064_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལ་དེ་སྐད་ཅེས་བྱའོ། །ཡང་ན་ནམ་མཁའ་ནི་ཐམས་ཅད་དུ་ཁྱབ་ཅིང་རྒྱ་མ་ཆད་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རྒྱ་མ་ཆད་དེ། ནམ་མཁའ་སྟོང་པར་གོ །སྟོང་པས་སེམས་གོ །སེམས་ཀྱིས་རང་རིག་གོ །དེས་ན་ནམ་མཁའི་འོད་ཅེས་བྱའོ། །ཡང་ན་རྡོ་རྗེ་ནི་བསམ་པ་ནང་གི་བསྟན་པས། རྡོ་རྗེ་ཞེས་སུ་བཤད་པ་སྟེ། །ཞེས་འབྱུང་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ནང་གི་སེམས་བསྟན་པས་དེ་དང་དབྱེར་མི་ཕྱེད་པས་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་རིན་པོ་ཆེ་ནི་མཉམ་པ་ཉིད་ཀྱི་སེམས་ཉིད་རིན་པོ་ཆེའི་དབུ་རྒྱན་དུ་བྱུང་སྟེ། སངས་རྒྱས་ཐམས་ཅད་ལ་དབང་བསྐུར་བའི་རང་བཞིན་དུ་གནས་པས་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་པདྨ་ནི་འདམ་ནས་སྐྱེས་ཀྱང་དེས་མ་གོས་པ་བཞིན་སོ་སོར་རྟོག་པའི་ཡེ་ཤེས་དེ་ཡང་འཁོར་བའི་འདམ་གྱིས་མ་གོས་པས་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ལས་ཀྱི་འོད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་གཞན་དོན་བྱེད་པས་ལས་ཀྱི་འོད་ཅེས་བྱའོ། །དཔེ་མེད་འོད་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་དཔེ་མེད་དེ། གལ་ཏེ་དཔེ་ཡོད་ན་འདྲ་བའི་དཔེ་ཅིག་ཡོད་དམ་མི་འདྲ་བའི་དཔེ་ཅིག་ཡོད། མི་འདྲ་ན་དཔེར་མི་རུང༌། འདྲ་ན་ཕྱོགས་གཅིག་གིས་འདྲའམ་ཕྱོགས་ཐམས་ཅད་ནས་འདྲ། ཕྱོགས་གཅིག་ནས་འདྲ་ཟེར་ན་ཐམས་ཅད་ཀྱང་དཔེར་འགྱུར་ཏེ། དཔེར་ན་རྣ་བ་ཡོད་པས་བོང་བུ་དང་བ་ལང་འདྲ་ཟེར་བ་བཞིན་ནོ། །ཐམས་ཅད་ཀྱིས་འདྲ་ན་དཔེར་མི་འགྲུབ་སྟེ་དོན་ཉིད་དུ་འགྱུར་རོ། །དེས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་དཔེ་མེད་ཅེས་བྱའོ། །ཡང་ན་དཔེ་ལྡན་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་པའོ། །ཤེས་རབ་འོད་ནི་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་སོ་སོར་མ་འདྲེས་པར་ཤེས་པ་དེ་ལ་དེ་སྐད་བྱའོ། ཐམས་ཅད་མཁྱེན་པ་ནི་ཤེས་བྱ་ཇི་ལྟ་བུ་དང་ཇི་སྙེད་པ་མཁྱེན་པའོ། །འོ་ན་ཤེས་རབ་དང་ཁྱད་པར་ཅི་ཡོད་ཅེ་ན། ཡོན་ཏན་ཕྱོགས་རེ་ལ་དགོངས་པའོ། །རྣལ་འབྱོར་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་སོ་སོར་རིག་ཅིང་ཆོས་ཀྱི་དབྱིངས་སུ་རྫོགས་ཏེ། ཅི་རིག་ན་ཆོས་ཐམས་ཅད་


DTG064_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སུ་རིག་སེམས་ཀྱི་རང་བཞིན་རིག་རང་བཞིན་ཅིར་ཡང་མ་གྲུབ་པ་སྟེ་ས་བཅུ་གཉིས་དེ་ལ་རྫོགས་སོ།། །།དེ་ལས་བཅུ་གཉིས་པོ་དེ་རྣམས་ཀྱང་བསྡུ་ན་ཡེ་ཤེས་ལྔར་འདུས། ཡེ་ཤེས་ལྔ་ཡང་གཉིས་མེད་ཀྱི་ཡེ་ཤེས་གཅིག་ཏུ་འདུས་སོ། །སྤྲོ་ན་ཡང་གཉིས་མེད་དེ་ལས་ལྡོག་པས་བྱས་པའི་ཡེ་ཤེས་ལྔ་དེ་ལ་ས་བཅུ་གཉིས་དོན་གྱི་ངོ་བོ་གཅིག་གོ །དེ་སྠི་ཏོ་ཞེས་པ་ནས་བརྟཱི་ནཱཾ་གྱི་པར་གྱི་སྔགས་འདི་ལ་ནི་སློབ་དཔོན་ཨ་ཤཱ་ཀ་རི་ལ་སོགས་པ་ཁ་ཅིག་སྐུ་བསྐྱེད་པའི་རྐྱེན་གྱི་སྔགས་སུ་འདོད་དེ། འདིར་སློབ་དཔོན་སྒེག་པའི་རྡོ་རྗེ་ཉིད་ནི་སྔགས་མིན་པར་བཞེད་དེ། དེ་ཡང་སྠི་ཏོ་ནི་བརྟན་པ། ཧྲྀ་དི་ཐུགས། ཛྙཱ་ན་ཡེ་ཤེས། མཱུརྟི་ནི་སྤྱི་གཙུག་ར་ཧཾ་ནི་ང༌། བུདྡྷོ་ནི་ར་ཧཾ་གི་ཁྱད་པར། བུདྡྷ་ནི་སངས་རྒྱས། ནཱཾ་ནི་གནས། ཏྲྱདྷྭ་ནི་དུས་གསུམ། བརྟཱི་ནཱཾ་ནི་བཞུགས་པ། དྲིལ་བས་དུས་གསུམ་བཞུགས་པའི་སངས་རྒྱས་ལ་ང་ནི་བརྟན་པར་གནས་ཞེས་བྱ་སྟེ། སྔགས་ནི་མིན་པར་བཞེད་དོ། །འོ་ན་ཚུལ་ཇི་ལྟར་གནས་ཤ་ན། དོན་དམ་དུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོའམ་རང་བཞིན་དུ་གནས་སོ། །གལ་ཏེ་མི་བཞུགས་ན་ལྷ་ལ་ཐུགས་མེད་པར་ཐལ་ཏེ་ཐུགས་མེད་པ་ནི་མ་ཡིན་ནོ། །ཀུན་རྫོབ་ཏུ་ནི་འཇམ་དཔལ་སྐུ་གསུམ་གྱི་ངོ་བོར་གནས་ཏེ། དེ་ཡང་ལོངས་སྐུ་ནི་དང་པོའི་སངས་རྒྱས་ཞལ་ལྔ་པའི་རང་བཞིན་གྱི་གནས་སོ། །སྤྲུལ་སྐུ་ནི་ཅིར་ཡང་བཞུགས་ཏེ། གནས་བརྟན་རྒན་པོ་དང་གཞོན་ལུས་གཅིག་ལ་སོགས་པ་སྣ་ཚོགས་སོ། །ཆོས་སྐུའི་གཟུགས་བརྙན་ནི་ཀུན་རྫོབ་ཏུ་རིགས་བདུན་གྱི་བྱེ་བྲག་གིས་ཡེ་ཤེས་སེམས་དཔའ་ཡང་མདུན་དུ་བཞུགས་ཏེ། ཨོཾ་བཛྲ་ཏཱིཀྵྞ་ཞེས་པ་པདྨའི་རིགས་ཀྱི་སེམས་དཔའ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ན་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་ན་རལ་གྲི་གཡོན་པདྨ་རྡོ་རྗེ་རྣོན་པོ་ཞེས་བྱ་བའི་མཚན་ཅན་གྱི་སྐུས་བཞུགས་སོ། །དུཿ་ཁ་ཙྪེ་ད་རྡོ་རྗེའི་རིགས་མི་བསྐྱོད་པའི་ཐུགས་ཀ་ན་སྔོན་པོ། ཕྱག་མཚན་ཐམས་ཅད་གཡས་རལ་གྲི། གཡོན་རང་རྟགས་ཞལ་གཅིག་པ། སྡུག་བསྔལ་ཐམས་ཅད་ངེས་པར་གཅོད་པའི་གཟུགས་ཀྱིས་བཞུགས་སོ། །པྲཛྙཱ་ནི་


DTG064_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཡེ་ཤེས་ཀྱི་སྤྱི་གཙུག་ཅེས་པའི་མཚན་ནོ། །དེ་བཞིན་གཤེགས་པའི་རིགས་ཀྱི་ཛྙཱ་ན་ཀཱ་ཡ་ནི་ཡེ་ཤེས་ཀྱི་སྐུ་སྟེ་ལས་ཀྱི་རིགས་ཀྱིའོ། །ཝཱ་གཱི་ཤྭ་ར་ནི་ངག་གི་དབང་ཕྱུག་སྟེ་རིན་པོ་ཆེའི་རིགས་སོ། །ཨ་ར་པ་ཙ་ན་ཞེས་པའི་མཚན་ཅན་ནི་བྱང་སེམས་རྡོ་རྗེའི་རིགས་ཀྱི་ཐུགས་ཀ་ནས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི། གཡོན་རྡོ་རྗེ་བསྣམས་པར་བཞུགས་སོ། །ཡ་ཏེ་ན་མཿ་གང་ཡིན་པ་དེ་ན་མཿ་ཞེས་བྱ་བ་སྟེ། འདི་གཉིས་ཀྱི་གོང་མ་དྲུག་གི་ཞབས་ལ་སྦྱོར། སྔགས་དེ་རྣམས་དྲིལ་བ་ནི་རིགས་བསྡུས་པའི་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་རྣམ་སྣང་ཆེན་པོའི་ཐུགས་ཀ་ན་ཞལ་དྲུག་ཕྱག་གཉིས་པ་གཡས་རལ་གྲི། གཡོན་ཨུཏྤལའི་སྟེང་དུ་རྒྱལ་བའི་ཡུམ་གྱི་བོ་ཏི་བསྣམས་ནས་བཞུགས་སོ། །དེ་རྣམས་དང༌། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པ་སྟེ། སྤྲུལ་པའི་སྐུས་ལུས་ལ་བཏབ་པའམ། ཡང་ན་དེ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་བརྒྱན་པའོ། །སྒྱུ་འཕྲུལ་དྲ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་མན་ངག་གི་རིམ་པ་རྣམ་པར་ཕྱེ་བ་སྟེ་ལེའུ་བཞི་པ་རྫོགས་སོ། །།།འདི་ལྟར་ཞེས་པའི་ཚིག་རྐང་གཉིས་སྤྲོ་གཞི་ཡེ་ཤེས་སེམས་དཔའི་མཚན་བརྗོད་པ་སྟེ། དེ་ཡང་མཚན་གྱི་རྣལ་འབྱོར་རང་དོན་དུ་བསྒྲུབ་པ་གཅིག་གིས་བསྲུང་བ་མདོར་བསྡུས་པ་ལ་སོགས་པ་སྔོན་དུ་སོང་བ་གཅིག་གིས་སུམ་བརྩེགས་བསྐྱེད་པའི་ཐུགས་ཀའི་ཡི་གེ་ཨ་ལས་རིགས་བསྡུས་ཀྱི་མཚན་ཆོས་འདི་སྤྲོ་བ་སྟེ། དེ་ལ་ཡེ་ཤེས་སེམས་དཔའི་མཚན་ཉིད་ཅི་ལ་ཟེར། གནས་གང་ན་གནས། གནས་ལུགས་ཇི་ལྟར་གནས། དེའི་རྒྱུ་ཅི་ལས་བྱུང༌། མཚན་དུ་དང་ལྡན། དེ་བསྒོམ་ན་ཇི་ལྟར་བསྒོམ་ཞེ་ན། མཚན་ཉིད་ནི་དོན་གྱི་སྒོ་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ནམ་ངོ་བོ་ལ་བྱ་ལ་དེའི་མཚན་ཉིད་འདི་ཡིན། རྟགས་ཀྱི་སྒོ་ནས་ཞལ་ཕྱག་གི་རྣམ་པ་ཅན་དུ་བཞུགས་ཏེ། དེ་ཡང་མ་ཀི་ནས། འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཅེས་པ་ནས། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པའི་བར་དུ་གསུངས་པའི་ཕྱིར་རོ། །གནས་ནི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་སོ། །ལུགས་ཀྱང་


DTG064_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་སྒོ་ནས་དོན་དམ་དུ་ལྷ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་སུ་བཞུགས་པ་རྟགས་ཀྱི་སྒོ་ནས་ཀུན་རྫོབ་ཏུ་རིགས་བདུན་གྱི་གཙོ་བོའི་ཐུགས་ཀ་ན་ཞལ་ཕྱག་གི་རྣམ་པ་ཅན་དུ་གནས་སོ། །དེའི་རྒྱུ་ནི་ཨ་སྟེ། དེ་ཡང་དོན་གྱི་སྒོ་ནས་དོན་དམ་གྱི་ཡེ་ཤེས་སེམས་དཔའ་དེ་སྐྱེ་མེད་ཀྱི་ཨས་བསྐྱེད་ལ། རྟགས་ཀྱི་ཡེ་ཤེས་སེམས་དཔའ་ནི་ཀུན་རྫོབ་ཀྱི་ཨ་ཁ་དོག་དང་དབྱིབས་ཅན་དེ་གྱུར་པ་ལས་བསྐྱེད་དོ། །ཇི་ལྟར་བསྒོམ་པ་ནི་མན་ངག་ལས་ཤེས་པར་བྱའོ། །མཚན་དུ་དང་ལྡན་ཞེ་ན། སངས་རྒྱས་ཞེས་བྱ། བཅོམ་ལྡན་འདས་ཞེས་བྱ། རྫོགས་པའི་སངས་རྒྱས་ཞེས་བྱ། ཨ་ལས་བྱུང་བ་ཞེས་བྱ་སྟེ་བཞི་དང་ལྡན་ནོ། །དེ་ལ་ཅིའི་ཕྱིར་མཚན་དེ་སྐད་བྱ་ཞེ་ན། འདི་ལྟར་ཞེས་པ་ནི་སྤྲོས་པ་ཉེ་བར་མངོན་སུམ་དུ་སྟོན་པའོ། །སངས་རྒྱས་ནི་མཁྱེན་པ་ལ་བྱ་སྟེ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའོ། །བཅོམ་ལྡན་འདས་ནི་བཤད་ཟིན་ཏོ། །རྫོགས་པ་ནི་རང་བཞིན་གྱི་དོན་ཐམས་ཅད་དོ། །ཨ་ལས་བྱུང་བ་ནི་དོན་རྟོགས་ཀྱི་སྒོ་ནས་རྒྱུའོ། །ཨ་ནི་ཞེས་པའི་ཚིག་རྐང་གཉིས་ཀྱིས་སྤྲོ་གཞི་ཡི་གེ་ཨའི་དོན་བརྗོད་པ་སྟེ། དེ་ལ་ཨའི་དབྱེ་བ་དང༌། སྒྲ་འཇུག་པའི་རྒྱུ་མཚན་དང༌། ཕྲིན་ལས་དང༌། ངོ་བོ་དང༌། སྒོམ་ཐབས་དང། འབྲུ་བཤད་དང་དྲུག་གིས་བསྟན་ཏེ། ཨ་ལ་དབྱེ་ན་དུ་ཡོད་དེ་ཅེ་ན་གཉིས་ཏེ། ཟབ་པའི་དོན་དམ་ནི་སྟོང་པ་ཉིད་དོ། །ཀུན་རྫོབ་རྒྱ་ཆེ་བའི་ཨ་ནི་ཁ་དོག་དང་དབྱིབས་ཅན་གྱི་ཨའོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། ཡིག་འབྲུ་ཀུན་གྱི་མཆོག་ཅེས་བྱ་སྟེ། ཨཱ་ལི་ཀཱ་ལི་ཐམས་ཅད་ཀྱི་ཁོང་དུ་ཨ་ཞུགས་ཤིང་སྲོག་ཏུ་གྱུར་པས་ཨ་ནི་མཆོག་གོ །ཨའི་ཕྲིན་ལས་ནི་དོན་ཆེན་ཞེས་བྱ་སྟེ། རྒྱ་ཆེ་བའི་སྒོ་ནས་སངས་རྒྱས་མཆོད་པ་དང་སེམས་ཅན་གྱི་དོན་བྱེད། ཟབ་པའི་སྒོ་ནས་རྟོག་པ་ཆུང་དུས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ། འབྲིང་གིས་བྱང་ཆུབ་སེམས་དཔའ་ཐོབ། རྟོག་པ་ཆེན་སངས་རྒྱས་ཐོབ། བྱང་ཆུབ་རྣམ་གསུམ་པོ་དེ་ཐོབ་པས་དོན་ཆེན་ནོ། །ངོ་བོ་ནི་ཡི་གེ་དམ་པ་ཡིན་ཞེས་ཏེ། ཟབ་པ་དོན་དམ་གྱི་ཨ་དེ་ནི་ཀྵ་ར་ཞེས་པའི་སྒྲ་འགྱུར་བ་ལ། ཨ་ཀྵ་ར་ཞེས་པ་ཨས་བཀག་པས་མི་འགྱུར་བ་ལ་འཇུག་སྟེ། ཟབ་པ་དོན་དམ་གྱི་ཨ་ནི་ངོ་བོ་ཅིང་


DTG064_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་འགྱུར་བའོ། །དེས་ན་དམ་པ་ཞེས་བྱའོ། །སྒོམ་ཐབས་ནི་མན་ངག་ཏུ་ཤེས་པར་བྱའོ། །ཁོང་ནས་ཞེས་པའི་ཚིགས་བཅད་གཅིག་སྤྲོ་རྒྱུ་ཡུམ་བཞིའི་མཚན་བརྗོད་སྟོན་ཏེ། དེ་ཡང་མཚན་ཅན་ཡུམ་བཞི་པོ་དེའི་སོ་སོའི་མཚན་ཉིད་དང༌། བསྐྱེད་པའི་རྒྱུ་དང༌། སྐུ་མདོག་དང༌། ཕྱག་མཚན་གྱི་ངེས་པ་དང༌། ཡུམ་གྱི་འཐད་པ་དང༌། ཐབས་ཤེས་རབ་ཀྱི་འབྲེལ་པ་དང༌། གཙོ་འཁོར་གྱི་འཐད་པ་དང༌། སྒོམ་ཐབས་དང་བདུན་གྱིས་བསྟན་ཏེ། དེ་ལ་མཚན་ཉིད་ནི་གཉིས་ཏེ་དོན་རྟོགས་སོ། །དོན་གྱི་སྒོ་ནས་གཉིས་མེད་ཀྱི་ཡེ་ཤེས་གཅིག་ལྡོག་པའི་བྱེ་བྲག་གིས་ཡེ་ཤེས་བཞིར་བྱས། ཆོས་ཅན་ཡེ་ཤེས་བཞིས་བྱེ་བྲག་ཏུ་བྱས་པའི་སྟོང་པ་བཞིས་ཡེ་ཤེས་བཞི་ལ་དགག་བྱ་རྣམ་པ་བཞིས་བཀག་ནས་རྣམ་པར་ཐར་པའི་སྒོ་བཞི་ལ་ཡུམ་བཞིར་འདོད་དེ། དངོས་པོ་དང་དམིགས་པའི་སྒྲོ་འདོགས་ཆོད། སྟོང་པའི་རྣམ་པར་ཐར་པ་སྟེ་དེ་ལ་རྡོ་རྗེ་སེམས་མ་བྱས། གཉིས་མེད་དེ་མཚན་མས་སྟོང་སྟེ་དེའི་སྒྲོ་འདོགས་ཆོད་པས་མཚན་མ་མེད་པའི་རྣམ་པར་ཐར་པ་སྟེ། རིན་ཆེན་སེམས་མ་ལོག་པའི་སྨོན་པས་སྟོང་པ་དེའི་སྒྲོ་འདོགས་ཆོད་པས་སྨོན་པ་མེད་པའི་རྣམ་པར་ཐར་པ་སྟེ། ཆོས་ཀྱི་སེམས་མ་ཕྱིན་ཅི་ལོག་གི་མངོན་པར་འདུ་བྱེད་པས་སྟོང་པ་སྒྲོ་འདོགས་དེ་ཆོད་པའི་སྒོ་ནས་ལས་ཀྱི་སེམས་མ། རྟགས་ཀྱི་སྒོ་ནས་ཀུན་རྫོབ་ཏུ་ལྷ་མོའི་རྣམ་པ་ནུ་མ་དང་མོ་མཚན་གྱི་ཁྱད་པར་དུ་བྱས་རང་གི་བདག་པོས་དབུ་བརྒྱན་པ། རྡོ་རྗེ་ལ་སོགས་པའི་སྦུབས་ན་གནས་པ། སྐུ་མདོག་དང་ཕྱག་མཚན་ཀྱང་ཕྱོགས་དང་མཐུན་པའོ། །ཨ་ཨཱ་ཨཾ་ཨཿའི་སྐུ་མདོག་ཕྱག་མཚན་ནི་རིམ་པ་བཞིན་དུ་རྡོ་རྗེ་སེམས་མ་སྔོན་མོ་རྡོ་རྗེ་བསྣམས་པ། རིན་ཆེན་བསྣམས་སེར། པདྨ་བསྣམས་དམར། རྒྱ་གྲམ་བསྣམས་ལྗང༌། ཡུམ་གྱི་འཐད་པ་ནི་སྟོང་པ་དེ་བཞི་སྤྲོས་པས་དེ་བཞི་རིག་པའི་རིག་པ་འབྱུང༌། སྟོང་པ་དེ་བཞི་ལོག་ན་དེ་རིག་པའི་རིག་པ་ལྡོག །སྟོང་པ་དེ་བཞི་རིག་པའི་རིག་པ་ལས་དེ་གཤེགས་བཞི་བྱས། སྟོང་པ་དེ་བཞིས་བསྐྱེད་པའི་ཕྱིར་ཡུམ་ཞེས་བྱའོ། །ཐབས་ཤེས་རབ་ཀྱི་འབྲེལ།


DTG064_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བདེ་གཤེགས་བཞི་ཐབས་ཡུམ་བཞིས་ཤེས་རབ་སྟེ། ཕྱོགས་མཚམས་ཀྱི་བཞུགས་གནས་ཀྱིས་འབྲེལ་ཏོ། །གཙོ་འཁོར་གྱི་འཐད་པ་རག་ལས་དང་རག་ལས་པ་སྟེ། དེ་ཡང་སྤྱི་འཁོར་སྒོས་འཁོར་གཉིས་ཏེ། ཡུམ་བཞི་པོ་འདི་རྣམས་ནང་གི་སྤྱི་འཁོར་ཏེ། རྣམ་སྣང་ནི་རྣམ་པ་བཞིས་བསྡུས་པའི་ཡོན་ཏན་གྱི་བདག་ཉིད་ཅན་ཡིན་ལ། གཙོ་བོའི་ཡོན་ཏན་དེ་ལོག་ན་འཁོར་གྱི་ཡོན་ཏན་ལྡོག་པས་རྣམ་སྣང་ནི་རག་ལས་པར་འདུག །ལྷ་མོ་བཞི་རག་ལས་པར་འདུག་པས་གཙོ་འཁོར་རོ། །གཙོ་འཁོར་གྱི་འཐད་པ་ནི་རྡོ་རྗེ་སེམས་མ་དེ་ནི་མི་བསྐྱོད་པའི་སྒོས་འཁོར་ཏེ། ཆོས་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཡོད་པས་དེ་སྟོང་པར་ཤེས་པའི་ཤེས་པ་འབྱུང༌། ཆོས་ཅན་མེ་ལོང་ལྟ་བུ་དེ་ལོག་ན་དེ་ཤེས་པའི་ཤེས་པ་ལྡོག །དེ་ནས་སྟོང་པ་ཉིད་དེ་མེ་ལོང་ལྟ་བུ་ལ་རག་ལས་པས་སེམས་མ་རྡོ་རྗེ་མ་རག་ལས་པས་མི་བསྐྱོད་པ་རག་ལས་པའོ། །དེས་བསྒྲེས་ཏེ་འོག་མ་གསུམ་ལ་ཡང་སྦྱར་རོ། །སྒོམ་ཐབས་ནི་མན་ངག་ཏུ་ཤེས་པར་བྱའོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ་རྡོ་རྗེ་སེམས་མའི་རང་བཞིན་ཡི་གེ་ཨ་ཐུང་དུ་སྟེ་རྐན་དང་མཆུ་དང་སོ་ལ་སོགས་པ་གང་ལ་ཡང་མ་བརྟེན་པར་ཁོང་ནས་འབྱུང་ལ། དེའི་དོན་སྐྱེ་མེད་ཀྱི་རང་བཞིན་དུ་གནས་པས་ཆོས་ཀྱི་དབྱིངས་མེ་ལོང་ལྟ་བུའི་རྒྱུ་ཉིད་ཀྱི་ཕྱིར་ཡུམ་སེམས་མ་རྡོ་རྗེ་མ་ཞེས་བྱའོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་དེ་རིན་ཆེན་རྡོ་རྗེ་མ་སྟེ་དེ་ལ་ཚིག་ནི་བརྗོད་པ་སྟེ། རིན་ཆེན་རྡོ་རྗེ་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ཆོས་ཐམས་ཅད་མཉམ་ཉིད་རྟོགས་ན་བརྗོད་པ་ཐམས་ཅད་ཀྱི་ཚིག་མེད་པས་དེའི་ཕྱིར་རིན་ཆེན་སེམས་མ་ལ་དེ་སྐད་བྱའོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ་ཆོས་ཀྱི་སེམས་མ་ལ་དེ་སྐད་བྱ་སྟེ། བརྗོད་པ་ནི་ཚིག་སྟེ་ཤེས་བྱ་ཇི་སྙེད་པ་ཡོད་པས་དེ་བརྗོད་པའི་ཚིག་འབྱུང་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་མཁྱེན་པས་དེ་ནི་བརྗོད་པའི་རྒྱུའི་རྐྱེན་ནོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་ལས་ཀྱི་སེམས་མ་ལ་དེ་སྐད་བྱ་སྟེ། འདི་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་གཞན་གྱི་དོན་བྱེད་པའི་བདག་ཉིད་དེ། ཇི་སྐད་དུ།


DTG064_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །ཅེས་པ་ལ་སོགས་པ་དེ་སྐལ་བ་དང་ལྡན་པ་རྣམས་ལ་དེའི་སྐད་ཀྱིས་དེ་དང་དེས་སོ་སོར་གསལ་པར་བྱེད་པའི་ཕྱིར་རོ། །མཆོད་པ་ཆེན་པོ་ནས་མར་ཚིག་རྐང་བཅུ་གཉིས་འཇམ་དཔལ་རིགས་ལྔའི་མཚན་བརྗོད་སྟོན་ཏོ། །དེ་ཡང་འདི་རྣམས་ལ་གོ་རིམས་འཆོལ་བའི་སྐྱོན་སྤངས་པའམ་གོ་རིམས་ངེས་པའི་རྒྱུ་མཚན་དང༌། སོ་སོའི་མཚན་ཉིད་དང༌། གཙོ་འཁོར་གྱི་འཐད་པ་དང༌། བཟང་ངན་གྱི་ཁྱད་པར་དང༌། ཐབས་ཤེས་རབ་ཀྱི་འབྲེལ་པ་དང༌། ཕྲིན་ལས་ཀྱི་ཁྱད་པར་དང༌། སྒོམ་ཐབས་དང༌། འབྲུ་བཤད་པ་དང་བརྒྱད་དེ། དེ་ལ་གོ་རིམས་འཆོལ་ལོ་ཞེ་ན། གོ་རིམས་འཆོལ་པའི་སྐྱོན་སྤང་བ་ནི་འདི་རྣམས་ལ་འཆོལ་བའི་སྐྱོན་མེད་འདི་རྣམས་ཀ་ལྟར་འདོད་ཐོག་གོ །དེ་ཅིའི་ཕྱིར་ཞེ་ན། སྔགས་ཆགས་པའི་ལམ་པ་ཡིན་ཏེ། བདེ་བ་ལམ་དུ་ཁྱེར་ཏེ་དེ་ལས་མི་བྱེད་རྡོ་རྗེ་ཐེག་པ་ཞེས་བྱ། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་འདི་ནི་འདོད་ཆགས་ཀྱི་སངས་རྒྱས་ཡིན་པས་དང་པོར་སྨོས་སོ། །ལུང་ལས་ཀྱང་འདོད་ཆགས་ཞེ་སྡང་གཏི་མུག་ཅེས་འདོད་ཆགས་སྣ་ལ་སྨོས་སོ། །དེ་ནས་ཞེ་སྡང་ཆེན་པོ་མི་བསྐྱོད་པ་སྨོས་པ་ནི་སེམས་ཅན་སངས་རྒྱས་ཀྱི་བསྟན་པ་སྔགས་ཀྱི་ལམ་ལ་འཛུད་པའང་ཆོས་བསྟན་པའི་ཚུལ་གྱིས་འཛུད་པ་དང༌། དྲག་ཤུལ་གྱི་ཚུལ་གྱིས་འཛུད་པ་ལས་འདིར་དྲག་ཤུལ་སྦྱར་ཏེ། ཞེ་སྡང་རིགས་ཡིན་པའི་ཕྱིར་རོ། །དེ་ནས་གཏི་མུག་རྣམ་སྣང་བསྟན་པ་ནི་སེམས་ཅན་སངས་རྒྱས་ཀྱི་བསྟན་པ་ལ་ཚུད་ནས་ཟབ་མོ་སྐྱེ་བ་མེད་པའི་དོན་སྟོན་ཏོ། །སྐྱེ་མེད་ནི་འབྱེད་པ་མེད་པའི་གཏི་མུག་ཡིན་ལ་དེ་སྟོན་པས་རྣམ་སྣང་འབྱུང་སྟེ། རྣམ་སྣང་ནི་ཆོས་ཀྱི་དབྱིངས་ལས་བསྐྲུན་པ་གཏི་མུག་གི་རིགས་ཡིན་པའི་ཕྱིར་རོ། །དེ་ནས་ཡོན་ཏན་དེ་མ་བསྟན་པར་དེ་ནས་དོན་ཡོད་གྲུབ་པ་བསྟན་པ་ནི་འདི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་གཞན་དོན་བྱེད་པ་བརྩོན་འགྲུས་ཀྱི་བདག་ཉིད་དེ་སེམས་ཅན་རྣམས་ལ་ལྟ་བ་ཟབ་མོའི་དོན་ཡོད་ཀྱང་མ་བསྒྲུབས་ན་འཚང་མི་རྒྱ་ལས་དེ་ལ་བརྩོན་འགྲུས་དགོས་པའི་ཕྱིར་རོ། །དེ་ནས་སེར་སྣ་ཆེན་པོའི་རིན་འབྱུང་བསྟན་པ་འདི་ནི་ཡོན་ཏན་གྱི་སངས་རྒྱས་


DTG064_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། འདྲས་བུ་སངས་རྒྱས་གཞན་དོན་བྱེད་པའི་ཡོན་ཏན་ཡོད་དོ། །དེས་ན་རིན་ཆེན་འབྱུང་ལྡན་མཇུག་ཏུ་བསྟན་པ་སྟེ་གོ་རིམས་འཆོལ་བའི་སྐྱོན་ནི་མེད་དོ། །ཡང་མཚན་འདི་རྣམས་ནི་རིགས་ལྔའི་མཚན་དུ་འཇུག་པས་འཇམ་དཔལ་ལ་ཅི་ཕན་ཞེ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཉིད་རིགས་ལྔར་འབྱུང་བས་འཇམ་དཔལ་སྣང་བ་མཐའ་ཡས་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་ནི་དེ་རྣམས་ཀྱི་མཚན་ཉིད་དང༌། རྟགས་ཀྱི་མཚན་ཉིད་དེ་དེའི་དོན་གྱི་མཚན་ཉིད་ནི་སྤྱིར་ཆོས་ཐམས་ཅད་སེམས་སུ་འདུས། སེམས་ཉིད་སྣ་ཚོགས་སུ་ཤར་ཏེ། གཞི་མེད་རྐྱེན་གྱིས་ཅིར་ཡང་ཤར། འོག་ནས། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །ཞེས་འབྱུང་དེ་ནི་ཀུན་རྫོབ་ཀྱི་རྒྱ་ཆེ་བ་དང༌། སེམས་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་པས་ནམ་མཁའ་དང་འདྲ་སྟེ། ཟབ་པའི་མཚན་ཉིད་དོན་དམ་མོ། །དེ་གཉིས་བརྗོད་ཐབས་སམ་བསྟན་ཐབས་དེ་ལས་མ་གྲུབ་པས་གཉིས་སུ་ཕྱིའི་རང་གི་མཚན་ཉིད་ལ་དབྱེར་མེད་པ་སྟེ་དེ་ཉིད་ལ་འཇམ་དཔལ་ཞེས་བྱ་སྟེ། དེ་རྟོགས་ན་ནི་ནམ་མཁའི་ལམ་ལ་གནས་པ་སྟེ་འོག་ནས་དེ་སྐད་འབྱུང༌། དེ་གང་ལ་རང་བཞིན་རྒྱུ་བསྒོམ་པ་ལམ་འབྲས་བུ་མཐར་ཐུག་རྒྱུའི་རྒྱུད་ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་ལ་སོགས་པར་སྦྱར་རོ། །དེ་གང་ལ་ལྡོག་པའི་བྱེ་བྲག་གིས་ལྷ་ལྔ་བཅུ་རྩ་གསུམ་བཞག་སྟེ། རིགས་ཀྱི་བྱེ་བྲག་གིས་ལྔ་བཅུ་རྩ་གསུམ་ཚན་བདུན་དུ་འགྱུར་རོ། །བསྡུ་ན་གཉིས་མེད་ཀྱི་ཡེ་ཤེས་གཅིག་པོ་དེར་འདུས་ཏེ། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །ཞེའོ། །དེ་ལ་གཉིས་མེད་གཅིག་པོ་དེ་ཉིད་ལ་གསལ་ལ་མི་རྟོག་པའི་ངོས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་སངས་རྒྱས་མི་བསྐྱོད་པ་རྟགས་ཀྱི་སྒོ་ནས་ཤར་གྱི་རྩིབས་ལ་ས་གནོན་ཕྱག་རྒྱ་ཅན་སྔོན་པོ་ཞལ་གཅིག་ཕྱག་གཉིས་པར་གྱུར་ཏེ། ཡང་གཉིས་མེད་དེ་ལ་བདག་ཆོས་སེམས་ཅན་གསུམ་མཉམ་པས་གཉིས་མེད་དེར་ཤེས་པས་མཉམ་པ་ཉིད་དོ། །རྟགས་སངས་རྒྱས་རིན་ཆེན་འབྱུང་ལྡན་དེ་ཉིད་དེའི་མཚན་ཉིད་མཚོན། ལྷོའི་རྩིབས་ལ་མཆོག་སྦྱིན་སེར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་ངོ༌། །གཉིས་མེད་གཅིག་པོ་དེ་ཁོ་


DTG064_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་ཅན་སོ་སོར་ཕྱེ་ནས་ཆོས་ཉིད་སོ་སོར་མཁྱེན་སོ་སོར་རྟོགས། སངས་རྒྱས་སྣང་བ་མཐའ་ཡས་རྟགས་ནུབ་ཀྱི་རྩིབས་ལ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་ངོ༌། །གཉིས་མེད་གཅིག་པོ་ཉིད་ཀྱིས་གཞན་དོན་བྱེད་ནུས། བྱ་བ་གྲུབ་པའི་ཡེ་ཤེས་ཉིད་སངས་རྒྱས་དོན་གྲུབ་ཏུ་འབྱུང༌། རྟགས་ཀྱི་མཚན་ཉིད་དེ་ཀུན་རྫོབ་ཏུ་བྱང་གི་རྩིབས་ལ་སྐྱབས་སྦྱིན་ཕྱག་རྒྱ་ཅན། ལྗང་གུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་བྱས། དེ་ནི་དོན་གྱི་མཚན་ཉིད་དེས་སྲ་བའི་མཚན་ཉིད་བཞིན་ནོ། །ཡེ་ཤེས་གཟུགས་ཅན་མིན་པ་ལས་གཟུགས་སུ་སྒོམ་མོ་ཞེའོ། །ཡེ་ཤེས་དེ་བཞི་ལ་ཕྱིན་ཅི་ལོག་གི་སྒྲོ་འདོགས་དགག་བྱ་རྣམ་པ་བཞི་བཀག་ནས་རྣམ་ཐར་བཞི་ལ་ཡུམ་བཞི་བྱ་སྟེ་གོང་དུ་བསྟན་ནོ། །གཙོ་འཁོར་གྱི་འཐད་པ་ནི་གང་ཟག་གཅིག་སངས་རྒྱས་པའི་ཡེ་ཤེས་ལ་གཙོ་འཁོར་དུ་འོང་པ་ཅི་སྟེ་ཞེ་ན། གཙོ་བོ་ནི་ཡོན་ཏན་ཐམས་ཅད་སྡུད་པའི་བདག་ཉིད་ཡིན་ལ། འཁོར་ནི་ཡོན་ཏན་གྱི་བྱེ་བྲག་ཡིན་ནོ། །དེས་གཙོ་བོ་དང་འཁོར་གྱི་བྱེ་བྲག་ལས་འཁོར་དུ་གྲགས་སོ། །འོ་ན་དེ་ལྟར་འོང་བ་སྟེ་ཅི་སྟེ་ཞེ་ན། གཙོ་བོ་ནི་རག་ལས་ས་འཁོར་ནི་རག་ལས་པའོ། །གཙོ་བོ་ནི་རྟེན་ས་འཁོར་ནི་བརྟེན་པའོ། །ཡང་ན་བཟང་ངན་གྱི་ཁྱད་པར་ནི་གང་ཟག་གཅིག་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་བཟང་ངན་མེད་ན། འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་བཟང༌། ལོངས་སྤྱོད་ཀྱི་ལྷ་རྣམས་བཟང་ངན་བྱུང་བ་ཅི་སྟེ་ཞེ་ན། འདི་ནི་གང་ཟག་གཅིག་དཀྱིལ་འཁོར་དུ་ཞུགས་པའི་དུས་སུ་ལམ་འབྲས་བུ་དང་བཅས་པ་གོ་བའི་དགོས་པ་སྟེ། འབྲས་བུ་ནི་སངས་རྒྱས་ལྔ། སྐུ་ལྔ། རིགས་ལྔ། ཡེ་ཤེས་ལྔ། སྤྱན་ལྔས་བསྡུས་པའི་སངས་རྒྱས་ཀྱི་སློབ་མ་ཡིན་པར་གོ་ལ། བྱང་ཆུབ་སེམས་དཔས་ནི་ལམ་དུ་གོ་སྟེ། ལམ་སློབ་པས་བསྡུས་པར་གོའོ། །ལོངས་སྤྱོད་ཀྱི་ལྷ་མོ་རྣམས་ནི་ཚུལ་ཁྲིམས་ལ་སོགས་པ་ལམ་གྱི་གྲོགས་སུ་གོའོ། །ཐབས་ཤེས་ཀྱི་འབྲེལ་པ་ནི་རིགས་ཀྱི་སངས་རྒྱས་ཐབས་རྒྱ་ཆེ་བ་བཛྲི་མ་བཞི་ཟབ་པ་སྟེ་གཉིས་གཉིས་འབྲེལ་ལོ། །ཕྲིན་ལས་ནི་སངས་རྒྱས་མཆོད་པ་དང༌། སེམས་


DTG064_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་བྱེད་པ་སྟེ། ཐུན་མོང་དུ་དུག་ལྔ་ཆ་མཉམ་པའི་དོན་བྱེ་བྲག་ཏུ་པདྨ་འདོད་ཆགས་ཅན་དེ་བཞིན་དུ་སྦྱར་རོ། །མན་ངག་སྒོམ་ཐབས་སུ་ཤེས་སོ། །དེ་ལ་མཆོད་པ་ཆེན་པོ་ཞེས་པ་གཉིས་ཀྱིས་འཇམ་དཔལ་རྡོ་རྗེ་ཆེན་པོའི་འོད་དཔག་ཏུ་མེད་པའི་མཚན་ཉིད་དུ་སྟོན་ཏོ། །རྗེ་བཙུན་འཇམ་དཔལ་ལ་མཆོད་པ་ཆེན་པོ་ཞེས་བྱ་སྟེ། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་མཆོད་པ་རྒྱ་མཚོ་སྤྲུལ་ནས་སངས་རྒྱས་མཆོད་པའི་ཕྱིར། དེ་བཞིན་དུ་རྒོལ་ཚིག་གཞན་ལ་ཡང་སྦྱར་རོ། །འཇམ་དཔལ་འདོད་ཆགས་ཆེན་པོ་ཞེས་བྱ་སྟེ། ཐུགས་རྗེས་སེམས་ཅན་གྱི་དོན་ལ་ཆགས་པའི་ཕྱིར་རོ། །དེ་ནི་རང་གི་མཚན་ཉིད་ཀྱི་སྒོ་ནས་བསྟོད་པའོ། །སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བདེ་བས་དགའ་ཞིང་མགུ་བ་ནི། ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །མཆོད་པ་ཆེན་པོ་གཉིས་མི་བསྐྱོད་པའི་མཚན་ཏེ། མཆོད་པ་ཆེན་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཆོད་པའི་སྤྲིན་རྒྱ་མཚོ་སྤྲུལ་ནས་སངས་རྒྱས་མཆོད་པའི་ཕྱིར་རྗེ་བཙུན་ལ་དེ་སྐད་ཅེས་བྱའོ། །ཞེ་སྡང་ནི་རང་ཀ་མའི་ཞེ་སྡང་འདུལ་ཏེ། དེ་ལ་ཞེ་སྡང་བའམ། མཚན་མ་ལ་ཞེ་སྡང་བ་སྟེ། དེ་ལ་དེ་སྐད་ཅེས་བྱའོ། །ཉོན་མོངས་ཀུན་ནི་དྲུག་གོ ། དེའི་གཤེད་མ་བྱེད་པ་ནི་ཕྲིན་ལས་ཏེ། འཇམ་དཔལ་དེ་ལ་དེ་སྐད་ཅེས་བྱའོ། །མཆོད་པ་ཆེན་པོའི་ཚིག་གཉིས་ཀྱིས་གཏི་མུག་འཇམ་དཔལ་རྣམ་སྣང་གི་མཚན་ཏེ། མཆོད་པ་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་མཆོད་པའི་སྤྲིན་རྒྱ་མཚོ་སྤྲུལ་ནས་སངས་རྒྱས་མཆོད་པས་འཇམ་དཔལ་ལ་དེ་སྐད་བྱའོ། །ཆོད་དབྱིངས་དེ་མི་ཕྱེད་པས་གཏི་མུག་སྟེ། རང་གི་ངོ་བོའི་སྒོ་ནས་དེ་ལ་དེ་སྐད་ཅེས་བྱའོ། །གཏི་མུག་ཆེན་པོ་དེས་རང་དགའ་མའི་གཏི་མུག་སེལ་བའི་ཕྱིར་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའི། །མཆོད་པ་ཆེན་པོའི་ཚིག་གཉིས་ནི་འཇམ་དཔལ་དོན་གྲུབ་ཀྱི་མཚན་ཏེ། མཆོད་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་མཆོད་པའི་སྤྲིན་རྒྱ་མཚོ་སྤྲུལ་ནས་སངས་རྒྱས་མཆོད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཁྲོ་བོ་ནི་གཟུང་འཛིན་ལ་ཁྲོ་བོ་སྟེ། རང་གི་ངོ་བོ་བས་དེ་ལ་དེ་སྐད་བྱའོ། །ཁྲོ་བ་ཆེན་པོ་ཡང་དག་པའི་ཁྲོ་བ་སྟེ། དངོས་པོ་ལ་ཕྲག་དོག་


DTG064_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེས་ཐ་མལ་གྱི་གཉེན་པོ་བྱེད་པའི་ཕྱིར་ན་ཕྲིན་ལས་ཏེ་དེ་ལ་དེ་སྐད་བྱ། མཆོད་པ་ཆེན་པོའི་ཚིག་གཉིས་ནི་འཇམ་དཔལ་སྣང་བའི་བདག་ཉིད་རིན་ཆེན་འབྱུང་ལྡན་གྱི་མཚན་ནས་བསྟོད་པ་སྟེ། མཆོད་པ་ནི་མཉམ་པ་ཉིད་ཀྱིས་མཆོད་པའི་སྤྲིན་རྒྱ་མཚོ་སྤྲུལ་ནས་སངས་རྒྱས་མཆོད་པའི་ཕྱིར་རོ། །ཆེན་པོ་རྣམས་ནི་མཆོད་པ་ཡང་ཡིན་ཆེན་པོ་ཡང་ཡིན་ཏེ་ཡོན་ཏན་གཅིག་ཏུ་བསྡུས་པའི་བདག་ཉིད་དོ། །ཆགས་པ་ནི་རིན་པོ་ཆེ་ལ་ཆགས་པ་སྟེ། སེར་སྣའི་བདག་ཉིད་ལས་རང་གི་ངོ་བོ་སྟེ་དེ་ལ་དེ་སྐད་བྱའོ། །ཆགས་པ་ཐམས་ཅད་ནི་རང་རང་གི་སེར་སྣ་དེའི་གཉེན་པོ་ཡིན་པས་འཇམ་དཔལ་ལ་དེ་སྐད་བྱ་སྟེ། ཕྲིན་ལས་ཀྱི་སྒོ་ནས་བོས་ཤིང་བསྟོད་པའོ། །འདོད་པ་ཆེན་པོ་ནས་མར་ཚིག་རྐང་བཅུ་བཞིས་ཡེ་ཤེས་སེམས་དཔའ་བཅུ་དྲུག་གི་མཚན་སྟོན་ཏེ། འདི་རྣམས་ལ་ཡང་སོ་སོའི་མཚན་ཉིད་དང་གཅིག །གཙོ་འཁོར་གྱི་འཐད་པ་དང་གཉིས། ཐབས་ཤེས་རབ་ཀྱི་འབྲེལ་པ་དང་གསུམ། ཕྲིན་ལས་ཀྱི་ཁྱད་པར་དང་བཞི། ལམ་གྱི་ཁྱད་པར་དང་ལྔ། སྒོམ་ཐབས་དང་དྲུག །འབྲུའི་བཤད་པ་དང་བདུན་ནོ། །དེ་ལ་འདི་རྣམས་ཀྱི་མཚན་ཉིད་དོན་གྱི་སྒོ་ནས་དང་རྟགས་ཀྱི་སྒོ་ནས་སོ། །དོན་གྱི་མཚན་ཉིད་ནི་སྟོང་པ་བཅུ་དྲུག་རྟོགས། དགག་བྱ་ཁེགས་པའམ། སྒྲོ་འདོགས་བཅུ་དྲུག་ཆོད་པ་གཅིག་ལ་སེམས་དཔའ་བཅུ་དྲུག་ཅེས་བྱ་སྟེ། དེ་ཡང་འདོད་པ་ཆེ་ཞེས་པའི་ཚིག་གཉིས་ཀྱིས་ཤར་ཕྱོགས་ཀྱི་སེམས་དཔའ་བཞི་སྟོན། དེ་ལ་ཆོས་ཅན་མེ་ལོང་ལྟ་བུས་བྱེ་བྲག་ཏུ་བྱས་པའི་ཆོས་ཉིད་སྟོང་པ་བཞི་སྟེ། གཉིས་མེད་གཅིག་པོ་དེ་དག་ལ་བྱིན། འཛིན་པའི་བསམ་པས་སྟོང་སྒྲོ་འདོགས་དེ་ཆོད་པའི་སྒོ་ནས་ནང་སྟོང་པ་ཉིད། དེ་བཞིན་དུ་ཕྱི་གཟུང་བའི་ཡུལ་གྱིས་སྟོང་པའི་ཕྱིར་ཕྱི་སྟོང་པ་ཉིད། བར་གྱི་དབང་པོས་སྟོང་པས་ཕྱི་ནང་སྟོང་པ་ཉིད། སྣོད་ཀྱི་འཇིག་རྟེན་ལ་ལྷག་པར་ཆགས་པས་སྟོང་པ་ཆེན་པོ་སྟོང་པ་ཉིད། སྟོང་པ་དེ་བཞི་ལ་ཤར་གྱི་རྡོ་རྗེ་སེམས་དཔའ་རྒྱལ་པོ། ཆགས་པ་ལེགས་པ་བཞི་བྱ། རྟགས་ཀྱི་མཚན་ཉིད་ནི་ཐུན་མོང་གི་མཚན་ཉིད་སྐུ་མདོག་བཞུགས་ཚུལ་གདན་པདྨ་ཟླ་བ་རང་གི་བདག་པོའི་


DTG064_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྒྱན་རིན་པོ་ཆེའི་རྒྱན་ཞལ་ཕྱག་གི་མཚན་ཉིད་དོ། །ཁྱད་པར་ནི་མཚན་ཕྱག་མཆན་བཞུགས་པའི་གོ་རིམས་སོ། །གཙོ་འཁོར་གྱི་འཐད་པ་ནི། མེ་ལོང་ལྟ་བུ་ལ་རག་ལས་ས་སྟོང་པ་བཞི་ལ་རག་ལས་པ་སྟེ་གོང་མས་བསྒྲེས་ཏེ་ཤེས་པར་བྱའོ། །ཐབས་ཤེས་རབ་ཀྱི་འབྲེལ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཤེས་རབ་ཟབ་པ་བྱམས་པ་ལ་སོགས་པ་ཐབས་ཏེ་རྒྱ་ཆེ་བ་དེ་གཉིས་ཟུང་དུ་འབྲེལ་ལོ། །གསང་ལྡན་ནས་ཤེས་རབ་བཅུ་དྲུག་ཟེར་བའི་ཕྱིར་རོ། །ཕྲིན་ལས་ཀྱི་ངེས་པ་ནི་སངས་རྒྱས་མཆོད་པ་དང་འགྲོ་བའི་དོན་བྱའོ། །སེམས་དཔའ་འདི་རྣམས་སངས་རྒྱས་ཡིན་པ་ལ་སེམས་དཔར་འབྱུང་བའི་འཐད་པ་ནི་འབྲས་བུའི་ཆེས་ལྔས་བསྡུས་པའི་ལམ་མཚོན་པ་སྟེ། དེ་ལ་ལས་མཚོན་པ་ནི་ཤར་ཕྱོགས་སྟོང་པའི་སེམས་དཔའ། ལྷོ་མཚན་མ་མེད་པ། ནུབ་གཞན་དོན། བྱང་མཆོད་པའི་སེམས་དཔའ་ཞེས་བྱ་སྟེ། གང་ཟག་གཅིག་འཚང་རྒྱ་བའི་ཐབས་སམ་ལམ་དུ་སྟོང་པ་ཉིད་རྟོགས་དགོས། རྟོགས་ནས་ཀྱང་མཚན་མ་མེད་པ་གོམས་དགོས། མཚན་མ་མེད་ཀྱང་གཞན་དོན་མ་བྱས་ན་འཚང་མི་རྒྱ་བས་གཞན་དོན་བྱ་དགོས། གཞན་དོན་ལ་གཙོར་དཀོན་མཆོག་མཆོད་དགོས་ཏེ། དེ་ནི་ལམ་མཚོན་པའོ། །སྒོམ་ཐབས་མན་ངག་ཏུ་ཤེས་སོ། །དེ་ལ་རྡོ་རྗེ་སེམས་དཔའ་ལ་ཁྱོད་ནི་འདོད་པ་ཆེན་པོ་ཞེས་བྱ་སྟེ། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། རྡོ་རྗེ་སེམས་དཔའ་ཕྱག་ན་རྡོ་རྗེ་རྣམས་ནི་སྟོང་པ་ཉིད་རྟོགས་པའི་རྟགས་ཡིན་ལ། སྟོང་པ་ཉིད་ནི་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ལ། སེམས་བསྐྱེད་ཀྱི་མཚན་ཉིད་འདོད་ཅིང་འདུན་པ་སྟེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །སྟོང་པ་ཉིད་དེ་མངོན་སུམ་དུ་རྟོགས་པར་འདོད་པའོ། །བདེ་བ་ཆེ་ཞེས་པ་རྡོ་རྗེ་རྒྱལ་པོ་ལ་དེ་སྐད་ཅེས་བྱ་སྟེ། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། རྡོ་རྗེ་རྒྱལ་པོ་ནི་ལྕགས་ཀྱུ་མི་གཏོང་བའི་བརྡ་སྟེ། རྡོ་རྗེ་སེམས་དཔས་སྟོང་པ་ཉིད་རྟོགས་ཏེ། རྒྱལ་པོས་བསྒོམས་འདྲིས་པར་བྱས་ནས་མ་བཏང་བས་ཟག་མེད་ཀྱི་བདེ་བ་ཆེན་པོ་སྐྱེ་བས་དེ་སྐད་བྱའོ། །དགའ་བ་ཆེན་པོ་ནི་རྡོ་རྗེ་ཆགས་པ་ལ་བྱ་སྟེ། དེ་ཅིའི་ཕྱིར་དེ་སྐད་བྱ་


DTG064_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། རྡོ་རྗེ་རྒྱལ་པོའི་བདེ་བ་གོམས་པ་དེ་ལ་དགའ་བ་ཆགས་པས་དེ་སྐད་བྱའོ། །མགུ་བ་ནི་འབྲས་བུ་མངོན་དུ་གྱུར་པ་སྟེ་འབྲས་བུ་ལ་མགུ་བའོ། །དེ་ནི་རྡོ་རྗེ་ལེགས་པ་སྟེ་མགུ་བའི་རྟགས་ནི་སེ་གོལ་བ་རྡེབ་པའོ། །གཟུགས་ཆེན་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་པ་ན་མར་ཚིག་རྐང་བཞིས་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞི་མཚོན་ཏེ། དེ་ལ་ཡང་སོ་སོའི་མཚན་ཉིད་ནས་སྒོམ་ཐབས་ཀྱི་བར་དུ་སྦྱར་ཏེ། སོ་སོའི་མཚན་ཉིད་ནི་ཆོས་ཅན་མཉམ་པ་ཉིད་ཀྱིས་བྱེ་བྲག་ཏུ་བྱས་པའི་ཆོས་ཉིད་སྟོང་པ་ཉིད་བཞི་སྟེ། གཉིས་མེད་གཅིག་པོ་དེ་ལ་དགག་བྱས་སྟོང་པར་གཟུང་བ་དང༌། དོན་དམ་དུ་གཟུང་བ་དང༌། བསོད་ནམས་ཀྱི་ཚོགས་སུ་གཟུང་བ་དང༌། ཡེ་ཤེས་ཀྱི་ཚོགས་སུ་གཟུང་བ་རྣམས་ཀྱིས་སྟོང་པའི་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་བཞི་ལ་ལྷོ་ཕྱོགས་ཀྱི་སེམས་དཔའ་རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ་དང་བཞི་ལ་བྱ་སྟེ། རྟགས་ཀྱི་མཚན་ཉིད་གོང་དང་འདྲའོ། །གཙོ་འཁོར་གྱི་འཐད་པ་དང༌། ཐབས་ཤེས་རབ་ཀྱི་འབྲེལ་པ་དང༌། ཕྲིན་ལས་ཀྱི་ཁྱད་པར་དང༌། ལམ་མཚོན་པ་དང། སྒོམ་ཐབས་རྣམས་གོང་དང་འདྲའོ། །དེ་ལ་རྡོ་རྗེ་རིན་ཆེན་ལ་གཟུགས་ཆེ་ཞེས་བྱ་སྟེ། ཅིའི་ཕྱིར་དེ་སྐད་བྱ་ན། དེའི་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྣང་ཞིང་གསལ་བར་བྱེད་པའི་ཕྱིར་རོ། །རྡོ་རྗེ་རིན་ཆེན་ལ་ལུས་ཆེ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། རིན་པོ་ཆེ་ལས་བསྐྲུན་པའི་ལུས་ཡིན་པའི་ཕྱིར་རོ། །རྡོ་རྗེ་གཟི་བརྗིད་ལ་ཁ་དོག་ཆེ་ཞིང་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཉི་མའི་འོད་ཁ་དོག་དྲུག་གི་རང་བཞིན་དུ་གནས་པས་དེའི་ཕྱིར་ན་དེ་སྐད་བྱའོ། །འོད་དྲུག་ལྷ་གཞན་ལ་མེད་དམ་ཞེ་ན། ཡོན་ཏན་ཕྱོགས་རེ་ལ་དགོངས་སོ། །རྡོ་རྗེ་ཉི་མ་ལ་ལུས་བོང་ཆེ་ཞེས་ཀྱང་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྟོང་པའི་ཐབས་སམ་སྒོམ་ཐབས་ཀྱི་ཤེས་རབ་ལས་བྱུང་བའི་ལུས་ཡིན་པའི་ཕྱིར་རོ། །རྡོ་རྗེ་རྒྱལ་མཚན་མིང་ཡང་ཆེ་ཞིང་ཞེས་བྱ་སྟེ། ཅི་ཞེ་ན། གྲགས་པ་ཆེན་པོ་དང་ལྡན་པས་ཐམས་ཅད་དུ་གྲགས་པའི་ཕྱིར་རོ། །རྡོ་རྗེ་རྒྱལ་


DTG064_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལ་ཡང་རྒྱ་ཆེ་བ་ཞེས་བྱ་སྟེ། ཅི་ཞེ་ན། སྦྱིན་པ་མཐར་ཕྱིན་པ་ལས་བྱུང་བའི་ཕྱིར་རོ། །རྡོ་རྗེ་བཞད་པ་ལ། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་བྱ་སྟེ། ཅི་ཞེ་ན། དཀྱིལ་འཁོར་ནི་སྙིང་པོ་ལེན་པའི་དོན་གྱིས་སོ། །ཡངས་པ་ནི་འཇིག་རྟེན་ཐམས་ཅད་དུ་ཁྱབ་པའི་ཕྱིར་དེ་སྐད་བྱ་སྟེ། དཀྱིལ་འཁོར་ཡང་ཡིན་ལ་ཡངས་པ་ཡང་ཡིན་པས་མཚན་གཅིག་ཏུ་བསྡུས་པའོ། །དེ་ཡན་ཆད་ཀུན་ལ་ཡང་འཇམ་དཔལ་སྣང་བ་མཐའ་ཡས་ཞེས་པ་ནས། ཡངས་པའི་བར་དུ་ཐམས་ཅད་དུ་མཚམས་སྦྱར་ཏེ་དེ་དང་དེ་ནས་བོད་པའོ། །ཤེས་རབ་ཅེས་པའི་ཚིག་རྐང་བཞིས་ནུབ་ཕྱོགས་ཀྱི་སེམས་དཔའ་བཞིའི་མཚན་བརྗོད་དོ། །དེ་ཡང་སོ་སོའི་མཚན་ཉིད་ནས་སྒོམ་ཐབས་ཀྱི་བར་དུ་སྦྱར་ཏེ། སོ་སོའི་མཚན་ཉིད་ནི་ཆོས་ཅན་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བྱེ་བྲག་ཏུ་བྱས་པའི་ཆོས་ཉིད་སྟོང་པ་ཉིད་བཞི་སྟེ། གཉིས་མེད་གཅིག་པོ་ལ་དགག་བྱ་སེམས་ཅན་གྱི་དོན་བྱེད་པ་མཐའ་དག་དང་ལྡན་པར་འདོད་པས་སེམས་ཅན་འཁོར་བ་ལ་ཐོག་མ་དང་ཐ་མ་ཡོད་པར་འདོད་པ་དང༌། དགེ་བའི་རྩ་བ་ཕུང་པོ་ལྷག་བཅས་དང༌། ལྷག་མེད་དུ་འདོར་བར་འདོད་པ་དང༌། ཆོས་ཐམས་ཅད་རྐྱེན་གྱིས་སྟོང་གི་རང་བཞིན་གྱིས་མི་སྟོང་པར་འདོད་པའི་དགག་བྱ་དེ་རྣམས་དགག །སྒྲོ་འདོགས་ཆོད་པར་འདོད་པའི་སྟོང་པ་དེ་བཞི་ལ་མཐའ་ལས་འདས་པ་སྟོང་པ་ཉི་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་ཅེས་བྱ། དེ་བཞི་ལ་འཇམ་དཔལ་རྡོ་རྗེ་ཆོས་དང་རྣོན་པོ་དང་འཁོར་ལོ་དང་སྨྲ་བ་བཞི་བྱ་སྟེ། དོན་གཟུགས་མེད་ལ་གཟུགས་སུ་བྱ་སྟེ། དོན་དམ་གྱི་མཚན་ཉིད་དོ། །རྟགས་ཀྱི་མཚན་ཉིད་ཐུན་མོང་དང་ཁྱད་པར་གོང་བཞིན་ནོ། །གཙོ་འཁོར་གྱི་འཐད་པ་ནས། སྒོམ་ཐབས་ཀྱི་བར་དུ་གོང་མ་བཞིན་ནོ། །དེ་ལ་འཇམ་དཔལ་རྡོ་རྗེ་ཆོས་ལ་འཇམ་དཔལ། ཤེས་རབ་མཚོན་ཆེན་འཆང་བ་པོ། །ཞེས་པ་བསྟོད་པ་སྟེ། ཅིའི་ཕྱིར་ན་དེ་སྐད་བྱ་ཞེ་ན། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་མཚོན་འཆང་བ་དང༌། རྡོ་རྗེ་འཛིན་པས་ཆོས་ཉིད་རྟོགས་པར་བྱེད་པའི་ཕྱིར་རོ། །འཇམ་དཔལ་རྡོ་རྗེ་རྣོན་པོ་ལ། ཉོན་མོངས་


DTG064_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་ཆེ་བའི་མཆོག །ཅེས་པ་བསྟོད་པ་སྟེ། ཅིའི་ཕྱིར་དེ་སྐད་བྱན། གཞི་བསྒྱུར་བ་དང༌། སྤོང་བ་དང༌། ཤེས་པ་ལས་འདིར་ཤེས་རབ་ཀྱི་ཡེ་ཤེས་ཀྱི་ལྕགས་ཀྱུས་ཉོན་མོངས་པ་ཆོས་ཉིད་དུ་ཤེས་པས་གཞི་ཤེས་པ་སྟེ། ཆེན་པོ་ཡང་ཡིན་མཆོག་ཀྱང་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །འཇམ་དཔལ་འཁོར་ལོ་ལ་གྲགས་ཆེན་ཞེས་བྱ། ཁྱོད་ནི་སྙན་གྲགས་ཆེན་པོ་དང་ལྡན་ནོ་ཞེས་བསྟོད་པ་སྟེ། ཅི་ཞེ་ན། ཆོས་ཀྱི་འཁོར་ལོས་སེམས་ཅན་སྨིན་པར་བྱེད་པ་ལས་ཕྱིར་མི་ལྡོག་པས་དེ་སྐད་ཅེས་བྱའོ། །འོ་ན་ཕྱིན་ཅི་ལོག་གི་གྲགས་པ་གཅིག་ཡིན་ནམ་སྙམ་ན་སྙན་པའི་གྲགས་པ་སྟེ། དཀྱིལ་འཁོར་རྣམ་པ་བདུན་གྱི་འཁོར་ལོས་སྒྱུར་བས། ཀུན་ལ་ཁྱབ་པས་གྲགས་ཆེན་ནོ། །འཇམ་དཔལ་སྨྲ་བ་ལ་ཁྱོད་ནི་སྣང་བ་ཆེན་པོ་ཞེས་བྱ། གསལ་བ་ཆེ་ཞེས་མཚན་ཉིད་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་སྟེ། དེ་ཅི་ཞེ་ན། ཆོས་ཀྱི་དབྱིངས་ཀྱིས་འཇིག་རྟེན་གསུམ་དུ་ཁྱབ་པའི་འོད་དང་ལྡན་པས་སེམས་ཅན་གྱི་རྒྱུད་ལ་སྣང་བར་བྱེད་པས་དེ་ལ་དེ་སྐད་བྱ། ཚིག་གི་ཉེས་པ་གྲྭ་ཟུར་ཆག་པ་དང༌། མི་གསལ་བ་མེད་པས་དེ་ལ་གསལ་བ་ཆེ་ཞེས་བྱའོ། །མཁས་པ་ཞེས་པའི་ཚིག་རྐང་བཞིས་བྱང་ཕྱོགས་ཀྱི་སེམས་དཔའ་བཞིའི་མཚན་འཆད་དེ། དེ་ཡང་སོ་སོའི་མཚན་ཉིད་ནས། སྒོམ་ཐབས་ཀྱི་བར་དུ་སྦྱར་ཏེ། དེ་ལ་སོ་སོའི་མཚན་ཉིད་ནི་ཆོས་ཅན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བྱེ་བྲག་ཏུ་བྱས་པའི་ཆོས་ཉིད་སྟོང་པ་བཞི་སྟེ། དེ་ཡང་གཉིས་མེད་ཀྱི་ཡེ་ཤེས་གཅིག་པོ་ལ་དགག་བྱ་སྒྲོ་འདོགས་སངས་རྒྱས་ཀྱི་མཚན་དང༌། དཔེ་བྱད་དངོས་པོའི་ངོ་བོར་འདོད་པ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དངོས་པོའི་ངོ་བོར་འདོད་པ་དང༌། གང་ཟག་གི་བདག་དང༌། ཆོས་ཀྱི་བདག་དངོས་པོའི་ངོ་བོར་འདོད་པ་དང༌། སྟོང་པ་ཉིད་མེད་ཟེར་བ་རྣམས་དགག །སྒྲོ་འདོགས་དེ་རྣམས་ཆོད་པ་ལ་རང་གི་མཚན་ཉིད་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པ་ཉིད། དངོས་པོ་མེད་པ་སྟོང་པ་ཉིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་བཞི་དེ་བཞི་ལ་འཇམ་དཔལ་རྡོ་རྗེ་ལས་དང༌། སྲུང་བ་དང༌། གནོད་སྦྱིན་དང་ཁུ་ཚུར་དང་


DTG064_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བྱ་སྟེ། གཟུགས་མེད་གཟུགས་ཅན་བྱུང་བ་སྟེ། སྟོང་པ་ཉིད་དེ་བཞིའི་སེམས་དཔའ་དེ་བཞིར་འབྱུང༌། སེམས་དཔའ་དེ་བཞི་སྟོང་པ་དེའི་མཚན་ཉིད་འཛིན་ཏེ། དེ་བཞིན་དུ་ལྷ་ཐམས་ཅད་ལ་སྦྱར་རོ། །རྡོ་རྗེ་ནི་དོན་གྱི་མཚན་ཉིད་དོ། །རྟགས་ནི་ཐུན་མོང་དང་བྱེ་བྲག་སྟེ་གོང་དུ་བསྟན་ཏོ། །གཙོ་འཁོར་གྱི་འཐད་པ་ནས་སྒོམ་ཐབས་ཀྱི་བར་དུ་གོང་མ་བཞིན་ནོ། །དེ་ལ་འཇམ་དཔལ་རྡོ་རྗེ་ལས་ལ་ཁྱོད་ནི་མཁས་པ་ཆེ་ཞེས་སྒྱུ་འཕྲུལ་འཆང་པ་པོ་ཟེར། བསྟོད་དེ་ཅིའི་ཕྱིར་དེ་ལ་དེ་སྐད་བྱ་ན། རྡོ་རྗེ་ལས་སངས་རྒྱས་མཆོད་པ། སེམས་ཅན་གྱི་བསོད་ནམས་སྐྱེད་པའི་ཕྲིན་ལས་ཀྱི་བདག་ཉིད་པས་དེ་ལ་མཁས་པས་དེ་སྐད་བྱ་ལ། སྤྲུལ་པའི་སྒྱུ་མ་དེ་འཆད་པས་དེ་སྐད་དོ། །རྡོ་རྗེ་སྲུང་བ་ལ། སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །ཞེས་བྱ། ཅི་ཞེ་ན། མཆོད་པ་འབུལ་བ་ལ་སྤྲོ་བར་བྱེད་པའི་ཕྲིན་ལས་ཀྱི་བདག་ཉིད་དང༌། རྣལ་འབྱོར་ལམ་ལེ་ལོ་ཅན་སྲུང་བའོ། །སྒྱུ་འཕྲུལ་དྲ་བ་དེས་གཞན་དོན་འགྲུབ་པས་དེ་སྐད་བྱའོ། །རྡོ་རྗེ་གནོད་སྦྱིན་ལ། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་བྱ་སྟེ། དེ་ཅི་ཞེ་ན། རྡོ་རྗེ་གནོད་སྦྱིན་ནི་དགྲ་ཟབ་སྟེ། སྲུང་བའི་ཕྲིན་ལས་ཀྱི་བདག་ཉིད་ཡིན་པས་མཆོད་པའི་བར་ཆད་ཀྱི་བགེགས་ཞི་བར་བྱེད། སྒྱུ་འཕྲུལ་མཆོད་པ་སྤྲུལ། བགེགས་ཞི་བར་སྤྲོ་བས་ཀྱང་ཆེར་དགའ་བ་འབྱུང་བས་དེ་སྐད་བྱའོ། །རྡོ་རྗེ་ཁུ་ཚུར་ལ། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་བསྟོད་དེ། རྡོ་རྗེ་ཁུ་ཚུར་ནི་ཐམས་ཅད་འདུས་པའི་ཕྲིན་ལས་ཀྱི་བདག་ཉིད་དེ་མཆོད་པ་དེ་རྣམས་སྟོང་པར་རོ་གཅིག་པར་བྱེད་ལ། སྒྱུ་འཕྲུལ་ནི་མཆོད་པ་སྤྲུལ། ཆེན་པོ་ནི་གཅིག་ཏུ་བསྡུས་པ། མིག་འཕྲུལ་ནི་ཡོད་པ་འཇིག་པ་མེད་པ་སྤྲུལ་པས་དེ་སྐད་བྱའོ། །སྦྱིན་བདག་ཅེས་པ་ནས་མར་ཚིག་རྐང་བཞིས་སྒེག་མོ་ལ་སོགས་པ་གསང་བའི་ལྷ་མོ་བཞིའི་མཚན་བསྟན་ཏེ། མཚན་ཅན་དེའི་མཚན་ཉིད་ཐུན་མོང་དང༌། བྱེ་བྲག་གི་མཚན་ཉིད་བཅུའམ་བཅུ་གཅིག་བརྩི། ཅི་ལ་ཟེར་ན། ཀུན་རྫོབ་ཏུ་རྟགས་ཀྱི་སྒོ་ནས་སྐྲ་དང༌། ནུ་མ་དང༌། མཚན་མས་ཁྱད་པར་དུ་བྱས་པའི་སྒོ་ལ་སོགས་པ་ནང་གི་བཞི་ལ་ཤར་ལྷོ་ནས་རིམ་པ་བཞིན་


DTG064_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་ཏེ། འདི་ནི་སྟོབས་ཀྱི་མཚན་ཉིད་དེ། དེ་རྣམས་ཀྱང་སྒེག་མོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་དང་ལྡན་པའི་ཉམས་དང༌། དེ་བཞིན་དུ་ཕྲེང་བ་མ་རིན་པོ་ཆེས། གླུ་མ་གླུས། གར་མ་གར་གྱི་ས་མཆོད་པའི་ཉམས་དང་ལྡན་པ་སྟེ་རྟགས་སོ། །དོན་གྱི་མཚན་ཉིད་ནི་འདིར་སྦྱིན་པ་ལ་སོགས་པ་བཞི་བཏང་བ་ལས་གོང་དུ་འབྲས་བུ་འདི་བཞིར་འཆད་དེ། ཡོན་ཏན་དང་ལྡན་ནོ། །ཡང་ན་གཉིས་མེད་གཅིག་པོ་དེ་ཉིད་ལ་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་བཞི་མེད་པའོ། །ངོས་ནས་སྦྱིན་པ་ལ་སོགས་པ་བཞིར་དེ་ཉིད་ལ་ལྷ་མོ་ལཱ་སྱ་མ་ལ་སོགས་པ་བཞི་བྱ། བཞི་པོ་སྦྱིན་པ་ལ་སོགས་པའི་མཚན་ཉིད་མཚན་འཛིན་ཏེ། དེ་ནི་དོན་གྱི་མཚན་ཉིད་དོ། །འདི་རྣམས་ནི་གཡོག་མོ་ལོངས་སྤྱོད་ཀྱི་ལྷ་མོ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བཟང་ངན་དུ་འོང་བའི་ནད་ཀ་ནི་ཡ་ཀིར་འབྲས་བུའི་ཆོས་ལ་མཚོན་པ་རིགས་ལྔ་སྟེ་ཤིན་ཏུ་བཟང༌། དེ་ཐོབ་པར་བྱེད་པའི་ལམ་བྱང་ཆུབ་སེམས་དཔའ་སྟེ། ལོངས་སྤྱོད་ཀྱི་ལྷ་མོ་རྣམས་ལམ་གྱི་གྲོགས་ཏེ། ཚུལ་ཁྲིམས་ལ་སོགས་པ་མི་བརྩི་ན་དེས་ན་འདིས་ལམ་འབྲས་བུ་དང་བཅས་པ་གཅིག་གོ་བའི་བརྡའོ། །འདི་རྣམས་ལ་གསང་བའི་ལྷ་མོར་འདོགས་པའི་འཐད་པ་ནི། མེ་ཏོག་ལ་སོགས་པ་ཕྱིའི་རྫས་ཡིན་ལ། འདི་ནི་ཟག་མེད་སེམས་ཀྱི་མཆོད་པ་དེ་གཞན་གྱིས་མི་མཐོང་བའོ། །གཙོ་འཁོར་གྱི་འཐད་པ་ནི་སྤྱི་འཁོར་སུམ་བརྩེགས་པའི་སྤྱི་འཁོར་ཡིན་ཏེ། འདི་རྣམས་གཉིས་དེའི་ཡོན་ཏན་གྱི་བྱེ་བྲག་ཡིན་ཏེ། སྒོས་འཁོར་ནི་མི་བསྐྱོད་པའི་འཁོར་སྒེག་མོ་དེས་བསྒྲེས་ཏེ། འདི་རྣམས་ཡོན་ཏན་བྱེ་བྲག་པ་ཡིན་པས་སྤྱི་ལ་བརྟེན། དེས་ན་རྟེན་ས་དང་བརྟེན་པས་ཁྱད་པར་དུ་བྱས་སོ། །ཐབས་ཤེས་རབ་ཀྱི་འབྲེལ་པ་ནི་འདི་ལ་མེད་དེ་གཡོག་ཡིན་པའི་ཕྱིར་རོ། །ཕྲིན་ལས་ནི་འཕགས་པ་མཆོད་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པའོ། །སྒོམ་ཐབས་གཞན་དུ་ཤེས་སོ། །དེ་ཡང་རང་དགའ་བར་བསྒོམ་པ་ནི་མཆོག་གི་དངོས་གྲུབ་ཏུ་མི་རུང་གི་ཐུན་མོང་མན་ཆད་སྒོམ་དུ་རུང་སྟེ། སློབ་དཔོན་སངས་རྒྱས་གསང་བ་ནི་བསྒྲུབ་པའི་ལྷ་རིགས་ལྔ་སེམས་དཔའ་བཅུ་


DTG064_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྟེ་ཉི་ཤུ་རྩ་གཅིག་ལས་མེད་པར་བཞེད་དོ། །སློབ་དཔོན་ཀུན་དགའ་སྙིང་པོ་ནི་མེ་ཏོག་གང་ལ་ཕོག་པ་དི་སྒོམ་དུ་བཞེད་དོ། །སློབ་དཔོན་སྒེག་པའི་རྡོ་རྗེ་ནི་ལོངས་སྤྱོད་ཀྱི་ལྷ་ལུགས་ལ་སྒོམ་པ་སྔ་མ་བཞེད་དོ། །དེ་ལྟར་ལྷ་མོ་བཞི་པོ་དེ་ལ་སོ་སོའི་མཚན་ཉིད་གསང་བའི་ལྷ་མོར་འཐད་པ་དང༌། གཡོག་དང་གཙོ་འཁོར་གྱི་འཐད་པ་དང༌། ཕྲིན་ལས་དང༌། སྒོམ་ཐབས་དྲུག་ཅེའོ། །དེ་ལ་ལྷ་མོ་འདི་རྣམས་མིང་འོག་ཏུ་བཅུག་ནས་མནན་ཏེ། ཡོན་ཏན་གྱི་སྒོ་ནས་བསྟོད་དེ། སྒེག་མོ་ལ་ཁྱོད་ཀྱིས་སྦྱིན་བདག་མོ་ཆེན་མོ་ཡིན་ནོ་ཞེས་བསྟོད་དེ། ཇི་ལྟར་ཞེ་ན། དད་པས་སངས་རྒྱས་ལ་སྦྱིན་པ་དང༌། ཐུགས་རྗེས་སེམས་ཅན་ལ་སྦྱིན་པ་གཏོང་བའི་བདག་མོ་ཁྱོད་ཡིན་པའི་ཕྱིར་ཁྱོད་དེ་བསྐྱེད་པར་བྱ་བའི་མཚན་ཉིད་ཅན་ནོ། །ཆེན་པོ་ནི་འཁོར་གསུམ་ཡོངས་སུ་དག་པའོ། །ཡང་སྒེག་མོ་ལ་གཙོ་བོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྦྱིན་པ་རྣམ་པ་བཞི་གཏོང་བའི་ཕྱིར་དེ་ལ་དབང་བས་དེ་སྐད་བྱའོ། །ཡང་ཕྲེང་བ་མ་ཚུལ་ཁྲིམས་ཆེན་པོ་ཞེས་བྱ། འཆང་བའི་མཆོག་ཅེས་བྱ། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་གསུམ་ལས་འདིར་ལུས་ངག་ཡིད་སྡོམ་པ་སྟེ། དེ་ལ་འཁོར་གསུམ་དག་པ་ཆེན་པོ་འཆང་བ་ནི་དེ་འཛིན་པས་དེ་སྐད་བྱའོ། །གླུ་མ་ལ། ཁྱོད་ནི་བཟོད་ཆེན་བརྟན་པ་པོ། །ཞེས་བྱ་སྟེ། ཅི་ཞེ་ན། བཟོད་པ་ནི་གསུམ་ལས་ཟབ་མོའི་དོན་ལ་བཟོད་ཅིང་སྲན་ཚུགས་པ་སྟེ། དེ་ཡང་འཁོར་གསུམ་ཡོངས་སུ་དག་པ་ཆེའོ། །དེའི་དོན་འཛིན་པ་ནི་འཆང་བ་བརྟན་པ་ནི་མི་འགྱུར་བའོ། །གར་མ་ལ་བརྩོན་འགྲུས་ཆེན་པོ་ཞེས་པ་དང་བརྟུལ་བ་ཡིན་ཞེས་བྱ་སྟེ། ཅི་ཞེ་ན། འཇིག་རྟེན་འདས་པའི་དགེ་བའི་རྩ་བ་ལ་སྤྲོ་ཞིང་དེ་རྫོགས་པར་བྱེད་ལ་འཁོར་གསུམ་དག་པས་ཆེན་པོའོ། །འཇིག་རྟེན་དང་འདས་པའི་དཀར་པོའི་ཡོན་ཏན་ཐམས་ཅད་ལ་བརྩོན་འགྲུས་ཀྱིས་རྫོགས་པར་བྱེད་པས་བརྟུལ་བའོ། །དེའི་ཕྱིར་ཁྱོད་ལ་དེ་སྐད་བྱའོ། །བསམ་གཏན་ཞེས་པའི་ཚིག་གཉིས་དང་ཐབས་ཆེ་བ་སྨོན་ལམ་རྣམས་ཀྱིས་ཕྱིའི་ལྷ་མོ་བཞིའི་མཚན་བསྟན་ཏེ། ཤེས་རབ་དང་གོ་བསྣུར་ལ་བཤད། འདི་རྣམས་ལའང་དྲུག་འབྲུ་བཤད་པ་དང་བདུན་ཏེ། མཚན་ཉིད་ཀུན་རྫོབ་ཏེ་


DTG064_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ལ་སོགས་པའི་ཁྱད་པར་དུ་བྱས་པའོ། །བསྐལ་བཟང་གི་གྲྭ་བཞིའི་ཤར་ལྷོ་ནས་རིམ་པས་སྤོས་མེ་ཏོག་མར་མེ་དྲི་ཆབ་བཞི། དེ་བཞིས་མཆོད་པའི་ཉམས་དང་ལྡན་པའི་ལྷ་མོ། །ཤེས་རབ་ཆེན་པོ་ལུས་འཆང་བ། །ཞེས་བྱ་བ་ལ་སོགས་པའི་མཚན་ཅན་དུ་བྱུང་ལ། དོན་གྱི་སྒོ་ནས་འདིར་དེ་བཞིས་སངས་རྒྱས་མཆོད་པས་འབྲས་བུ་དེ་བཞིར་ཤར་ཏེ་ཡོན་ཏན་ཡར་ལྡན་ནོ། །དེ་བཞི་དེར་བྱུང་བ་དེའི་མཚན་ཉིད་འཛིན་ནོ། །ཡང་ན་གཉིས་མེད་གཅིག་པོ་དེ་ལ་ཤེས་རབ་འཆང་བ་དང༌། རྣམ་པར་གཡེང་བ་དང༌། ཐབས་ཆུང་བ་དང། ལོག་པའི་སྨོན་ལམ་ལ་སོགས་པ་མེད་དེ། དེ་བཞིའི་གཉེན་པོར་ཤེས་རབ་བསམ་གཏན་ཐབས་ཡང་དག་པའི་སྨོན་ལམ་རྣམས་སུ་འབྱུང་ལ་དེ་བཞི་ལ་ལྷ་མོ་བཞི་བྱ། དེ་བཞི་དེའི་མཚན་ཉིད་འཛིན་ཏེ་དོན་གྱི་མཚན་ཉིད་དོ། །ལོངས་སྤྱོད་ཀྱི་ལྷ་དང༌། ཕྱིའི་ལྷ་མོར་བཞག་པ་དང༌། ལས་མེད་དེ་ལོངས་སྤྱོད་ཡིན་ནོ། །གཙོ་འཁོར་དང༌། སྒོམ་ཐབས་རྣམས་གོང་དང་འདྲའོ། །དེ་ལ་ལྷ་མོ་དྷཱུཔྤེ་མ་ལ་ཁྱོད་ནི། ཤེས་རབ་ཆེན་པོ་ལུས་འཆང་བ། །ཞེས་པའི་ཡོན་ཏན་དང་ལྡན་ནོ་ཞེས་བསྟོད་དེ། ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱིས་ཆོས་ཐམས་ཅད་རབ་ཏུ་འབྱེད་པའི་ལུས་ཅན་ནི་དྷཱུཔྤེ་མ་ཡིན་ལ། ཤེས་རབ་དེ་འཆང་བའི་ཤེས་རབ་ཀྱི་གཉེན་པོ་ཡིན་པས་ཆེན་པོ་ཡང་ཡིན་ནོ། །དེའི་ལུས་འཛིན་པས་ན་དྷཱུཔྤེ་མ་དེ་ལ་དེ་སྐད་བྱའོ། །མེ་ཏོག་མ་ལ། བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། མེ་ཏོག་མ་ཁྱོད་ནི་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་ངོ་བོ་རྣམ་གཡེང་གི་གཉེན་པོར་འདུག་སྟེ། ཆེན་པོའི་ཏིང་ངེ་འཛིན་གོང་མ་དེ་མི་གཏོང་བའི་ཕྱིར་དུ་པུཥྤེ་མ་ལ་དེ་སྐད་བྱའོ། །མར་མེ་མ་ལ་ཐབས་ཆེ་ཞེས་བྱ་སྟེ། ཅི་ཞེ་ན། ཐབས་མ་ལུས་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་དེ། ཐབས་ཆུང་བའི་མི་མཐུན་པ་མེད་ཅིང་དེའི་གཉེན་པོ་བས་དེ་ལ་དེ་སྐད་ཅེས་བྱའོ། །དྲི་ཆབ་མ་ལ་བསམ་པའི་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བསམ་པ་ནི་སྨོན་ལམ་ལ་བྱ་ལ། ཡང་དག་པའི་སྨོན་ལམ་གྱིས་ཕྱིན་ཅི་ལོག་གི་སྨོན་པའི་


DTG064_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་གྱུར་པའི་ཆ་ནས་དེ་སྐད་བྱའོ། །སྟོབས་པོ་ཆེ་ལ་ཞེས་བྱ་བ། ཡེ་ཤེས་རྒྱ་མཚོ་ཞེས་པ་སྒོ་བ་བཞིའི་མཚན་སྟོན་ཏེ། འདི་རྣམས་མཚན་ཉིད་ནི་ལྕགས་ཀྱུ་ལ་སོགས་པ་སྒོ་བ་བཞི་ཐུན་མོང་དང༌། བྱེ་བྲག་གི་སྒོ་ནས་ཀུན་རྫོབ་སྟེ་རྟགས་ཀྱི་མཚན་ཉིད་དོ། །དོན་གྱི་མཚན་ཉིད་ནི། འདིར་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང་བཞི་རྣམས་བསྒོམས་པས་གོང་དུ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ་བཞིའི་ཡོན་ཏན་ཡར་ལྡན་དུ་འབྱུང༌། དེ་ལ་སྒོ་བ་བཞི་འབྱུང༌། དེའི་མཚན་ཉིད་འཛིན་པའམ། ཡང་ན་སྦྱོར་ལམ་གྱི་དྲོད་རྩེ་མོ་གཉིས་ལ་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། དེ་རྣམས་བསྒོམས་པས་སེམས་མ་དད་པ། ལེ་ལོ། །མི་དྲན་པ། རྣམ་གཡེང་བའི་ཕྱོགས་སུ་འདུག་ལ། དེས་དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན་གྱི་གཉེན་པོ་བཞི་ཁ་དྲག་པར་འདུག་པས་དེ་རྣམས་ཀྱི་དུས་ན་ནི་དབང་པོ་བཞི་ཞེས་བྱ་ལ། བཟོད་པ་དང་ཆོས་མཆོག་གི་དུས་ན་མ་དད་པ་ལ་སོགས་པའི་མི་མཐུན་པ་མེད་དེ། གཉེན་པོ་དད་པ་ལ་སོགས་པ་བཞི་པོ་ཤ་སྟག་ཏུ་འདུག་པས་དད་པ་ལ་སོགས་པ་སྟོབས་བཞིའོ། །དེ་བཞི་ལ་སྒོ་བཞི་བྱ་སྟེ། མཚན་གཉིས་ལས་མེད་ཀྱང་དོན་བཞི་ཆང་ཚང་སྟེ། སྟོབས་དང༌། དད་པ་ཚོགས་ལམ་གྱི་ཡེ་ཤེས་སྒོ་བ་ལྕགས་ཀྱུ། དེ་བཞིན་དུ་བརྩོན་འགྲུས་སྦྱོར་ལམ་གྱི་ཡེ་ཤེས་སྒོ་བ་ཞགས་པ། དྲན་པ་མཐོང་ལམ་གྱི་ཡེ་ཤེས་སྒོ་བ་ལྕགས་སྒྲོག་ཏིང་ངེ་འཛིན་སྟོབས། བསྒོམ་ལམ་གྱི་ཡེ་ཤེས། སྒོ་བ་ནི་དྲིལ་བུ་ཞེས་བྱའོ། །རྡོ་རྗེ་ནི་དོན་གྱི་མཚན་ཉིད་དོ། །གཙོ་འཁོར་གྱི་འཐད་པ་ནས་སྒོམ་ཐབས་ཀྱི་བར་དུ་སྔ་མ་བཞིན་ནོ། །བྱམས་ཆེན་རང་བཞིན་ཞེས་པ་ནས་མར་ཚིག་རྐང་དྲུག་གིས་ཐབས་ཀྱི་བསྐལ་བཟང་གི་སེམས་དཔའི་མཚན་ཏེ། འདི་རྣམས་ཀྱི་མཚན་ཉིད་ནི་རྟགས་ཀྱི་མཚན་ཉིད་ཀུན་རྫོབ་ཀྱི་སྒོ་ནས་ནི་ཐུན་མོང་ཁྱད་པར་གཉིས་ཏེ། དེ་ལ་མཚན་ནི་ཕྱག་མཚན་རང་རང་བདག་པོས་དབུ་བརྒྱན། སྐུ་མདོག་ནི་ཁྱད་པར་རོ། །བཞུགས་ཚུལ་གདན་རྒྱན་ཕྲིན་ལས་རྣམས་ཐུན་མོང་སྟེ། ཕྱོགས་ཀྱི་སྐུ་མདོག་དང༌། ཕྱོགས་ཀྱི་ཕྱག་མཚན་


DTG064_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་དང༌། རྡོ་རྗེ་ལ་སོགས་པའོ། །དོན་གྱི་མཚན་ཉིད་ནི་གཉིས་མེད་ཀྱི་ཡེ་ཤེས་གཅིག་ལ་ལྡོག་པའི་བྱེ་བྲག་གིས་ཡེ་ཤེས་ལྔ། དེ་ལ་ལྡོག་པའི་བྱེ་བྲག་གིས་སྟོང་པ་བཅུ་དྲུག །དེ་ལ་ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་བྱ་ལ། བསྐལ་བཟང་འདི་རྣམས་ནི་སྟོང་པ་བཅུ་དྲུག་ལ་དམིགས་པའི་རིག་པ་སྟེ། ནང་སྟོང་པ་ཉིད་རིག་པ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རིག་པའི་བར་དུ་བཅུ་དྲུག་ལ་ཐབས་ཀྱི་སེམས་དཔའ་བཅུ་དྲུག་གཞག །རིག་པ་དེ་རྣམས་དེར་བྱུང་སྟེ། དེ་ཉིད་དེའི་མཚན་ཉིད་འཛིན་དེ་ནི་དོན་དམ་གྱི་མཚན་ཉིད་དོ། །གཙོ་འཁོར་གྱི་འཐད་པ་དང༌། ལམ་བརྩོན་པ་དང༌། ཕྲིན་ལས་ཀྱི་ཁྱད་པར་དང༌། སྒོམ་ཐབས་རྣམས་གོང་མ་བཞིན་ནོ། །ཐབས་ཤེས་རབ་ཀྱི་འབྲེལ་པ་ནི། ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་ལ། ཐད་ཁ་ཐད་ཁར་དམིགས་ཤིང་འབྲེལ་ལོ། །བྱམས་ཆེན་ཞེས་པ་ནས་མར་སེམས་ཅན་བདེ་བ་ལ་དགོད་པའོ། །རང་བཞིན་ནི་དེའི་དུས་སུ་སྐྱེ་མེད་དུ་རྟོགས་ཤིང་དམིགས་པའོ། །དཔག་ཏུ་མེད་པ་ནི་སྐྱེ་མེད་དུ་དམིགས་ཤིང་འཇིག་རྟེན་ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པ་རྒྱུན་མི་གཅོད་དེ་དེས་ན་བྱམས་པ་ལ་དེ་སྐད་བྱའོ། །སྙིང་རྗེ་ཆེན་པོ་ཞེས་པ་འཇམ་དཔལ་ནི་མི་དམིགས་པའི་ཐབས་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་བྱེད་པས་རྒྱ་ཆེ་བ་དང༌། བློའི་མཆོག་ཅེས་པ་སྐྱེ་མེད་ཀྱི་བློས་གཉིས་མེད་དུ་རྟོགས་པ་སྟེ། ཁྱོད་ནི་ཟབ་པ་དང་རྒྱ་ཆེ་བའི་མཚན་ཉིད་ཅན་ནོ་ཞེས་བསྟོད་དོ། །ཤེས་རབ་ཆེན་པོ་བློ་ཆེན་ལྡན་ཞེས་པ་སྤོས་ཀྱི་གླང་པོ་ལ་དེ་སྐད་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཁྱོད་ནི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་བདག་ཉིད་ལ་དེ་སྐད་བྱ་ལ། དེའི་ཁྱོད་ནི་བློ་ཆེན་པོ་དང་ལྡན་པ་ཞེས་ཀྱང་བསྟོད་དོ། །ཁྱོད་ནི་མཁས་པ་ཆེན་པོ་ཞེས་བྱ་སྟེ། ཅི་ཞེ་ན། དབང་པོ་རབ་འབྲིང་ཐ་མའི་སྒོ་ནས་སེམས་ཅན་འདུལ་བའི་ཐབས་ལ་མཁས་པས་དེ་སྐད་བྱ་ལ། ཉོན་མོངས་པ་བག་ལ་ཉལ་དང་མཐུན་པའི་ཆོས་སྟོན་པས་ཐབས་ཆེ་བ་ཞེས་ཀྱང་བསྟོད་དོ། །བཟང་སྐྱོང་ལ། རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཞེས་བསྟོད་དེ། རྐང་མཐེབ་སེན་མོས་ཚངས་པའི་


DTG064_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་ས་གནོན་པ་ལ་སོགས་པའི་སྟོབས་སམ་རྫུ་འཕྲུལ་དེ་མངའ་བའི་ཕྱིར་དེ་སྐད་བྱའོ། །བློ་གྲོས་ཆེན་པོ་ལ་མགྱོགས་པ་ཆེན་པོ་ཞེས་བྱ་སྟེ། སངས་རྒྱས་མཆོད་པ་དང་སྲིད་ཞུའི་ཕྱིར་འཇིག་རྟེན་གྱི་ཁམས་དུ་མར་བསྐྱོད་པའི་ཕྱིར། ཤུགས་ཆེན་ཞེས་བྱ་ཞེ་ན། ཡེ་ཤེས་ཀྱི་ཤུགས་དྲག་པོས་འགྲོ་བའི་ཕྱིར་དེ་སྐད་བྱའོ། །བློ་གྲོས་མི་ཟད་པ་ལ་རྫུ་འཕྲུལ་ཆེན་པོ་ཞེས་བསྟོད་དེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའི་ཕྱིར་རོ། །ཁྱོད་ནི་ཆེར་གྲགས་པ་ཞེས་ཀྱང་བྱ་སྟེ། སངས་རྒྱས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །སྤོབས་པ་བརྩེགས་པ་ལ་ཁྱོད་ནི། སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་སྟོབས་བཅུ་ཉན་ཐོས་ལ་སོགས་བ་ཟིལ་གྱིས་གནོན་ཕྱིར་དེ་སྐད་བྱའོ། །མཐུ་ཆེན་ཐོབ་ལ། སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྲིད་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་འཇིག་དཀའ་བས་བྲག་རི་དང་འདྲ་སྟེ། ཡང་དག་པའི་ཡེ་ཤེས་ཐོབ་ནས་འཇོམས་པ་སྟེ། ཁྱོད་ནི་དེ་དང་ལྡན་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །ངན་སོང་ཀུན་འདྲེན་ལ། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང༌། །ཞེས་བསྟོད་དེ། ཅིའི་ཕྱིར་ཞེ་ན། ཁྱོད་ནི་ཀུན་དུ་བཟང་པོའི་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པ་སྟེ། དེ་ཡང་གཟུང་འཛིན་གྱིས་མི་ཕྱེད་པས་སྲ་བའི་ལུས་དང་ལྡན་པས་ན་མཁྲེགས་ཞེས་བརྗོད་དེ། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ལ་དྲག་པོ་ཆེན་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཁྱོད་ནི་གདུལ་དཀའ་བའི་གདུལ་བྱ་ལ་ཁྲོ་བོར་སྤྲུལ་པའི་ཕྱིར་དེ་སྐད་བྱ་ལ། བཅོས་པའི་དྲག་ཤུལ་གྱིས་འདུལ་བའི་ཕྱིར་རོ། །དྲ་བ་ཅན་གྱི་འོད། འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ཡང་འཇིགས་ཆེན་ནི་ལྷ་གསུམ་སྟེ། ཚངས་པས་ས་བླ་མ་ཧཱ་དེ་བས་ས་སྟེང་ཁྱབ་འཇུག་གིས་ས་འོག་འཇིགས་ཏེ། ཁྱོད་ནི་དེ་གསུམ་ཡང་འཇིགས་པར་བྱེད་པ་པོ་ཡིན་པའི་ཕྱིར་དེ་སྐད་བརྗོད་དོ། །ཟླ་


DTG064_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གཞོན་ནུ་ལ་མགོན་པོ་ཞེས་བསྟོད་དེ། ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་ཐེག་པ་ནི་ཐེག་པའི་མཆོག་སྟེ། སེམས་ཅན་སྐྱོབ་པའི་ཕྱིར་དེ་སྐད་བྱ་ལ། དེ་ལ་ནི་རིགས་མཆོག་ཆེན་པོ་ཞེས་ཀྱང་བྱ་སྟེ། དྷ་ར་ཞེས་པའི་སྒྲ་རིགས་བཟུང་བ་དང་འཆང་བ་དང་འཛིན་པ་ལ་འཇུག་སྟེ། འདིར་ནི་ཚིག་དོན་སྔགས་ཕྱག་རྒྱ་གཞུང་བཞིས་སེམས་ཅན་སྐྱོང་བའི་ཕྱིར། མཆོག་དང་ཆེན་པོ་ཡང་ཡིན་པས་དེ་སྐད་བརྗོད་དོ། །འོད་དཔག་མེད་ལ་བླ་མ་ཞེས་བསྟོད་དེ། ཅིའི་ཕྱིར་ཞེ་ན། ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པའམ་དབང་པོ་རབ་འབྲིང་དང་སྦྱར་ནས། ཉོན་མོངས་པ་བག་ལ་ཉལ་དང་ཇི་ལྟར་འཚམ་པ་བཞིན་དུ་ཤེས་ནས། དེ་དང་དེའི་ལམ་ཉེ་བར་སྟོན་པའི་ཕྱིར་དེ་སྐད་བྱ་ལ། དེ་ཡང་སྐྱེ་མེད་ཀྱི་རྟོག་པ་དང་མི་འབྲལ་བས་གསང་སྔགས་ཆེ་བའི་མཆོག་ཅེས་བྱའོ། །ནམ་མཁའ་མཛོད་ལ། ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཞེས་བསྟོད་དེ། ཅིའི་ཕྱིར་ཞེ་ན། ཁྱོད་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་ལ་གནས་ལ་ཚུལ་ནི་བགྲོད་པ་དང༌། བཞོན་པ་དང༌། ལམ་དེ་ལ་གནས་པ་ཡིན་པའི་ཕྱིར་དེ་སྐད་བརྗོད་དོ། །སྒྲིབ་པ་སེལ་བ་ལ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བསྟོད་དེ། དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་ཐེག་པ་ནི་ཐེག་པའི་མཆོག་སྟེ། སྐྱེ་མེད་ཀྱི་དོན་ཟབ་མོ་རྟོགས་པས་འཁོར་འདས་མི་ཕྱེད་པའི་ཕྱིར་ཏེ། གཞི་ཤེས་པས་མཆོག་གོ །དེ་ལྟ་བུའི་དོན་ནི་འཇམ་དཔལ་སྒྲིབ་པ་སེལ་བ་ཉིད་ཡིན་ནོ་ཞེས་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །དེ་ལྟ་བུ་ཁྱོད་ལགས་སོ་ཞེས་ཀུན་ལ་སྦྱར་རོ། །དེ་ལ་འདིར་ཐེག་པ་ཟེར་ནས་ཐེག་པའི་རྣམ་པ་གཞན་ཅིག་ཀྱང་གཞག་སྟེ། ཐེག་པའི་ངོ་བོ་ནི་ཤེས་རབ་ཀྱི་རྟོག་པའི་ཁྱད་པར་དང༌། ཐུགས་རྗེས་གཞན་དོན་བྱེད་མི་བྱེད་དང་སྦྱར་རོ། །བྱེད་པ་ནི་རྒྱུའི་རང་བཞིན་གྱི་ཐེག་པ་དང་རྟེན་ནམ་ཐབས་ཀྱི་རང་བཞིན་དེ། བསྐྱེད་རིམ་འཇིག་རྟེན་པའི་ཏིང་ངེ་འཛིན་དང་རྫོགས་རིམ་འདས་པའོ། །ཐོབ་པར་བྱ་བ་དང་དམིགས་པའི་ཡུལ་དེ་འབྲས་བུའོ། །ཡང་རྒྱུའམ། གཞི། ལམ། འབྲས་བུ་ཡང་སྦྱར་རོ། །སྒྲ་འཇུག་པའི་


DTG064_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ནི་འདིས་འདོད། འདིར་འདོད་པས་ཐེག་པའོ། །ཆེན་པོ་ལ་དབྱེ་ན་ཕན་པ་ཆེན་པོ་སྟེར་བས་ཆེ་སྟེ། གང་ཞེ་ན། དམིགས་པ། བསྒྲུབ་པ། ཡེ་ཤེས། བརྩོན་འགྲུས། ཐབས། ཡང་དག་པར་བསྒྲུབ་པ། ཕྲིན་ལས་ཆེ་ཞེའོ། །གཞན་དོན་དང་རང་དོན་ཐམས་ཅད་འདིར་མན་ངག་གི་སྦྱར་རོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མངོན་པར་བརྗོད་པའམ་སྤྲོས་པའི་ལེའུ་སྟེ་ཚིག་བཅུ་བཞི་པའི་ལེའུ་ལྔ་པ་རྫོགས་སོ།། །།སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ལ་བསྟོད་པ་སྟོན་ཏེ། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་གོ་བ་ནི་མི་རྟོག་པའི་ངང་དུ་ཅོག་བཞག་ལ་བྱ་སྟེ། གཉིས་མེད་ཀྱི་ཡེ་ཤེས་གཅིག་པོ་དེ་ལ་ལྡོག་པའི་བྱེ་བྲག་གིས་ཡེ་ཤེས་ལྔ་བྱ་སྟེ། ཆོས་ཀྱི་དབྱིངས་ལ་གསལ་ལ་མི་རྟོག་པའི་ངོས་ནས་ཆོས་ཀྱི་དབྱིངས་ཀྱི་མེ་ལོང་ལྟ་བུ་ལ་བྱ་སྟེ། ཆོས་ཅན་གཟུགས་བརྙན་སྣ་ཚོགས་ཤར་ཡང་ཤར་རོ་སྙམ་པའི་རྟོག་པ་མེད། མེད་ཀྱང་གཟུགས་བརྙན་འཆར་བ། རྒྱུན་མི་འཆད་པས་གསལ་ལ་མི་རྟོག་པས། དེ་ལ་རྒྱུན་མི་འཆད་པས་མི་བསྐྱོད་པར་བྱས་སོ། །དེ་བཞིན་དུ་མི་རྟོག་པ་དེའི་ངང་དུ་བདག་དང་སེམས་ཅན་ཆོས་རྣམས་མཉམ་པས་ཆོས་ཀྱི་དབྱིངས་ཀྱི་མཉམ་ཉིད་དེ་ལ་རིན་ཆེན་འབྱུང་ལྡན་བྱ། མི་རྟོག་པའི་ཡེ་ཤེས་དེ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཆོས་ཅན་སོ་སོར་ཕྱེ་བའི་ཆོས་ཉིད་སོ་སོར་མཁྱེན་སོ་སོར་རྟོག་པ་དེ་ལ་སྣང་བ་མཐའ་ཡས་བྱ། མི་རྟོག་པ་དེ་ལ་གཞན་དོན་ལྷུན་གྲུབ་ཏུ་གནས། བྱ་བ་གྲུབ་པ་དེ་ལ་དོན་གྲུབ་གནས། དེ་བཞིན་དུ་དེའི་དགག་བྱ་དངོས་པོ་དང་མཚན་མ་ལོག་པའི་སྨོན་པ་ཕྱིན་ཅི་ལོག་གི་མངོན་པར་འདུ་བྱེད་པ་བཞི་བཀག །རྣམ་ཐར་བཞི་ལ་ཡུམ་བཞི་བྱས། དེའི་ཆོས་ཅན་ཡེ་ཤེས་ལྔ་ལ་ནང་འཛིན་པའི་སེམས་ཀྱིས་སྟོང་པས་ན་སྟོང་པ་ཉིད་མ་གྲུབ་པར་འདོད་ཀྱི་བར་དུ་དགག་བྱ་བཅུ་དྲུག་བཀག །སྟོང་པ་བཅུ་དྲུག །དེ་ལ་ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་བྱས། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ལ་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་མེད་པའི་སྒོ་ནས་


DTG064_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་ལ་སོགས་པ་བརྒྱད། དེ་ལ་སྒེག་མོ་ལ་སོགས་པ་བརྒྱད་བྱས། མ་དད་པ་ལ་སོགས་པ་བཞི་མེད་པས་སྟོབས་བཞི་དེ་ལ་སྒོ་བཞི་བྱས། དེའི་ནང་སྟོང་པ་ལ་སོགས་པ་བཅུ་དྲུག་རིག་པའི་རིག་པ་ལ་ཐབས་ཀྱི་སེམས་དཔའ་བཅུ་དྲུག་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ལྡོག་པའི་བྱེ་བྲག་གིས་ལྷ་ལྔ་བཅུ་རྩ་གཉིས་སུ་གཞག་གོ །དེ་རྣམས་ཀྱང་བསྡུ་ན་ཆོས་ཀྱི་དབྱིངས་དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་སུམ་བརྩེག་བྱའོ། །དེ་ལས་སངས་རྒྱས་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། གཙང་མའི་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །ཞེས་འབྱུང་སྟེ། འོག་མིན་དུ་སངས་རྒྱས་པ་དེ་ལ་དེ་སྐད་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཆོས་སྐུ་ལ་བྱ་སྟེ། སེམས་ཅན་ཀུན་གྱི་ཤེས་པ་དང༌། །ཆོས་དབྱིངས་རྡོ་རྗེ་ཆེན་པོ་དང༌། །དེ་བཞིན་གཤེགས་པའི་སྙིང་པོ་གསུམ། །ཐོག་མ་ཐ་མ་མེད་པར་བཤད། །ཅེས་འབྱུང་སྟེ། སཾ་གྲ་ཧ་ནས་གསུངས་པའི་རྣམ་སྣང་ཆེན་པོ་སྲིད་པ་སྣོད་བཅུད་དང་ཞི་བ་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དེ་ལ་དེ་སྐད་བྱའོ། །ཐུབ་པ་ཆེན་པོ་ནི་སྤྲུལ་པའི་སྐུ་ལ་བྱ་སྟེ། ཤཱཀྱའི་རིགས་ཐུབ་པའམ། སྐུ་གསུང་ཐུགས་གསུམ་དང་གནས་ངན་ལེན་ཐུབ་པས་དེ་སྐད་བྱའོ། །དེ་གསུམ་མཉམ་པར་གཞག་པས་ཆེན་པོ་ཡང་ཡིན་ནོ། །ཐུབ་ཆེན་ལྡན་པའི་སྔགས་ཀྱི་ལུགས་ལ་རིག་འཛིན་ཡོད་པ་བཞིན་དུ་མུ་སྟེགས་ལ་དྲང་སྲོད་གནས་འཇོག་དང༌། གྲོག་མཁར་དང༌། མིག་དམར་ལ་སོགས་པ་ཡོད་དེ། དེ་ཡང་རྗེ་བཙུན་ཉིད་ཡིན་པས་དེ་སྐད་བྱ་སྟེ། དེ་བས་རྗེ་བཙུན་འཇམ་དཔལ་དེ་ལ་ནི་ཁྱོད་ནི་སངས་རྒྱས་ལ་སོགས་པ་ལགས་སོ་ཞེས་ཚོགས་ཀྱིས་བསྟོད་པའོ། །གསང་སྔགས་ཚུལ་ཆེན་ནི་རྡོ་རྗེ་ཐེག་པ་ཆེན་པོའི་ཚུལ་ལམ་རང་བཞིན་ཏེ། ལམ་དེ་ལ་བྱུང་བ་ཁྱོད་ནི་དེ་སྐད་བྱ་བའི་མཚན་ཉིད་ཅན་ལགས་སོ་ཞེས་བསྟོད་པའོ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་པ་འབྲས་བུ་ཐོབ་ནས་དེའི་བདག་ཉིད་དུ་གྱུར་ལ་ཁྱོད་ལགས་སོ་ཞེའོ། །ཕ་རོལ་ཕྱིན་བཅུ་ཐོབ་


DTG064_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །ཞེས་པ་འདིར་ཕ་རོལ་ཏུ་ཕྱིན་པའི་རྣམ་གཞག་བཅུ་ནི། སྤྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། སྔགས་ཀྱི་ཐེག་པའི་ཁྱད་ལ་པཎྜི་ཏ་གྲུབ་མཐའ་མི་མཐུན་པ་མང་སྟེ། ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་སྟེགས་ཙམ་ལས་སངས་རྒྱས་ཀྱི་མཐོང་ལམ་མི་སྐྱེད་དེ། མཐོང་ཁམས་དང་པོ་ནོན་པས་ནི་དངོས་པོ་གནས་ལུགས་སྔར་མ་མཐོང་བ་ཅིག་ད་གདོད་མཐོང་བ་སྟེ། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཟེར་རོ། །ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པས་སངས་རྒྱས་བཟང་པོ་ཡོད་ཟེར་ཏེ། སྔགས་ཀྱི་སངས་རྒྱས་ཀྱིས་བལྟས་ན་ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་ནི་ད་དུང་དུ་སློབ་པའི་ལམ་པར་མཐོང་ཟེར་བ་དང༌། ཡང་སངས་རྒྱས་ལ་རང་རྒྱུད་པའི་སངས་རྒྱས་བཟང་ངན་གཉིས་མེད་དེ། གྲུབ་མཐའ་དེ་ལྟར་འདོད་ཟེར་བ་དང༌། སངས་རྒྱས་རང་རྒྱུད་པ་རང་ལ་ཁ་སྦྱོར་ལ་སོགས་པ་ལོངས་སྤྱོད་ཆེ་ཆུང་བཟང་ངན་ཡོད་ཟེར་བ་དང༌། ཡང་མཐོང་ལམ་སྐྱེ་བ་ལ་ལམ་ཉེ་རིང་ཡོད་དེ་དེས་ན་ཁྱད་པར་མེད་ཟེར་བའི་ལུགས་མང་པོ་ཡོད་དོ། །འདིར་ནི་རྗེ་བཙུན་འཇམ་དཔལ་དེ་གསང་སྔགས་ཀྱི་ལམ་འབྲས་བུ་དང་བཅས་པར་སྣང་ལ་ཕ་རོལ་ཏུ་ཕྱིན་བའི་ལམ་འབྲས་བུ་དང་བཅས་པར་སྣང་བས་རྗེ་བཙུན་ཁྱོད་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་ལ་སོགས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་ནི་བཅུའོ། །དེ་ལྟར་ཡང་བྱམས་པའི་ཆོས་དབུས་མཐའ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །ཞེས་པ་ལ་སོགས་པ་གསུངས་སོ། །མིང་ནི་སྦྱིན་པ་ནས་ཡེ་ཤེས་ཀྱི་བར་དུ་བཅུའོ། །ཟང་ཟིང་དང་ཆོས་དང་མི་འཇིགས་པ་ལ་སོགས་པ་གསུམ་པ་བཅུར་འགྱུར་རོ། །བསྡུ་བ་ནི་དྲུག་ཏུ་འདུས་ཏེ། བཞི་ཤེས་རབ་ཀྱི་བྱེ་བྲག་གིས་ཏེ་དྲུག་ཀྱང་ཤེས་རབ་ཏུ་འདུས་སོ། །གསུམ་གསུམ་དུ་དབྱེ་བ་དེ་ཡང་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། གཞན་དོན་དང་གསུམ་གསུམ་མོ། །ས་དང་སྦྱར་ན། སྦྱིན་པས་དང་པོ། དེ་བཞིན་དུ་རིམ་པ་བཞིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ནི། སྦྱིན་པས་ཕྱུག་པོ་སྟེར་བ་ལ་སོགས་པའོ། །ངེས་ཚིག་པཱ་ར་མི་ཏ་ཞེས་ཕ་རོལ་དེ་མྱ་ངན་


DTG064_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་སྐམ་སར་ཕྱིན་པའོ། །དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་ནི་འཇམ་དཔལ་ཁྱོད་ལགས་སོ་ཞེས་བསྟོད་པའོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་པ་རྗེ་བཙུན་དེ་ལ་བརྟེན། དེའི་ངོ་བོར་འདུག་པ་སྟེ། རྟེན་དང་བརྟེན་པའི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་སྟེ་ཞེས་པ་ཤེས་རབ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དགུ་ནི་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་སྟེ། དེས་གཟུང་བའི་འཁོར་གསུམ་སྟོང་པ་ཉིད་དུ་དག་པ་དེ་ཉིད་རྗེ་བཙུན་ནོ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པ་འཇིག་རྟེན་པ་མོས་པ་སྤྱོད་པ་བཅུ་ཆར་ས་དང་པོ་ནས་ས་བཅུ་པའི་བར་དུ་རིམ་པ་བཞིན་ས་དང་པོའི་ཤས་ཆེའོ། །ས་བཅུ་པོ་དེ་དེ་ཉིད་རྟོགས་པ་ལ་ཡེ་ཤེས་ཆེའོ། །ས་བཅུ་པོ་དེ་ཉིད་རྟོགས་པ་ལ་ཁྱད་མེད་དེ་ཕ་རོལ་ཕྱིན་པ་བཅུ་ཤས་ཆེ་བས་ཁྱད་བྱས་སོ། །ཚུལ་ནི་ཐབས་ཏེ། དེ་ཉིད་དུ་རྗེ་བཙུན་ཉིད་འབྱུང་ངོ༌། །མགོན་པོས་བཅུ་ཞེས་པ་འདིར་སའི་རྣམ་གཞག་བཅུ་ནི་སའི་ངེས་ཚིག་ནི་དཀར་པོའི་ཡོན་ཏན་འབྱུང་བའི་གཞིར་འདུག་པས་སོ། །དབྱེ་ན་ཚོགས་ཀྱི་ལམ་པ། མོས་པ་སྤྱོད་པ། མཐོང་ལམ་ཡན་ཆད་སློབ་པའི་སས་བསྡུས་པས་བཅུ་དང་མི་སློབ་པའི་ས་བཅུ་གཅིག་ཀུན་དུ་འོད་དོ། །དེ་ལས་འདི་ནི་སློབ་པའི་ས་བཅུའོ། །ངོ་བོ་ནི་དངོས་གཞི་དང་རྗེས་ཐོབ་གཉིས་ཞེས་བྱ་སྟེ། ས་དང་པོ་ནས་ས་བཅུའི་བར་དུ་དངོས་པོ་རང་གི་མཚན་ཉིད་ལ་ཁྱད་མེད་རྗེས་ཐོབ་མཐུ་ཆེ་ཆུང་ལ་ཁྱད་ཡོད་དེ། ས་དང་པོ་མཐོང་ལམ་པ་དང་གཉིས་པ་ལ་ཆོས་ཉིད་མཐོང་བ་ལ་ཁྱད་མེད་དེ། དེ་སོ་སོ་སྐྱེ་བོ་མོས་པ་ཙམ་དང་ནི་ཁྱད་ཡོད་དེ། སོ་སོ་སྐྱེ་བོ་མོས་པ་ཙམ་ས་རྣམས་ཀྱི་སྔོན་དུ་མྱོང་སོ་སོ་སྐྱེ་བོས་ངེས་ཤེས་མ་སྐྱེས། དེས་འཁོར་བར་འཁོར། འོན་ས་རྣམས་ཆོས་ཉིད་མངོན་དུ་མྱོང་བ་ལ་ཁྱད་མེད་ན་དང་པོ་ནས་ས་བཅུའི་བར་དུ་ཁྱད་ཅི་སྟེ་ཞེ་ན། རྗེས་ཐོབ་མཐུ་ཆེ་ཆུང་ཡོད་དོ། །ས་དང་པོས་སངས་རྒྱས་བརྒྱ་མཐོང༌། སྤྲུལ་པ་བརྒྱ་འཇིག་རྟེན་གྱི་ཁམས་བརྒྱར་གཡོ། སྦྱིན་པ་མི་མཐུན་བརྒྱ་འགྱེད། ཉིས་བརྒྱའམ། སྟོང་ངམ། ཁྲི་ལ་སོགས་པ་གོང་མ་གོང་མ་མཐུ་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ས་འོག་མ་འོག་མ་གོམས་པ་ཡུན་


DTG064_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང། གོང་མ་གོང་མ་ཡུན་རིང་སྟེ། སྙེ་མ་དང་ལྗང་བུ་ཡང་དང་པོ་པས་ཕྱིས་མཐུ་དང་ནུས་པ་ཆེ་བ་བཞིན་ནོ། །དེ་ལྟར་ཡང་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོགས་ཤིང་ཞེའོ། །དེ་ལྟ་བུའི་ས་བཅུ་གནས་པ་དེ་ཡང་རྗེ་བཙུན་ཉིད་དོ། །བཅུ་གཅིག་ཀུན་དུ་འོད་ནི་སའི་འབྲས་བུ་སྟེ་དབང་ཕྱུག་གོ །དེ་རྣམས་ནི་སའི་རྣམ་གཞག་གོ །ས་བཅུ་ལ་ནི་གནས་པ་པོ། །ཞེས་པ་གོང་མ་བཅུ་པོ་དེ་ལ་རྗེ་བཙུན་གནས་སོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན་ནི་ཤེས་བཅུ་ནི་ཆོས་ཤེས་པ་དང༌། དེ་བཞིན་དུ་རྗེས་སུ་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། ཀུན་རྫོབ་དང་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་དང༌། ཟད་པ་མི་སྐྱེ་བ་རྣམ་པ་བཅུ་པོ་དེ་ཤེས་པ་སྟེ། སྤང་བྱ་བཅུ་པོ་དེ་དག་པ་རྗེ་བཙུན་ནོ། །འཆང་བ་པོ་ཞེས་ཟློས་སྐྱོན་སྤོང་བ་སྟེ། དག་རྒྱུ་མི་མཐུན་པའི་ཤེས་པ་བཅུ་པོ་དེ་དག་པ་ཕུང་པོ་ལ་སོགས་པར་རང་སར་དག་ལུས་ཕུང་པོ་ལྔ་སྒྱུ་མར་ཤེས་པ་ལ་སོགས་པ་གློ་བུར་གྱི་དྲི་མ་མེད་དེ་དག་པ་ནི། རྗེ་བཙུན་ཡེ་ཤེས་དེ་ལྟ་བུ་འཆད་ཞེའོ། །དག་རྒྱུ་དེ་ཉིད་དག་པའི་ངོ་བོར་འདུག་སྟེ་རྟོགས་ཤིང་འཆང་བའོ། །རྣམ་པ་བཅུ་པོ་ཞེས་པ་བདག་འཛིན་རྣམ་པ་བཅུ་སྟེ། གཅིག་པུར་འཛིན་པ་དང། རྒྱུ་རུ་འཛིན་པ་དང༌། ཟ་བར་དང༌། བྱེད་པ་པོ་དང༌། རང་དབང་དང༌། བདག་པོར་དང༌། རྟག་པར་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། མ་གྲོལ་བ་དང༌། གྲོལ་བར་འཛིན་པ་སྟེ། རྗེ་བཙུན་ཉིད་མི་མཐུན་པའི་ཕྱོགས་བདག་འཛིན་བཅུར་ཡང་སྣང་བས་དེ་ལ་དེ་སྐད་བྱ་ལ། དོན་བཅུ་ནི་རྩ་བའི་དེ་ཁོ་ཉིད་དང༌། མཚན་ཉིད་ཀྱི་དེ་ཁོ་ན་དང༌། ཕྱིན་ཅི་མ་ལོག་པ་དང༌། འབྲས་བུ་དང༌། རྒྱུའི་དང༌། རགས་པའི་དང༌། ཕྲ་བའི་དང༌། གྲགས་པའི་དང༌། རྣམ་དག་དང༌། ཡུལ་གྱི་དང༌། བསྡུས་པའི་དང༌། དབྱེ་བའི་དེ་ཁོ་ན་ཉིད་དང༌། མཁས་པའི་དེ་ཁོ་ན་ཉིད་དང༌། བདག་འཛིན་བཅུའི་གཉེན་པོ་དང༌། དེ་ཡང་རྗེ་བཙུན་ཉིད་དོ། །དེ་ལྟར་མི་མཐུན་པ་དང༌། གཉེན་པོ་གཉིས་མེད་དུ་རྟོགས་ན་དེས་དེ་ལ་གླགས་མི་རྙེད་དེ། ནམ་མཁས་ནམ་མཁའ་ལ་གླགས་མི་རྙེད་པ་བཞིན་དུ་ཕུང་པོ་ལ་སོགས་པ་རང་ལྡོག་གོ །ཐུབ་དབང་ཞེས་པ་


DTG064_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་དང་རང་སངས་རྒྱས་ལ་ལྟོས་ན། རྫོགས་པའི་བྱང་ཆུབ་ཐོབ་དཀའ་བ་དེས་རྗེ་བཙུན་གྱིས་འཐོབ་པའི་ཕྱིར་དེ་ལ་དེ་སྐད་བྱའོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་རྗེ་བཙུན་ལྡན་ལ་ཁྱབ་བདག་ནི་ནམ་མཁའ་བཞིན་ཏེ། ཡོན་ཏན་ཡོངས་ལ་ཁྱབ་པ་དང༌། རྩིས་ལས་འདས་པའི་ཡོན་ཏན་གྱི་བདག་ཉིད་རྗེ་བཙུན་ནོ། །ཀུན་གྱིས་ནི་འགྲོ་བ་མ་ལུས་པའི་དོན་བྱེད་པ་འཇམ་དཔལ་ལོ། །རྣམ་བཅུ་དབང་ལྡན་ཞེས་པ་ཚེ་ལ་དབང་བ་དང༌། ལས་དང༌། ཡོ་བྱད་དང། མོས་པ་དང༌། སྨོན་ལམ་དང༌། རྫུ་འཕྲུལ་དང༌། སྐྱེ་བ་དང༌། ཆོས་དང༌། སེམས་དང༌། ཡེ་ཤེས་ལ་དབང་བ་དང༌། བཅུ་ནི་རྣམ་བཅུའོ། །དེ་བཅུ་དང་ལྡན་ཞིང་དེ་བཅུ་ལ་དབང་ཐོབ་པས་གར་ཡང་བསྒྱུར་བའི་ཆོས་ལ་མངའ་བརྙེས་པས་ཆེན་པོའོ། །ཐོག་མ་ཞེས་པ་སྐྱེ་བ་མེད་པ་ལ་སྤྲོ་བ་ནི་ཕུང་པོ་དང་ཁམས་རྣམས་རང་གི་ངོ་བོས་སྟོང་པས་དེ་མེད་དེ་ཉིད་མཉྫུའོ། །དེ་བཞིན་ཉིད་ནི་མི་འགྱུར་བ། འཇམ་དཔལ་དེའི་བདག་ཉིད་དུ་གནས་ལ་དེ་ལ་གློ་བུར་གྱི་དྲི་མ་མེད་པས་དག་པའོ། །བདེན་པར་སྨྲ་ཞེས་པ་སྡུག་བསྔལ་ལ་སོགས་པ་རྟེན་འབྲེལ་གྱི་རྐྱེན་གྱིས་སྣ་ཚོགས་སུ་སྣང་སྟེ་རྒྱུ་རྐྱེན་དུ་སྣང་བའི་དུས་ཉིད་ནི་སྟོང་པར་གོ །རྐྱེན་ནི་ངོ་བོས་མ་གྲུབ་རྟག་ཆད་ཙམ་དུ་གོ །དེས་སྟོང་པ་གོ་བ། དེས་རྐྱེན་དབང་དུ་མ་སོང༌། སྣ་ཚོགས་ཀྱིས་རྒྱ་ཆེ་བ་གོ །དེ་གཉིས་སུ་མེད་པ་ནི་དངོས་པོ་མ་ལུས་པ་དེ་བདེན་ན་ནི་དེའི་དོན་ལ་མ་ཡེངས་པར་གྲོལ་ལོ། །དེ་ཡང་འཇམ་དཔལ་ལོ། །མངོན་པར་རྟོགས་པའི་རྒྱན་ལས། འདི་ལ་བསལ་བ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་འབྱུང་སྟེ། རྗེ་བཙུན་དེ་ནི་དོན་དེ་སྨྲ་ཞིང་ཚིག་མི་འགྱུར་ཏེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་སྟོན་ཅིང་དེ་ཉིད་ཀྱི་ཕྱིར་ཚིག་མི་འགྱུར་རོ། །ཇི་སྐད་སྨྲས་པ་དེས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ་ཞེའོ། །གཉིས་སུ་མེད་པ་ཞེས་པ་གཟུང་འཛིན་གཉིས་མེད་པ་ནི་མཉྫུའོ། །གཉིས་མེད་དེ་ཀུན་རྫོབ་ཏུ་གཞན་ལ་ཡང་སྟོན་ནོ། །ཡང་དག་


DTG064_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ཕྱིན་ཅི་ལོག་གི་རྩ་བའི་གཞི་མེད་པ་སྟེ་མཉྫུའོ། །དེ་དང་དབྱེར་མེད་པའི་ཕྱིར་མཐའ་དེའི་རང་བཞིན་དུ་རྗེ་བཙུན་གནས་སོ་ཞེའོ། །ཚིགས་བཅད་དང་སློབ་མ་ལ་བཤད་ན་དེ་བཞིན་ཉིད་བདག་ནི་གཉུག་མ་མ་བཅོས་པ་དག་པའི་འབྲས་བུ་སྟེ། སངས་རྒྱས་ཀྱི་དག་པ་རང་ནི་དྲི་མ་དང་བཅས་ལ། སངས་རྒྱས་དྲི་མ་མེད་དེ། དྲི་མེད་དེ་སྤྱན་དྲངས་ནས་རང་གི་མ་དག་པ་དག་པར་བྱིན་གྱིས་རློབ་སྟེ། རང་བྱིན་གྱིས་རློབ་པའི་རྫོགས་རིམ་དང་སྦྱར་རོ། །དེ་ལ་སེང་གེའི་སྒྲ་ཞེས་པ་ནི། དཔེར་ན་སེང་གེའི་སྒྲས་རི་དགས་ལ་སོགས་པ་ཟིལ་གྱིས་གནོན་པ་བཞིན་དུ་མཚན་མ་མེད་པས་བདག་མེད། མི་མཐུན་པ་དང་བྲལ་བས་བདག་མེད། རང་གི་མཚན་ཉིད་སྟོང་པས་བདག་མེད། དེ་གསུམ་ནི་སེང་གེའི་སྒྲ་དང་འདྲ་སྟེ། བདག་མེད་ལས་འདས་པའི་རྒྱ་མཚོར་འཇུག་པའི་མུ་སྟེགས་ངན་པ། འཇིགས། ཀླད། འགེམས། ཟིལ་གྱིས་གནོན་ཞེའོ། །དེ་ཡང་རྗེ་བཙུན་ནོ། །ཀུན་འགྲོ་ཞེས་པ་རེག་པ་དང་ཚོར་བ་ལ་སོགས་པ་རྣམས་ནི་ཀུན་དུ་འགྲོ་ཞེས་ཏེ། ཁམས་ཐམས་ཅད་དུ་འགྲོ། །སེམས་ཅན་ཐམས་ཅད་དུ་འགྲོ་སྟེ་དེ་ཡང་རྗེ་བཙུན་ནོ། །ཡང་ན་སྤྲུལ་སྐུ་ནི་ཀུན་དུ་འགྲོ་སྟེ། ཁྱབ་པར་འགྲོ་མི་འགག་པར་འགྲོའོ། །དོན་ཡོད་སྟོབས་ཞེས་པ་བཅིངས་པ་མེད་པའོ། །དེ་བཞིན་གཤེགས་པ་ཡིད་ལྟར་མགྱོགས། །ཞེས་གསུངས་ཏེ། སྐད་ཅིག་མ་གཅིག་ལ་གཞལ་དུ་མེད་པའི་འཇིག་རྟེན་དུ་འགྲོ་སྟེ། དེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་མཚན་སོ་དྲུག་གོ །ཡང་རྗེ་བཙུན་དེ་ལ་རྒྱལ་བ་ཅེས་བྱ་བ་ལ་སོགས་པའི་མཚན་ནས་བོད་དོ། །ཉོན་མོངས་པ་ལས་རྒྱལ་ལོ། །ཤེས་བྱ་ཐམས་ཅད་ཀྱིས་རྣམ་པར་རྒྱལ་ལོ། །དེ་གཉིས་དགྲ་ལས་རྒྱལ་བ་གཅིག་ཁྱོད་ལགས་སོ་ཞེས་བསྟོད་པའོ། །འཁོར་ལོས་སྒྱུར་བ་ཞེས་པ་ལ། འཇིག་རྟེན་ལས་འདས་པའི་འཁོར་ལོས་སྒྱུར་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་དྲུག་གི་འཁོར་ལོས་སྒྱུར་བ་དྲུག་གོ །འཇིག་རྟེན་པའི་གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། དེ་དག་གླིང་གཅིག་དང༌། གླིང་གཉིས་དང༌། གསུམ་དང་བཞི་ལ་མས་རིམ་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། །


DTG064_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་གསུངས་ཏེ། དེ་ཡང་རྗེ་བཙུན་ནོ། །དེ་ཉིད་ཀྱི་སྟོབས་དང་ལྡན་ཏེ། བདུད་བཞིའི་ཡན་ལག་འཇོམས། དེ་ཡང་རྗེ་བཙུན་ཁྱེད་ལགས་སོ་ཞེའོ། །ཚོགས་ནི་ཉན་ཐོས་རྣམས་ལ་འཚམ་པའི་ཆོས་ཕྱིན་ཅི་མ་ལོག་པ་སྟོན་པས་རྗེ་བཙུན་ནི་སློབ་དཔོན་ནོ། །ཚོགས་ནི་རང་རྒྱལ་རྣམས་ཀྱི་གཙོ་བོས་དེ་ལ་དེ་སྐད་བྱའོ། །ཚོགས་ནི་བྱང་ཆུབ་སེམས་དཔའ་དེའི་རྗེའོ། །ཚོགས་ནི་སངས་རྒྱས་དེའི་བདག་པོ་དེའོ། །སངས་རྒྱས་ལ་བདག་པོ་ཅི་དགོས་ཤེ་ན། དེ་ནི་སངས་རྒྱས་བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན་པས་དེ་སྐད་བྱའོ། །མཐུ་ཆེན་ཞེས་པ་སྟེ་མཐུ་ནི་ནུས་པ་སྟེ། ཆེན་པོ་ཡང་དེ་ཉིད་པས་ནུས་པ་དེས་ཟབ་མོའི་ཆོས་མ་མཉམས་པར་བྱེད་ཅེས་སྲས་སུ་བྱེད་ནོར་དུ་འཛིན་པའོ། །ཚུལ་ནི་ཐབས་ཆེན་པོའི་བདག་ཉིད་དེ་ཟབ་མོའི་ཆོས་ལ་གཞན་གྱིས་འཕྲོག་པ་ནི་དྲིན་མནོས་པས་མི་འཇིགས་པ་ཡང་མཉྫུའོ། །རྗེ་བཙུན་དེ་ལ་ཚིག་རྗེ་ལ་སོགས་པའི་བསྟོད་པ་སྟེ། ཚིག་རྗེ་ནི་དོན་སོ་སོ་ཡང་དག་པར་རིག་པ་སྟེ་མིང་ཐམས་ཅད་དོ། །དེ་བཞིན་དུ་ཚིག་བདག་ནི་ངེས་པའི་ཚིག་རིག་པ་སྟེ། གཟུགས་སུ་རུང་བའི་ཕྱིར་གཟུགས་ཞེས་པ་ལྟ་བུའོ། །སྨྲ་མཁས་ནི་ཆོས་རིག་པ་ཐོབ་སྟེ། ཐམས་ཅད་སྐྱེ་མེད་དུ་རྟོགས་པའོ། །ཚིག་ལ་དབང་བ་ནི་སྤོབས་པ་རིག་པ་སྟེ་ཇི་ལྟ་བའི་ལན་དུས་སུ་ལོན་པའོ། །ཚིག་མཐའ་ཡས་པ་ནི་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པའོ། །ཚིག་བདེན་བདེན་པར་སྨྲ་བ་སྟེ། །ཞེས་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་ཏེ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ཚིག་ལ་བརྟེན་ནས་གཞན་ལ་བདེན་པ་དེ་གཉིས་ཀྱི་ཆོས་སྟོན་པ་སྟེ། དེ་ཡང་དོན་དམ་པ་གསུམ་དོན་དམ་པ་ནི་དེ་བཞིན་ཉིད་དེ། སྟོང་པ་ཉིད་བསྒྲུབ་པ་དོན་དམ་པ་ནི་ཡང་དག་པའི་ཡེ་ཤེས་ཏེ། གཉིས་མེད་ཐོབ་པར་བྱ་བའི་དོན་དམ་པ་ནི་མྱ་ངན་ལས་འདས་པའི་འབྲས་བུ་སྟེ། བྱང་ཆུབ་རྣམ་གསུམ་མཐའ་ལས་འདས། །དོན་དང་ཐོབ་དང་བསྒྲུབ་པ་དང༌། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེའོ། །ཀུན་རྫོབ་ཀྱང་གསུམ་སྟེ། བརྟགས་པའི་ཀུན་


DTG064_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ནི་ཀུན་བརྟགས་པའོ། །ཤེས་པའི་ཀུན་རྫོབ་ནི་ལོག་ཤེས་ཐམས་ཅད་དོ། །བརྗོད་པའི་ཀུན་རྫོབ་ནི་སྒྲ་དང་བརྗོད་པས་དོན་དམ་པ་སྟོན་པར་བྱེད་པའོ། །དེ་ཡང་དབུས་མཐའ་ལས། བརྟགས་པ་དང་ནི་ཤེས་པ་དང༌། །དེ་བཞིན་བརྗོད་པ་རྒྱ་ཆེ་ཡིན། །ཞའོ། །དེ་ལྟ་བུའི་དོན་གཞན་ལ་སྨྲ་བ་ཡང་རྗེ་བཙུན་ནོ། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པ་ནི་ཀུན་འབྱུང་ནི་རྒྱུ། སྡུག་བསྔལ་ནི་འབྲས་བུ་སྟེ་འཁོར་བའི་རྒྱུ་འབྲས་དང༌། ལམ་ནི་རྒྱུ། འགོག་པ་ནི་འབྲས་བུ་སྟེ། མྱང་འདས་རྒྱུ་འབྲས་དེ་གཞན་ལ་སྟོན་པ་ཡང་རྗེ་བཙུན་ཁྱོད་ལགས་སོ་ཞེའོ། །ཕྱིར་མི་ལྡོག་པ་ནི་རྗེ་བཙུན་ས་བརྒྱད་ལ་དབང་ཐོབ་པ་དམན་པའི་བྱང་ཆུབ་སྟེ། ཉན་ཐོས་རང་རྒྱལ་དུ་མི་ལྡོག་གོ །ཕྱིར་མི་འོང་ནི་ཉོན་མོངས་པ་ཆེ་འབྲིང་དགུ་བསྒོམས་པའི་ཡེ་ཤེས་དགུས་སྤངས་པས་མཐོང་ལམ་ཐོབ་པ་སྟེ་འཁོར་བར་མི་འོང་བའོ། །དེ་ཡང་བཟོད་ཐོབ་ངན་སོང་ལྷུང་མི་སྲིད། །རྩེ་མོར་ཕྱིན་ནས་རྩ་མི་ཉམས། །ཞེའོ། །འདྲེན་པ་རང་རྒྱལ་ཚོགས་ན་སྤྱོད་པ་སྟེ། རྨ་བྱ་དང་ནེ་ཙོ་ལྟར་ཁྱུས་ལྡིང་བ་བསེ་རུ་ནི་གཅིག་པར་གནས་པའི་ཚུལ་དེ་ཡང་རྗེ་བཙུན་ཁྱོད་ཉིད་དོ་ཞེའོ། །དེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་པ་ནི་ཉན་ཐོས་ལ་སོགས་པའི་ངེས་འབྱུང་གང་དང་གང་གིས་འདུལ་བ་དེའི་གཟུགས་ཆ་སྣ་ཚོགས་སུ་འབྱུང་ངོ༌། །ཕྱིར་མི་ལྡོག་ཟེར་བ་དང་འགལ་ལོ་ཞེ་ན། འདུལ་དབང་ལ་དགོངས་ཏེ་སྐྱོན་ནི་མེད་དོ། །འབྱུང་བ་ཆེན་པོ་ཞེས་པ་ནི། བྷུ་ཏ་ཀོ་ཏ་ན་ཞེས་པའི་སྒྲ་འབྱུང་བ་ཆེན་པོ་ནི་བཞིའོ། །རྒྱུ་ནི་གཉིས་མེད་ཀྱི་ཡེ་ཤེས་སུ་གཅིག་སྟེ་དེ་ཡང་རྗེ་བཙུན་ནོ། །དགེ་སློང་ཞེས་པ་བཞི་སྟེ། སློབ་པའི་དོན་བྱེད་ཀྱི་དགེ་སློང་ནི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མམ། སུམ་བརྒྱ་དྲུག་ཅུའི་ཁྲིམས་དང་ལྡན་པའོ། །ཁས་ལེན་པ་ནི་མེད་པར་ཁས་ལེན་པའོ། །མིང་གི་དགེ་སློང་ནི་རྟོགས་པའོ། །དེ་ཡང་རྗེ་བཙུན་ནོ། །དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲའོ། །ཟག་པ་ཟད་ནི་དུས་གསུམ་དང་རྩ་བ་བཞི་ཟད་པ་ཡང་རྗེ་བཙུན་ནོ། །འདོད་ཆགས་བྲལ་བ་ནི་མཐོང་སྤང་གི་སྒོ་ནས་སོ། །དབང་པོ་ཐུལ་ནི་གཟུགས་སྡུ་གུ་ལ་སོགས་པ་ལ་ཆགས་ན་འཆིང་བ་ལ་མཉྫུས་


DTG064_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རང་སྟོང་པར་མཁྱེན་པས་དབང་པོ་རངས་པོ་རང་ལག་པས་ཐུལ་ལོ་ཞེའོ། །བདེ་བ་རྙེད་པ་ནི་ལུས་ཀྱི་ལས་སོ། །འཇིགས་པ་མེད་པ་ནི་ངག་གི་ལས་ཏེ་སྐྱོན་མེད་པའོ། །ཆོས་ཀྱི་དབྱིངས་ཀྱི་མེ་ལོང་ལྟ་བུའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེའི་རིགས་མཚན་སོ་དྲུག་གོ །བསིལ་བར་གྱུར་པ་རྙོག་པ་མེད། །ཅེས་པ་ནི་ཡིད་འཁྲུག་པ་མེད་པས་ཞེ་མི་སྡང་སྟེ། དེ་ལྟར་ལུས་ངག་ཡིད་གསུམ་སྐྱོན་མེད་པས། དེ་ལ་ཁྱོད་ནི་རྙོག་པ་མེད་པ་ལགས་སོ་ཞེས་བསྟོད་པའོ། །རིག་པ་ནི་ལྷག་པའི་ཤེས་རབ་མིག་དང་འདྲ་བས། དངོས་པོའི་གནས་ལུགས་ཀྱི་ཡང་དག་པའི་ལྟ་བ་མངོན་སུམ་དང་འདྲ་བར་རྟོགས་པའོ། །རྐང་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་རྐང་པ་ལྟ་བའི་གྲོགས་ཏེ། དམ་ཚིག་དང་ལྡན་པའི་རྟེན་གྱི་གང་ཟག་མཚན་ནོ། །ལྷག་པའི་ཏིང་ངེ་འཛིན་གྱི་རྐང་པ་བསྐྱེད་རྫོགས་གཉིས་ལམ་དུ་བྱ་བར་མཚོན། དེ་ལྟར་རྟེན་གྱི་གང་ཟག་ཁྱད་པར་ཅན་གཅིག་གིས་ལམ་བསྐྱེད་རྫོགས་གཉིས་ལ་བརྟེན་ནས་འབྲས་བུ་སངས་རྒྱས་འབྱུང་བའི་ཕྱིར་རོ། །བདེ་གཤེགས་ཞེས་གསུངས་ཏེ། སྤངས་པ་མཐར་ཐུག་པ་ནི། ཚ་བའི་ནད་སྦྱངས་པ་དང་འདྲ་ལ། ཡེ་ཤེས་མཐར་ཐུག་པ་ནི་བུམ་པ་གང་བ་དང་འདྲ་བ་དེ་ལས་བོགས་གདོན་དུ་མེད་པ་ཐོབ་པོ་ཞེའོ། །དེ་ཡང་དེ་བཞིན་གཤེགས་པ་རྟོགས་པ་དང༌། འགྲོ་བ་དང་གསུངས་པས་དེ་སྐད་བྱའོ། །འཇིག་རྟེན་རིགས་ནི་ཉན་ཐོས་ཀྱི་སྐལ་བ་དང་ལྡན་པ་ནས་སྔགས་ཀྱི་ཐེག་པའི་སྐལ་བ་དང་ལྡན་པའི་བར་དུ་རིག་པའོ། །མཆོག་ནི་གང་འཛོམ་པའི་ལམ་དེ་དགོད་པའོ། །གཞན་དོན་ཕུན་སུམ་ཚོགས་པའོ། །བདག་གིར་མི་འཛིན་ཞེས་པ་ནི་རིག་པའི་རྒྱས་བཤད་དེ། ལྷག་པའི་ཤེས་རབ་ཀྱིས་ཡང་དག་པའི་ལྟ་བ་དེ་ཇི་ལྟར་རྟོགས་པར་བྱ་ཞེ་ན། བདག་ཏུ་འཛིན་པ་ནི་གཟུང་བ་དང་འཛིན་པ་ནི་ངར་འཛིན་པ་སྟེ། མ་བཀག་པར་གཟུང་འཛིན་གཉིས་མེད་པར་བགྱིས་པའོ། །བདེན་པ་གཉིས་ནི་དོན་དམ་པ་དང་ཀུན་རྫོབ་སྟེ། ཀུན་རྫོབ་སྣ་ཚོགས་སུ་སྣང་ཙམ་ན་དེ་ཉིད་བཙལ་ན་ཅིར་མི་རྙེད་ཀྱང་ཀུན་རྫོབ་བརྟགས་ཚོད་ཙམ་རྒྱུན་མི་འཆད་དོ། །ཚུལ་ནི་མཚན་ཉིད་ལ་དེ་གཉིས་སུ་མེད་དེ། དེ་ལྟར་


DTG064_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་གྱིས་ཤེ་ན། །དེ་ལྟར་ལྷག་པའི་ཤེས་རབ་དང་ལྡན་ཡང༌། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་རྐང་པ་མེད་ན་གང་དུ་ཡང་མི་ཕྱིན་ལ། སྤྱོད་ལམ་ཏིང་ངེ་འཛིན་དང༌། ཚུལ་ཁྲིམས་ལའང་ལྟ་བ་སྟེ། ཤེས་རབ་ཀྱི་མིག་མེད་ན་ལོང་བ་དང་འདྲ་བས་ལྟ་སྤྱོད་ཟུང་དུ་འབྲེལ་དགོས་ལམ་འབྲེལ་ན་ཕན་ཡོན་ནི་མེད་དོ། །འཁོར་བའི་ཞེས་པ་ཉོན་མོངས་པ་ལྔ་ཕུང་ཐམས་ཅད་དུ་ཁྲིད་པ་སྟེ། དངོས་པོའི་མཐའ་ཕ་རོལ་ཏུ་ཕྱིན་པ་ནི་མྱ་ངན་ལས་འདས་པ་སྟེ་དངོས་མེད་ཀྱི་མཐའོ། །སོན་པ་ནི་གཉིས་མེད་ཀྱི་འབྲས་བུ་ཐོབ་པ་སྟེ། དེ་ཡང་ལྟ་སྤྱོད་ལམ་གྱི་བྱ་བ་ཐམས་ཅད་རྒྱུན་མི་འཆད་པར་བྱས་པས། མྱ་ངན་ལས་འདས་པའི་སྐམ་ས་སྟེ་བདེ་བ་ཆེན་པོའི་གནས་ལ་གནས་སོ་ཞེའོ། །དེ་ཡང་སློབ་དཔོན་སྒེག་པའི་རྡོ་རྗེའི་འགྲེལ་པས་འདི་ལྟར་དབུ་མ་ཇི་ལྟ་བར་བཤད། འཁོར་བ་ཞེས་པ། ཀུན་རྫོབ་ཏུ་འཁོར་བ་དང༌། ཕ་རོལ་ཞེས་པ་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་གཉིས་སུ་སྣང་ལ། དོན་དམ་པར་ནི་གཉིས་གང་དུ་ཡང་མི་འབྱེད་པ་ནི་མཐར་ཕྱིན་པའམ་སོན་པ་སྟེ། དེ་ལྟར་ཡང༌། མྱ་ངན་ལས་འདས་དེ་ཉིད་གང༌། །འཁོར་བའི་མཐའ་ཡང་དེ་ཉིད་དོ། །ཞེའོ། །དེ་ལྟར་རྟོགས་ན་ཡེ་ཤེས་འབའ་ཞིག་ཅེས་པ། ཐ་མལ་གྱི་ཤེས་པ་ཅི་སྐྱེས་པ་ཐམས་ཅད་ཡེ་ཤེས་ཀྱི་བདེ་བར་འབྱུང་བའམ། ཡང་ན་དེ་ལས་ཐམས་ཅད་འབྱུང་ངོ་ཞེའོ། །དེ་ཡང་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ནི་མཚོན་རྣོན་པོ་དང་འདྲ་སྟེ་ཉོན་མོངས་པ་ཐམས་ཅད་གཅོད་ཅིང་འཇོམས་སོ། །དེ་རྣམས་ཀྱིས་ནི་ལམ་འབྲས་བུ་དང་བཅས་པའི་ཆོས་གཅིག་བསྟན་ཏོ། །དམ་ཆོས་ཞེས་པ་ཆོས་ཀྱི་རྣམ་གཞག་གི་ངེས་ཚིག་ནི་དམ་པ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཆོས་ཡིན་པའི་ཕྱིར་རོ། །དབྱེ་ན་འཇིག་རྟེན་པའི་ཆོས་དང་འདས་པའི་ཆོས་སོ། །འཇིག་རྟེན་པའི་ཆོས་ནི་དགེ་བ་བཅུ་སྟེ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འདས་པའི་ཆོས་ནི་གཙོ་བོའི་ཆོས་དང་གཙོ་བོ་མ་ཡིན་པའི་ཆོས་སོ། །གཙོ་བོའི་ཆོས་ནི་དམ་ཆོས་ཞེས་ཏེ་སྟོང་པ་སྐྱེ་མེད་ལ་བྱ། གཙོ་བོ་མ་ཡིན་པའི་ཆོས་ནི་ཆོས་


DTG064_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཞེས་བྱ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་ཐེག་པ་ནི་གསུམ་སྟེ། ཆོས་ཀྱི་དབང་ཕྱུག་ཀྱང་དེའོ། །ཆོས་ཀྱི་ལས་ནི་གསལ་བར་ལྡན། །ཞེས་ཏེ་ཕྱི་ནང་གི་མ་རིག་པའི་མུན་པ་ཆོས་དེ་གཉིས་ཀྱིས་སེལ་བའི་ཕྱིར་རོ། །དེ་ཡང་འཇིག་རྟེན་སྣང་བྱེད་ཅེས་པས་སྒྲུབ་སྟེ། མ་རིག་པས་བསྒྲུབས་པའི་སེམས་ཅན་ལ་དངོས་པོའི་གནས་ལུགས་སྣང་བར་བྱེད་པས་གཙོ་བོའི་ཆོས་དེ་ནི་མཆོག་གོ །ཆོས་ཀྱི་དབང་ཕྱུག་ནི་དགེ་བའི་ཆོས་ལ་དབང་བྱེད་པས་སོ། །ཐེག་པ་གསུམ་གྱི་ཆོས་ནི་འཇིག་རྟེན་པའི་ཆོས་ལས་རྒྱལ་བས་ན་རྒྱལ་བའོ། །འཇིག་རྟེན་གྱི་ཆོས་ཀྱི་འབྲས་བུ་ནི་ལྷ་དང་མི་དང་ཆོས་རྒྱལ་ཏེ། འདས་པའི་འབྲས་བུ་ནི་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའོ། །འབྲས་བུ་དེ་རྣམས་སོ། །སོ་སོར་ལེགས་པར་ཐོབ་པར་བྱེད་པ་ནི་ལམ་སྟེ། དེ་སྟོན་པར་བྱེད་པ་ཡང་འཇམ་དཔལ་ལོ། །དོན་གྲུབ་ཅེས་འདིར་མཚན་ཉིད་གསུམ་དང་སྦྱར་ཏེ། དོན་གྲུབ་ནི་ཀུན་བརྟགས་ཏེ་དབྱེ་ན་གཟུང་འཛིན་གཉིས་སོ། །དེ་ནི་སྒྲོ་བཏགས་ཀྱི་ངོ་བོར་ཡོད་དེ། དེ་ལ་དོན་གྲུབ་ཅེས་དབྱེ་བའི་ཕྱིར་ཞེ་ན། དོན་དུ་སྣང་བ་སྟེ་ཕྱིའི་དོན་དུ་གྱུར་པའི་ཕྱིར་རོ། །འོ་ན་ནང་གི་འཛིན་པ་ལ་དོན་ཅིའི་ཕྱིར་ཞེ་ན། ཡུལ་གྱི་མིང་ཡུལ་ཅན་ལ་བརྟགས་ཏེ་སྒྲོ་བཏགས་ཀྱི་ངོ་བོར་གྲུབ་པས་གྲུབ་ཅེས་བྱའོ། །བསམ་པ་གྲུབ་ཅེས་པ་གཞན་དབང་རྣམ་རྟོག་གི་བསམ་པ་སྟེ། གཟུང་འཛིན་དུ་རྟོག །རྒྱུ་རྐྱེན་གྱི་དབང་གིས་རྗེས་སུ་གྲུབ་པའི་ཕྱིར་རོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་ཡོངས་སུ་གྲུབ་པ་སྟེ། དེ་ཡང་རྒྱན་ལས། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་གསུངས་ཏེ། མི་འགྱུར་བ་ཡོངས་སུ་གྲུབ་པ་ནི་སྟོང་པ་ཉིད་དོ། །ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་ནི་མི་རྟོག་པའི་ཡེ་ཤེས་ཏེ་མི་རྟོག་པའོ། །དེ་ལྟར་ཀུན་བརྟགས་ནི་སྒྲོ་བཏགས་ཀྱི་ངོ་བོར་གྲུབ་སྟེ། བསམ་པ་འགྲུབ་པས་ཡོངས་གྲུབ་ནི་དོན་དམ་དུ་གྲུབ་རྟོག་པ་སྤངས་མི་རྟོག་པ་གྲུབ་སྟེ། མཚན་ཉིད་གསུམ་ལ་གྲུབ་པ་གསུམ་གྱི་མིང་གིས་བཏགས་སོ། །ཡང་དེ་གསུམ་དེ་ལྟར་གྱི་ཤེས་པ་


DTG064_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ལ་མི་འགགས་པའི་སྐད་ཅིག་མ་ཉིད་ལ་གནས་སྐབས་ཀྱིས་གསུམ་དུ་གཞག་སྟེ། དཔེར་ན་ཤེས་པ་ཉིད་ཆགས་ཤིང་ལྟ་བུར་སྔོན་པོར་སྐྱེས་པ་ལ་ཡིན་པ་ཤེས་པའི་སྔོན་པོ་ཡིན་བཞིན་དུ་བཏགས་པའི་དོན་གྱི་སྔོན་པོར་བཏགས་པ་ཀུན་བརྟགས་སོ། །ཤེས་པ་སྔོན་པོ་ཉིད་གོང་གི་ལྟར་སྐྱེས་པ་དེ་རྒྱུ་རྐྱེན་གཞན་གྱི་དབང་བྱས་པ་གཞན་དབང་ངོ༌། །ཤེས་པའི་སྔོན་པོ་དེ་ལ་དོན་གྱི་སྔོན་པོས་སྟོང༌། ཡོངས་སུ་གྲུབ་པ་སྟེ་དེ་ཡང་མཉྫུའོ། །རྣམ་པར་མི་རྟོག་ནས་མར་འགྱུར་བ་ཡོངས་སུ་གྲུབ་པའི་རྒྱས་བཤད་དེ། གཟུང་འཛིན་གྱི་ས་རྣམ་པར་མི་རྟོག་དབྱིངས་ནི་འབྱུང་ཁུངས་ཏེ། ཆོས་ཐམས་ཅད་ཀྱི་རྒྱུའི་དངོས་པོའི་ཕྱིར་རོ། །དེ་ཉིད་དངོས་པོར་མ་གྲུབ་པས་མི་ཟད་ལ། དེ་ལ་དམིགས་ནས་འཕགས་པའི་ཆོས་ཐམས་ཅད་སྐྱེ་བས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ་ནི་དམ་པའོ། །ཡང་ན་མུ་སྟེགས་དང༌། ཉན་ཐོས་རང་རྒྱལ་ལས་དམ་བར་འགྱུར་པའོ། །འདུས་མ་བྱས་ཀྱི་ཆོས་དེ་ལས་སངས་རྒྱས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཟད་པའི་མཐའ་མེད་པས་ཟད་མི་ཤེས་ཏེ། དེ་ཡང་འཇམ་དཔལ་ལོ། །བསོད་ནམས་ནི་འཇིག་རྟེན་པའི་བསོད་ནམས་མཐར་ཐུག་དང༌། འཇམ་དཔལ་ལྡན་ལ་ཡང་བསོད་ནམས་འཇིག་རྟེན་ལས་འདས་པ་ཡང་མཐར་ཐུག་པའི་ཚོགས་བསགས་ལ་ཡེ་ཤེས་ནི་ཉན་ཐོས་ཀྱིས་ཏེ། དེ་ཡང་འཇམ་དཔལ་ལོ། །ཁྱད་པར་ཅན་གྱི་ཡེ་ཤེས་ཆེན་པོ་ནི་ཐེག་པ་ཆེན་པོར་ཤེས་ཏེ། ཉན་ཐོས་པས་ཁྱད་པར་ཆེ་བའི་ཕྱིར་རོ། །ཁྱད་པར་ཆེ་བ་དེ་གང་ཞེ་ན། རྟོགས་པ་དང༌། ཐུགས་རྗེ་སྟེ་ཉན་ཐོས་གང་ཟག་ལ་བདག་མེད་རྟོགས། རང་དོན་ལས་གཞན་དོན་མེད་ལ། ཐེག་པ་ཆེན་པོས་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་དུ་རྟོགས། ཐུགས་རྗེས་ཚོགས་ཐམས་ཅད་གཞན་དོན་དུ་བསྔོས་དེས་ཁྱད་མེད་དོ། །ཡེ་ཤེས་ལྡན་ཞེས་པ་ནི་གོང་མ་དེ་གཉིས་དང་འཇམ་དཔལ་ལྡན་ནོ། །དེ་ཡན་ཆད་དེ་བཞིན་གཤེགས་པའི་རིགས་ཀྱི་རིན་ཆེན་རིགས་ལ་སོ་དྲུག་གོ །ཐེག་པ་ཆེན་པོའི་ཡེ་ཤེས་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ཤེས་ཏེ་དེ་ཡང་མཉྫུའོ། །ཚོགས་གཉིས་ཞེས་པ་


DTG064_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་དང་ཐེག་པ་ཆེན་པོའི་ཚོགས་གཉིས་མཉྫུས་བསགས་སོ་ཞེའོ། །མན་ངག་ཏུ་ནི་སྒྲུབ་ཐབས་དང་སྦྱར་ཏེ། བསོད་ནམས་ལྡན་པ་ཞེས་བརྟེན་གྱི་གང་ཟག་དང་པོའི་སངས་རྒྱས་བསྒོམ་པ་མཚོན། བསོད་ནམས་ཚོགས་ཀྱིས་ཚོགས་བསགས་པའི་ཡུལ་དང་ཡན་ལག་བདུན་མཚོན། ཡེ་ཤེས་ཀྱིས་ཡེ་ཤེས་ཀྱི་ཚོགས་སྟོང་པར་བསྒོམ་པ་མཚོན། ཁྱད་པར་གྱིས་ཡེ་ཤེས་ལྔ་བསྒོམ་པ་མཚོན། ཡེ་ཤེས་ལྡན་གྱིས་ཞལ་དྲུག་པ་བསྒོམ་པར་མཚོན། དེ་བཞིན་དུ། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ཅེས་གསུངས་པས་རྡོ་རྗེ་རྗེས་སུ་དྲན། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་གསུངས་པས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་སྟེ་མཆོད་རྟེན་མཚོན་ནོ། །དེ་རྣམས་ཀྱིས་བསྒྲེས་ཏེ། སྒྲུབ་ཐབས་དང་སྦྱར་རོ། །རྟག་པ་ཞེས་པ་ནི་མི་འགྱུར་བ་ཡོངས་གྲུབ་ཀྱི་སྟོང་པ་ལ་བྱ། ཅིའི་ཕྱིར་ཞེ་ན། བརྟགས་པའི་མི་མཐུན་པ་མི་རྟག་པ་ཡིན་ཏེ་སྟོང་པའི་ཕྱིར་རོ། །གལ་ཏེ་སྟོང་པ་དེ་མི་རྟག་ན་རྒྱུ་རྐྱེན་དང་བཅས་པར་ཐལ་ལོ། །འདོད་རྟོག་ཟེར་ན་མི་རྟག་པར་ཐལ། ཡང་འདོད་རྟོག་ཟེར་ན་སྟོང་པ་མ་ཡིན་པར་ཐལ་ལོ། །ཀུན་རྒྱལ་ནི་མིང་གི་རྣམ་གྲངས་ཏེ་སྟོང་པ་དེ་ཉིད་གཡོ་བ་དང༌། མི་གཡོ་བ་ཐམས་ཅད་དུ་བྱུང་སྔོན་གྱུར་རྒྱལ་ཞེས་བྱ་བ་རྣལ་འབྱོར་གྱི་དེ་གཉིས་མེད་དེ། གསང་བ་འདུས་པར། ཐབས་དང་ཤེས་རབ་གཉིས་མེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་དང་པོ་ལ་སོགས་པ་བཞི་བསམ་པ་ཡུལ་དུ་བཞག་ལ་བློ་ལྡན་ནི་སེམས་བྱེད་ངོ། །ཡང་ན་བསམ་དུ་མེད་པའི་བསམ་གཏན་ནི། བསམ་གཏན་གྱི་བསམ་བྱ་ནི་གུད་ན་མེད་བློ་ལྡན་ནི་སེམས་བྱེད་གུད་ན་མེད་དེ། མཆོག་ཅེས་པ་དེ་རྣམས་རྗེ་བཙུན་ཉིད་དོ། །དེ་ཡང་སོ་སོའི་ཆོས་ཐམས་ཅད་སྐྱེ་མེད་དུ་རིག་པས་བསམ་བྱ་ལ་སོགས་པ་མི་གཡོ་མཆོག་གི་དང་པོ་ཞེས་པ་ནི་འབྲས་བུ་སངས་རྒྱས་ཀྱི་ཆོས་ལྔ་ཚན་ལྔས་བསྡུས་པ་གཅིག་སྟོན་ཏེ། དེ་ཡང་སངས་རྒྱས་པའི་ཆོས་བདེན་བརྫུན་ཇི་ལྟར་འདོད་ཅེ་ན། གྲུབ་མཐའི་དབང་དང་དངོས་པོའི་གནས་ལུགས་གཉིས་ཏེ། གྲུབ་མཐའ་ནི་སེམས་ཙམ་རྣམ་བཅས་ཀྱིས། སངས་རྒྱས་ཀྱི་


DTG064_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ས་ནི་ཆོས་ཡོད་དོ་ཅོག་བདེན་པས་འདོད། རྣམ་མེད་དྲིར་བཅས་ནི་ཡེ་ཤེས་བདེན་ལ་གཟུགས་སྐུ་བརྫུན་ཏེ། ཕྱེད་བདེན་ཕྱེད་བརྫུན་དུ་འདོད་དེ། ཤཱནྟི་པ་བཞིན་ནོ། །སྒྱུ་མ་གཉིས་མེད་ཀྱི་དབུ་མ་ནི། སངས་རྒྱས་པའི་གནས་ལུགས་དེ་འདིའི་ལྟ་བས་སངས་རྒྱས་ས་ན་ཆོས་བདེན་བརྫུན་གང་དུ་ཡང་གྲུབ་པ་མེད་པར་འདོད། འོ་ན་སངས་རྒྱས་ཀྱི་ས་ན་རྒྱུན་ཆད་དམ་སྙམ་པ་ལ་བརྟགས་ཚོད་དུ་རྒྱུན་མ་ཆད་དོ། །འོ་ན་བརྟགས་ཚོད་དུ་ཇི་ལྟར་ཡིན་སྙམ་ན་གཉིས་མེད་ཀྱི་ཡེ་ཤེས་ལྔ་པོ་འདི་ཉིད་ལ་གནས་སྐབས་ཀྱི་ལྡོག་པའི་བྱེ་བྲག་གིས་སྐུ་ལྔ། ཡེ་ཤེས་པ། རིགས་ལྔ། སྤྱན་ལྔ། མཚན་ལྔར་ཡོད་པར་འདོད་དོ། །དེ་ལ་སྐུ་ལྔ་ནི། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ཞེས་པའི་སྐབས་སུ་འོག་ནས་ཀྱང་སྟོན་ན་སྐུ་ནི་བསྡུ་ན་གཅིག་སྟེ། མཆོག་གི་དང་པོ་ཞེས་པ་ཆོས་སྐུ་སྟེ་དེ་འཇམ་དཔལ་ཉིད་དོ། །གནས་སྐབས་སུ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ། གསུམ་པོ་དེ་ཡང་འཇམ་དཔལ་ཉིད་འཆད་པ་སྟེ། དབྱེ་ན་སྐུ་ལྔ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་པའི་སྐུ་དང༌། རྣམ་པར་སྨིན་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་སྐུའོ། །དེ་ལ་ལོངས་སྐུ་ནི་གནས་ཁྱད་པར་ཅན་འོག་མིན་གྱི་གནས་པདྨ་ཅན་དང༌། བདེ་བ་ཅན་དང༌། སྙོན་པ་སྐུ་ཁྱད་པར་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན། འཁོར་ཁྱད་པར་ཅན་ཀུན་དུ་བཟང་པོ་ལ་སོགས་པ་ལ་ཆོས་ཁྱད་པར་ཅན་གཉིས་མེད་ཀྱི་ཆོས་སྟོན་ཏེ། དེ་ལྟ་བུ་ཉིད་འཇོམས་ཉོག་ལོངས་སྤྱོད་པས་ལོངས་སྐུའོ། །སྤྲུལ་སྐུ་ནི་གཉིས་མེད་དེ་ཉིད་གཞན་དོན་བཙལ་མི་དགོས་པར་ལྷུན་གྲུབ་ཏུ་བྱེད་པའོ། །རྣམ་སྨིན་ནི་མི་འདྲ་བར་སྨིན་པ་སྟེ། གཉིས་མེད་དེ་ཉིད་གནས་སྟོན་པ་འཁོར་ཆོས་ལ་སོགས་པ་མི་འདྲ་བར་སྨིན་པའོ། །ངོ་བོ་ཉིད་ནི་དེ་རྣམས་ཀྱི་དོན་བཙལ་ན་ཅིར་ཡང་མི་རྙེད་པ་དེའོ། །ཆོས་སྐུ་ནི་དེ་རོ་གཅིག་པའི་བདག་ཉིད་དོ། །དེ་རྣམས་ལ་ཡེ་ཤེས་དང་སྤྱན་ལྔ་ལ་སོགས་པ་ཡང་སྦྱོར་ཏེ། སྐུ་ནི་ལོངས་སྐུ། ཡེ་ཤེས་ནི་སོ་སོར་རྟོག་པ། སྤྱན་ནི་ཤེས་རབ་སྤྱན་ནོ། །རིགས་ནི་པདྨའི་རིགས། སངས་རྒྱས་ནི་སྣང་བ་མཐའ་ཡས་སོ། །དེ་བཞིན་དུ་སྤྲུལ་སྐུ། བྱ་བ་གྲུབ་པ། ཤའི་


DTG064_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན། ལས་ཀྱི་རིགས། དོན་གྲུབ། རྣམ་སྨིན། མཉམ་ཉིད། ཡོན་ཏན་མི་འདྲ། ལྷའི་སྤྱན་རིན་ཆེན་རིགས། རིན་འབྱུང་ངོ༌། །ངོ་བོ་ཉིད་མེ་ལོང༌། སངས་རྒྱས་ཀྱི་སྤྱན། རྡོ་རྗེའི་རིགས། མི་བསྐྱོད་པ། ཆོས་སྐུ། ཆོས་དབྱིངས། ཆོས་ཀྱི་སྤྱན། བདེ་གཤེགས་རིགས། རྣམ་སྣང་ཞེས་བྱའོ། །བདག་ཉིད་ཅན་ཞེའོ། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་འཆང༌། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་པ་རྣམས་ཀྱིས་དེ་རྣམས་ཀྱང་རྗེ་བཙུན་འཇམ་དཔལ་ཉིད་ཡིན་པར་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཅེས་པ་ནི། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དེ་བཞིན་གཤེགས་པ་རྣམས་ཁྱོད་ལ་བརྟེན་ཞེས་འབྱུང་སྟེ། རྗེ་བཙུན་ཁྱོད་ནི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ་ཀྱང་ཡིན་ན། བྱང་ཆུབ་སེམས་དཔར་སྣང་བས་སངས་རྒྱས་ཀྱི་སྲས་པོ་ཡང་ཡིན་ནོ། །ཉན་ཐོས་དང་རང་རྒྱལ་ནི་སྐུ་དང་གསུང་གི་སྲས་ལ་བྱང་ཆུབ་སེམས་དཔའ་ཐུགས་ཀྱི་སྲས་ཡིན་པས་དམ་པ་ཞེས་བྱའོ། །བགྲོད་པར་བྱ་བ་རྣམས་ཀྱི་མཆོག་གོ །ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་རང་བཞིན་ཤེས་པས་སྲིད་པ་ལས་བྱུང་བའི་སྐྱེ་གནས་ཀྱི་བྱེད་རྒྱུ་མེད་དེ། ཆོས་དང་གང་ཟག་གི་བདག་གིས་དབེན་པའི་ཕྱིར་འཁོར་བའི་སྲིད་པ་དེས་སེལ་ལོ། །གཅིག་པུ་སྲ་མཁྲེགས་ཞེས་པ་ནི། འཇམ་དཔལ་གྱི་སྐུ་དེ་ནི་རྡོ་རྗེ་ལས་གྲུབ་པ་སྟེ། ཐམས་ཅད་ཀྱིས་མི་ཤིགས་ཤིང་མི་ཕྱེད་པའི་ཕྱིར་རོ། །སྐྱེས་མ་ཐག་པ་ནི་གདུལ་བྱ་དང་འཚོ་བའི་བསམ་པ་སྐྱེས་མ་ཐག་ཏུའམ། མཐོང་མ་ཐག་ཏུ་དེས་འདུལ། འགྲོ་བ་ཡང་རྗེ་བཙུན་ཉིད་དོ། །ནམ་མཁའ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་བྱང་སེམས་རྡོ་རྗེའི་བདག་ཉིད་དུ་རང་བྱུང་སྟེ་འཇམ་དཔལ་ཉིད་དོ། །ཤེས་རབ་ཡེ་ཤེས་ཞེས་པ་ནི། ཟབ་པ་དང་རྒྱ་ཆེ་བ་དབྱེར་མེད་དུ་རྟོགས་པ་ལས་ཡེ་ཤེས་ཀྱི་མེ་འབར་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པའི་བུད་ཤིང་བསྲེག་པ་ནི་མེ་ཆེན་པོའོ། །མན་ངག་ཏུ་ཡེ་ཤེས་ཀྱི་ཚོགས་སོགས་པའི་དུས་སུ་རང་ལུས་མེས་བསྲེགས་པ་དང་སྦྱར་རོ། །ཡེ་ཤེས་དེའི་འོད་ཀྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་སྣང་བར་བྱེད་པས་འོད་ཆེན་


DTG064_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ཡན་ཆད་པདྨའི་རིགས་སོ་དྲུག་གོ །ཡེ་ཤེས་ནི་གཟུང་འཛིན་མེད་པའི་ཡེ་ཤེས་དེ་མན་ངག་ཏུ། སླར་སོས་ཡེ་ཤེས་ལུས་སུ་བྱས། །ཞེས་པའི་ཚིག་གི་ས་བོན་ནོ། །སྐར་མ་ནི་པ་བ་སངས་ཏེ་ཡི་གེ་ཨ་བསྒོམ་པ་དང་སྦྱར་རོ། །འདི་ན་མར་ཡེ་ཤེས་ཀྱི་ཆོས་ཡེ་ཤེས་ལྔ་བསྒོམ་པ་དང་སྦྱར་ཏེ། ལམ་མེ་བ་ནི་མེ་ལོང་ལྟ་བུ་སྟེ། སྐུ་གཉིས་ཀྱི་རྟེན་ཕྱེད་ཅིང་མི་ཏོག་པའོ། །འགྲོ་བའི་མར་མེ་ནི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གསལ་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་སྒྲོན་ནི་མཉམ་པ་ཉིད་ཀྱི་ཆོས་ཐམས་ཅད་དང་མཉམ་པར་བྱེད་པའོ། །གཟི་བརྗིད་ནི་བྱ་བ་གྲུབ་ཀྱིས་གང་འདུལ་བ་ལ་སྤྲུལ། མཛེས་པ་དེར་སྣང་བའོ། །ཡེ་ཤེས་ལྔ་པོ་དེ་ཡང་འཇམ་དཔལ་ལོ། །འོད་གསལ་གྱི་ཆོས་དབྱིངས། སྔགས་མཆོག་ནི་ཡི་གེ་ཧཱུཾ་སྟེ། དེའི་སྔགས་བདག་ནི་འཇམ་དཔལ་ལོ། །ཧཱུཾ་ནི་ཁྲོ་བོ་ཧཱུཾ་མཛད་ཀྱི་ས་བོན་ཏེ། ཁམས་གསུམ་རྣམ་རྒྱལ་གྱི་རྩ་བའི་དཀྱིལ་འཁོར་གྱི་ལྷ་སོ་བདུན་དུ་ཡང་རྗེ་བཙུན་དེ་འབྱུང་ངོ༌། །རིག་སྔགས་ནི་ཁམས་གསུམ་རྣམ་རྒྱལ་གྱི་གཟུངས་ཀྱི་དཀྱིལ་འཁོར་ན་ལྷ་སོ་བདུན་གྱི་ཕྱོགས་ཀྱི་སྦུབས་ན་གནས་པ་ཡང་དེའོ། །གསང་སྔགས་ནི་དེའི་ཆོས་ཀྱི་དཀྱིལ་འཁོར་ན་ལྷ་སོ་བདུན་རང་རང་གི་མཚན་མ་ནས་འབྲས་ཙམ་ལ་སེམས་གཏད་ནས་གནས་པ་ཡང་དེའོ། །དོན་ཆེན་ནི་ཁམས་གསུམ་རྣམ་རྒྱལ་གྱི་ལས་ཀྱི་དཀྱིལ་འཁོར་ན་ལྷ་སོ་བདུན་ཡང་འཇམ་དཔལ་ལོ། །གཙུག་ཏོར་ནི་ཁམས་གསུམ་རྣམ་རྒྱལ་གྱི་དབུ་ལ་དེ་བཞིན་གཤེགས་པ་དབུ་རྒྱན་གྱིས་ང་རྒྱན་པའོ། །རྨད་དུ་བྱུང་བ་ནི་རྡོ་རྗེའི་གཟུགས་ཏེ། འོད་ཀྱི་གཟི་བརྗིད་དང་ལྡན་པའོ། །ནམ་མཁའི་སྟོང་པ་ཉིད་དེ། དེའི་བདག་ཉིད་འཇམ་དཔལ་ལོ། དེས་འཇིག་རྟེན་དང་འདས་པའི་གཟུགས་སྟོན་པའམ། ཡང་ན་ཏིང་ངེ་འཛིན་སྣ་ཚོགས་སྟོན་པའོ། །སངས་རྒྱས་ནི་རིགས་ལྔ་ཆོས་སྐུར་རོ་གཅིག་པས་མཆོག་གོ །འགྲོ་ཀུན་དགའ་བ་ནི་བླང་དོར་ཤེས་པའི་ཤེས་རབ་ཀྱི་མིག་དང་ལྡན་པ་སྟེ། དེ་ཡང་འཇམ་དཔལ་ལོ། །སྣ་ཚོགས་ནི་སྤྲུལ་པ་སྣ་ཚོགས་ཀྱི་གཟུགས་ཀྱིས་འགྲོ་བ་དག་པ་བསྐྱེད་པ་ཡང་འཇམ་དཔལ་ལོ། །འཇམ་དཔལ་དེ་ནི་དྲང་སྲོང་ཆེན་པོ་རྣམས་ཀྱིས་


DTG064_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་འོས་སུ་འདུག་ལ། སེམས་ཅན་ཐམས་ཅད་ཀྱིས་བརྗོད་པ་སྟེ་བསྟོད་པའི་འོས་སུ་གྱུར་པའོ། །རིགས་གསུམ་ནི་སྐུ་གསུང་ཐུགས་གསུམ་མོ། །འཆད་བ་ནི་འཛིན་པ་སྟེ་མཉྫུའོ། །གསང་སྔགས་ནི་འཇིག་རྟེན་དང་འདས་པ་སྟེ། དེ་ཡང་མཉྫུའོ། །དམ་ཚིག་ནི་མི་འདའ་བའི་དོན་གྱིས་ཏེ་ཆོས་ཐམས་ཅད་བྱང་ཆུབ་སེམས་ལས་མི་འདའ་བའི་ཕྱིར་རོ། །ཐམས་ཅད་མི་འདའ་བས་ཆེན་པོའོ། །གཙོ་བོ་ཐམས་ཅད་ལས་འཐོན་པར་གྱུར་པ་འཇམ་དཔལ་དེ། དཀོན་མཆོག་གི་རང་བཞིན་ཏེ་མཆོག་ཏུ་གྱུར་པའི་ཡོན་ཏན་རྩིས་ལས་འདས་པའི་ཡོན་ཏན་ཡོངས་ལ་ཁྱབ་པའི་ཡོན་ཏན་གསུམ་འཛིན་ཏོ། །ཡང་ན་མན་ངག་ཏུ་དམ་ཚིག་གི་གསང་བ་མི་སྨྲ་བ་མི་ཐོས་པ་གསུམ་རྒྱུད་ཀློག་པའི་དམ་ཚིག་སྟེ། དེ་ལས་མི་འདའ་ལ་གསང་སྔགས་ནི་གསང་སྔགས་ཀྱི་དོན་དུ་བལྟས་ནས་མཚན་འདོགས་པ་སྟེ། སྤྲོས་ལས་བྱས་པ་རུས་བསྟན་པར། །དྲ་བ་དེ་ལ་སྔགས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་སྐྱོབ་དེས་འགྲོ་བ་འཛིན་པའམ། ཡང་ན་དེ་ཉིད་འཇམ་དཔལ་གྱི་ཐུགས་རྗེས་འཛིན་པའོ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ་ནི་གཙོ་འཁོར་གཞུང་དཀོན་མཆོག་གསུམ། ལམ་དཀོན་མཆོག་གསུམ། འབྲས་བུ་དཀོན་མཆོག་གསུམ་པ་སྟེ། དེ་ལ་གཞུང་དཀོན་མཆོག་གསུམ་ནི་གསུང་གི་གསུང་བས་རྒྱས་དང་སྦྱར་རོ། །གསུང་མཁན་སངས་རྒྱས་གསུང་རྒྱུ་ཆོས་གསུང་བས་དགེ་འདུན་ནོ། །ལམ་ནི་བསྐྱེད་རིམ་གྱིས་ལྷ་རིགས་ལྔ་དང༌། རིགས་གསུམ་ལ་སྐུ་ལྔའི་བདག་ཉིད་ཅན་ནི་སངས་རྒྱས། ཤེས་རབ་འཁོར་ལོ་སྔགས་ཆོས། ཐབས་ཀྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དགེ་འདུན་ནོ། །རྫོགས་རིམ་ལ་གཉིས་མེད། སངས་རྒྱས་རྟོགས་པ་དེ་དགེ་འདུན་ཡང་དང་ཡང་གོམས་པ་དེ་ཆོས། འབྲས་བུ་ནི་ཆོས་ལྔས་བསྡུས་པས་སངས་རྒྱས། སྔགས་ཆོས་ཀུན་དུ་བཟང་པོ་ལ་སོགས་པ་དགེ་འདུན་ནོ། །དེ་ཡང་རྗེ་བཙུན་ཉིད་འབྲས་བུར་སྣང་ངོ༌། །ཐེག་པ་མཆོག་གསུམ་ནི་ཉན་ཐོས་དང་རང་རྒྱལ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་སྟོན་པ་ཡང་འཇམ་དཔལ་ལོ། །དོན་ཡོད་


DTG064_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་ཞེས་པ་ནི་བྱང་སེམས་རྡོ་རྗེའི་རིགས་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། གདུལ་བྱ་ཐོག་མ་མེད་པ་ལ་ལམ་དུ་འཛུད་པའི་ཕྱིར་དོན་ཡོད་པའི་རྣམ་རྒྱལ་བ་ནི་རྡོ་རྗེའི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཁྲོ་བོས་གདུལ་བ་ལ་དེའི་གཟུགས་ཀྱིས་ཐོག་མ་མེད་པ་སྟེ་རྒྱལ་བའོ། །འཛིན་པ་ཆེན་པོ་ནི་རིགས་པདྨའི་རིགས། སྒོ་བ་ནི་ལྕགས་སྒྲོག་གིས་བྱ། ཅིའི་ཕྱིར་ཞེ་ན། གདུལ་བྱ་འདོད་ཆགས་ཅན་མི་གཏོང་བར་འཛིན་པའོ། །རྡོ་རྗེ་ཞགས་པ་ནི་རིན་ཆེན་རིགས། སྒོ་བ་ནི་ཞགས་པ་ཅི་ཞེ་ན། སེར་སྣ་ཅན་ཐོགས་པ་མེད་པར་འཛུད་པའོ། །རྡོ་རྗེ་ལྕགས་ཀྱུ་ནི་རྡོ་རྗེའི་རིགས་མི་བསྐྱོད་པ། སྒོ་བ་ནི་ལྕགས་ཀྱུ་སྟེ། ཅིའི་ཕྱིར་ཞེ་ན། གོང་མའི་ཁྲོ་བོ་ཞེ་སྡང་ཅན་འཛིན་ཅིང་ཐོགས་པ་མེད་པར་དཀྱིལ་འཁོར་དུ་འཛུད་པའོ། །ཞགས་པ་ཆེ་ནི་ལས་ཀྱི་རིགས་དོན་གྲུབ། སྒོ་བ་ནི་འབེབས་པ་སྟེ། ཅིའི་ཕྱིར་ཞེ་ན། ཕྲག་དོག་ཅན་དགྱེས་པ་བསྐྱེད་ཅིང་དེ་ལམ་དུ་ཐོགས་པ་མེད་པར་འཛུད་པའོ། །དེ་ཡན་ཆད་ཀྱིས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་རིགས་སོ་དྲུག་གོ །དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་བརྒྱ་དང་བརྒྱད་ཅུ་རྩ་གཅིག །ཚིགས་བཅད་ནི་ཚིག་རྐང་གཅིག་གིས་མ་ཚང་བའི་ལྔ་བཅུ་རྩ་ལྔ་སྟེ་ལེའུ་དྲུག་པ་རྫོགས་སོ།། །།རྡོ་རྗེ་འཇིགས་བྱེད་ཅེས་པ་མཚན་དེ་སྐད་དུ་གྲགས་པའི་མཚན་ཅན་གྱི་ཁྲོ་བོ་ཅིག་ཡོད་དོ། །གང་ལས་གྲགས་ཤེ་ན། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་སོ། །མཚན་དེ་སྐད་དུ་གྲགས་པའི་ཁྲོ་བོ་དེ་དངོས་སུ་གང་ཡིན་ཞེ་ན། རྗེ་བཙུན་འཇམ་དཔལ་ཉིད་དེ། དེ་སྐད་ཅེས་བྱ་བའི་ཁྲོ་བོར་སྤྲུལ་པའོ། །འོ་ན་ཁྲོ་བོ་དེ་ལ་ཅིའི་ཕྱིར་རྡོ་རྗེ་འཇིགས་བྱེད་ཅེས་བྱ་ཞེ་ན། ཞི་བས་མི་འདུལ་བ་ཞེ་སྡང་གིས་གདུལ་དགོས་པ་རྣམས་ལ་འཇིགས་བྱེད་ཀྱི་གཟུགས་ཟ་ཟ་དང༌། འཆའ་འཆའ་དང༌། གདུག་གདུག་དང༌། རྔམ་རྔམ་བཞིན་དུ་སྤྲུལ་པ་སྟེ། དེ་ཡང༌། ཤིན་ཏུ་གདུག་པར་གྱུར་རྣམས་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་སོ། །དེ་བཞིན་དུ་འདི་ནས་མར་འདི་སྐད་ཅེས་བྱ་བའི་མཚན་དུ་གྲགས་པའི་ཁྲོ་བོ་ཅིག་ཡོད་དེ། རྒྱུད་གང་ལ་གྲགས། ཁྲོ་བོ་དེ་


DTG064_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་གང་ཡིན། ཁྲོ་བོ་དེ་ལ་ཅིའི་ཕྱིར་མཚན་དེ་སྐད་ཅེས་བྱ་ཞེས་ཀུན་ལ་སྦྱར་བར་ཤེས་པར་བྱའོ། །དེ་ལ་འཇིགས་པར་བྱེད་ཅེས་པའི་ཁྲོ་བོ་ནི་རྒྱུད་འཇམ་དཔལ་འཇིགས་བྱེད་ཀྱི་རྒྱུད་ལས་གྲགས། དེ་ཉིད་འཇམ་དཔལ་ལོ། །དེ་ནི་སྤྲུལ་པས་ཕ་རོལ་འཇིགས་པར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཁྲོ་བོའི་རྒྱལ་པོ་གསང་རྒྱུད་ལས་གྲགས། དེ་ཉིད་འཇམ་དཔལ་ལོ། །འདི་ཤིན་ཏུ་མཐུ་ཆེ་སྟེ་སངས་རྒྱས་ཀྱི་ཁྲོ་བོ་ཀུན་ཀྱང་འདི་མཐོང་ན་འཇིགས་ཏེ། དེ་ཡང༌། དེ་ནས་འཇམ་དབྱངས་འདི་ཡི་ནི། །ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་རང་གི་ལག་ཆ་ཤོར། །ཞེས་གསུངས་པའི་ཕྱིར་རོ། །གདོང་དྲུག་ཅེས་པའི་ཁྲོ་བོ་དེ་ནི་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས་གྲགས། དེ་ཉིད་འཇམ་དཔལ་ལོ། །གདོང་ཕྱག་ཞབས་དྲུག་གི་ཕྱིར། དོན་ལས་མཚན་དུ་བཏགས་སོ། །འཇིགས་པ་ཞེས་པ་ནི། ཁྲོ་བོ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གྲགས། དེ་ཉིད་འཇམ་དཔལ་ལོ། །དེའི་བ་སྤུའི་བུ་ག་ནས་གཟི་བརྗེད་ཅན་གྱི་ཁྲོ་བོ་འཐོན་ཏེ། ཁྲོ་གཉེར་གྱི་རླབས་བསྐྱོད་པ་ལ་སོགས་པ་གཞན་འཇིགས་པར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །མིག་དྲུག་ཅན་གྱི་ཁྲོ་བོ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་དེ་ཉིད་མཉྫུ་དཔྲལ་བ་ན་མིག་སྨིན་དྲུག་བཞིན་དུ་གནས་པའི་ཕྱིར་རོ། །ལག་དྲུག་ཅན་གྱི་ཁྲོ་བོ་ནི་རྡོ་རྗེ་རྒྱན་གྱི་རྒྱུད་ལས་གྲགས། དེ་ཉིད་མཉྫུའོ། །ལག་དྲུག་དང་ལྡན་པའི་ཕྱིར་དེ་སྐད་ཅེས་བྱའོ། །སྟོབས་དང་ལྡན་པའི་ཁྲོ་བོ་ནི་རིག་པ་མཆོག་གི་རྒྱུད་ལས་གྲགས། དེ་ཉིད་མཉྫུའོ། །སྟོབས་དང་ལྡན་པའི་ཕྱིར་དེ་སྐད་བྱའོ། །ཀེང་རུས་ཀྱི་ཁྲོ་བོ་ནི་བདེ་མཆོག་ལས་གྲགས། དེ་ཉིད་མཉྫུའོ། །ཀེང་རུས་ཀྱི་གཟུགས་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །མཆེ་བ་གཙིགས་པའི་ཁྲོ་བོ་ནི་རྡོ་རྗེ་སྒྲ་འདུས་ལས་གྲགས། དེ་ཉིད་མཉྫུའོ། །མཆེ་བ་གཉིས་གཙིགས་ཤིང་གཞན་བསྡིགས་པའི་ཕྱིར་རོ། །ཧ་ལ་ཧ་ལའི་ཁྲོ་བོ་ནི་ཨ་མོ་གྷ་པཱ་ཤ་ལས་གྲགས། དེ་ཉིད་མཉྫུའོ། །ཧ་ལ་ཧ་ལ་སྒྲོགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ནི་དམ་ཚིག་བཀོད་པའི་རྒྱུད་ལས་གྲགས། ལས་ཀྱི་


DTG064_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་དེ་རླག་པར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །བགེགས་ཀྱི་རྒྱལ་པོའི་ཁྲོ་བོ་ནི་བདུད་རྩི་འཁྱིལ་པའི་རྒྱུད་ལས་གྲགས། ཆོགས་བདག་གླང་སྣ་བྲན་དང་ཕོ་ཉ་དང་བཅས་པ་ལས་རྒྱལ་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཁྲོ་བོ་ཞེས་པ་དང༌། སྒྲ་འཇུག་པའི་རྒྱུ་མཚན་ཡང་དེས་བསྒྲེས་ཏེ་ཤེས་པར་བྱའོ། །རྡོ་རྗེ་ཤུགས་ཆེན་ནི་དམ་ཚིག་ཆེན་པོའི་རྒྱུད་ལས་དེ་ཉིད་མཉྫུའོ། །རྡོ་རྗེ་དང་འདྲ་བའི་ཤུགས་ཀྱིས་གཞན་འདུལ་བའི་ཕྱིར་རོ། །དེ་ཡན་ཆོད་ཀྱིས་རྡོ་རྗེའི་རིགས་ཀྱི་དེ་བཞིན་གཤེགས་པའི་རིགས་ལ་མཚན་བཅུ་བཞིའོ། །འཇིགས་བྱེད་ཟླ་གསང་ཐིག་ལེ་ལས་དེ་ཉིད་མཉྫུའོ། །སྡང་བ་ཐམས་ཅད་རླག་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་གྲགས་པ་ནི་གཉིས་སུ་མེད་པར་ཐམས་ཅད་མཉམ་པའི་རྒྱུད་ལས་དེ་ཉིད་མཉྫུའོ། །མི་ཕྱེད་ཅིང་ཁྱད་པར་གྲགས་པ་ཆེན་པོའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་ནི་ཟླ་གསང་ལས། དེ་ཉིད་རྡོ་རྗེ་སྙིང་དང་ལྡན་པའི་ཕྱིར་རོ། །སྒྱུ་འཕྲུལ་རྡོ་རྗེ་ནི་ཁྲི་དྲུག་སྟོང་པ་ལས། དེ་ཉིད་མེད་པ་ལས་ཐམས་ཅད་སྤྲུལ་པའི་ཕྱིར་རོ། །གསུས་པོ་ཆེ་དེ་ཉིད་ལས་མཉྫུ། གསུས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་ལས་སྐྱེས་ནི་འབྱུང་པོ་འདུལ་བྱེད་ལས། རྡོ་རྗེ་ཞུས་པ་ལས་བསྐྲུན་ཅིང་སྐྱེས་པའི་ཕྱིར་རོ། །རྡོ་རྗེའི་བདག་ནི་ས་འོག་གི་རྒྱུད་ལས། དེ་ཉིད་ཕྱག་ན་རྡོ་རྗེ་བསྣམས་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་ནི་སྙིང་པོ་རྒྱན་གྱི་རྒྱུད་ལས། མཁྲེགས་ཤིང་སྲ་བའི་ཕྱིར་རོ། །མཁའ་འདྲ་བ་ནི་གསང་བ་མཛོད་ཀྱི་རྒྱུད་ལས་འགྱུར་བ་མེད་པའི་ཕྱིར་རོ། །མི་གཡོ་བ་ནི་རྒྱུད་སྒྱུ་འཕྲུལ་འདྲ་བ་ལས། བདུད་ཀྱིས་མི་གཡོ་བའི་ཕྱིར་རོ། །རལ་པ་གཅིག་གིས་བསྒྱིངས་པ་ནི་རྡོ་རྗེ་ཅོད་པན་ལས། དེ་ཉིད་ལས་རལ་པ་ཐམས་ཅད་གཅིག་ཏུ་བཅིངས་ཤིང་སྒེག་པའི་ཕྱིར་རོ། །གླང་ཆེན་ཀོ་རློན་གོས་སུ་གོན་པ་ནི་འཁོར་ལོ་སྡོམ་པ་ལས་ཕྱག་གཉིས་ཀྱིས་གླང་ཆེན་གྱི་པགས་པ་འཛིན་པའི་ཕྱིར་རོ། །དྲག་ཆེན་ནི་རྣམ་པར་རྒྱལ་བའི་རྒྱུད་ལས་མ་རུངས་པ་འདུལ་བའི་ཁྲོ་བའི་ཕྱིར་རོ། །ཧ་ཧ་ཞེས་སྒྲོགས་པ་ནི་དེ་ཉིད་ལས་རྒྱུན་མི་འཆད་པར་སྒྲོགས་པའི་ཕྱིར་རོ། །དེ་ཡན་ཆད་རྡོ་རྗེའི་རིགས་ཀྱི་མཚན་བཅུ་བཞིའོ། །ཧི་ཧི་ཞེས་སྒྲོགས་ནི་ཟླ་གསང་ལས་རྒྱུན་མི་འཆད་པའི་


DTG064_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འཇིགས་པར་བྱེད་པ་ནི་ཀུན་ནས་བཏུས་པ་ལས་འཇིགས་པའི་གཟུགས་དུ་མར་སྤྲུལ་པའི་ཕྱིར་རོ། །གད་མོ་ཆེན་མོ་ནི་གསང་བ་བཀོད་པའི་རྒྱུད་ལས་གད་མོའི་མིང་ཨཊྚ་ཧ་ས་ཞེས་པ། ཨོཾ་དང་ཧཱུཾ་གི་བར་དུ་བཅུག་ན་དུག་འཕྲོག་པའི་ཕྱིར་རོ། །གད་རྒྱངས་ཅན་ནི་དེ་ཉིད་ལས་གད་རྒྱངས་ཀྱི་མཐར་རིང་བའི་ཕྱིར་རོ། །རྡོ་རྗེ་གད་མོ་ནི་དེ་ཉིད་ལས་གཉིས་མེད་ཀྱི་གད་མོའི་ཕྱིར་རོ། །ཆེར་སྒྲོགས་ནི་དེ་ལས་འཇིག་རྟེན་གསུམ་གང་བར་སྒྲོགས་པའོ། །རྡོ་རྗེ་སེམས་དཔའ་ནི་དཔལ་མཆོག་ལས་ཐམས་ཅད་ཀྱི་དབུགས་འདོན་པའི་ཕྱིར་རོ། །སེམས་དཔའ་ཆེན་པོ་ནི་གསང་འདུས་ལས། དམ་ཚིག་ཆེན་པོ་འཛིན་པའི་ཕྱིར་རམ་མཉམ་པ་ཉིད་འཛིན་པའི་ཕྱིར་རོ། །རྡོ་རྗེ་རྒྱལ་པོ་ནི་གསང་བ་མཛོད་ཀྱི་རྒྱུད་ལས། རྡོ་རྗེ་ནི་གཉིས་མེད་དེ་ཉིད་ལ་རྒྱལ་པོ་ཞེས་བྱའོ། །བདེ་བ་ཆེན་པོ་ནི་དཔལ་མཆོག་ལས། ཟག་མེད་ཀྱི་བདེ་བ་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་དྲག་པོ་ནི་རྡོ་རྗེ་གསང་བ་རྒྱན་གྱི་རྒྱུད་ལས། མཐུ་མྱུར་བའི་ཕྱིར་རོ། །དགའ་བ་ཆེན་པོ་ནི་རྡོ་རྗེ་གསང་བའི་ཐིག་ལེ་ལས། ཟག་མེད་ཀྱི་བདེ་བ་དང་ལྡན་དགའ་བ་ཡང་ཆེན་པོའོ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས་པ་ནི་སཾ་གྲ་ཧ་ལས། ཧཱུཾ་མཛད་རྒྱུན་དུ་སྒྲོགས་པ་སྟེ་སུམྦྷ་ནི་ཧཱུཾ་བཞི་པའོ། །མཚོན་དུ་རྡོ་རྗེ་མངའ་ཐོགས་པ་ནི་དམ་ཚིག་ཆེན་པོ་ལས། གོང་མ་གཉིས་ཀྱིས་ཉོན་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་རོ། །དེ་ཡན་ཆད་རིན་ཆེན་རིགས་ཀྱི་མཚན་བཅུ་བཞིའོ། །རྡོ་རྗེ་རལ་གྲི་ནི་སྒྱུ་འཕྲུལ་དྲ་བ་ལས། རྡོ་རྗེ་དང་རལ་གྲི་ཐོགས་པའི་ཕྱིར་རོ། །མ་ལུས་གཅོད་པ་ནི་དེ་ཉིད་ལས་གོང་མ་གཉིས་ཀྱིས་ཉོན་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་རོ། །རྡོ་རྗེ་ཀུན་འཆད་ནི་བྱང་ཆུབ་པ་ལས། ཀུན་གྱི་རྒྱ་གྲམ་འཆང་བའི་ཕྱིར་རོ། །རྡོ་རྗེ་ཅན་ནི་དེ་ཉིད་ལས། རྡོ་རྗེ་དྲ་བའི་ཡེ་ཤེས་ཅན་ནོ། །རྡོ་རྗེ་གཅིག་པ་ནི་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས། ཟབ་པ་དང་རྒྱ་ཆེ་བ་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གཡུལ་སེལ་བ་ནི་ཁམས་གསུམ་རྣམ་རྒྱལ་ལས། ཉོན་མོངས་པའི་གཡུལ་འཇོམས་པའི་ཕྱིར་རོ། །རྡོ་རྗེ་འབར་བ་མིག་མི་བཟད་ནི་འཇིགས་བྱེད་ལས་རྡོ་རྗེ་


DTG064_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་དང་འདྲ་བའི་མིག་མི་བཟད་པའི་འོད་ཡོད་པའི་ཕྱིར་རོ། །སྐྲ་ཡང་རྡོ་རྗེ་འབར་བ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དེ་དང་འདྲ་བའི་སྐྲ་མང་བའི་ཕྱིར་རོ། །རྡོ་རྗེ་འབེབས་པ་ནི་ཡེ་ཤེས་འབེབས་པའི་ཕྱིར་རོ། །འབེབས་པ་ཆེ་བ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་པས་སོ། །མིག་བརྒྱ་པ་ནི་དེ་ཉིད་ལས་མིག་བརྒྱ་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་མིག་ནི་རྡོ་རྗེ་དང་འདྲ་བའི་སྤྱན་གྱི་ཕྱིར་རོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཞེས་པ་ནི་རྡོ་རྗེ་རྒྱན་གྱི་རྒྱུད་ལས་རྡོ་རྗེ་བ་སྤུ་འཁྱིལ་པའི་ཕྱིར་རོ། །རྡོ་རྗེའི་སྤུ་ནི་གཅིག་པུ་ལུས་ནི་དེ་ཉིད་ལས་གཉིས་མེད་གཅིག་པུའི་ཡེ་ཤེས་ཀྱི་རྟགས་རྡོ་རྗེ་བ་སྤུའམ་ལུས་པོ་དང་ལྡན་པའི་ཕྱིར་ཏེ། དེས་ནི་པདྨའི་རིགས་ཀྱི་མཚན་བཅུ་བཞིའོ། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ་ནི་སེན་མོ་རྡོ་རྗེ་དང་འདྲ་བའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་པ་ནི་རྡོ་རྗེ་དང་འདྲ་བར་སྲ་བའི་ཕྱིར་རོ། །རྡོ་རྗེ་ཕྲེང་ཐོགས་ནི་རྡོ་རྗེའི་ཕྲེང་བ་ཐོགས་པའི་ཕྱིར་རོ། །དཔལ་དང་ལྡན་པ་ནི་ཕུན་སུམ་ཚོགས་པ་དྲུག་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་རྒྱན་གྱིས་བརྒྱན་ཏེ། དེ་རྣམས་ནི་རྣམ་པར་རྒྱལ་བའི་རྒྱུད་ལས་གྲགས་སོ། །གང་རྒྱངས་ཧ་ཧ་ཞེས་པ་དཔུང་བཟངས་ཀྱི་རྒྱུད་ལས་གྲགས་པའོ། །ངེས་པར་སྒྲོགས་པ་ནི་ངེས་པར་གྲུབ་པ་ལས་སྒྲ་དང་བྲལ་བར་བསྒྲགས་པའི་ཕྱིར་རོ། །ཡི་གེ་དྲུག་པ་ནི་ཨ་ར་པ་ཙ་ནཱ་མཿཞེས་ཡི་གེ་དྲུག་པ་དམ་ཚིག་གི་རྒྱུད་ལས་གྲགས་སོ། །རྡོ་རྗེའི་སྒྲ་ནི་ཡོ་གའི་རྒྱུད་ཆེན་པོ་ལས་ཐིག་གི་སྒྲ་ལྟ་བུའི་ཕྱིར་རོ། །འཇམ་དབྱངས་ཆེན་པོ་དེ་ཉིད་ལས་འཇམ་ཞིང་དབྱངས་དང་ལྡན་པ་སྟེ་ཟབ་པ་དང་རྒྱ་ཆེ་བའི་ཕྱིར་རོ། །སྒྲ་ཆེ་བ་ནི་དམ་ཚིག་རྒྱན་གྱི་རྒྱུད་ལས་གྲགས་སོ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ་ནི་རྣམ་པར་རྒྱལ་བའི་རྒྱུད་ལས། ས་འོག་ས་བླ་ས་སྟེངས་གསུམ་གཉིས་མེད་དུ་གཅིག་དེའི་སྒྲ་བསྒྲགས་པའི་ཕྱིར་རོ། །ནམ་མཁའི་མཐའ་ལས་སྒྲ་སྒྲོགས་པ་ནི། དེ་ཉིད་ལས་ཤཱཀ་ཐུབ་ཀྱིས་གཤིན་རྗེ་གཤེད་ལ་བཀའ་སྩལ་ཏེ། མཚན་བརྗོད་བཤད་པའི་ཚེ་ནམ་མཁའི་མཐའ་ཐམས་ཅད་དུ་ཐོས་པའི་སྒྲ་གཤིན་རྗེ་གཤེད་ཀྱིས་བསྒྲགས་པའི་ཕྱིར་རོ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ནི་བཅོམ་ལྡན་འདས་


DTG064_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྒྲ་དང་ལྡན་ནོ། །ཡེ་ཤེས་ཀྱི་སྤྱོད་པའི་དོན་དུ་འཇིག་རྟེན་གསུམ་འདུལ་བ་སྟེ། དེ་ཡང་རྗེ་བཙུན་འཇམ་དཔལ་ཉིད་ཡིན་ནོ། །དེ་ཡན་ཆད་ཀྱིས་རྡོ་རྗེ་རིགས་ཀྱི་ལས་ཀྱི་རིགས་མཚན་བཅུ་བཞི་སྟེ། དེ་ལྟར་ན་ཚིགས་བཅད་ནི་གཅིག་ལྷག་པའི་བཅུ་ཐམ་པ་མཚན་བདུན་ཅུ་རྩ་གཅིག་སྟེ་ལེའུ་བདུན་པ་རྫོགས་སོ། །།།ཡང་དག་བདག་མེད་ཅེས་པ་རྗེ་བཙུན་འཇམ་དཔལ་ལ་ཡང་དག་བྱ་བ་ལ་སོགས་པ་ནི་མཚན་ནས་བོད་དེ། ཅིའི་ཕྱིར་རྗེ་བཙུན་འཇམ་དཔལ་ལ་དེ་སྐད་བྱ་བ་ལ་སོགས་པའི་མཚན་ནས་བོད་ཅེ་ན། བདེན་པ་དང་དེ་བཞིན་ཉིད་དང༌། རྟོག་པ་མེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ཀ་ན་ལ། ཡེ་ཤེས་ན་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ། ཡང་དག་མཐའ་སྟེ་ཡི་གེ་མེད་པ་ནི་གཉིས་མེད་ལ་ཡི་གེ་མཚོན་དུ་མེད་དེ། ཡེ་ཤེས་ན་ཆོས་ཀྱི་དབྱིངས་སོ། །ཡེ་ཤེས་ལྔ་པོ་དེ་ཡང་རྗེ་བཙུན་ཉིད་ཡིན་ནོ། །སྟོང་ཉིད་སྨྲ་བའི་ཞེས་པ་རྗེ་བཙུན་དེ་ནི་སྒྲ་མེད་སྒྲའི་བདག་ཉིད་དུ་ཡོད་དེ། དེ་ཡང་སྟོང་པ་ཉིད་གསུམ་གྱི་བདག་ཉིད་དུ་ཡོད་དོ། །ཀུན་བརྟགས་ཀྱི་སྟོང་པའི་ངོས་ནས་དངོས་པོ་མེད་པའི་སྟོང་པ་ཉིད་གཞན་དབང་རྣམ་རྟོག་གིས་སྟོང་ཞིང་དེ་མེད་པའི་ངོས་ནས་དངོས་པོ་མ་ཡིན་པའི་སྟོང་པ་ཉིད་ངོ་བོ་གཉུག་མ་མ་བཅོས་པ་ཡོངས་གྲུབ་ཏུ་འདུག་པའི་ངོས་ནས་རང་བཞིན་སྟོང་པ་ཉིད་དེ། དེ་ཉིད་ལ་གཙོ་བོ་ཞེས་བྱ་ཁྱུ་མཆོག་ཅེས་བྱའོ། །ཟབ་ཅིང་ཞེས་པ་སྟོང་པ་ཉིད་དེ་གཟུང་འཛིན་གྱིས་སྟོང༌། རྟོགས་པར་དཀའ། ཅི་ཡང་མེད་པའི་ཕྱིར་རོ། །རྒྱ་ཆེ་བ་ནི་དེ་ཉིད་སྣ་ཚོགས་སུ་ཤར་རོ། །དེ་ཉིད་ཟུང་དུ་འབྲེལ་བའི་གཉིས་མེད་ཀྱི་སྒྲ་རྗེ་བཙུན་སྒྲོགས་ཏེ། མུ་སྟེགས། ཉན་ཐོས། རང་རྒྱལ། སྒྱུ་མ་གཉིས་མེད་ལ་སོགས་པའི་ལྟ་བ་ཟིལ་གྱིས་གནོན་ནོ། །དེ་ཡང་སྐད་ཅིག་མས་སྒྱུ་མ་གཉིས་མེད་ཟིལ་གྱིས་གནོན་ལ། ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་གྱི་ལུགས་ཁས་ལེན་པས་ཉན་ཐོས་དང༌། རྣམ་མེད་ཟིལ་གྱིས་གནོན་ནོ། །ཆོས་ཀྱི་དུང་ཆེན་ནི་བྱང་ཆུབ་སེམས་དཔའ་དོན་གྲུབ་དགའ་ལྡན་ནས་འཛམ་བུའི་གླིང་དུ་གཟིགས་པ་གསུམ་ལ་གཟིགས་ནས་རྒྱལ་ཚབ་ཏུ་རྒྱལ་བ་བྱམས་པ་དབུ་རྒྱན་གྱི་དབང་བསྐུར་ནས། སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་


DTG064_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས་པའི་ཚེ་འཇམ་དཔལ་གྱིས་ཆོས་ཀྱི་དུང་གི་སྒྲ་བསྒྲགས་ཏེ། འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་ཆོས་འབྱུང་བར་འགྱུར་རོ་ཞེས་སྟོང་གི་འཇིག་རྟེན་དུ་གྲགས་པས་ཆེ་བ་ཡང་ཡིན་ནོ། །ཆོས་ཀྱི་གཎྜཱི་ཞེས་པ། བཅོམ་ལྡན་འདས་ཀྱིས་བདུད་བཞི་འདུལ་ནས་ཟད་པ་དང་མི་སྐྱེ་བ་མངོན་དུ་མཛད་དེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐུགས་ཁྲལ་ཆུང་བར་བཞུགས་པ་ལ་ཚངས་བས་ཞུ་ཡོན་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་གསོལ་བ་བཏབ་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་གདུགས་ཕུལ། ལྷའི་བུ་བྱེ་བ་དུང་ཕྱུར་གྱིས་བསིལ་གཡབ་ཀྱིས་གཡོབ་ཅིང་བཱ་རཱ་ཎ་སཱིར་བྱོན་ནས། བཅོམ་ལྡན་འདས་མཉམ་པ་ཉིད་ལ་བཞུགས་ནས་དེའི་བར་དུ་འཁོར་གྱིས་ནས་ཚངས་པས་གཎྜཱིའི་སྒྲས་འཁོར་བསྡུས་ནས་དེ་ཡང་རྗེ་བཙུན་གྱི་སྤྲུལ་པའོ། །ཕྱོགས་བཅུ་ཞེས་པ་ཐམས་ཅད་དུ་ཐོས་པའི་ཆོས་སྒྲོགས་པ་ནི་རྔ་ཆེན་ཏེ་དེ་ཡང་འཇམ་དཔལ་ལོ། །གཟུགས་མེད་ནི་ཆོས་སྐུ་སྟེ་ངོ་བོར་མ་གྲུབ་པའི་ཕྱིར་རོ། །གཟུགས་བཟང་ནི་ལོངས་སྐུ་སྟེ། གནས་སྟོན་པ། འཁོར་ཆོས། ཁྱད་པར་ཅན་གྱི་གཟུགས་རྐྱེན་གྱིས་སྣང་བའི་ཕྱིར་རོ། །དམ་པ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། བཙལ་ན་ཅིར་ཡང་མི་རྙེད་དེ་སྟོང་པ་ཉིད་ཀྱི་ཕྱིར་རོ། །སྣ་ཚོགས་གཟུགས་ཅན་ནི་སྤྲུལ་སྐུ་སྟེ། གདུལ་བྱ་ལ་སྣ་ཚོགས་པའི་གཟུགས་ཡིན་པའི་ཕྱིར་རོ། །ཡིད་ལས་སྐྱེས་རྣམ་སྨིན་གྱི་སྐུ་དེ་ཡེ་ཤེས་དེ་ཉིད་དང༌། དེར་མི་འདྲ་བར་སྨིན་པའི་ཕྱིར་རོ། །དེ་ལྟ་བུའི་སྐུ་ལྔ་པོ་དེ་ཡང་རྗེ་བཙུན་ནོ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ཞེས་པ་ནི་སྤྱི་དུམ་བུ་བཞི་སྟེ། གོང་དུ་ཆོས་ཀྱི་དབྱིངས་དུམ་བུ་དང༌། ཁམས་གསུམ་རྣམ་རྒྱལ། རྡོ་རྗེ་རིགས་ཀྱི་དུམ་བུ་གཉིས་བསྟན། འོག་ནས་རིན་ཆེན་རིགས་དང་དོན་ཐམས་ཅད་གྲུབ་པའི་དུམ་བུ་སྟོན། པདྨའི་རིགས་འདི་ནི་འགྲོ་བ་འདུལ་བའི་དུམ་བུ་ཞེས་བྱ་སྟེ་སྣ་ཚོགས་སུ་སྣང། སྣང་ཙམ་ན་གཞི་ཅིར་ཡང་མ་གྲུབ་པས་གཟུགས་བརྙན་ཏེ་དེ་འཆར་བ་ཡང་རྗེ་བཙུན་ནོ། །དེ་ལྟ་བུའི་རྗེ་བཙུན་དེ་གཞན་གྱིས་མཚུངས་པ་མེད་ཅིང་བསོད་ནམས་ཀྱི་ཕུང་པོ་ཆེ་བར་ཡང་གྲགས་སོ་ཞེའོ། །དེ་ནི་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོ་ཞེས་ཀྱང་བྱའོ། །འཕགས་


DTG064_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལམ་ཐམས་ཅད་སྟོན་ཅིང་མཐོང་བའི་ཕྱིར་ཏེ། ལམ་དེ་ཡང་གང་ཞེ་ན། ལམ་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུའོ། །དེ་ལ་ནི་རྗེ་བཙུན་དེ་གྲགས་སོ་ཞེའོ། །ཐར་པ་ཞེས་པ་དེ་ལས་ཐར་དེར་གྱུར་སོན་ཞེས་པའི་དོན་ཏོ། །དེས་ན། ཆོས་ཀྱི་ཏོག་དང་རྒྱལ་མཚན་པ། །ཞེས་བྱའོ། །གཉེས་མེད་ཀྱི་འཇམ་དཔལ་དེ་ཉིད་ལྷ་ལ་སོགས་པ་འཇིག་རྟེན་གསུམ་ན་གཞོན་ལུས་གདུལ་བ་ལ་སོགས་གཞོན་ནུར་རོ། །ཉན་ཐོས་ཀྱིས་འདུལ་བ་ལ་ཡང་ཉན་ཐོས་སྡེ་བཞིའི་འཁོར་ན་གནས་བརྟན་ཆེན་པོའི་གཟུགས་ཀྱིས་ཆོས་སྟོན། རང་རྒྱལ་གྱིས་འདུལ་བ་ལ་རང་རྒྱལ་རྒན་པོ་དང༌། སོ་སོའི་སྐྱེ་བོ་དང༌། བྱང་ཆུབ་སེམས་དཔས་འདུལ་བ་ལ་རི་བོང་ལ་སོགས་པའི་སྐྱེས་རབས་སམ། སྐྱེ་དགུ་འདུལ་བའི་དེ་ཐམས་ཅད་ཀྱི་ཇོ་བོའམ་བདག་པོར་གྱུར་པ་ནི་རྗེ་བཙུན་ནོ། །དེ་དང་དེས་འདུལ་བ་ལ་དེ་དང་དེའི་སློབ་དཔོན་མཛད་པ་དེ་མི་རིགས་སྙམ་པ་ལ། ཅིར་སྣང་ཡང་གཞི་མ་གྲུབ་པའམ་མ་ངེས་པའི་ཕྱིར་རོ། །འོ་ན་སངས་རྒྱས་ཀྱིས་སློབ་དཔོན་མི་མཛད་དམ་སྙམ་པ་ལ། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་གསུངས་ཏེ། ཞབས་འཁོར་ལོའི་མཚན་དང་ལྡན་པ་ནས། བའི་རྫི་མ་ལྟ་བུའི་བར་དུ་སུམ་ཅུ་རྩ་གཉིས་ནི་གཙོ་བོ་ལ་དཔེ་བྱད་ཀྱིས་བསྐོར་བའི་སྐུ་འཆང་བ་ཡང་རྗེ་བཙུན་ནོ། །དེ་ལ་མཚན་དཔེ་ལ་ཡང་འཇིག་རྟེན་པ་དང་འདས་པའོ། །དེ་ལ་འཇིག་རྟེན་པའི་མཚན་དཔེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡང་མངའ་ལ། འདས་པ་ནི་སངས་རྒྱས་ལ་མངའ་བ་དེའོ། །འོ་ན་ཁྱད་ཅི་ཡོད་ཅེ་ན། ཐུབ་མཚན་ཡུལ་ལ་གནས་པ་ནི། །གསལ་བ་རྫོགས་པས་འཕགས་པ་ཡིན། །ཞེས་གསུངས་ཏེ། ཐུབ་པ་སངས་རྒྱས་རྣམས་ཀྱི་མཚན་ནི་ཡུལ་ན་བརྟན་པར་གནས་པ་དང༌། གསལ་བ་དང་རྫོགས་པ་ཡིན་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་ན་མི་གནས་ཏེ། ཡོ་བ་དང༌། མི་གསལ་བ་དང༌། མ་རྫོགས་པའི་ཁྱད་ཡོད་དོ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་འཇིག་རྟེན་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་མངོན་བར་འདོད་པར་བྱ་བའམ། ལྟ་བས་མི་ངོམས་ཤིང་ཆོག་མི་ཤེས་


DTG064_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྡུག་ཅིང་མཛེས་པའོ། །འོ་ན་དེ་འཇིག་རྟེན་པའི་སློབ་དཔོན་མི་བྱེད་དམ་ཞེ་ན། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་པ་ནས་མར་གསུངས་ཏེ། འཇིག་རྟེན་པའི་ཤེས་ལེགས་ནི་ཡོན་ཏན་ཏེ། སྐལ་བ་དང་ཇི་ལྟར་འཚམ་པ་བཞིན་དུ་བཟོ་དང་ཐབས་ལ་སོགས་པ་ཐམས་ཅད་ཀྱི་སློབ་དཔོན་མཛད་དེ། མཉྫུའི་བྱིན་རླབས་ཡིན་པའི་ཕྱིར་རོ། །འོ་ན་དེ་ཉེས་སྐྱོན་ཅན་དུ་མི་འགྲོའམ་སྙམ་པ་ལ། འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་གསུངས་ཏེ། སྦྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ཀྱང་དེ་ལ་སྙམ་པའམ། དོན་བྱེད་ཀྱང་ཆགས་པ་མེད་དེ་པདྨ་བཞིན་ནོ། །མན་ངག་ཏུ་ནི་སློབ་དཔོན་མཚན་ཉིད་དང་ལྡན་ཡང་འདི་ཉིད་ཀྱིས་མཚོན་ལ་ལྟ་བ་རྟོགས་པའི་རྣལ་འབྱོར་པས་ནི་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་སློབ་དཔོན་བྱེད་ཅིང་འདུལ་ལ་སྐྱེ་མེད་ཀྱི་གསལ་འདེབས་པས་གསལ་བྱེད་ཀྱི་རྒྱུན་དུ་ཡང་འདུག་སྟེ། སྣང་བ་ཐབས་ལ་བརྟེན་ནས་སྟོང་པ་ཤེས་རབ་རྟོགས་པར་བྱེད་དོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་མི་མཐུན་པའི་འཇིགས་པ་ཡང་མེད་དོ། །དེའི་ཕྱིར་རྗེ་བཙུན་དེ་ནི་མགོན་སྐྱབས་ཞེས་བྱའོ། །སྟོང་པ་སྐྱེ་མེད་རྟོགས་ན་ང་རྒྱལ་ལ་སོགས་པའི་བྲག་འཇོམས་པའི་ཕྱིར་ཡིད་གཅུགས་པ་ཞེས་བྱའོ། །དེའི་ཕྱིར་དེ་ལ་ནི་སྐྱབས་དང་བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་རྒྱུན་མི་གཅོད་པའི་ཕྱིར་སྐྱོབ་པ་དང་ཡེ་ཤེས་ཆེན་པོ་ཐོབ་པའི་ཕྱིར་བླ་ན་མེད་ཅེས་བྱའོ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཞེས་བྱ་བས་ནི་ནམ་མཁའ་དང་འདྲ་བའི་ཟབ་མོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་ལེགས་པར་གནས་ཤིང་ལོངས་སྤྱོད་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་ཤིན་ཏུ་ཡངས་པའི་ཡེ་ཤེས་མངའ་བའི་ཕྱིར་རོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་བྱ་བ་ནི་བྱའི་རྒྱུ་སྒོ་ངའི་སྦུབས་ཡིན་པ་བཞིན། རིགས་དྲུག་ནི་སེམས་ཅན་ཐམས་ཅད་ཀྱི་བྱེད་རྒྱུ་ཡང་མ་རིག་པ་དེ་སྒོ་ངའི་སྦུབས་དང་འདྲ་བ་ལ་འདུ་བྱེད་འཇོམས་པ་ནི་འཇམ་དཔལ་ལོ། །སྲིད་པ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་ཉིད་ལས་མི་ཐར་བའི་ཕྱིར་དྲ་བ་ཅན་དེ་ཡང་དག་པའི་དོན་བསྒོམས་པས་ཉོན་མོངས་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །ཉོན་མོངས་མ་ལུས་ཞེས་


DTG064_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། རྒ་ཤིའི་བར་གྱི་རྟེན་འབྲེལ་ཉོན་མོངས་པ་དེ་རྗེ་བཙུན་གྱིས་ཞི་བར་བྱེད་དོ། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །ཞེས་པ་ནི་མྱ་ངན་ལས་འདས་པའི་སྐམ་སར་ཕྱིན་པ་ནི་རྗེ་བཙུན་ནོ། །ཡེ་ཤེས་དབང་བསྐུར་ཞེས་པ་ནི་ཀུན་དུ་བཟད་པོའི་ཡེ་ཤེས་ལ། དེ་དབང་བསྐུར་བའི་དབུ་རྒྱན་དང་ལྡན་པའོ། །དབུ་རྒྱན་དེ་ཡང་རྫོགས་པའི་སངས་རྒྱས་ཏེ། རིགས་ལྔ་རྒྱན་དུ་ཐོགས་པ་ཡང་རྗེ་བཙུན་ནོ། །མན་ངག་ཏུ་འདིས་སློབ་མ་དབང་བསྐུར་བ་མཚོན་ཏེ། ཡེ་ཤེས་དབང་ནི་རིགས་པའི་དབང་ལྔའོ། །ཅོད་པན་ནི་དར་དཔྱངས་སོ། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་པ་ནི་དབུ་རྒྱན་རིགས་ལྔས་དབང་བསྐུར་བ་དེ་བཀར་ཏེ་བསྟན་པའོ། །ཡེ་ཤེས་ལྔ་བསྐྱེད་ཅིང་བཞག་པ་དང་མ་རིག་པ་ལྔ་འཁྱུད་པའི་ཕྱིར་དབང་པོའོ། །སྡུག་བསྔལ་གསུམ་གྱིས་ཞེས་པ་སྡུག་བསྔལ་གྱི་སྡུག་བསྔལ་དམྱལ་བ་དང་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཏེ་མིང་དང་མཚན་ཉིད་ཀྱི་སྡུག་བསྔལ་སྐྱེ་རྒན་འཆི་སྟེ། འབྲས་བུ་སྡུག་བསྔལ་གྱི་བདེན་པ་སྟེ་དེ་ཡང་རྗེ་བཙུན་ནོ། །སྡུག་བསྔལ་ནི་ཀུན་འབྱུང་ལ་བྱ་སྟེ། འབྲས་བུ་སྡུག་བསྔལ་བསྐྱེད་པའི་ཕྱིར་འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། །ཞི་བ་ནི་འགོག་པ་ལ་བྱ་སྟེ། རྒྱུ་འབྲས་ཀྱི་སྡུག་བསྔལ་གོང་མ་གཉིས་ཞི་བ་སྟེ་དེ་ཡང་འཇམ་དཔལ་ལོ། །གསུམ་སེལ་ནི་གོང་གི་བདེན་པ་སྡུག་བསྔལ་ལམ་གྱི་བདེན་པས་སེལ་ལོ། །མཐའ་ཡས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་བྱ་སྟེ། གླང་པོ་ཆེས་སྲུང་གིས་ཐེག་ཚད་ཀྱི་སྣག་ཚས་བྲིས་པའི་ཆོས་ལ་བྱ། གསུང་དེ་ཡང་རྗེ་བཙུན་ནོ། །གྲོལ་གསུམ་ནི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་རྣམ་གྲོལ་གསུམ་སྟེ། དེ་ཐོབ་པ་ཡང་རྗེ་བཙུན་ནོ། །སྒྲིབ་པ་ནི་ཉོན་མོངས་པའི་སྒྲིབ་པ་སྟེ། སྡུག་བསྔལ་ལས་ཀྱི་སྒྲིབ་པ་སྟེ། མཚམས་མེད་པའི་ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་དེ་དམྱལ་བ་དང༌། ཤེས་བྱའི་སྒྲིབ་པ་དེ་དངོས་པོ་གནས་ཐབས་དང་འགལ་བའི་ལྟ་བ་དང་སྙེམས་པར་འཇུག་པའི་ལྟ་བ་སྟེ། ཞི་གནས་ཤས་ཆེ་བའམ། ལྷ་ཚེ་རིང་པོ་དེ་རྣམས་ལས་གྲོལ་བ་ནི་རྗེ་བཙུན་ནོ། །དེ་རྣམས་ལས་གྲོལ་བ་ཉིད་


DTG064_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཤེའོ། །ཉོན་མོངས་དྲི་མ་ནི་རྩ་བའི་ཉོན་མོངས་པ་དྲུག །ཉེ་བའི་ཉོན་མོངས་ཉི་ཤུ་སྟེ། རྩ་དྲུག་པོ་དེ་ལས་རྗེ་བཙུན་འདས་ཤིང་བྲལ་བ་སྟེ། དེ་ཡན་ཆད་པདྨའི་རིགས་ཀྱི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་ང་བཞི་དུས་གསུམ་ཡར་བཏགས་པས་ང་ལྔའོ། །དུས་གསུམ་ནི་རང་གི་བྱང་ཆུབ་ཀྱི་སེམས་ཉིད་དུ་སྣང་ལ། དུས་མེད་པ་ནི་འདས་པ་འགགས་ཏེ་མེད། ད་ལྟར་མི་གནས་ཏེ་མེད། མ་འོངས་པ་མ་སྐྱེས་ཏེ་མེད། དེ་ལྟར་དུས་གསུམ་ཤེས་བྱ་རང་གི་མཚན་ཉིད་ལ་མེད་དོ། །གལ་ཏེ་རྒྱུ་ཡོད་པ་ལས་སྐྱེའམ་མེད་པ་ལས་སྐྱེ། ཡོད་པ་ལས་སྐྱེ་ན་བདག་ལས་སྐྱེའམ་གཞན་ལས་སྐྱེ། བདག་ལས་སྐྱེ་ན་རྒྱུ་འབྲས་དུས་མཉམ་པས་སྐྱེ་བ་མི་རུང༌། གཞན་ལས་སྐྱེ་ན་རྒྱུ་མཐུན་པ་ལས་སྐྱེའམ་མི་མཐུན་པ་ལས་སྐྱེ། མཐུན་པ་ལས་སྐྱེ་ན་ཕན་འདོགས་ནས་སྐྱེའམ་ཕན་མི་འདོགས་པ་ལས་སྐྱེ། ཕན་འདོགས་པ་ལས་སྐྱེ་ན་རྒྱུ་ཡོད་ཙམ་ན་འབྲས་བུ་མེད། འབྲས་བུ་ཡོད་ཙམ་ན་རྒྱུ་འགགས་ཏེ་དེ་མེད་དེས་ཕན་མི་ཐོགས་སོ། །དེ་ལྟར་དུས་གསུམ་མེད་པར་རྟོགས་པ་ཡང་རྗེ་བཙུན་ནོ། །དེས་རྟོགས་པ་ཁྱད་པར་ཅན་རྙེད་པས་སེམས་ཅན་ཀུན་གྱི་གཙོ་བོ་ཞེས་བྱའོ། །ཡོན་ཏན་ནི་འཇིག་རྟེན་པའི་ཡོན་ཏན་ནོ། །ཐོད་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཏེ། འཇིག་རྟེན་པའི་ཡོན་ཏན་དེ་བས་མཛེས་པ་དེ་ནི་རིན་པོ་ཆེའི་ཐོད་དང་འདྲ་ལ། དེའི་ཐོད་དུ་གྱུར་པ་ནི་རྗེ་བཙུན་གྱི་ཡོན་ཏན་ཏེ། མེ་ཏོག་གི་ཐོད་ཀྱིས་རིན་པོ་ཆེའི་ཐོད་ལ་བརྒྱན་ན་མཛེས་པ་བཞིན་ནོ། །ལུས་ཀུན་ལས་ནི་རྣམ་གྲོལ་ཞེས་པ་ལུས་ནི་ཆོས་ཀྱི་ལུས་ཏེ། དགེ་བཅུ་ལས་གྲུབ་པ་ལྷའི་ལུས་དང་ནོར་གྱི་ལུས་ནི་ཕྱུག་པོ་ལྟ་བུ་སྦྱིན་པ་ལས་གྲུབ་པའི་མི་ལུས་དང༌། འདོད་པའི་ལུས་ཏེ་དུད་འགྲོ་དང༌། འཇིགས་པའི་ལུས་ཏེ་ཡི་དགས་དང༌། དམྱལ་བདེ་ཀུན་ལ་མི་འཇིགས་ཤིང་མི་འགྱུར་བས་རྗེ་བཙུན་ནི་དེ་རྣམས་ལས་གྲོལ་བ་ཞེས་བྱའོ། །ནམ་མཁའི་མཐའ་ལ་རབ་གནས་པ། །ཞེས་པ་སྐྱེ་མེད་ཀྱིས་རྟོགས་པ་དང་ལྡན་པས་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ནི་ནམ་མཁའ་སྒོམ་ལ། ནམ་མཁའ་ནི་ཤེས་རབ་བསྒོམ་པ་སྟེ། ཤེས་རབ་ཕ་རོལ་ཕྱིན་པ་


DTG064_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་ཐམས་ཅད་སྒོམ་པ་རྣམ་པར་བསྒོམ་པ་ནི་ནམ་མཁའ་སྒོམ་པའོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ནི་ནམ་མཁའ་ལམ་དུ་ཁྱེར་རོ། །ཡིད་བཞིན་ནོར་བུ་ཞེས་པ་ནས་མར་གོང་གི་ནམ་མཁའ་ལམ་དུ་ཁྱེར་བ་རྟོགས་པའི་ཕན་ཡོན་དུ་བཤད་པ་དང༌། རྗེ་བཙུན་ཉིད་ལ་ཡིད་བཞིན་ནོར་བུ་དང༌། དཔག་བསམ་ཤིང་དང༌། བུམ་པ་བཟང་པོ་ཞེས་བརྗོད་པ་དང༌། ཡང་ན་ཕྱི་རོལ་རིན་པོ་ཆེ་དང༌། དཔག་བསམ་དང༌། བུམ་པར་ཡང་རྗེ་བཙུན་སྤྲུལ་ནས་གཞན་དོན་བྱེད་ཅེས་བྱ་བ་ལུགས་གསུམ་དུ་ཤེས་པར་བྱའོ། །ཡང་དམ་ཚིག་འདི་རྣམས་ཀྱི་མན་ངག་ཏུ་ནོར་ལྷ་ཨཱཪྻ་ཛམྦྷ་ལ་མཆོད་པ་ཡང་ཟིན་པར་ཤེས་པར་བྱའོ། །དེ་ལ་ཡིད་བཞིན་ནོར་བུ་ནི་ཅི་འདོད་པའི་དོན་གྲུབ་པར་བྱེད་པ་སྟེ་རྗེ་བཙུན་ནོ། །ཁྱབ་བདག་ནི་དེ་བརྟན་གཡོ་ལ་ཁྱབ་པ་གོང་དུ་བཤད་པ་བཞིན་ནོ། །ཀུན་གྱི་ནི་འདིར་འགྲོ་བ་འདུལ་བའི་དུམ་བུ་ཡིན་པས་ཅིར་ཡང་སྤྲུལ་པ་སྟེ། རིན་པོ་ཆེ་དང་བཀྲེས་སྐོམ་ལ་ཕན་འདོགས་པས་དཔག་བསམ་ཤིང་དང༌། བུམ་པ་བཟང་པོ་དང༌། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །ཕན་འདོགས་པ་ནི་ཚེ་ཕྱི་མའོ། །མཉེས་གཤིན་པ་ནི་བྱམས་པའི་ཕྱིར་རྗེ་བཙུན་ལ་དེ་སྐད་ཅེས་བྱའོ། །བཟང་བ་ནི་དགེ་བ་བཅུ། ངན་པ་ནི་མི་དགེ་བ་དེ་ཡང་དགོས་པའི་དབང་གིས་ཤེས་པའོ། །དུས་ཤེས་པ་ནི་ཏིང་ངེ་འཛིན་ལ་འཇུག་པ་དང་ཆོས་སྟོན་པ་དང༌། སེམས་ཅན་གྱི་དོན་བྱེད་པ་དང༌། བཏང་སྙོམས་སུ་གནས་པ་དང༌། མྱ་ངན་ལས་འདས་པ་གང་གིས་འདུལ་བའི་དུས་ཤེས་བའོ། །ཁྱབ་བདག་ནི་དོན་གོ་བའོ། །དམ་ཤེས་ནི་སྙིང་པོའོ། །སྔགས་ཕྱག་རྒྱ་རྣམས་ནི་དམ་ཚིག་སྟེ་དེ་ཤེས་ལ། དེ་ལས་མི་འདའ་བའི་དམ་ཚིག་དང་རྗེ་བཙུན་ལྡན་ནོ་ཞེའོ། །དུས་ཤེས་པ་ནི་དུས་སུ་སྦྱིན་པ་དང༌། འགྱོད་པ་མེད་པ་དང༌། ཡིད་དུ་འོང་བ་སྦྱིན་པ་དང༌། རྣམ་སྨིན་ལ་མི་རེ་བ་ཤེས་པ་ཡང་རྗེ་བཙུན་ནོ། །སེམས་ཅན་དབང་དོན་ནི་དབང་པོ་རབ་འབྲིང་ཐ་མ་ཤེས་ཤིང་དེ་ལ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་རྣམ་གྲོལ་རྣམ་པ་གསུམ་སྟོན་པས་མཁས་པའོ། །ཡོན་ཏན་ལྡན་པ་ནི་སངས་རྒྱས་ཀྱི་སྐུ་དང༌། ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་པའོ། །


DTG064_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཤེས་པ་ནི་ཕྱིར་རོལ་བུ་སྟེགས་པ་དང༌། ཉན་ཐོས་དང་རང་རྒྱལ་ལ་སོགས་པའི་ཡོན་ཏན་ཤེས་པའོ། །ཆོས་ཤེས་པ་ནི་འཇིག་རྟེན་པའམ་འདས་པའམ། འཁོར་འདས་ཀྱི་ཆོས་ཤེས་པའོ། །བཀྲ་ཤིས་པ་ནི་ཐུན་མོང་མ་ཡིན་པའི་མཚན་དང་ལྡན་པ་ཡང་མཉྫུའོ། །བཀྲ་ཤིས་འབྱུང་བ་ནི་འཇིག་རྟེན་པའི་བཀྲ་ཤིས་པ་ཡང་མཉྫུ་ལས་བྱུང་བའོ། །བཀྲ་ཤིས་ཀུན་གྱི་ནང་ན་ཤིན་ཏུ་ཡང་བཀྲ་ཤིས་པས་མཉྫུའོ། །གྲགས་པ་ཐ་ན་རི་བོང་གི་ལུས་སུ་སྤྲུལ་ནས་ཀྱང་སེམས་ཅན་གྱི་དོན་བྱེད་པའོ། །བཀྲ་ཤིས་ནི་སེམས་རྩེ་གཅིག་ཏུ་ཁྱོད་བསྒོམས་ན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །སྙན་གྲགས་ནི་གོང་གི་སྦྱིན་པ་མཐར་ཕྱིན་པས་བསོད་ནམས་ཀྱི་ཕུང་པོ་སྙན་པར་གྲགས་པས་དེ་སྐད་བྱའོ། །དགེ་བ་ནི་བཅུ་དེ་ཡང་འཇམ་དཔལ་ལོ། །དབུགས་འབྱིན་ཆེན་པོ་ཞེས་པ་ཆགས་སེམས་ཅན་གྱི་སེམས་ཅན་འདོད་ཆགས་ཀྱི་ཚུལ་གྱི་སྒོ་ནས་འཁོར་བ་ལས་དབུགས་འབྱིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །དགའ་སྟོན་ནི་དད་པས་སངས་རྒྱས་མཆོད་པ་ལ་དགའ། ཐུགས་རྗེས་སེམས་ཅན་ལ་སྦྱིན་པ་ལ་དགའ་བས་ཆེའོ། །དགའ་ཆེན་ནི་འཇིག་རྟེན་པའི་སྐལ་བ་ཇི་ལྟར་འཚམ་པའི་གཟུགས་ཀྱིས་བླ་ན་མེད་པའི་ཆོས་སྟོན་དགའ་བར་བྱེད་པའོ། །རོལ་མོ་ནི་ཟག་མེད་ཀྱི་བདེ་བའི་རོལ་མྱང་བ་དང་ལྡན་པས་ཆེའོ། །བཀུར་སྟི་ནི་ཁམས་གསུམ་ན་བཀུར་སྟི་དང་ཕྱག་དང་མཆོད་པའི་འོས་སུ་འདུག་ལ་རིམ་གྲོ་ཡང་དེ་ཉིད་ལ་སོགས་པའི་འབྲས་བུ་རིམ་གྲོའི་གནས་སུ་གྲུབ་པར་བྱེད་པས་དེ་སྐད་བྱའོ། །ཚོགས་ཐམས་ཅད་ཀྱི་རྟེན་དུ་འདུག་པས་ཕུན་སུམ་ཚོགས་པ་ཞེས་བྱའོ། །མཆོག་ཏུ་དགའ་བ་ནི་ས་དང་པོ་ཐོབ་པས་ཞིང་བརྒྱ་སྦྱོང་བ་ལ་སོགས་པའི་ངོ་བོར་འདུག་ལ། ཡང་ན་དགའ་བ་ནི་ཤྲཱི་སྟེ་ལྷ་མོ་ལ་བརྟེན་པའི་བདེ་བ་དང་ཡིད་བདེ་བ་སྐྱེ་བར་གྲགས་པས་མཆོག་ཏུ་དགའ་བ་ཞེའོ། །དེའི་བདག་པོར་ཡང་འཇམ་དཔལ་འགྱུར་རོ། །མཆོག་ལྡན་ནི་གོ་འཕང་གི་འགྲོ་བར་བྱ་བ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་ལྡན་ནོ། །མཆོག་སྦྱིན་ནི་གདུལ་བྱའི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའོ། །གཙོ་བོ་ནི་མུ་སྟེགས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་


DTG064_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཀུན་གྱི་ནང་ན་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །སྐྱབས་ནི་དམན་པ་དང་སྡུག་བསྔལ་བའི་སྐྱབས་མེད་པ་རྣམས་ཀྱི་འོས་སུ་ཡང་འདུག་གོ་ཞེའོ། །འཇིག་རྟེན་དགྲ་ཞེས་པ་ནི། འཇིག་རྟེན་དུ་ལྷ་འཁྲུགས་པས་འཇིགས་པ་བརྒྱད་ཀྱི་དགྲ་བྱུང་སྟེ། ནད། འཆི་བ། ཆུ་སྲིན། ཆ་ག་པ། སྲིན་པོ། བྱི་བ་རྣམས་ཟད་པའི་མཆོག་གམ་རབ་ནི་མཉྫུའོ། །འཇིགས་པ་མ་ལུས་སེལ་ཞེས་པ། སེང་གེ་དང༌། གླང་པོ་ཆེ་དང༌། མེ། སྦྲུལ། རྐུན་པོ། ཆོམ་པོ། མཚོན། ལྕེ་འབབ་པ་སྟེ་ཐོག་དང༌། འཇིགས་པ་བརྒྱད་པོ་དེ་རྣམས་རྗེ་བཙུན་ལ་གསོལ་བ་བཏབ་ན་སེལ་བས་དེ་སྐད་བྱའོ། །གཙུག་ཕུད་ནི་བྱིས་པ་གཞོན་ནུ། ཕུད་པུ་ནི་ལྷའི་བུ་གཞོན་ནུ་དེ་ཅིས་འདུལ་བའི་སེམས་ཀྱི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །ལྕང་ལེ་ནི་རལ་པའི་ཚོགས་མངའ་བ། རལ་པ་ནི་གཅིག་པུ་སྦམས་པ། མུཉྫ་ནཾ་ཐོར་ཅོག་གྲོལ་བ། ཡང་ན་ཐོད་པ་ཅན་གྱི་སྤྱོད་པ་བྱེད་པའོ། །ཅོད་པན་ནི་ཅོད་པན་དེ་ཉི་མ་དང་ཟླ་བ་ཚེས་གཅིག་པའི་དབུ་རྒྱན་གྱིས་མུ་སྟེགས་པའི་བརྟུལ་ཞུགས་བྱེད་པ་མཉྫུའོ། །དེ་ཡང་མཉྫུའི་བྱིན་རླབས་སོ། །གདོང་ལྔ་ཞེས་པའི་ཚིག་གཉིས་ཀྱིས་སྦྱོར་བ་དང་པོར་དང་པོའི་སངས་རྒྱས་བསྒོམ་པའི་ཁ་དོག་སྟོན་ཏེ་ཡེ་ཤེས་ལྔའི་རྟགས་ཕྱོགས་བཞིའི་སྟེང་གི་ཞལ་དང་ལྔ་སྟེ། དེ་རེ་རེ་ལ་རལ་པའི་གཙུག་ཕུད་རེ་རེ་བསྒོམ། དེ་ཡན་ཆད་ཀྱིས་པདྨའི་རིགས་ཀྱི་རྡོ་རྗེའི་རིགས་ཀྱི་མཚན་མའོ། །ཟུར་ཕུད་ལྔ་པ་ནི་གོང་གི་གཙུག་ཕུད་རེ་རེ་ལ། རིན་པོ་ཆེའི་ཟུར་ཕུད་རེ་རེའོ། །དེའི་རྩ་བར་མེ་ཏོག་གིས་བཅིངས་པ་བསྒོམ་མོ། །མགོ་ཟླུམ་ནི་མགོ་རེག་སྟེ། ཤཱཀ་ཐུབ་ཀྱི་བརྟུལ་ཞུགས་པའོ། །བརྟུལ་ཞུགས་ཆེན་པོ་ནི་སྔགས་ཀྱི་ཧེ་རུ་ཀའི་བརྟུལ་ཞུགས་ཏེ། ཐོད་པའི་སྤྱོད་པས་ཞིང་དང་ཉེ་བའི་ཞིང་ན་སྤྱོད་པ་ཡང་མྙྫུའོ། །ཚངས་པའི་སྤྱོད་པ་ནི་བསྐལ་བ་མཐའ་ཡས་པར་ཤཱཀ་ཐུབ་ཀྱི་ཚངས་པའི་སྤྱོད་པ་ལ་ཡུན་རིང་དུ་ཆེར་སྤྱད་དོ། །དེ་ཡང་མཉྫུའི་སྤྲུལ་པའོ། །བརྟུལ་ཞུགས་མཆོག་ནི་ཤཱཀ་ཐུབ་ཀྱི་ལོ་བཅུ་གཉིས་སུ་ཚངས་སྤྱོད་ཀྱི་དཀའ་ཐུབ་ཀྱི་བརྟུལ་ཞུགས་ཁྱིམ་དུ་ངལ་མ་བསོ་བར་སློང་མོ་དང༌། ནགས་ཁྲོད་ན་རྒྱུ་བའི་མཆོག་གོ །དཀའ་ཐུབ་


DTG064_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ་ནི་འཇིག་རྟེན་པའི་དཀའ་ཐུབ་དབང་པོ་ཉེ་བར་ཞི་བ་སྟེ། དེ་མཐར་ཕྱིན་པ་ནི་རྗེ་བཙུན་ནོ། །དཀའ་ཐུབ་ཆེན་པོའི་ཆུ་བོའི་འགྲམ་དུ་ཤཱཀ་ཐུབ་ཀྱིས་ལོ་དྲུག་ཏུ་ཏིལ་ཕྱེད་ཕྱེད་གསོལ་བ་དེ་ཡང་མཉྫུའོ། །རྗེ་བཙུན་དེ་ནི་གཙང་གནས་དམ་པ་ཞེས་བྱ་སྟེ། གཙང་གནས་ནི་ཕྱི་རོལ་པའི་རིག་བྱེད་དང༌། མུ་སྟེགས་ཀྱི་བརྟུལ་ཞུགས་མཐར་ཕྱིན་པ་ཡང་དེའོ། །དམ་པ་ནི་དེའི་རྣམ་པ་ཐམས་ཅད་མཁྱེན་པ་དེའི་གོང་ན་གཞན་མེད་པའོ། །གཽ་ཏ་མ་ཞེས་བྱ་བ་ནི་རིགས་ངན་པའི་མཚན་ཡིན་ཏེ། དེ་ཡང་རྒྱལ་པོ་རྣ་བ་ཅན་ཞེས་བྱ་བ་ལ་སྲས་གཽ་ཏ་མ་དང༌། བ་ར་དྭ་ཛ་ཞེས་བྱ་བ་གཉིས་བཙས་ནས་ཡོད་པ་ལས། ནུ་བོ་བ་ར་དྭ་ཛ་རྒྱལ་སྲིད་ལ་བཅུག་ནས་ཕོ་བོ་གཽ་ཏ་མ་དྲང་སྲོང་ནག་པོ་ལ་རབ་ཏུ་བྱུང་ནས། དགོན་པར་སྤྱིལ་པོར་བཞུགས་ནས་བསྒོམས་པ་ལས་ཡུལ་དེ་ན་སྐྱེས་པ་པདྨའི་ཡན་ལག་ཅས་བྱ་བས་སྨད་འཚོང་མ་འགྲོ་བ་བཟང་མོ་ལ་སྨད་རིན་བཅལ་ནས། སྐྱེས་པ་གཞན་གྱིས་ཀྱང་རིན་བཅལ་ནས། མོའི་བསམ་པ་ལ་ངས་ནུབ་གཅིག་ལ་སྐྱེས་པ་གཉིས་མི་སྐྱོང་བས་ན། གཡོག་མོ་པདྨའི་ཡན་ལག་ལ་ཇོ་མོ་དོ་ནོད་མི་ཁོམ་བྱས་པས། སྐྱེས་པ་གཞན་ཞིག་དང་ཡུད་ཅིག་ཉལ་ནས་སོང་ངོ༌། །ད་ནི་གཉིས་ཀ་སྐྱོང་སྙམ་ནས། པདྨའི་ཡན་ལག་སྦྲན་པས་ཁྲོས་ནས་རལ་གྲིས་འགྲོ་བ་བཟང་མོའི་རྐེ་བཅད་ནས་བྲོས་ནས་གཽ་ཏ་མའི་སྤྱིལ་པོའི་སྒོ་ཁར་རལ་གྲི་བོར་བས་ཁྲག་རྗེས་བཅད་པས་ཆད་པ་གཽ་ཏ་མ་ལ་བཅད་དེ། རྒྱལ་པོའི་བཙོན་ཁང་དུ་གསལ་ཤིང་མང་པོ་བཙུགས་པའི་སྟེང་དུ་གཅེར་བུར་བསྐུར་བས་དྲང་སྲོང་ནག་པོའི་ཞལ་ནས་ཁྱོད་ལ་འདི་ཙམ་གྱི་ཆད་པ་འོང་བ་ཁྱོད་ཀྱིས་ལས་ཅི་བྱས་ཟེར་བ་ལས། བདག་གིས་ཚོ་འདི་ལ་ནི་ཉེས་པ་བྱས་པ་མེད་ན། སྔ་མའི་ལས་ཅིག་མ་ལགས་སམ་བྱས་པས། དྲང་སྲོང་ནག་པོ་ན་རེ་འོ་ན་ཁྱོད་ལ་ཡིད་ཆེས་པའི་དབང་པོ་སུ་ཡོད་ཟེར་བས། ཁོས་བདེན་པའི་སྟོབས་བརྗོད་དོ། །ད་ལ་ཉེས་པ་མེད་ན་སློབ་དཔོན་ལུས་གསེར་གྱི་གཏན་པ་ཕྱིས་པ་བཞིན་གྱུར། ཉེས་པ་ཡོད་ན་སློབ་དཔོན་གྱི་སྐུ་སྔ་མ་བས་གནག་པར་འགྱུར། ང་ཡང་ཤིན་ཏུ་སྡུག་བསྔལ་ཞིང་ཤི་ནས་དམྱལ་བར་སྐྱེ་བར་གྱུར་ཅིག་ཅེས་བརྗོད་པས། སློབ་དཔོན་དྲང་སྲོང་ནག་པོ་དེ་སྐུ་གསེར་


DTG064_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཏན་པ་ཕྱིས་པ་བཞིན་གྱུར། དེ་ནས་གཽ་ཏ་མ་ན་རེ་བདག་ངན་སོང་དུ་མི་ལྟུང་བའི་ཐབས་ཅིག་ཞུ་ཟེར་བས། དྲང་སྲོང་ནག་པོ་ན་རེ་དྲང་སྲོང་གི་ཆོས་ལུགས་ཀྱི་གདུང་འཚོ་བ་བུ་ཡོད་ན། མཐོ་རིས་སུ་སྐྱེ་བའི་ཐབས་ཡོད་དེ། ཁྱེད་ལ་གལ་ཏེ་བུ་ཡོད་དམ་ཟེར་ནས་བདག་བྱིས་པ་ཆུང་དུ་ལ་རབ་ཏུ་བྱུང་ན་བུ་ཡོད་པའི་དཔེ་ག་ལ་སྲིད་ཟེར། དེར་ཡང་དྲང་སྲོང་ན་རེ་འོ་ན་ཁྱོད་ཚུལ་བཞིན་མ་ཡིན་པ་ཡིད་ལ་དྲན་ནམ་ཟེར་བས་བདག་ཉི་མས་ནི་སྟེང་ནས་གདུངས། གསལ་ཤིང་གིས་ནི་འོག་ནས་ཟུགས་ནས་དེ་སྐྱེ་བ་ག་ལ་སྲིད་ཟེར་དེར་དྲང་སྲོང་དེའི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་སྤྲིན་བསྡུས་ཆར་ཟམ་ཟིམ་ཕབ་བས། ཁོའི་ཚ་བའི་གདུང་བ་ཞི་བདེ་བ་སྐྱེས། ཚུལ་བཞིན་མ་ཡིན་པ་ཡིད་ལ་དྲན། དེས་ཁུ་བའི་ཐིགས་པས་འོག་གི་ཁྲག་དང་འདྲེས། དེ་བུ་རམ་གྱི་ཤིང་ལོའི་ཁར་བཞག་པས་ཟླ་བ་གཉིས་ལོན་ཙམ་ན། བྱིས་པ་ཤིན་ཏུ་གཟུགས་བཟང་བ་གཉིས་བཙས་ནས་རྒྱལ་པོ་བུ་རམ་ཤིང་པ་ཞེས་བྱ་བར་བཏགས། དེ་ནས་ལོ་མང་དུ་ལོན་ཙ་ན་རྒྱལ་པོ་བར་དྭ་ཛ་འདས་ནས་ཁོའི་འབངས་ན་རེ་དྲང་སྲོང་ནག་པོ་ལ་གཽ་ཏ་མ་ནི་རྒྱལ་སྲིད་ལ་དབབ་དགོས་ཞུས་པ་དང༌། དྲང་སྲོང་ན་རེ་གཽ་ཏ་མ་ཤི་ནས་ལོ་མང་དུ་ལོན་ཏེ། ཁོ་ལ་བུ་བུ་རམ་ཤིང་བྱ་བ་གཉིས་ཡོད་ཟེར་ཏེ། བུ་དེ་གཉིས་ཀྱིས་རྒྱལ་ཚབ་བྱས་པ་ལས་དེ་གཉིས་ཀྱི་རིགས་ལ་གཽ་ཏ་མའི་རིགས་ཞེས་བྱ་བར་གྲགས། ཐ་མ་བཅོམ་ལྡན་འདས་ཀྱི་སྲས་ཀྱི་བར་དུའོ། །དེ་ཡང་རྗེ་བཙུན་ནོ། །བྲམ་ཟེ་ཞེས་བ་རྗེ་བཙུན་དེ་རང་བཞིན་གྱིས་ཐོས་པ་དང༌། དཀའ་ཐུབ་དང་ལྡན་པས་ཡང་ན་བྲམ་ཟེ་མིའི་སྐྱེ་གནས་དང༌། བྲམ་ཟེའི་ཆོས་ལུགས་ཀྱི་སྐྱེ་གནས་གཉིས་དང་ལྡན་ལ། རྗེ་བཙུན་སངས་རྒྱས་ཀྱི་སྐྱེ་གནས་དང་གཞན་དུ་སྤྲུལ་ཞིང་ཡང་སྐྱེ་བའི་སྐྱེ་གནས་གཉིས་པ་དེ་སྐད་བྱའོ། །ཚངས་པ་ནི་བསམ་གཏན་དང་པོའི་ལྷའོ། །ཚངས་པ་ཞེས་པ་ནི་ཚངས་པ་ལ་ཞལ་ལྔ་ཡོད་པ་ལ། མགོ་གཅིག་ཁྱབ་འཇུག་གིས་བཅད་དེ། ཞལ་བཞི་ནས་མུ་སྟེགས་རིག་བྱེད་ཀྱི་ཚིག་སྙན་དང་གས་དང་ངེས་བརྗོད་དང༌། སྲིད་སྲུང་དང༌། མཆོད་སྦྱིན་བྱ་བ་བཞི་ཤེས་ཏེ་རྗེ་བཙུན་སྤྲུལ་པའོ། །


DTG064_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་པ་ཚངས་པ་ཐོབ། །ཅེས་པ་རྒྱལ་པོ་ཞིག་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱེད་པ། བྲམ་ཟེའི་ཕྲུ་གུ་ཅིག་གིས་ལག་པ་བླངས་པས་ལག་པ་གཡས་པ་བཅད་ནས་བྱིན་པས། ཁྱོད་ཀྱིས་ལག་པ་གཡོན་པ་ཆོག་ལང་ལ་བྱིན་ཞེས་ཟེར་ནས་བྲམ་ཟེར་སྨྲས་པས་རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྐྱོ་བ་སྐྱེས་ཏེ། ངས་ལག་པ་འདོད་པ་ལག་པ་བྱིན་ན་གཡོན་གྱིས་བྱིན་པ་ལས་ཇི་ལྟར་བྱར་ཡོད། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་དཀའ་བར་འདུག་དགོངས་ནས་ཉན་ཐོས་སུ་སེམས་བསྐྱེད་དེ་བསྒྲུབས་པ་ལས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ནི་འཕགས་པ་ཀུན་དགའ་བོའོ། །དེའི་སྤྲུལ་པ་ནི་ལྷ་ཚངས་པ་ཐོབ་པ་དེ་ཐེག་པ་ཆུང་ངུན་གྱི་སྡུད་པོའོ། །གྲོལ་བ་ནི་ཡང་ན་ཉན་ཐོས་སྟོང་པ་ཉིད་མཐོང་བ། ཐར་པ་ནི་ཤེས་བྱ་མཐོང་སྤང་གི་འདོད་ཆགས་ལས་ཐར་པ། རྣམ་གྲོལ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་ལ་བྱའོ། །རྣམ་གྲོལ་ནི་དུས་གསུམ་གྱི་འཆིང་བ་ལས་གྲོལ་ཏེ། དེ་ལྟར་ཡང་ཕན་ཡོན་ལས། བཅིངས་པ་ཐམས་ཅད་ཐར་པའོ། །ཟེར་བའི་ཕྱིར་རོ། །ཞི་བ་ནི་རྟེན་འབྲེལ་གྱིས་སྤྲོས་པ་ལས་ཞི་བའོ། །ཞི་བ་ཉིད་ནི་གཟུང་འཛིན་གྱི་རྟོག་པ་ཞི་བ་ཉིད་དོ། །མྱ་ངན་ལས་འདས་པ་མདོར་བསྟན་པའོ། །མྱ་ངན་ཞི་བ་ན་མར་རྒྱས་པར་བཤད་པ་སྟེ། མྱ་ངན་ལས་འདས་པ་ཞི་བ་ནི་ཉན་ཐོས་ཕྱོགས་གཅིག་པའོ། །ལེགས་པར་ངེས་པར་འབྱུང་བ་ནི་རང་རྒྱལ་བའི་མྱ་ངན་ལས་འདས་པའོ། །ཉེ་བ་ནི་མི་བསྐྱོད་པ་ལ་བྱ་སྟེ། ཞེ་སྡང་ཅན་ལ་འདུལ་བའི་མཐར་འགྲོ་བ་དང་ཉེའོ། །བདེ་སྡུག་སེལ་བ་ནི་རིན་ཆེན་འབྱུང་ལྡན་ཏེ་སེར་སྣ་ཅན་ལ་བདེ་བ་སྟེར། སྡུག་བསྔལ་སེལ་བའོ། །མཐར་འགྱུར་བ་ནི་སྣང་བ་མཐའ་ཡས་ཏེ། འདོད་ཆགས་ཀྱིས་གདུལ་བྱ་དག་འདོད་ཆགས་ལ་འགོད་དོ། །དེ་ཁོ་ནས་མཐར་ཐུག་པར་བྱེད་དོ། །ཆགས་བྲལ་ནི་དོན་གྲུབ་སྟེ། ལེ་ལོ་ཅན་བརྩོན་འགྲུས་ཀྱིས་ཆགས་བྲལ་ལམ་ལ་དགོད་དོ། །ལུས་ལས་འདས་པ་པོ་ནི་རྣམ་སྣང་སྟེ། བག་ཆགས་ལས་འདས་ཤིང་ཟད་པར་བག་ཆགས་ཐམས་ཅད་གནས་འགྱུར་ཏེ་བག་ཆགས་མེད་པའོ། །དེ་ཡང་རྗེ་བཙུན་ནོ། །ཐུབ་པ་མེད་པ་ནི་གཞན་གྱིས་སྡང་བར་མི་


DTG064_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའོ། །དཔེ་མེད་ནི་དཔེ་བསྟན་དུ་མེད་པའོ། །མི་མངོན་མི་སྣང་ཞེས་པ་ནི་རྗེ་བཙུན་གྱི་ངོ་བོ་གང་དུ་ཡང་མི་སྣང་སྟེ། སྣང་བ་དང་བྲལ་བའི་ཕྱིར་རོ། །གསལ་བྱེད་མིན་པ་ནི་གཞན་ལ་མི་ལྟོས་པའི་ཕྱིར་རོ། །དེ་ཡང་སྟོང་པ་ཉིད་མཐོང་ན་གྲོལ་བ་ཡིན། བསྒོམ་པ་ལྷག་མ་དེའི་དོན་ཡིན་ཞེའོ། །མི་འགྱུར་བ་ནི་སྟོང་པ་ཉིད་རང་བཞིན་མི་འགྱུར་ལ། ཡང་ན་མངོན་སུམ་དུ་རྟོག་པ་མི་འགྱུར། ཀུན་འགྲོ་ནི་གཉིས་མེད་རྒྱུན་མ་ཆད་དེས་ཐམས་ཅད་དུ་སོན་པའོ། །ཁྱབ་པ་ནི་བརྟན་གཡོའི་དངོས་པོ་ཀུན་ལ་ཁྱབ་སྟེ་རྗེ་བཙུན་ནོ། །ཕྲ་བ་ནི་རྡུལ་ཕྲན་ལས་ཀྱང་ཕྲ་བ་སྟེ་རྟོགས་པར་དཀའ་པའོ། །ཟག་མེད་ནི་བདེ་སྟོང་ངོ༌། །ས་བོན་བྲལ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཀུན་གྱི་ས་བོན་བསགས་པ་ཀུན་གཞི་སྟེ་དེ་ཉིད་མཉྫུ་བས་དེ་དང་བྲལ་བའོ། །རྡུལ་མེད་ནི་འདོད་ཆགས་ལ་སོགས་པའི་རྡུལ་གཉིས་མེད་ལ་རྡུལ་བྲལ་ནི་དེ་ཉིད་དེ་བཞིན་ཉིད་ལས་གཞན་དུ་འགྱུར་བ་ཡང་མེད་དོ། །སྟོང་པ་ཉིད་ལ་རྐྱེན་གྱི་དྲི་མ་གློ་བུར་བ་མེད་དེ། དེ་ཉིད་མཉྫུའོ། །ཉེས་པ་ནི་འདོད་ཆགས་ལ་སོགས་པ་དེ་མཉྫུ་ལ་མེད་ལ་སྐྱོན་ནི་ནད་ལ་སོགས་པ་མེད་པའོ། །ཤིན་ཏུ་སད་པ་ནི་ཤེས་བྱ་ཕྱིན་ཅི་མ་ལོག་པར་མཁྱེན་ལ་སད་པའི་བདག་ནི་ཉན་ཐོས་ལས་ཁྱད་པར་དུ་གྱུར་པའོ། །མན་ངག་ཏུ་སྣང་བ་སེམས་སུ་སད། སེམས་སྟོང་པར་སད། སྟོང་པ་བདེ་བར་སད་དོ། །ཀུན་གཞི་ཀུན་རིག་ནི་ཤེས་བྱ་མ་ལུས་པ་ཤེས་ཤིང་རིག་པས་ཀུན་ཤེས། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཤེས་པས་ཀུན་རིག་པའོ། །དེ་ཉིད་ཀྱིས་རབ་སྟེ་དམ་པའོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། ཀུན་རྫོབ་ཏུ་སྒོ་ལྔའི་རྣམ་ཤེས་སམ། ཡུལ་ལ་འཇུག་པའི་ཚོགས་དྲུག །ཉོན་མོངས་པ་ཅན་གྱི་ཡིད། ཀུན་གཞི་རྣམས་ཐ་དད་ལ། དོན་དམ་དུ་གཅིག་སྟེ་སྤྲེའུ་དང་འདྲའོ། །དེ་ལ་ཀུན་གཞི་ནི་ཉོན་མོངས་པའི་གཞིའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་གཞི་ལ་བདག་ཏུ་རྨོངས་པ་སྟེ་དེ་ཁ་ནང་དུ་བལྟས་པའོ། །དོན་དམ་དུ་དེ་རྣམས་ཀྱི་ངོ་བོ་ཆོས་ཉིད་དོ། །འོ་ན་ཆོས་ཉིད་དེ་ཇི་ལྟ་བུ་འདོད་ན་སྣང་བ་དང་སྟོང་པ་མ་བཟུང་མ་བཏང་བས་


DTG064_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཤེའོ། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་པ་ཆོས་ཀྱི་དབྱིངས་སྟོང་པ་སྟེ། རང་བཞིན་ཟབ་པ་དང་རྒྱ་ཆེ་བ་དེ་རྐྱེན་གྱིས་སྣ་ཚོགས་སུ་སྣང་བ་དེ་གཉིས་མེད་དོ། །ཚུལ་ལམ་རང་བཞིན་དེ་འཆང་བ་ནི་རྗེ་བཙུན་ནོ། །རྣམ་པར་རྟོག་མེད་ནི་རྟོག་པ་དང་མི་རྟོག་པའི་རིགས་སུ་ཆད་པ་མེད་དེ། རྟོག་པའི་རང་བཞིན་མི་རྟོག་པར་འདུག་པས་རྟོག་པའི་ངོ་བོས་གྲུབ་པའི་རང་རྒྱུད་པ་མེད་དོ། །ལྷུན་གྲུབ་ནི་རང་བཞིན་ལྷུན་གྲུབ་དང་རྟོག་པ་དང་ལམ་དང་འབྲས་བུ་དང་ཕྲིན་ལས་དང་སྦྱར་ཏེ། དེ་ལ་རང་བཞིན་ལྷུན་གྲུབ་ནི་སྲི་ཀ་ཏི་ཞེས་པ་སུས་ཀྱང་མ་བྱས་པར་རང་བཞིན་ལྷུན་གྱིས་གྲུབ་པའོ། །རྟོག་པ་ནི་བླ་མའི་རྐྱེན་གྱིས་འཇུག་པ་དེ་རྟོག་པའི་ངང་ལ་ཅོག་བཞག་ཏུ་གནས་སོ། །ལམ་ནི་བསྐྱེད་རྫོགས་གཉིས་ཏེ། དེར་ཡང་ཤེས་པ་ཉིད་ཅོག་བཞག་ཏུ་གནས་པའོ། །འབྲས་བུ་ནི་ཆོས་ལྔ་སྟེ་དེར་ཡང་ཤེས་པ་ཉིད་དེར་ལྷུན་གྱིས་གྲུབ་པའོ། །ཕྲིན་ལས་ནི་རང་བཞིན་གྱི་དོན་ཏེ། དེ་ཡང་དབང་པོ་རབ་འབྲིང་ཐ་མ་ལ་དེ་དང་དེར་སྣང་སྟེ། རིན་པོ་ཆེ་བཞིན་རྣམ་རྟོག་མེད་དོ། །ཆགས་པ་ཅན་པདྨོའི་རིགས་ཀྱིས་འདུལ་བ་བཞིན་གཞན་ཡང་ངོ༌། །དུས་གསུམ་ནི་མར་མེ་མཛད་ལ་སོགས་པས་ཀྱང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་འཇམ་དཔལ་གྱིས་བྱེད་དོ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པ་ནི་ཚངས་པ་དང་བརྒྱ་བྱིན་ལ་སངས་རྒྱས་འདོད་པའི་ལོག་རྟོགས་བསལ་བའམ། ཡང་ན་ཐོག་མ་དང་ཐ་མ་སྐྱེ་འགག་མེད་དོ་ཞེའོ། །དེ་ཡན་ཆད་པདྨའི་རིགས་ཀྱི་རིན་ཆེན་རིགས་ཀྱི་མཚན་ང་ལྔའོ། །དང་པོའི་སངས་རྒྱས་རྒྱུ་མེད་པ་ནི་དང་པོ་ཁོ་ནར་ཡེ་ཤེས་ལྔར་སངས་རྒྱས་ལ་གཉིས་པ་མན་ཆད་སྤྲུལ་སྐུ་ཅིར་ཡང་སྣང་བའོ། །རྒྱུ་མེད་ནི་རང་བཞིན་མ་གྲུབ་པ་རྒྱུ་དེ་ནི་རིམ་པ་སྟེ་སྐད་ཅིག་མའི་རྒྱུད་ཀྱིས་སྐྱེ་འགག་མེད་པའོ། །ཡེ་ཤེས་མིག་གཅིག་ནི་འཇམ་དཔལ་དེ་ཐོབ་པར་བྱ་བའི་དོན་གཉིས་མེད་ཡིན་པས་གཅིག་ཅེས་བྱ་བའོ། །དེ་ལ་འདོད་ཆགས་ལ་སོགས་པའི་དྲི་མ་མེད་དེ་ལོགས་སུ་མ་མཐོང་བའི་ཕྱིར་རོ། །ཡེ་ཤེས་ལུས་ནི་ཆོས་ཐམས་ཅད་རྣམ་པར་རིག་པ་ཐམས་ཅད་ཀྱི་ལུས་སུ་གྲུབ་པའི་ཕྱིར་རོ། །རྗེ་བཙུན་དེ་དང་ལྡན་པས་ཅན་ནོ། །དེ་བཞིན་གཤེགས་པ་ནི་གོང་དུ་བཤད་དོ། །ཚིག་གི་དབང་ཕྱུག་སྨྲ་བ་ཆེའོ། །


DTG064_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་ཆེ་བ་ནི་སྨྲ་བའི་སྐྱེས་མཆོག་ཡིན་པས་སོ། །སྐྱེས་མཆོག་ནི་སྨྲ་བའི་རྒྱལ་པོ་ཡིན་པའི་ཕྱིར་རྒྱལ་པོ་ནི་དམ་པའོ། །དམ་པ་ནི་མཆོག་གི་གནས་སོ། །དེ་ནི་སྨྲ་བའི་སེང་གེ་ཞེས་བྱ་སྟེ་གཞན་གྱིས་སྨྲ་བས་མཚུངས་པ་མེད་པའི་ཕྱིར་རོ། །མཚུངས་པ་མེད་པས་སེང་གེ་ཞེས་བྱ། དེ་བཞིན་དུ་ཡར་ཡང་བཟློག་གོ །ཀུན་དུ་ལྟ་བ་མཆོག་ཏུ་དགའ། །ཞེས་པ་ཀུན་རྫོབ་ཏུ་ཐུགས་རྗེ་དང༌། ཡེ་ཤེས་ཀྱི་སྤྱན་གཉིས་ཀྱིས་འཁོར་འདས་ལ་གཟིགས་སོ། །ཡང་དོན་དམ་དུ་ཆོས་སོ་སོ་ཡང་དག་བར་རིག་ལ་དེ་གཉིས་ལ་མཆོག་ཏུ་དགའ་བ་ནི་རྗེ་བཙུན་ནོ། །གཟི་བརྗིད་ནི་འོད་ལ་བྱའོ། །ཕུང་པོ་ནི་དེའི་ཕྲེང་བ་ལ་བྱ། བལྟ་ན་སྡུག་ནི་ཡེ་ཤེས་ལྔ་བྱང་སེམས་དང་དྲུག་རོ་གཅིག་པའི་འོད་ཁ་དོག་དྲུག་ནི་མཛེས་ཤིང་ཡིད་དུ་འོང་བས་སོ། །འོད་བཟང་པོ་ནི་ཐུགས་ཀའི་ཉི་མའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་གསལ་བའམ། འཇིག་རྟེན་ཐམས་ཅད་སྣང་ཞིང་གསལ་བ་ནི་འབར་བའོ། །དཔལ་བེའུ་ནི་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་མཚན་དེ་ཐམས་ཅད་མཁྱེན་པ་ལས་བྱུང་བ་དེ་སྐྱེ་བའི་རྐྱེན་དེ་སངས་རྒྱས་ཀྱི་ཐུགས་ཀ་ན་དཔལ་བེའུ་རྩེ་གསུམ་དུ་ཡོད་ཟེར་བ་དེ་གཞན་ལུགས་སོ། །འདིར་ནི་ཡེ་ཤེས་སེམས་དཔར་བཞེད་དོ། །ལག་ན་འོད་འབར་སྣང་བ་པོ། །ཞེས་བ་རྗེ་བཙུན་གྱི་ལག་ན་གཤིན་རྗེ་གཤེད་མེ་འོད་འབར་བ་ཅན་མཚོན་ཆ་འམ། སྡིགས་ཆར་བསྣམས་བའོ། །སྨན་པ་ནི་གཉིས་ཏེ་ཆེན་པོ་དང་མཆོག་གོ །དེ་ལ་ཆེན་པོས་ནི་ཉོན་མོངས་པའི་ནད་དུག་གསུམ་འཇོམས་ལ་མཆོག་ནི་ཤེས་བྱའི་སྒྲིབ་པའི་ནད་གསོ་བ་ལ་མཁས་སོ། །གཙོ་བོ་ནི་དེས་འགྲོ་བ་འདྲེན་པ་སྟེ་ཅིས་འདུལ་ལོ། །འདིས་འགྲོ་བ་འདུལ་བའི་དུམ་བུ་ཡིན་པའི་ཕྱིར་རོ། །ཟུག་རྡུ་འབྱིན་པ་ནི་བསྐྱེད་རིམ་གྱིས་ཉོན་མོངས་པའི་ཟུག་རྡུ་འབྱིན་ལ། རྫོགས་རིམ་གྱིས་ཤེས་བྱའི་ཟུག་རྡུ་འབྱིན་ནོ། །དེས་ན་འཇམ་དཔལ་ནི་བླ་ན་མེད་པའོ། །སྨན་རྣམས་མ་ལུས་ཞེས་པ་ནི་རྗེ་བཙུན་ཉིད་ག་པུར་ལ་སོགས་པའི་སྨན་དུ་སྤྲུལ་ནས་གཞན་དོན་བྱེད་ལ། ཡང་ན་སྨན་པ་ནི་བླ་མ་སྨན་བསྐྱེད་རྫོགས། ནད་བ་སློབ་མ་ནད་ཟུག་རྡུ་གཉིས་གསོའོ། །ནད་དོ་ཅོག་གི་སྒྲ་ཆེ་བ། །ཞེས་


DTG064_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་གཉེན་པོ་གཉིས་མེད་དོ། །སྡུ་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་པ་ནི་འགྲོ་བ་ཐམས་ཅད་དང་མི་མཉམ་པས་འཇིག་རྟེན་གསུམ་གྱི་གཙུག་གི་དབུ་རྒྱན་ཡང་མཆོག་གོ །དཔལ་ལྡན་ནི་གཟའ་དང་རྒྱུ་སྐར་དུ་སྤྲུལ་ནས་སེམས་ཅན་གྱི་ཚེ་དང་ཡེ་ཤེས་བསྐྱེད་ལ་དཀྱིལ་འཁོར་ཅན་ཡང་འཇམ་དཔལ་ལོ། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པ། །ཞེས་པ་ལ་ནམ་མཁའི་རྒྱ་མཆད་པས་ཐམས་ཅད་དུ་ཁྱབ་པ་དེའི་མཐར་ཐུག་ཏུ་གཉིས་མེད་རྗེ་བཙུན་དེས་ཁྱབ་པོ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པ་གོང་གིས་ཁྱབ་པ་དེས་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱལ་མཚན་འཛུགས་པའོ། །འགྲོ་བ་ནི་རིགས་དྲུག་ནའོ། །གདུགས་གཅིག་ནི་ཚ་ཏྲཾ་ཞེས་བསིལ་བ་དེས་ཉོན་མོངས་པའི་ཚ་བ་འཇོམས་པའོ། །དེས་ཁེབས་སམ་ཞེ་ན་ཡངས་པ་དེ་མཚན་ཉིད་ལ་གཉིས་སུ་མེད་པའི་ཕྱིར་རོ། །འགྲོ་བ་རྣམས་ལ་བྱམས་པ་དང་སྙིང་རྗེས་སྙིང་པོ་ལེན་པའི་དོན་གྱིས་དཀྱིལ་འཁོར་ཆེའོ། །དཔལ་ལྡན་པདྨ་གར་གྱི་བདག །ཅེས་པ་གར་དབང་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །ཁྱབ་བདག་ནི་དངོས་པོ་ཐམས་ཅད་ལ་ཁྱབ་པའོ། །དེས་ན་རིན་པོ་ཆེའི་གདུགས་ཏེ། དེ་དམ་ཚིག་ཏུ་གྱུར་པ་ཐམས་ཅད་སྐྱོབ་པའོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་པ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཁྱོད་ལ་བརྟེན་ཞེས་ཏེ། སངས་རྒྱས་ཀྱི་རྒྱལ་པོ་བྱང་སེམས་རྡོ་རྗེ་ལ་བྱ། སངས་རྒྱས་ཀུན་གྱི་སྐུ་འཆང་བ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་དེ་འཇམ་དཔལ་འཆང་ངོ༌། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཞེས་པ་ཡོ་ག་ལས་རྣལ་འབྱོར་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཞེས་འབྱུང་སྟེ་འཇམ་དཔལ་དེ་ལ་གནས་པས་ཆེན་པོ་ཡང་ཡིན་ནོ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པ་བསྟན་པ་ནི་ཐེག་པ་གསུམ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་ཐེག་པ་ནི་གཉིས་མེད་ཀྱི་ཐེག་པ་ཆེན་པོར་གཅིག་གོ །རྟོགས་པ་ཡོངས་སུ་རྒྱས་པ་ལས། སངས་རྒྱས་ཀྱི་ཐེག་པ་ནི་གཅིག་སྟེ་གཉིས་དང་གསུམ་


DTG064_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་མཆིས་སོ། །དེས་ན་ཡེ་ཤེས་གཅིག་མིན་སྐུ་གཅིག་གདུགས་གཅིག་ལ་སོགས་པ་སྦྱར་རོ། །རྡོ་རྗེ་རིན་ཆེན་མི་བསྐྱོད་པ་དེ་རྡོ་རྗེའི་རང་བཞིན་ཞེའོ། །དེས་གཞན་དོན་བྱེད་པ་ནི་རིན་ཆེན་ནོ། །དབང་བསྐུར་དཔལ་ནི་རྡོ་རྗེ་སེམས་ཏེ། ཤྲཱི་ཞེས་པ་དཔལ་ཏེ་ལྷ་མོ་ལ་བྱ་ལ། དེས་མི་བསྐྱོད་པའི་སྐལ་བ་དང་ལྡན་པར་བྱེད་པས་དབང་བསྐུར་ཞེའོ། །རིན་ཆེན་ཀུན་བདག་ནི་རིན་འབྱུང་སྟེ། ཡུམ་གྱིས་དེ་རྣམས་མ་ཐོབ་པ་སྟེ་ཁ་ལོ་སྒྱུར་བས་བདག་པོའོ། །དབང་ཕྱུག་ནི་རཏྣ་བཛྲ། རིན་འབྱུང་གི་དབང་བྱེད་པའམ་བདག་གོ །འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཐའ་ཡས་ཏེ་འཁོར་ལོ་དེ་གསུམ་ལ་དབང་སྒྱུར་ལ། ཀུན་གྱི་བདག་ནི་དྷརྨ་བཛྲི་སྟེ་སྣང་མཐའི་བདག་ཉིད་དོ། རྡོ་རྗེ་འཆང་ནི་དོན་གྲུབ་སྟེ་རྡོ་རྗེ་རྒྱ་གྲམ་འཆང་ལ། ཀུན་གྱི་རྗེ་ནི་ཀརྨ་བཛྲི་སྟེ་དོན་གྲུབ་ཀྱི་རྗེའོ། །སངས་རྒྱས་ཀུན་ནི་རྣམ་སྣང་སྟེ་སངས་རྒྱས་ཐམས་ཅད་བསྡུས་པའི་བདག་ཉིད་པས་ཐུགས་ཆེ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། གཟུངས་ཀྱི་དཀྱིལ་འཁོར་ཐུགས་ཀྱི་དཀྱིལ་འཁོར་རང་བཞིན་རྣམ་སྣང་ཡུམ་དུ་གཞག་པའོ། །དེ་ལྟར་རིགས་ལྔ་ཡབ་ཡུམ་བཅུ་པོ་དེ་ཡང་རྗེ་བཙུན་ཉིད་རྗེ་བཙུན་གཉིས་མེད་དེ་ཡང་སངས་རྒྱས་ཀུན་གྱི་སྐུ་ཆེ་བའི་རང་བཞིན་དང༌། གསུང་ཆེ་བའི་རང་བཞིན་ཡང་ཡིན་ནོ་ཞེའོ། །དེ་ནི་ཉི་མར་ཡང་སྣང་ངོ་ཞེའོ། །དེ་ཡན་ཆད་པདྨའི་རིགས་ང་ལྔའོ། །རྡོ་རྗེ་ཉི་མ་དང་རྡོ་རྗེ་ཟླ་བ་ནི་དོན་མ་རྟོགས་ཏེ་དེ་ལ་རྡོ་རྗེ་ནི་གཉིས་མེད་ལ་བྱ། ཉི་མ་ནི་ཐམས་ཅད་དུ་སྣང་ཞིང་གསལ་བར་བྱེད། མ་རིག་པའི་མུན་པ་གསལ་བར་བྱེད་དོ། །དེ་ཉིད་རྗེ་བཙུན་ནོ། །རྡོ་རྗེ་ནི་གཉིས་མེད། ཟླ་བ་ནི་གསལ་བ་ལ་བྱ་སྟེ། དྲི་མ་མེད་པ་ནི་རང་བཞིན་གྱིས་དག་པ་སྟེ། རྡོ་རྗེ་རྩེ་མོ་ལས་ཀྱང༌། དག་ཅིང་གསལ་ལ་རྙོག་པ་མེད། །ཅེས་གསུངས་ཏེ་དེ་ཉིད་རྗེ་བཙུན་ནོ། །ཡང་ན་མན་ངག་ཏུ་ཉི་ཟླ་གཉིས་པོ་དེས་སངས་རྒྱས་གདན་ཉི་ཟླ་ཡིན་པ་ལ་ཚ་ཚ་འདེབས་པའི་མན་ངག་ཉི་ཟླ་ཁ་སྦྱོར་དུ་བསམ་པ་དང༌། མཚན་འདོན་པའི་དུས་ཀྱི་ཐུགས་ཀ་ནས་སྔགས་སྤྲོ་བའི་གཞི་རྣམ་སྨིན་གྱི་སྐུ་བསྒོམ་པ་ཡང་འདི་ཉིད་ཀྱིས་ཟིན་ནོ། །ཆགས་བྲལ་ནི་བཏང་སྙོམས་དང༌། དགའ་བ་ལམ་དུ་ཁྱེར་བ་ལ་


DTG064_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་འཇིག་རྟེན་པའི་ལམ་སྟེ་དགེ་བཅུའོ། །ཆགས་པ་ཆེན་པོ་ནི་གསང་སྔགས་སྒོ་བཞི་སྟེ་ཆགས་ལམ་མོ། །དེ་རྣམས་ཀྱང་རྗེ་བཙུན་ནོ། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་སྐུ་འོད་ལྔ་འབར་བ་ཅན་དེ་ཡང་རྗེ་བཙུན་ནོ། །རྫོགས་པའི་སངས་རྒྱས་ནི་ཤཱཀ་ཐུབ་བདུད་བཞིས་མི་ཚུགས་པས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའོ། །སངས་རྒྱས་འགྲོ་བའི་ཆོས་འཛིན་ཞེས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཚན་འདི་དུས་གསུམ་དུ་ཡང་དག་པར་བརྗོད་ཅིང་འཛིན་པའོ། །དཔལ་ལྡན་ནི་དཀྱིལ་འཁོར་བདུན་གྱི་ལྷས་ལེགས་པའི་ཡོན་ཏན་ཐམས་ཅད་སྟེར་ལ། པདྨ་ནི་མཉྫུ་དེ་ལས་སྐྱེས་པའམ། ཡང་ན་པདྨ་དང་འདྲ་བར་སྐྱེས་པ་སྟེ་ཉེས་པའི་སྐྱོན་མེད་དོ། །ཀུན་མཁྱེན་ནི་རྗེ་བཙུན་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཛོད་འཛིན་པའོ། །རྒྱལ་པོ་ནི་དགེ་བཅུའི་ལམ་གྱི་སྤྲུལ་པ་སྟེ། ཐམས་ཅད་འཇིག་རྟེན་ལས་སྒྲོལ་བའོ། །དེ་ལྟ་བུའི་སྒྱུ་འཕྲུལ་སྣ་ཚོགས་འཆང་བ་ནི་རྗེ་བཙུན་ནོ། །ཆེ་བ་སངས་རྒྱས་རིག་སྔགས་འཛིན་ནི། སངས་རྒྱས་ཀྱི་རིག་སྔགས་ནི་གཟུངས་ཏེ་ཚིག་དོན་སྔགས་ཕྱག་རྒྱའི་གཟུངས་རྗེ་བཙུན་འཛིན་ནོ། །རྡོ་རྗེ་རྣོན་པོ་ནི་ཞལ་ལྔ་པ་སྟེ་སྐུ་ཕྱག་རྒྱ་ཆེན་པོའོ། །རལ་གྲི་ནི་གཡས་པ་བཞིན་ཉོན་མོངས་གཅོད་པའི་རྟགས་ལས་ཀྱི་ཕྱག་རྒྱ་ཡི་གེའི་མཆོག་ནི་ཐུགས་ཀའི་དྷཱིཿསྟེ། གསུང་གི་རང་བཞིན་ཆོས་ཀྱི་ཕྱག་རྒྱའོ། །རྣམ་པར་དག་པ་ནི་ཐུགས་དག་པར་སྟོན་པའི་རྟགས་གཡོན་གྱི་ཕྱག་ན་རྒྱལ་བའི་ཡུམ་པོ་ཏི་བཞི་བསྣམས་པ་སྟེ་ཐུགས་དམ་ཚིག་གི་ཕྱག་རྒྱའོ། །དེ་རྣམས་ཚོགས་པ་ནི་སྐུ་ཕྱག་རྒྱ་ཆེན་པོ་སྟེ་དང་པོའི་སངས་རྒྱས་ཕྱག་བཞི་པ་བཞག་པའོ། །དཀྱིལ་འཁོར་གྱི་ལྷ་གཞན་དེས་འདྲེ་སྟེ་ཤེས་པར་བྱའོ། །ཐེག་པ་ཆེན་པོ་ནི་གོང་གི་པོ་ཏི་དེ་རྣམས་ཨུཏྤལའི་སྟེང་ན་བསྣམས་པ་སྟེ། དེས་སྡུག་བསྔལ་ཐམས་ཅད་གཅོད་པའི་ལམ་དེ་ཐེག་པ་ཆེན་པོ་ཞེས་བྱའོ། །སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །ཞེས་པ་གོང་གི་ལམ་དེས་སམ། ཡེ་ཤེས་ཀྱི་ཆོས་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་གཅོད་པ་དེ་ལ་དེ་སྐད་བྱའོ། །རྡོ་རྗེ་ཟབ་མོ་ནི་གཉིས་མེད་ཀྱི་ཡེ་ཤེས་ཏེ་སྐྱེ་བ་མེད་པའི་རང་


DTG064_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཤེས་པའོ། །འཛིན་པ་ནི་རྒྱལ་བ་དེ་རིགས་བཞིའི་ཡེ་ཤེས་ལས་རྒྱལ་བ་ཛིན་ཛིཀ་དེ་རྣམ་སྣང་ལ་བྱ། རྡོ་རྗེ་ནི་མི་ཕྱེད་པ་དེ་གཉིས་མེད་ལས་བློ་གྲོས་ཇི་ལྟར་གནས་པ་བཞིན་རིག་པ་ཡང་མཉྫུའོ། །ཕ་རོལ་ཕྱིན་པ་ནི་བཅུ། མཆོད་པ་ནི་རྫོགས་པ་རྣམས་ནི་རབ་དགའ་ལ་སོགས་པ་བཅུའོ། །ཀུན་གྱི་རྒྱན་དེས་དང་པོ་རབ་ཏུ་དགའ་བ་ལ་སྦྱིན་པའི་རྒྱན་ལས་བཅུ་ཡེ་ཤེས་ཀྱི་རྒྱན་གྱི་བར་དུའོ། །རྣམ་པར་དག་པ་ནི་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་བདག་མེད་ཆོས་ནི་ཆོས་སྣང་བའི་དུས་ཉིད་ན་རང་བཞིན་གྱིས་ཅིར་ཡང་མ་གྲུབ་པས་མི་སྣང་བ་དང་འདྲ་བའི་སྣང་བ་ལ་འདྲ་བ་ཞེས་བྱ་སྟེ། དེ་ཡང་རྗེ་བཙུན་ནོ། །ཡང་དག་ཅེས་པ་ཐུགས་ཡང་དག་པར་ཡེ་ཤེས་ཉིད་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བར་བྱུང་སྟེ་རྗེ་བཙུན་ནོ། །བརྩོན་འགྲུས་སྒྱུ་འཕྲུལ་ཞེས་པ་ནི་ཟག་མེད་ཀྱི་བརྩོན་འགྲུས་ཞེས་བྱ་བ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སྤྲུལ་པས་སྒྱུ་མ་ཡང་ཡིན་པ་ལ་དྲང་བ་ནི་འབྲེལ་པའི་དོན་ཏོ། །རྒྱུད་ཀུན་གྱིས་ནི་བྱ་བ་སྤྱོད་པའི་རྣལ་འབྱོར་ཆེན་པོ་བཞིའོ། །དེའི་རང་བཞིན་ནམ་བདག་ཉིད་དུ་གྱུར་པས་རྗེ་བཙུན་ནི་མཆོག་གོ །དེ་ནི་རྣལ་འབྱོར་ཕྱི་ནང་གཉིས་ཀའི་རྒྱུད་ཡིན་གསུངས། རྡོ་རྗེའི་གདན་ནི་མ་ལུས་ལྡན་ནི་ཡེ་ཤེས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་ཁུངས་སམ། ཡིད་མཐུན་གནས་སུ་རྣལ་འབྱོར་པས་དེ་ལྟར་བསྡད་ན་ཏིང་ངེ་འཛིན་སྐྱེ་བའི་དགོས་པས་བཤད་པ་ནི་མན་ངག་གོ །ཡེ་ཤེས་སྐུ་རྣམས་ནི་ཡེ་ཤེས་ལྔ་ཆོས་ཉིད་བྱང་ཆུབ་སེམས་དང་དྲུག་རོ་གཅིག་པ་མ་ལུས་པར་ཚང་བ་རྗེ་བཙུན་ནོ། །རྗེ་བཙུན་དེ་ལ་ནེ་ཉོན་མོངས་པའི་དྲི་མ་མེད་པས་ཀུན་དུ་བཟང་པོ་ཞེས་བྱ། དྲི་མ་མེད་པའི་བློ་གྲོས་དང་ལྡན་པས་བློ་གྲོས་མི་ཟད་ཅེས་བྱའོ། །སའི་སྙིང་པོ་ནི་སྣོད་ཀྱི་འཇིག་རྟེན་ཏེ་རྗེ་བཙུན་ནོ། །འགྲོ་བ་ནི་རིགས་དྲུག་སྟེ་བཅུད་ཀྱང་འཇིག་རྟེན་ནོ། །དེ་ཡང་ལུགས་གཅིག་གིས་སྣོད་དང་བཅུད་རྗེ་བཙུན་གྱི་སྤྲུལ་པར་འདོད་པ་དང༌། ལུགས་གཅིག་གིས་སྣོད་བཅུད་ལས་ཀྱི་འགྲོ་བ་ནི་རྗེ་བཙུན་མིན་ལ་ཆོས་ཉིད་ཀྱི་ངོས་ནས་རང་བཞིན་འཇམ་དཔལ་ཡིན་ཟེར་བ་དང༌། སྣོད་བཅུད་རྗེ་བཙུན་རང་ཡིན་པར་འདོད་པ་དང་གསུམ་ལས་འདིར་སྣོད་བཅུད་རྗེ་བཙུན་རང་ཡིན་པར་བཞེད་དེ། སྣ་


DTG064_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་རང་བཞིན་བཙལ་ན་མི་རྙེད། སྐྱེ་མེད་དོན་དམ་པ་རྟགས་ཚོད་དུ་ཀུན་རྫོབ་སྣ་ཚོགས་རྒྱུན་མི་འཆད་རྒྱ་མཆད་པའོ། །དེ་གཉིས་མེད་དེ། དེ་ཉིད་འཛིན་པ་ཡང་འཇམ་དཔལ་ལོ། །དེ་ཡང་གཅིག་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཀུན་གྱི་སྟོང་ཉིད་ཡིན་ཞེས་ཏེ། དེ་ལྟ་བུ་ཡང་རྗེ་བཙུན་ནོ། །དེ་ཀ་ན་སངས་རྒྱས་ཐམས་ཅད་ཀུན་གྱིས་བསྐྱེད་པས་རྒྱུ་སྟེ་སྙིང་པོ་ཆེ་ཞེས་བྱའོ། །སྤྲུལ་པའི་འཁོར་ལོ་ཞེས་པ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་སྣ་ཚོགས་སྤྲུལ་བ་སྟེ་དཀྱིལ་འཁོར་བདུན་གྱི་ལྷ་ལ་བྱའོ། །དེ་འཆང་བ་ཡང་རྗེ་བཙུན་ནོ། །དངོས་པོ་ཞེས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་མེད་དེ་ཡིན་པས་མཆོག་ཅེས་བྱའོ། །དེའི་རང་བཞིན་འཛིན་པ་ཡང་རྗེ་བཙུན་ནོ། །སྐྱེ་མེད་ཅེས་པ་དོན་དམ་དུ་སྐྱེ་མེད་དུ་སྣང་ཡང་ཀུན་རྫོབ་ཏུ་སྣ་ཚོགས་ཀྱིས་གཞན་དོན་བྱེད་དེ་དེ་ཡང་རྗེ་བཙུན་ནོ། །མཚན་ཉིད་ལ་གཉིས་སུ་མེད་པས་ཆོས་སྐུ་ངོ་བོ་གཉིས་མེད་དེ་རྗེ་བཙུན་འཆང་ཞེའོ། །ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཞེས་པ་ནི་ཆོས་ཐམས་ཅད་སྐད་ཅིག་ལ་རྣམ་པར་འབྱེད་པའི་ཤེས་རབ་ཆེན་པོའི་སྐད་ཅིག་གིས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་ཁོང་དུ་ཆུད་པ་ཡང་རྗེ་བཙུན་ནོ། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་པ་ནི་ཤེས་བྱ་ཇི་སྙེད་པ་རྟོགས་པ་ཡང་རྗེ་བཙུན་ནོ། །ཐུབ་པ་ནི་ཡང་དག་བདེན་པ་དེ་བཞིན་ཉིད་ཐུབ་པའོ། །བློ་མཆོག་ནི་མཚན་དབྱེར་མེད་དུ་ཤེས་པའོ། །འབྱུང་པོ་ནི་འབར་བ་ཞེས་པ་མི་མཐུན་པའི་དངོས་པོ་སེལ་བའོ། །མི་གཡོ་བ་ནི་བྱིང་རྒོད་ཀྱིས་མི་གཡོ་ལ་དང་པོ་ནི་ཏིང་ངེ་འཛིན་གྱི་དྲི་མ་གཉིས་མེད་པའི་བདག་ཉིད་ཀྱི་རྗེ་བཙུན་ནོ། །རྫོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་འཛིན་པ་ཡང་རྗེ་བཙུན་ནོ། །སངས་རྒྱས་ཀུན་གྱི་ཞེས་པ་དུས་གསུམ་སངས་རྒྱས་ཀུན་གྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མྱོང་བ་ཡང་ཁྱོད་ལགས་སོ་ཞེས་པའོ། །ཡེ་ཤེས་མེ་ལྕེ་ནི་གཉིས་མེད་ཀྱི་ཡེ་ཤེས་མེ་འབར་བས་རྟོག་པ་ཐམས་ཅད་བསྲེག་པའོ། །འོད་འབར་བ་ནི་འོད་འཕྲོ་བ་སྟེ་མན་ངག་གི་དུས་ཀུན་དུའོ། །དེས་ཁམས་གསུམ་ཐམས་ཅད་གསལ་བར་བྱེད་པའོ། །པདྨ་ལས་རིགས་ཏེ་མཚན་ང་ལྔ་ཚང་ངོ༌། །དེ་ལྟར་ན་མཚན་བརྒྱ་བདུན་ཅུ་རྩ་ལྔ་ཚིགས་


DTG064_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་བཞི་བཅུ་རྩ་གཉིས་པ་སྟེ་ལེའུ་བརྒྱད་པ་རྫོགས་སོ།། །།འདོད་པའི་ཞེས་པ་རྗེ་བཙུན་ནི་ཀུན་ཅི་འདོད་དོན་དུ་གཉེར་བར་བྱ་བས་དེ་སྐད་བྱའོ། །དོན་གྲུབ་ནི་རིན་འབྱུང་ལ་བྱ་སྟེ། རྗེ་བཙུན་ཉིད་རིན་འབྱུང་རིགས་སུ་སྣང་ལ་དེ་ནི་སྦྱིན་པའི་རང་བཞིན་སེར་སྣ་ཅན་གྱི་རང་བཞིན་དོན་གྲུབ་པར་བྱེད། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སྤྱོད་བའི་ཕྱིར་དམ་པའོ། །ངན་སོང་ཞེས་པ་དེ་གྱུར་པའི་རྒྱུ་དང་འབྲས་བུ་ཐམས་ཅད་སྦྱོང་བ་ནི་རྗེ་བཙུན་ཏེ། དེའི་ཐབས་སུ་རོ་བསྲེག་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱིས་ན་མགོན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར་མཆོག་ཅེས་ཀྱང་བྱའོ། །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱེ་བྲག་དབང་པོ་རབ་འབྲིང་དང་སྦྱར་ནས་ཐེག་པ་གསུམ་གྱི་ལམ་གྱིས་འཁོར་བ་ལས་སྒྲོལ་བར་བྱེད་དོ། །དེ་ཡང་རྗེ་བཙུན་ནོ། །ཉོན་མོངས་ནི་འདོད་ཆགས་ཞེ་སྡང་དང་ལྟ་བ་མ་རིག་པ་ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་དྲུག་གི་ཡུལ་དང༌། གཅིག་པུ་གཉིས་སུ་མེད་དེ། འཐབ་པས་ཉོན་མོངས་པ་འཇོམས་པས་དེ་ལ་དཔའ་བོ་ཞེས་བྱའོ། །མི་ཤེས་པ་ནི་གཏི་མུག་སྒྲ་ནི་ཐེ་ཚོམ་གྲགས་པ་ནི་ང་རྒྱལ་དེ་རྣམས་འཇོམས་པས་གོང་མ་དེ་སྐད་བྱའོ། །དཔལ་ནི་གོང་དུ་བཤད་དོ། །བློ་ནི་དང་པོའི་སངས་རྒྱས་ཀྱི་ས་བོན་ཧྲཱིཿའོ། །སྒེག་འཆང་བ་ཞེས་པ་བྱང་ཆུབ་སེམས་ཡོངས་སུ་རྒྱས་པ་ནི་སྒེག་ལ། དེ་བཞིན་གྱི་རྗེ་བཙུན་གྱི་ཆོས་ཉིད་བྱང་ཆུབ་སེམས་རྒྱས་པའི་བདག་ཉིད་འཆང་ངོ༌། །བརྟན་པ་ནི་མི་འགྱུར་ཞིང་དཔའ་བ་མི་སྡུག་པ་ནི་ཁྲོ་བོ་སྐུ་འཆད་བའོ། །ལག་པ་བརྒྱ་བ་ཀུན་བསྐྱོད་པ་ནི་ལག་གར་ཏེ་ནམ་མཁའ་ཐམས་ཅད་ཁྱབ་པའོ། །གོམ་པའི་སྟབས་ནི་རྐང་སྟབས་སོ། །གཡས་བརྐྱང་ལ་སོགས་པ་གར་བྱེད་པའོ། །དཔལ་ལྡན་ནི་གོ་བར་དེ་ཉིད་ལག་པ་བརྒྱས་ནམ་མཁའ་ཁྱབ་པར་གར་བྱེད་པ་ནི་གར་རོ། །ས་གཞིའི་ཁྱོན་རྐང་པ་ཡ་གཅིག་མཐིལ་གྱིས་གནོན་པ་རྐང་པ་གྱེན་ལ་བཟློག་པའི་སེན་མོས་ཚངས་པའི་ཡུལ་ས་གནོན་པ་ཡང་མཉྫུ་དེ་ཉིད་དོ། །དོན་གཅིག་ཡན་ཆད་རིན་ཆེན་རིགས་ཀྱི་དེ་བཞིན་གཤེགས་པའི་རིགས་སོ། །མཚན་རྩ་བཞིའོ། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །ཞེས་པ་


DTG064_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་གཅིག་པོ་དེ་ཉིད་ཆོས་ཐམས་ཅད་ཀྱི་དོན་ཏོ། །དམ་པ་ནི་དོན་དམ་པ་སྟེ། གསུང་ལ་ཐོས་པས་དོན་དམ་སྟེ། ནམ་མཁའ་དང་འདྲ་བ་དང་མཁའ་དང་འཇིགས་པ་མེད་པའོ། །རྣམ་རིག་ནི་འཇུག་པའི་ཚོགས་དྲུག །སྣ་ཚོགས་ནི་གཟུགས་ལ་སོགས་པའི་དོན་རིག་པས་སེམས་ཅན་ཀུན་གཞི་ཅན། རྣམ་ཤེས་ནི་ཉོན་མོངས་པ་ཅན་གྱི་ཡིད། རྒྱུད་ནི་ཀུན་གཞི་ལ་ཡིད་དེ་ལས་ཚོགས་དེས་འབྲེལ་པས་རྒྱུད་དེ་ཡང་མཉྫུའོ། །དངོས་དོན་མ་ལུས་རྣམས་ལ་དགའ། །ཞེས་པ་ནི་གནས་དང་སྐྱེ་འཇིག་ཡོད་མེད་འདའ་བ་མཉམ་པ་མཐོང་བ་ལ་སོགས་པའི་འཇིག་རྟེན་པའི་ཐ་སྙད་རྣམས་ལ་དགའ་བ་ཡང་དེའོ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ལ་དགའ་ཞིང་སྤྲོ་ཆགས་པ་དེ་ཉིད་ལ་དེ་སྐད་བྱའོ། །སྲིད་པའི་འདོད་ཆགས་སྤངས་པ་སྟེ། །ཞེས་པས་འདོད་པ་དང་གཟུགས་དང་གཟུགས་མེད་པ་ལ་ཆགས་ཏེ། དེ་ལས་འདས་པ་ནི་སྤངས་པ་སྟེ་དེ་ཡང་རྗེ་བཙུན་ནོ། །སྲིད་གསུམ་དགའ་བ་ནི་ཁམས་གསུམ་པོ་དེའོ། །ལྷ་རུ་སྤྲུལ་ནས་འདུལ་ཞིང་དགའ་བར་བྱེད་པས་ཆེན་པོའོ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་པ་ནི་མ་རིག་པའི་དྲི་མ་མེད་པའི་ཕྱིར་རོ། །འདི་ན་མན་ངག་ཏུ་ཡེ་ཤེས་སེམས་དཔའ་བསྒོམ་པའི་སྐུ་མདོག་དང་མཚན་ཆེ་བའི་ཡོན་ཏན་དུ་བལྟས་ཏེ། གདོན་པའི་སྒོམ་ཁོག་དང་སྦྱར་ཏེ་སྐུ་མདོག་དང་རྒྱན་འདི་རྣམས་དང་ལྡན་པའི་ཡེ་ཤེས་སེམས་དཔའ་ཉིད་བུདྡྷ་ཐམས་ཅད་ཀྱི་རྒྱན་ནམ། ཡང་ན་ཡེ་ཤེས་སེམས་དཔའ་ཉིད་སྤྲུལ་སྐུའི་རྒྱན་དང་ལྡན་པར་བསྒོམ་མ་ཞེའོ། །མཉམ་ཉིད་མེ་ལོང་ལྟ་བུའི་མཚན་ཉིད་ཤུ། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ་ནི་ས་དང་པོ་ལ་སོགས་པའི་ཡོན་ཏན་ཞིང་ཁམས་བརྒྱ་སྦྱོང་བ་ལ་སོགས་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་སྟོབས་ཀྱིས་ཕ་རོལ་ཟིལ་གྱིས་གནོན་པ་ཡང་དེའོ། །དེ་ཉིད་དྲན་པ་ཆེན་པོ་འཆང༌། །ཞེས་པ་རིགས་བསྡུས་སུ་དངོས་པོའི་གནས་ལུགས་བསྟན། རྡོ་རྗེ་རིགས་སུ་དེའི་སྐུ་འཁོར་བསྟན། པདྨའི་རིགས་སུ་བློ་གནས་པའི་ཐབས་བསྟན། འདིར་སྙིང་པོའི་དོན་བསྟན་ཏེ། དེ་ཉིད་དྲན་པའི་མན་ངག་གཞན་དུ་ཤེས་སོ། །རྗེ་བཙུན་དེ་ཉིད་དོ། །དྲན་པ་ནི་


DTG064_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྗེད་པ་སྟེ་འཆང་བའོ། །དྲན་པ་བཞི་པོ་ལུས་ལྷར་དྲན། སེམས་སྟོང་པ་དེ་བདེ་བར་དྲན་ནོ། །བྱང་ཆུབ་ནི་ཡན་ལག་བདུན། མེ་ཏོག་སྤོས་དེའི་འབྲས་བུ་སྟེ་སེམས་ཚིམ་པའོ། །མཆོད་པ་ཡང་འདིས་ཟིན་ནོ། །དེ་བཞིན་གཤེགས་པའི་ཡོན་ཏན་ནི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སྟེ་མང་བས་མཚོའོ། །མན་ངག་ཏུ་མཚན་ཆེ་བའི་ཡོན་ཏན་དང་སྦྱར་རོ། །ལམ་གྱི་ཡན་ལག་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་ཚུལ་ནི་ཐབས་དེ་རིག་པ་ནི་རྗེ་བཙུན་ནོ། །མན་ངག་ཏུ་ཆུ་སྦྱིན་ལ་སོགས་པའི་ཡན་ལག་དང༌། ཆགས་ལམ། གྲོལ་ལམ། སྨིན་ལམ་རྣམས་སྦྱར་རོ། །ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་པ་ནི་རང་གི་ཡང་དག་པའི་དོན་དེ་རིག་པའམ། གཞན་ལ་ལམ་དེ་སྟོན་པས་དེ་ལ་དེ་སྐད་བྱའོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་པ་ནི་ཀུན་རྫོབ་ཏུ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་དོན་ལ་ཆགས་པའོ། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་པ་དོན་དམ་དུ་རྗེ་བཙུན་དེ་ལ་ཆགས་པ་མེད་དེ་སྟོང་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་རང་བཞིན་ཡིན་པས་སོ། །མགྱོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པ་ཤེས་ལ་དུས་གཅིག་ཏུ་རྗེ་བཙུན་འཇུག་པའོ། །དབང་དོན་ཤེས་ནི་རབ་འབྲིང་ཐ་མའི་དོན་ཤེས་པའོ། །ཡིད་འཕྲོག་པ་ནི་སྐལ་བ་གང་དང་ལྡན་པ་བཞིན་དུ་ཆོས་བསྟན་པས་གདུལ་བྱའི་ཡིད་འཕྲོག་པའོ། །ཕུང་པོ་ལྔའི་དོན་ཆོས་ཉིད་དུ་ཤེས་པ་ཡང་རྗེ་བཙུན་ནོ། །རྣམ་དག་ཕུང་པོ་ལྔ་འཆང་བ་ནི་རང་ཁམ་དག་ནས་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལྔ་ཚང་བ་དེའོ། །དེ་ས་འབྱུང་ཀུན་ནི་འཇིག་རྟེན་པའི་ངེས་འབྱུང་དང༌། འཇིག་རྟེན་ལས་འདས་པའི་ངེས་འབྱུང་གི་མཐར་ཕྱིན་པ་ནི་དེའོ། །ངེས་འབྱུང་ཀུན་ལ་མཁས་པ་ནི་ཉན་ཐོས་ཀྱི་ངེས་འབྱུང་ཞི་བ་མོར་མཁྱེན་ནོ། །ངེས་འབྱུང་ལམ་ལ་གནས་པ་ནི་རང་རྒྱལ་གྱི་ལམ་ལ་གནས་པའོ། །དེས་འབྱུང་ཀུན་གྱི་ལམ་སྟོན་པ་ནི་རྫོགས་པའི་བྱང་ཆུབ་སྟེ་དེ་རྣམས་རྗེ་བཙུན་ནོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མཚན་


DTG064_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་པའོ། །ཡན་ལག་ནི་རྟེན་འབྲེལ་ལུགས་དང༌། ལུགས་ལས་བཟློག་པ་ཡང་འཁོར་བའི་སྲིད་པའི་རྩ་བ་བཏོན་པ་ཡང་དེའོ། །དག་པ་ནི་སྐྱེ་མཆེད་བཅུ་གཉིས་གཟུང་འཛིན་གྱིས་དབེན་རྗེ་བཙུན་འཛིན་ནོ། །བདེན་པ་བཞི་ནི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ཉན་ཐོས་ཀྱི་ངེས་འབྱུང་ཡང་དེའོ། །ཤེས་པ་བརྒྱད་པོ་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང༌། སྡུག་བསྔལ་ཤེས་པ་ཀུན་འབྱུང་འགོག་པ་ལམ་ཟད་པ་མི་སྐྱེ་བ་ཤེས་པ་སྟེ་དེ་རྣམས་རྟོག་པ་ཡང་རྗེ་བཙུན་ནོ། །བདེན་དོན་རྣམ་པ་བཅུ་གཉིས་ནི་བདེན་པ་རེ་རེ་ལ་གསུམ་གསུམ་བཅུ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེ་ཉིད་རྣམ་པ་བཅུ་དྲུག་ནི་བདེན་པ་རེ་རེ་ལ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་བཞི་བཞི་སྟེ། དེར་ཕྱི་ནས་རིག་པ་ཡང་རྗེ་བཙུན་ནོ། །རྣམ་པ་ཉི་ཤུས་བྱང་ཆུབ་ཅེས་པ་ཕུང་པོ་ལྔ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བྱང་ཆུབ་མངོན་དུ་བྱས་ཤིང་བརྟགས་ན་གཟུགས་ཉིད་བདག་མ་ཡིན། གཟུགས་ལ་བདག་མེད། །བདག་ཉིད་གཟུགས་མ་ཡིན། བདག་ལ་གཟུགས་མེད་དོ། །དེ་བཞིན་བཞི་ལ་སྦྱར་ཏེ། དེ་ཡང་རྗེ་བཙུན་ནོ། །རྣམ་པ་ཀུན་རིག་ཅེས་པ་རྗེ་བཙུན་ནི་ཤེས་བྱ་ཀུན་རིག་པའི་མཆོག་གོ །བུདྡྷའི་སྤྲུལ་སྐུ་དཔག་མེད་ཀྱང་རྗེ་བཙུན་ནོ། །མན་ངག་ཏུ་སྤྲོས་པ་ལས་བསྡུས་བསྟན་སྦྱར་རོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་བྱ་བ་ནི་དུས་ཀྱི་སྐད་ཅིག་ལ་བདེན་པ་བཞི་ལ་ཆོས་བཅུ་དྲུག་ཏུ་ཤེས་པས་རྒྱུན་དུ་ཞུགས་པ་རྟོགས་པ་ཡང་དེའོ། །སེམས་ཀྱིས་ནི་སེམས་ཅན་གྱི་སེམས་ཀྱི་སྐད་ཅིག་དོན་ཀུན་མཁྱེན་པ་ཡང་དེའོ། །ཐེག་པ་སྣ་ཚོགས་ནི་ཉན་ཐོས་ལ་སོགས་པ་ཐབས་སམ་ཚུལ་ནི་ལམ་མོ། །དེས་འགྲོ་བའི་དོན་བྱེད་པ་ལ་སྤྲོ་བ་ནི་རྟོགས་པ་སྟེ། དེ་ཡང་རྗེ་བཙུན་ནོ། །ཐེག་པ་གསུམ་ནི་འདུལ་བའི་དབང་གིས་ཉན་ཐོས་དང་རང་རྒྱལ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ་དེ་དང་དེའི་ལམ་གྱིས་དེ་དང་དེའི་འབྲས་བུ་ངེས་པར་འབྱུང་ལ། དོན་དམ་པར་ནི་ཐེག་པ་གཅིག་ཅེས་པས་གསང་སྔགས་བླ་ན་མེད་པ་སྟེ། རྣལ་འབྱོར་ཆེན་པོའི་ཐེག་པས་འབྲས་བུ་བླ་ན་མེད་པའི་སངས་རྒྱས་ལ་གནས་སོ། །ཉོན་མོངས་ཁམས་རྣམས་ནི་མིག་གི་ཁམས་ལ་སོགས་


DTG064_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁམས་བཅོ་བརྒྱད་གཟུང་འཛིན་དག་པའི་བདག་ཉིད་ནི་རྗེ་བཙུན་ནོ། །ལས་ཀྱི་ཁམས་ནི་ཁམས་གསུམ་སྟེ། འཇིག་པ་དང་ཟད་པར་བྱེད་པ་ཡང་དེའོ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །ཞེས་འདོད་པ་དང་སྲེད་པ་དང་ལྟ་བ་དང་མ་རིག་པ་དང་བཞི་ནི་མང་བས་རྒྱ་མཚོ་སྟེ་དེ་ལས་བརྒལ་བ་ནི་རྗེ་བཙུན་ནོ། །རྣམ་ཤེས་དོན་ནི་འགག་པར་བྱེད། །ཅེས་སྦྱོར་བའི་སེམས་ཙམ་ལ་སྙོམས་པར་འཇུག་པ་སྟེ་དེ་ཉིད་ཤེས་དཀའ་བརྒལ་དཀའ་བས་དགོན་པར་སྦྱོར་བ་སྟེ་མཐར་ཕྱིན་པ་ལས་བྱུང་བ་ནི་རྗེ་བཙུན་ནོ། །ཉོན་མོངས་པ་ནི་དྲུག་སྟེ་ཉེ་བའི་ཉོན་མོངས་པ་ནི་ཉི་ཤུ་རྩ་བཞི་ཀུན་ནས་ཉོན་མོངས་པ་བདུན་མངོན་དུ་གྱུར་པ་བག་ལ་ཉལ་བའི་བག་ཆགས་དང་བཅས་པར་གཏན་དུ་སྤངས་པ་ནི་རྗེ་བཙུན་འཇམ་དཔལ་ལོ། །མཉམ་པ་ཉིད་ཀྱི་སོ་སོར་རྟོག་པའི་མཚན་ཉི་ཤུ་པའོ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་པ་ཐབས་ནི་ཐུགས་རྗེ་ཆེན་པོ་སྟེ། ཀུན་རྫོབ་ཏུ་གཞན་དོན་ཤེས་རབ་དོན་དམ་པ་སྟེ། སྟོང་པ་ཉིད་གོ་བ། དོན་ཡོད་འགྲོ་བའི་དོན་བྱེད་པ། །ཞེས་པ་འགྲོ་བའི་དོན་བྱས་པས་དོན་དམ་དགོས་པ་ཡོད་དོ་ཞེའོ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང༌། །ཞེས་པ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་འདི་གསུམ་གྱི་མི་མཐུན་པ་སྤངས་པ་ནི་རྗེ་བཙུན་ནོ། །རྣམ་ཤེས་དོན་ནི་འགག་པར་བྱེད། །ཅེས་པ་ནི་སྐྱེ་མཆེད་མུ་བཞི་སྲིད་པའི་རྩེ་མོ་དང་ལྔའི་དོན་ཤེས་པས་འབྲས་བུ་དེ་སྐྱེ་བས་དེའི་མི་མཐུན་པའི་ཕྱོགས་དག་པར་བྱེད་དེ། དེ་ཡང་རྗེ་བཙུན་ནོ། །སེམས་ཅན་ཀུན་ཡིད་ནི་སེམས་ཀྱི་ཉོན་མོངས་པ་ཅན་ཡིད་ལ་ལོངས་སྤྱོད་པའི་ཕྱིར་ན་ཡུལ་དེ་ཉིད་ལས་སྤྱོད་པས་ལྡན་ཏེ་དེ་ཡང་རྗེ་བཙུན་ནོ། །སངས་རྒྱས་ཞེས་པ་དུས་གསུམ་གྱི་བུདྡྷའི་ཐུགས་ནི་ཆོས་ཀྱི་དབྱིངས་སོ། །དེ་རིག་པ་ནི་རྗེ་བཙུན་ནོ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་པ་དེའི་སེམས་ཀྱི་དཀྱིལ་ནི་རྗེ་བཙུན་བཞུགས་སོ། །དེ་དག་སེམས་དང་ལྡན་པར་འཇུག །ཅེས་པ་སྟོང་ལ་ཉིད་དེ་དག་སེམས་ཅན་གྱི་སེམས་དང་མཐུན་པར་འཇུག་སྟེ་གཉིས་མེད་དོ། །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད་ནི་ཀུན་ལ་ཟག་མེད་ཀྱི་བདེ་བ་སྟེར་ཏེ། དེ་ཡང་རང་བཞིན་ནམ་ངོ་བོས་


DTG064_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་སྟེར་བ་དེ་མཉྫུའོ། །སེམས་ཅན་གྱི་ཡིད་དགའ་བ་ནི་ཟག་མེད་ཀྱི་བདེ་བས་འདོད་པ་ཐམས་ཅད་སྟེར་བ་མན་ངག་གོ །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་པ་འདིར་མན་ངག་ཏུ་འཇམ་དཔལ་ཝཱ་གཱི་ཤྭ་རི་མུཾ་ཞེས་པ་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་དང༌། དེའི་བསྐྱེད་རིམ་གྱི་སྒོ་ནས་མཚན་ཆེ་བའི་ཡོན་ཏན་དུ་བལྟས་ཏེ། འདོན་པ་གཉིས་ཏེ་དེ་ནི་མན་ངག་ཏུ་ཤེས་པར་བྱའོ། །དེ་ལ་ཐིག་ལེ་ནི་ས་བོན་ཏེ་མུཾ་སྟོང་པ་ནི་དོན་དམ་པ་སྟེ་ཡེ་ཤེས་ཀྱི་ཚོགས་དེ་ཡང་རྗེ་བཙུན་ནོ། །རྣམ་པ་ཀུན་ལྡན་ནི་བུདྡྷའི་མཚན་དཔེ་དང༌། བུདྡྷ་གཟུགས་སྐུ་དེ་དང་ལྡན་པ་སྟེ། རྣམ་མེད་ནི་དོན་དམ་དུ་མཚན་དཔེ་བཙལ་ན་ཡོན་ཏན་ཅིར་ཡང་མི་དམིགས་ཏེ། བརྟགས་ཚོད་ཀུན་རྫོབ་ཏུ་རྒྱུན་མི་འཆད་མི་འབྲལ་བས་རྣམ་བཅས་སོ། །དོན་དམ་དུ་མེད་པས་རྣམ་མེད་དེས་འབྲས་བུ་བུདྡྷའི་ས་ནི་རྣམ་པ་ཐམས་ཅད་དང་ལྡན་པའི་རྣམ་མེད་དོ། །དེ་བཞིན་དུ་འདི་ལྟར་སྣང་བ་ལ་ཡང་ཟབ་དང་རྒྱ་ཆེ་བ་གཉིས་སྦྱོར། བཅུ་དྲུག་ཕྱེད་ཕྱེད་ཚིག་རྐང་གསུམ་ལ་ཕྲ་ཐིག་གི་བསྒོམ་པ་ལུས་ལ་འཁོར་ལོ་བཞི་བསྒོམ་པ་སྟོན་ཏེ། སྤྱིར་ན་བརྟེན་པ་ལྷའི་འཁོར་ལོ། །འཁྲུལ་འཁོར་ལས་ཀྱི་འཁོར་ལོ། སྙིང་གར་ཤེས་རབ་ཀྱི་འཁོར་ལོ། །ལུས་གནས་རྩའི་འཁོར་ལོ་ལས་འདིར་ལུས་གནས་རྩའི་འཁོར་ལོ་སྟོན་ཏེ། དེ་ཡང་ཤེས་རབ་ཀྱི་འཁོར་ལོ། སྙིང་ག་ཤེས་རབ་ཀྱི་འཁོར་ལོ། །མགྲིན་པ་ཤེས་རབ་ཀྱི་འཁོར་ལོ། །མཚོག་གཤེས་རབ་ཀྱི་འཁོར་ལོ་རྣམས་བསྲེག་པ་དང་གསོ་བའི་སྒོ་ནས་བསྒོམས་ཏེ། བླ་མའི་ལུང་ལས་མི་འདའ་བའི་ཕྱིར་འདིར་མི་འགྲེལ་ལོ། །དེ་མན་ངག་ཏུ་ཤེས་པར་བྱའོ། །བཅུ་དྲུག་ནི་ཨཱ་ལི་ཕྱེད་ནི་བརྒྱད། དེའི་ཕྱེད་ནི་བཞི་སྟེ། ཨ་རིང་ཐུང་བཞི་སྟེ། ཐ་ལྟེ་བ་ལས་པའི་འཁོར་ལོ། །ཐིག་ལེ་རཾ་ལ་མ་བཙུད་ཙམ་གྱི་བར་དུ་བསམ་པའི་དོན་ཏོ། །བསམ་གཏན་བཞི་ནི་ཙཀྲ་སྡེ་བཞིའོ། །རྡོ་རྗེ་རྩེ་མོ་ནི་དེའི་འོད་ཀྱི་རྩེ་མོ་དམར་པོ་འབར་བ་ཅན་ནོ། །དེས་བསྲེག་པ་དང་གསོ་བའོ། །རྩིས་ལས་འདས་པ་ནི་ཡོད་མེད་རྟག་ཆད་གཅིག་དང་དུ་མ། དངོས་དང་དངོས་མེད་ཀྱི་རྣམ་རྟོག་གི་རྩིས་ལས་འདས་ཏེ་མི་རྟོག་པའོ། །ཡན་ལག་མེད་པ་ནི་འབྲས་བུ་སྤྲོས་མེད་ཐོབ་པ་ཞེའོ། །བསམ་


DTG064_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ནི་དང་པོ་གཉིས་པ་གསུམ་པ་བཞི་པའོ། །ཡན་ལག་ནི་རྟོག་དཔྱོད་མེ་དང་འདྲ། ཡང་ན་གཡོ་བ་རླུང་དང་འདྲ། དགའ་བ་དེ་ཆུ། བརྟན་པ་ས་ལ་སོགས་པའི་ཡན་ལག་རིམ་པ་བཞིན་ཡོད་པ་དེ་ཤེས་པ་ཡང་མཉྫུའོ། །ཏིང་ངེ་འཛིན་ནི་གོང་མ་དེ་བཞིའོ། །རིགས་ནི་རྗེས་སུ་གྲུབ་པ་དང༌། མ་གྲུབ་པ་ལུགས་གཉིས་ཏེ། གྲུབ་པ་ནི་སེམས་ཙམ་པའི་རིགས་ལྔར་འདོད་དེ། ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའ་ནི་དེ་དང་དེར་ཐོབ་པར་འདོད། མ་ངེས་པ་གང་དུ་ཡང་སྐྱེ་བར་མ་ངེས་པ་ལ་རྐྱེན་དབང་དུ་འགྲོ། རིགས་ཆད་པས་དེ་ཚོ་གང་ཡང་མི་འགྲུབ་ཟེར་རོ། །དབུ་མ་པ་རིགས་ལ་རྫས་སུ་གྲུབ་པ་མེད་དེ། འདི་ན་སྣོད་མེད་གང་ལ་མེད། །ཅེས་པ་སྟེ་ཉན་ཐོས་དང་རང་རྒྱལ་གྱིས་ནི་ཐེག་པ་ཆེན་པོའི་ལམ་སྟེགས་སུ་འདོད་དེ། དེ་ཡན་ཆད་ལས་ཀྱི་རིགས་ཀྱི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་བཅུ་དགུའོ། །རྒྱུད་རིག་པ་ནི་གོང་མ་དེ་རྣམས་ཀྱི་རིགས་གང་དུ་སྐྱེ་བ་ཡང་རྗེ་བཙུན་གྱིས་རིག་པའོ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་ནི་ཆོས་སྐུའོ། །ལོངས་སྤྱོད་རྫོགས་སྐུ་ནི་བྱང་ཆུབ་སེམས་དཔའི་དབུས་ན་རྒྱལ་པོ་ལྟ་བུ་སྟེ། དེ་ཡང་རྗེ་བཙུན་ནོ། །སྤྲུལ་སྐུ་ནི་འཇིག་རྟེན་པའི་སྐུ་ཀུན་གྱི་མཆོག་སྟེ། དེ་གསུམ་ཡང་རྗེ་བཙུན་ནོ། །རྗེ་བཙུན་དེ་དུས་གསུམ་ཀའི་བུདྡྷ་མར་མེ་མཛད་ལ་སོགས་པ་བསྐལ་པ་བཟང་པོའི་སྤྲུལ་པའི་བུདྡྷ་ཐམས་ཅད་ཀྱི་གདུང་རྒྱུད་མི་གཅོད་ཅིང་འཆང་བས་དེ་སྐད་བྱའོ། །ཕྱོགས་བཅུ་ཞེས་པའི་ཚིག་གཉིས་ནི་མཚན་གསང་སྔགས་སུ་ལྟ་བ་དང་དཀྱིལ་འཁོར་བསྐྱེད་པའི་དུས་སུ་སྤྲུལ་པའི་སྐུ་སྤྲོ་བའི་དོན་ལས་གཉིས་བྱེད་པ་དང་བསྡུ་བ་དད་བསྟན་པའི་མན་ངག་གོ །ལྷའི་དབང་པོ་ནི་ཁྱབ་འཇུག་ལྷའི་བླ་ནི་ས་བླ་སྟེ་ཚངས་པ་པོ་ནི་རྣམ་པར་སྣང་བྱེད་ཟེར། ལྷ་མིན་བདག་རཱ་ཧུ་ལ། འཆི་མེད་དབང་པོ་བརྒྱ་བྱིན། ལྷའི་བླ་ཕུར་བུ། འཇོམས་བྱེད་ཚོགས་བདག་གླང་སྣ། འཇོམས་བྱེད་མ་ཧཱ་དེ་བ་སྟེ། འཇིག་རྟེན་པའི་ལྷ་ཆེན་པོ་བརྒྱད་པོ་དེ་ཡང་རྗེ་བཙུན་གྱི་སྤྲུལ་པ་ཡིན་པས་དབང་ཕྱུག་ཅེས་པའམ། ཡང་དེ་ཚོལ་དབང་སྒྱུར་བ་ནི་རྗེ་བཙུན་ནོ། །སྲིད་པ་ནི་འཁོར་བའི་དགོན་པ་


DTG064_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒལ་བའོ། །དེ་ལས་རྒལ་བར་དཀའ་བ་བརྒལ་བ་ཡང་རྗེ་བཙུན་ནོ། །སྟོན་པ་ནི་སེམས་ཅན་གྱི་དོན་དུ་ཆོས་སྟོན་པའོ། །གཅིག་པུ་ཞེས་བྱ་སྟེ། གཉིས་སུ་གྲུབ་པ་མཐར་ཕྱིན་ནི་དོན་བརྩམས་པ་མཐར་ཕྱིན་ནོ། །འཁྲུལ་པ་ནི་གཏན་ལ་མ་ཕེབས་པ་སྟེ། རྗེ་བཙུན་ལ་མེད་དོ། །འདིར་དྲུག་སྒེག་པའི་རྡོ་རྗེའི་འགྲེལ་པས་གྲུབ་པ་མཐར་ཕྱིན་པའི་མན་ངག་གོ་ཞེས་གསུངས་ཏེ། གཉིས་མེད་སུས་ཀྱང་མ་བྱས་མ་བཅོས་པ་དེ་གཞན་གྱི་རྒྱུད་ལ་རྟོག་པ་སྐྱེད་པ་ནི་མན་ངག་གོ །ཡང་དང་ཡང་དུ་གོམས་པར་བྱེད་པ་ནི་ལམ་མོ། །གོམས་པ་མཐར་ཕྱིན་པ་ནི་འབྲས་བུའོ། །ནོར་པ་སརྦ་རྣམ་པར་སྤངས་པ་ནི་ཇི་ལྟར་གནས་པའི་དོན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའོ། །དོན་གསུམ་ནི་དོན་གསུམ་མོ། །དེ་མཉྫུའོ། །ཐེ་ཚོམ་མེད་པའི་བློས་ཤེས་པར་བྱའོ། །ཀུན་དོན་ནི་ཀུན་གཡོ་ཐབས་ཀྱི་རྗེ་བོ་རྗེ་བཙུན་ནོ། །ཡོན་ཏན་གསུམ་ནི་རྡུལ་མུན་པ་སྙིང་སྟོབས་ཀྱི་བདག་ཉིད་ཀྱང་རྗེ་བཙུན་ཏེ། དེ་ཡང་སྙིང་སྟོབས་མུན་པས་ཀྱང༌། །གང་ཕྱིར་སེམས་ཅན་དོན་འགྱུར་བ། །ཞེའོ། །ཕུང་པོ་ལྔ་དོན་དུས་གསུམ་དུ། །ཞེས་པ་གཟུགས་ལ་སོགས་པ་ཡང་དུས་གསུམ་གྱིས་བསྡུས་པའི་ཕྱིར། མུ་སྟེགས་ཀྱི་བརྟགས་པ་བསལ་ནས་ཉན་ཐོས་ཀྱི་བདག་མེད་ཚོལ་བའོ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་པ་རྒྱུའི་སྐད་ཅིག་གི་དུས་ནི་སྦྱིན་པ་དུས་སུ་བྱིན་པ། འགྱོད་པ་མེད་པ་ཡིད་དུ་འོང་བ། སྦྱིན་པ་རྣམ་པར་སྨིན་པ་ལ་མི་རེ་བས་འབྲས་བུའི་སྐད་ཅིག་ལ་ཐོས་བསམ་བསྒོམ་གསུམ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཤེས་པའོ། །དེས་ནི་སྐད་ཅིག་མ་ལ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པས་རྫོགས་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ཞེས་པ་སྟེ་སྐུ་གསུམ་གྱི་བུདྡྷ་ཀུན་གྱི་རང་བཞིན་ནམ། །ཆོས་སྐུ་ལ་ནི་བཟང་ངན་མེད་ཀྱི་སྤྲུལ་སྐུ་ལ་ནི་ཡོད་དོ། །དེ་ལྟར་ཡང་མདོ་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་བྱེད་པར། །མཉམ་པ་ཉིད་དེ་སྐུ་ཚེ་དང༌། །རིགས་དང་སྐུ་བོང་ཚོད་ཀྱིས་མིན། །ཞེས་ཏེ། བུདྡྷས་ཚོགས་བསགས་པ་དང༌། ཆོས་སྐུ་དང་འགྲོ་བའི་བྱེད་པ་ལ་མཉམ་ལ། ཚེ་དང་རིགས་དང་


DTG064_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བོང་ཚོད་ནི་མི་མཐུན་ཞིང་མི་མཉམ་མོ། །ལུས་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ལུས་ཡིན་པས་ཐ་མལ་གྱི་ལུས་མེད་ལ་དེའི་ལུས་དེ་ནི་ལུས་ཀྱི་མཆོག་གོ །ལུས་ཀྱི་མཐའ་ནི་སྤྲོས་པའི་ལུས་ཐམས་ཅད་ཆོས་ཀྱི་ལུས་སུ་རྟོགས་པ་སྟེ། དེའི་ཕྱིར་སྤྲུལ་པའི་གཟུགས་ཚོགས་གདུལ་བྱ་ཀུན་དུ་སྟོན་ཞེའོ། །ནོར་བུ་ཆེན་པོ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ངོ་བོ་པས་དེ་ལ་དེ་སྐད་ཅེས་བྱ་ལ། རིན་ཆེན་ཏོག་ནི་སྦྱིན་པས་གདུལ་བྱ་ཐམས་ཅད་རྫོགས་པར་བྱེད་པས་རྗེ་བཙུན་ལ་དེ་སྐད་བྱའོ། །དེ་ཡན་ཆོད་ནི་རིན་པོ་ཆེའི་རིགས་ཀྱི་མཚན་བརྒྱ་རྩ་བཞི་སྟེ་ལེའུ་དགུ་པ་རྫོགས་སོ།། །།སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་པ་ནི་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས། འབྱུང་དང་བྱུང་བས་གྲུབ་པའོ། །སངས་རྒྱས་ཐམས་ཅད་ཁྱོད་ལ་བརྟེན། །ཞེས་པ་སྟེ་སངས་རྒྱས་ཀུན་གྱིས་ཤེས་པར་བྱ་བའི་རྒྱུའམ། མངོན་དུ་བྱ་བའི་རྒྱུར་འདུག་པས་རྗེ་བཙུན་ལ་དེ་སྐད་ཅེས་བྱའོ། །བུདྡྷ་ཀུན་ནི་མུ་སྟེགས་ཅན་བཀག་པ་སྟེ། ནང་པ་ལ་བུདྡྷའོ། །བྱང་ཆུབ་ནི་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའི་བྱང་ཆུབ་གསུམ་མུ་སྟེགས་ལས་ཁྱད་ཡོད་པས་བླ་ན་མེད་དོ། །ཡང་ན་བླ་ན་མེད་ནི་འོག་མའི་བྱང་ཆུབ་ལ་བལྟས་ནས་སྔགས་ཀྱི་ཐེག་པ་ནི་ཁྱད་པར་འཕགས་སོ། །གསང་སྔགས་ནི་འཇིག་རྟེན་པའི་གསང་སྔགས་ཁྱབ་འཇུག་མ་ཧཱ་དེ་བ་འདས་པའི་གསང་སྔགས་མི་བསྐྱོད་པ་ལ་སོགས་པ་ལྔ་ཡང་རྗེ་བཙུན་ནོ། །དེ་ཉིད་དང་དེ་འབྱུང་བའི་ཕྱིར་རོ། །དོན་དམ་དུ་བརྗོད་པ་དང་བྲལ་བས་ཡི་གེས་མཚོན་དུ་མེད་དོ། །གསང་སྔགས་ཆེན་པོ་ནི་རིགས་གསུམ་སྟེ། རྣམ་སྣང་སྐུ་མི་བསྐྱོད་པ་ཐུགས་སྣང་བ་མཐའ་ཡས་གསུང་སྟེ་དེ་ཡང་རྗེ་བཙུན་ནོ། །ཡང་གསང་སྔགས་ནི་སྒོ་བཞིའི་དོན་ཀུན་བསྐྱེད། འབྱིན་སྤྲུལ་པ་ཡང་རྗེ་བཙུན་ནོ། །ཐིག་ལེ་ཆེན་པོ་ནི་ཨཱ་ལི་ཀཱ་ལ་སྟེ་ཀུན་རྫོབ་ཏུ་དེ་དང་དེར་བྱུང༌། དོན་དམ་ཡི་གེས་མཚོན་དུ་མེད་དོ། །སྟོང་པ་ནི་ནང་ལ་སོགས་པ་བཅུ་དྲུག་སྟེ་འཛིན་པའི་སེམས་ལ་སོགས་པས་སྟོང་པའི་ཕྱིར་ན་ཆེན་བོ་སྟེ་རྗེ་བཙུན་ནོ། །ཡི་གེ་ལྔ་ནི་རྣམ་སྣང་གི་ས་བོན་ཡི་གེ་ཨ་དང༌། མི་བསྐྱོད་པའི་ཧཱུཾ། རིན་འབྱུང་ཨོཾ། སྣང་


DTG064_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐའ་ཡས་ཧྲཱིཿ་དོན་ཡོད་གྲུབ་ཀྱི་ཨཿ་སྟེ། ཡི་གེ་དེ་ལྔ་ནི་ལག་པ་བྱིན་གྱིས་རློབ་པ་དང༌། མཎྜལ་དང་ཚ་ཚའི་རབ་གནས་དང༌། མི་ཟབ་པའི་སློབ་དཔོན་གྱིས་ཐིག་ཚོན་བརླབ་པའི་དུས་དང་ལྔར་སྦྱར་བས་སོ། །མེད་པས་ཡིད་དགའོ། །འགྲོ་བ་རྣམས་ཀྱི་ནང་ན་བླ་མ་ཞེས་ཀྱང་བྱའོ། །དེ་ཡན་ཆོད་རྡོ་རྗེ་རིགས་ཀྱི་མཚན་བཅུ་དགུའོ། །འཇིག་རྟེན་ནི་གསུམ་མོ། །ཕྱོགས་ནི་བཅུ་སྟེ་འོག་ལ་སོགས་པ་ཐམས་ཅད་དུ་རྗེ་བཙུན་ནི་རབ་ཏུ་གྲགས་སོ། །ཅིས་གྲགས་ཤེ་ན། སྦྱིན་བདག་ཅེས་པས་ཆོས་ཀྱི་སྦྱིན་པ་བཏང་བས་དེ་ཉིད་བརྟན་གཡོ་ཐམས་ཅད་ཁྱབ་བདག་ཉིད་ཆེན་པོ་ཞེས་བྱའོ། །དེ་ལ་ནི་དཔའ་བོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བྱམས་པའི་ཁྲབ་གྱོན་སྙིང་རྗེའི་ལག་པ་བཅུག་ཤེས་རབ་ཀྱི་མཚོན་ཐོགས་ནས་ཉོན་མོངས་པ་དང་འཐབ་སྟེ། མ་རིག་པའི་གཡུལ་ངོ་དེ་བསལ་ནས་བདུད་བཞིའི་དགྲ་བཏུལ་ཏེ། དེའི་འཇིགས་པ་བསལ་ཞིང་བདུད་ཀྱི་དཔུང་གི་ཚོགས་ཕམ་པར་བྱེད་པའམ། །དེ་བཞིན་དུ་བྷ་ག་བཱན་གྱིས་རྡོ་རྗེ་གདན་ལ་བདུད་བཞི་བཏུལ་ཏེ། དེ་ཡང་རྗེ་བཙུན་ནོ། །འདི་ལ་མཉྫུ་འཇམ་དཔལ་རྣོན་པོའི་སྒོ་ནས་བློ་འཕེལ་བར་བྱ་བའི་མན་ངག་ཏུ་བལྟའོ། །རྫོགས་པ་ནི་རིགས་ཐམས་ཅད་ཚང་ཞིང་རྫོགས་པས་བུདྡྷས་འགྲོ་བ་ཐམས་ཅད་འདྲེན་པ་འཇིག་རྟེན་འདྲེན་ཞེའོ། །རྗེ་བཙུན་དེ་ལ་བསྟོད་པར་འོས་ཏེ། ཐོས་པ་དང་དྲན་པ་མཐར་ཕྱིན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པས་མཆོད་པའི་འོས་ལ་ལྷ་དང་བཅས་པའི་འཇིག་རྟེན་པས་ཕྱག་བྱ་བའི་གནས་ཉན་ཐོས་ལ་སོགས་པས་ནི་རིམ་གྲོ་བྱ་བའི་འོས་སོ། །ཡོན་ཏན་ཐམས་ཅད་རྫོགས་པས་བྱང་ཆུབ་སེམས་དཔས་བཀུར་བར་འོས། དེ་ཡན་ཆད་རིན་ཆེན་རིགས་ཀྱི་མཚན་བཅུ་དགུའོ། །བུདྡྷ་ཐམས་ཅད་ཀྱིས་བརྗོད་པར་བྱ་བའི་མཆོག་གོ །རྣལ་འབྱོར་པས་སྒྲུབ་པ་རྣམས་ཀྱིས་ཕྱག་བྱ་བའི་འོས་སོ། །བུདྡྷ་ཐམས་ཅད་ཀྱི་ཐུགས་ལས་ཞུགས་པས་བླ་མའི་རབ་ཅེས་བྱའོ། །འཇིག་རྟེན་གསུམ་པོ་ཐམས་ཅད་དུ་གོམ་པ་གཅིག་ཁོ་ནས་འགྲོ་བའི་རྫུ་འཕྲུལ་མངའ་བས་གོམ་གཅིག་བགྲོད་ཅེའོ། །མཁའ་ལྟར་བདག་མེད་རྣམ་པར་གནོན། །ཞེས་པ་དེ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་རོ། །


DTG064_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རིག་ནི་སྡེ་སྣོད་གསུམ་སྟེ། འདུལ་བ་མངོན་པ་མདོ་སྡེ་གསུམ་རིག་པའམ། ཡང་ན་རིག་བྱེད་གསུམ་རིག་བའམ། དེ་འདོན་པ་དེ་ཡང་རྗེ་བཙུན་ནོ། །ཉེས་སྐྱོན་མེད་པས་གཙང་ཞིང་དག་པའམ། དག་པའི་རྒྱུ་ཡིན་ཏེ་དེ་ཡང་རྗེ་བཙུན་ནོ། །མངོན་ཤེས་དྲུག་ནི་ལྷའི་མིག་གི་མངོན་པར་ཤེས་པ་ནས་གཞན་གྱི་སེམས་ཤེས་པ་ལ་སོགས་པ་དང་ལྡན་པ་ཡང་དེའོ། །རྗེས་དྲན་དྲུག་ནི་བུདྡྷ་རྗེས་སུ་དྲན་པ་ནས་ཆོས་དང་དགེ་འདུན་རྡོ་རྗེ་དང་ཁྲོ་བོ་དམ་ཚིག་རྗེས་སུ་དྲན་པ་སྟེ། དེ་རྣམས་རིམ་པ་བཞིན་སྐུ་ལྔ་དང༌། ཡེ་ཤེས་འཁོར་ལོ་དང་རིགས་བདུན་གྱི་དཀྱིལ་འཁོར་གྱི་ལྷ་དང༌། སྲུང་འཁོར་དང༌། བདག་བསྲུང་བ་དང་དམ་ཚིག་ཅན་གྱི་རྟེན་གྱི་གང་ཟག་རྣམས་ལ་རིམ་པ་བཞིན་སྦྱར་རོ། །བྱང་ཆུབ་སེམས་དཔའ་ནི་རང་དོན་ལ་ཆགས་པ། འོག་མ་ནི་གཞན་དོན་ལ་ཆགས་པ་ནི་ཉན་ཐོས་ལས་རྫུ་འཕྲུལ་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ། །འཇིག་རྟེན་ལས་འདས་པ་ནི་འཁོར་བའི་ཆུ་བོ་ལས་བརྒལ་བའོ། །ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་མཚན་ཉིད་དང་ལྡན་པས་མཐའོ། །ཤེས་རབ་ཀྱི་ནི་གཉིས་མེད་ཀྱི་ཡེ་ཤེས་བརྩི། དེ་མངོན་དུ་གྱུར་པ་ནི་ཐོབ་པའོ། །བདག་གིས་དེ་ཉིད་རིག་པས་གཞན་ཡང་རིག་སྟེ། གཞན་རིག་ནི་བརྟགས་པ་སྟེ་ཉལ་བར་ཀྱང་དེ་ཉིད་སྤྲུལ་པའོ། །དེ་ཡན་ཆད་པདྨའི་རིགས་ཀྱི་མཚན་བཅུ་དགུའོ། །ཐམས་ཅད་ཀྱི་རང་བཞིན་གྱི་རིག་པའོ། །ཀུན་ནི་ཐམས་ཅད་ལ་ཕན་པ་བྱམས་པ་དེའི་ཕྱིར་གང་ཟག་མཆོག་ཅེའོ། །དེ་ནི་དཔེར་བྱ་བ་ལས་མཚོན་དུ་མེད་དོ། །ཤེས་པ་ནི་གཟུང་བ། ཤེས་བྱ་ནི་འཛིན་པ་སྟེ་དེའི་བདག་པོར་གྱུར་པས་རབ་མཆོག་ཅེས་བྱའོ། །གཙོ་བོ་ནི་འགྲོ་བར་བྱ་བའི་མཆོག་གོ །ཆོས་ཀྱི་སྦྱིན་པ་ནི་སྐལ་བ་དང་འཚམ་པར་བཏང་བས་བདག་པོ་ཞེས་བྱའོ། །ཕྱག་རྒྱ་བཞི་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོའོ། །དོན་སྟོན་པ་ཡང་དེའོ། །དེ་ནི་འགྲོ་བ་རྣམས་ཀྱི་བསྙེན་བཀུར་བྱ་བའི་མཆོག་གོ །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ངེས་པར་འབྱུང་བ་གསུམ་གྱི་ཚུལ་ཀྱང་དེའོ། །དོན་གྱི་དམ་པ་རྣམ་དག་


DTG064_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ། །ཞེས་པ་དོན་དམ་པར་ཆོས་ཐམས་ཅད་དག་པའི་དཔལ་དང་ལྡན་པའོ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །ཞེས་པ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ནུས་པ་ནི་སྐལ་བ་བཟང་བ་སྟེ། ཉན་ཐོས་སྐལ་ངན་དང་ཁྱད་དོ། །དཔལ་ལྡན་ནི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་འབྱོར་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཀུན་གྱི་ངོ་བོ་བས་དེ་ལ་དེ་སྐད་བྱའོ། །དེ་ཡན་ཆད་ཀྱིས་མཚན་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་འཇམ་དཔལ་ཏེ། དཔལ་དང་ལྡན་པའི་མཆོག་ཁྱོད་ལ་སོགས་སོ་ཞེས་བསྟོད་པའོ། །དེ་ཡན་ཆད་ཀྱིས་ལས་ཀྱི་རིགས་ཀྱི་མཚན་བརྗོད་བཅུ་དགུ་ལ་མཚན་གོ་ལྔ་ཚིགས་བཅད་བཅོ་ལྔ་སྟེ་ལེའུ་བཅུ་པ་རྫོགས་སོ།། །།དེ་ལྟར་དེ་ཡན་ཆད་དུ་རྒྱུད་རྒྱས་པ་ལས་རིགས་བསྡུས་པ་དང༌། བྱེ་བྲག་པའི་ལྔ་ཚན་བརྒྱད་བརྒྱ་སུམ་ཅུ་རྩ་གཉིས་ཀྱིས་བསྟན་ནས། ད་ནི་རྒྱུད་བསྡུས་པ་བསྟན་པའི་ཕྱིར། མཆོག་སྦྱིན་རྡོ་རྗེ་ཞེས་པ་ལ་སོགས་པའི་ཚིགས་བཅད་ལྔ་གསུངས་ཏེ། དེ་ལ་མཆོག་སྦྱིན་ཞེས་པ་སངས་རྒྱས་དང་བྱང་ཆུབ་གསོལ་བ་ནི་མཆོག་གི་སྦྱིན་པ་སྟེ། དེ་ལྟར་བྱོན་པ་ལ་མི་ཕྱེད་པ་ནི་རྡོ་རྗེའོ། །དེ་ཉིད་ཀྱིས་ན་མཆོག་ཏུ་གྱུར་པ་ནི་དོན་དམ་པ་སེ་ཁྱོད་ལགས་སོ་ཞེས་བོས་ཤིང་དེ་ལ་མོས་དང་འདུན་ཞེས་བྱའོ། །ཡང་དག་མཐར་གྱུར་ནི་ཡོན་ཏན་ཡང་དག་པའི་མཐར་ཕྱིན་པ་ནི་རྗེ་བཙུན་ཁྱོད་ལགས་ཞེས་པ་སྟེ། དེ་བཞིན་ཉིད་དུ་གྱུར་པའོ། །སྟོང་ཉིད་ལས་བྱུང་ནི་ཨ་སྟེ། སྐྱེ་མེད་ལས་བྱུང་བའམ། ཡང་ན་སྟོང་པ་ཉིད་ཀྱི་སྙིང་པོ་བདག་ཉིད་ཅན་ཅིག་རྗེ་བཙུན་ཁྱོད་ལགས་སོ་ཞེའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་ཀྱང་ཁྱོད་ལགས་སོ་ཞེས་པ་སྟེ་རྡོ་རྗེ་རིགས་ཀྱི་མཚན་བསྡུས་པའོ། །སངས་རྒྱས་ཆགས་པ་ཞེས་པ་རྗེ་བཙུན་ཁྱོད་ནི་སངས་རྒྱས་ཆགས་པ་ཅན་ཞིག་ལགས་ཞེས་བསྟོད་དེ། །གང་ལ་ཆགས་ཤེ་ན། རང་རིག་པའི་ཡེ་ཤེས་ཀྱི་ཆོས་ཉིད་སྟོང་པ་ལ་ཆགས་ལ། ཐབས་ཐུགས་རྗེ་ཆེན་པོས་འགྲོ་དོན་ལ་ཆགས་པ་ཡང་ཁྱོད་ལགས་སོ་ཞེའོ། །སངས་རྒྱས་འདོད་པ་ཞེས་པ་ཁྱོད་ནི་འདོད་པ་ཅན་གྱི་སངས་རྒྱས་ཅིག་ལགས་སོ་ཞེས་པ་སྟེ། ཁམས་གསུམ་སེམས་ཅན་ཐམས་ཅད་སངས་རྒྱས་ས་ལ་འདོན་པར་འདོད་


DTG064_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་སངས་རྒྱས་ཉིད་ཐོབ་པར་འདོད་པའོ། །སངས་རྒྱས་དགྱེས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་དགྱེས་པ་ཡང་ཁྱོད་ལགས་སོ། །སངས་རྒྱས་རོལ་བ་ཞེས་པ་རོལ་པ་ནི་ཆོ་འཕྲུལ་སྣ་ཚོགས་སོ། །དེ་དགྱེས་པ་ཡང་ཁྱོད་ལགས་སོ་ཞེས་བསྟོད་པ་སྟེ་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་བསྡུས་པའོ། །སངས་རྒྱས་འཛུམ་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཐུགས་སུ་ཆུད་པས་ཞལ་གྱི་པདྨ་བྱེ་བའོ། །སངས་རྒྱས་བཞད་པ་ནི་ཟབ་མོ་རྨད་དུ་བྱུང་བའི་དོན་ཐུགས་སུ་ཆུད་བ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་རྟགས་སུ་འོད་ཟེར་སྒྲོ་བའོ། །སངས་རྒྱས་གསུང་ཉིད་ནི་བཞི་སྟེ། ཁྲོ་བོའི་གསུང་ཤིན་ཏུ་དྲག་ཏུ་འདོན་པ་སྟེ། རྡོ་རྗེ་རིགས་ཀྱི་འདོན་ལུགས་དང་གསལ་བའི་གསུང་སྟེ། རིན་ཆེན་རིགས་ཀྱི་མཚན་ནི་ཤིན་ཏུ་ཚིགས་གསལ་བར་འདོན་པའོ། །ཕྲ་བའི་གསུང་ནི་ཤིན་ཏུ་ཕྲ་ཞིང་གདངས་སྙན་པར་འདོན་པ་སྟེ། པདྨའི་རིགས་ཀྱི་མཚན་འདོན་ལུགས་སོ། །རྡོ་རྗེའི་གསུང་ནི་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས། མཆུ་དང་མཆུ་གཉིས་མཉམ་པར་སྦྱར། །རྡོ་རྗེའི་ཚིག་ནི་སྒྲ་མེད་པའོ། །ཞེས་གསུངས་ཏེ། སུས་ཀྱང་མ་ཐོས་པར་འདོན་པའོ། །དེ་བཞིན་གཤེགས་པའི་རིགས་ནི་རྡོ་རྗེའི་རིགས་དང་སྦྱར་རོ། །གསུང་དེ་རྣམས་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཆོས་གསུང་ཡང་རྗེ་བཙུན་ཁྱོད་ལགས་སོ། །སངས་རྒྱས་ཐུགས་ལ་ཞེས་པ་སངས་རྒྱས་ཐུགས་ཀྱི་རང་བཞིན་དུ་གྱུར་པའམ། ཡང་ན་ཐུགས་མཚན་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རྒྱ་གྲམ་གྱི་རང་བཞིན་དུ་ཡང་རྗེ་བཙུན་ཀྱོང་འབྱུང་ངོ་ཞེའོ། །དེས་ནི་པདྨའི་རིགས་ཀྱི་མཚན་བསྡུས་པའོ། །མེད་པ་ནི་དངོས་པོ་མེད་པ་ལས་བྱུང་ཞིང་ཤར་བ་ཡང་ཁྱོད་ལགས་སོ་ཞེའོ། །སངས་རྒྱས་འབྱུང་བ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཁྱོད་ལས་བྱུང་བ་ལགས་སོ་ཞེའོ། །ནམ་མཁའ་དང་མཉམ་པའི་ཡེ་ཤེས་ལས་བྱུང་བའི་སངས་རྒྱས་ཀྱང་ཁྱོད་ལགས་སོ་ཞེའོ། །གཉིས་མེད་ཀྱི་ཡེ་ཤེས་ལས་བྱུང་བ་ཡང་རྗེ་བཙུན་ཁྱོད་ལགས་སོ་ཞེའོ། །ཡང་ན་རྗེ་བཙུན་ལས་བྱུང་བ་ནི་ཡེ་ཤེས་སོ་ཞེས་ཏེ་རིན་ཆེན་རིགས་ཀྱི་མཚན་བསྡུས་པའོ། །སྒྱུ་འཕྲུལ་ནི་མཆོད་པའི་སྤྲུལ་པ་ཐམས་ཅད་སྟོན་པར་མཛད་པ་ནི་རྗེ་བཙུན་ནོ། །དྲ་བ་ནི་


DTG064_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཀྱི་འབྲེལ་བའོ། །སངས་རྒྱས་རོལ་སྟོན་ཏེ་དག་རྒྱུ་དེ་གང་ཞེ་ན། སརྦ་དྷྲྨྨཱ་ཞེས་པ་ཕུང་པོ་ལ་སོགས་པའི་ཆོས་གང་ཡིན་པ་དེ་ཐམས་ཅད་དོ། །ཡ་དུ་ཏ་ནི་ཕུང་པོ་ལ་སོགས་པ་ཡོངས་སུ་དག་པ་སྟེ་གང་ཡིན་ཞེས་པ་ནི། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏ་ཞེས་ཏེ། ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་དུ་ཡོངས་སུ་དག་གོ་ཞེས་པའི་དོན་ཏོ། །མུ་པཱ་དཱ་ཡེ་ཏི་ཞེས་པ་བཟུང་ངོ༌། །མི་གཏོང་བར་ཁས་བླང་ངོ་ཞེས་པའི་དོན་ཏོ། །རང་བཞིན་ལྷུན་གྲུབ་དེ་སྔགས་ངོས་གཟུང་རྒྱུའམ། ཁས་བླང་རྒྱུ་དེ་རང་གང་ཞེ་ན། ཨ་ཨཱ་ནས་ཨཿའི་བར་གྱི་སྔགས་བརྗོད་བྱ་ཉིད་ལྷུན་གྱིས་གྲུབ་པའམ། བརྗོད་པ་ལྷུན་གྱིས་གྲུབ་པའི་རྟོག་པ་སྐྱེ་བའི་ཕྱིར། སྔགས་འདི་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་སྔགས་ཞེས་བྱའོ། །འདི་ནི་ལྷ་ཐམས་ཅད་ཀྱི་ཐུན་མོང་བའི་སྔགས་ཞེས་ཀྱང་བྱ། འཛབ་སྔགས་དང་ཕྲེང་སྔགས་ཞེས་ཀྱང་བྱ། སྒྲུབ་སྔགས་དང་ལས་སྔགས་ཞེས་ཀྱང་བྱ། ཡེ་ཤེས་སེམས་དཔའི་སྐུ་སྔགས་ཞེས་ཀྱང་བྱ། རྒྱུད་ཐམས་ཅད་ཀྱང་འདིར་འདུས་ཏེ། ཨ་ཨཱ་ནས་ཝཱ་གཱི་ཤྭ་རིའི་བར་དུ་རིགས་བསྡུས་པ་དང༌། བྱང་སེམས་རྡོ་རྗེ་དང་རྡོ་རྗེའི་རིགས་དང༌། དེ་བཞིན་གཤེགས་པའི་རིགས་དང༌། པདྨའི་རིགས་དང་ལས་ཀྱི་རིགས་དང༌། རིན་པོ་ཆེའི་རིགས་རྣམས་རིམ་པ་བཞིན་དུ་འདུས་པའི་ཕྱིར་རོ། །དེ་ལ་ཨ་ནི་ཆོས་ཐམས་ཅད་ཐོག་མར་ཡང་ཨ་ལས་བྱུང་ཞེའོ། །ཨའི་བར་དུ་ཡང་ཨའི་རང་བཞིན་དུ་གནས་སོ་ཞེའོ། །ཨ་ཐ་མ་ནི་ཐ་མར་ཡང་ཆོས་ཐམས་ཅད་ཨའི་རང་བཞིན་དུ་ནུབ་པོ་ཞེས་པའི་དོན་དེ་ཐམས་ཅད་ནས་ཐམས་ཅད་ཨས་བཟུང་ཨ་ལ་གནས་ཨ་རྒྱུ་སྟེ། དོན་དུ་གཉེར་རྒྱུ་ཡང་ཨ་གཅིག་ལས་མེད། ཡེ་བྱར་བྱ་རྒྱུ་ཡང་ཨ་གཅིག་པུ་ལས་མེད་དོ་ཞེས་པའི་དོན་ཏོ། །དེ་ལ་སར་བ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཧྲྀ་ད་ཡ་ཐུགས་ཧ་ར་ཧ་ར་ན་འཕྲོག་པའམ་འཐོར་བ། ཨོཾ་ཧཱུཾ་ཧྲཱིཿ་སྐུ་གསུང་ཐུགས། བྷ་ག་བའྣ་ནི་བཅོམ་ལྡན་འདས་སོ། །ཛྙཱ་ན་མཱུ་རྟི་ནི་ཡེ་ཤེས་སྤྱི་གཙུག །ཝཱ་གཱི་ཤྭ་ར་ནི་ངག་གི་དབང་ཕྱུག་གོ །མ་ཧཱ་པཱ་ཙ་མི་གཡོ་བ་ཆེན་པོའམ་ཡང་ན་སྨན་པ་ཆེན་པོ་སྟེ་སློབ་མ་


DTG064_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་སྨིན་བར་བྱེད་པའོ། །དེ་ལྟར་སློབ་མ་སྨིན་པར་བྱས་ནས་སརྦ་དྷྲྨྨཱ་ཡན་ཆད་ལམ་རྫོགས་རིམ་དང་སྦྱར་བ་སྟོན་ཏོ། །དེ་ཡང་གོང་གི་མི་གཡོ་བ་དེ་གང་ལས་མ་གཡོས་ཤེ་ན། སརྦ་དྷྲྨྨཱ་ནི་ཆོས་ཐམས་ཅད། །ག་ག་ན་ནམ་མཁའ་ལྟ་བུ། ཨ་མ་ལ་སུ་དྲི་མ་མེད་པ། བ་རི་ཤུདྡྷ་ནི་ཡོངས་སུ་དག་པ། དྷརྨྨ་དྷཱ་ཏུ་ནི་ཆོས་ཀྱི་དབྱིངས། ཛྙཱ་ན་ཡེ་ཤེས། གརྦྷ་ནི་སྙིང་པོ་ཆེ། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་དྲི་མ་མེད་ཅིང་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་བསྒོམ་ཞེས་པའི་དོན་ཏོ། །དེ་ལྟར་རྒྱུད་འདི་དབུ་ཞབས་ཀྱི་དོན་དང་ཐོག་མ་ཡང་ཨ་ལས་བྱུང་ནས་ཐ་མར་ཡང་ཨ་ལ་རྫོགས་པས་ཟབ་མོ་སྐྱེ་མེད་སྟོན་པའི་རྒྱུད་ཅིག་ཡིན་པར་ཤེས་པར་བྱའོ། །རྒྱུད་ཤིན་ཏུ་བསྡུས་པ་རང་བཞིན་ལྷུན་གྲུབ་ཀྱི་སྔགས་འདི་བཀླགས་པ་དང༌། བཏོན་པ་དང༌། བཟླས་པས་ཀྱང་རྒྱུད་རྒྱས་པར་བཏོན་པ་དང་འདྲ་བར་འགྱུར་ཏེ་འདི་ནི་གང་ཟག་བསྡུས་པ་ལ་དགའ་བའི་དོན་དུ་གསུངས་སོ། །དེ་ལ་རྒྱས་བསྡུས་ནི་མངོན་པར་རྒྱ་ཆེ་ཆུང་གི་ཁྱད་པར་རོ། །དོན་ལ་ནི་ཆེ་ཆུང་མེད་པར་ཤེས་པར་བྱའོ། །ལེའུ་བཅུ་གསུམ་པ་རྫོགས་སོ།། །།ད་ནི་རྒྱུད་ཉེ་བར་བསྡུས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་རྒྱས་པ་དང་བསྡུས་པ་དང་ཤིན་ཏུ་བསྡུས་པ་དང་གསུམ་སྟེ། རྫོགས་པའི་རྗེས་དེ་མ་ཐག་ཁོ་ནར་ཕྱག་ན་རྡོ་རྗེ་འཆང་ལྔ་བརྒྱའི་གྲོགས་དང་བཅས་པས་གསང་བསྟོད་མཛད་དེ། དེ་ཡང་གསང་བསྟོད་པ་གང་ལ་བསྟོད་གང་གི་སྒོ་ནས་བསྟོད་གང་གིས་བསྟོད། ཚིག་གི་ཁྱད་པར་ཅི་འདྲ་བར་བསྟོད་ཅེ་ན། བསྟོད་པ་ནི་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་དགའ་ཞིང་མགུ་བའི་ཚུལ་གྱིས་མགོན་པོ་ཞེས་བྱ་བ་ལ་སོགས་པ་ཡེ་ཤེས་རྣམ་པ་བཞིའི་སྒོ་ནས་བསྟོད་དེ། དེ་ལ་མགོན་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད། བཅོམ་ལྡན་འདས་ནི་སོ་སོར་རྟོག་པའི་ཡེ་ཤེས། དེ་བཞིན་གཤེགས་པ་ནི་བྱ་བ་ནན་ཏན། རྫོགས་སངས་རྒྱས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་དེ། ཡེ་ཤེས་བཞིའི་བདག་རྒྱན་ཆ་ལུགས་གོས་ཉམས་སྣ་ཚོགས་དང༌། ཕོ་མོའི་རོལ་བ་བསྟན་པ་ཡང་ཁྱོད་


DTG064_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སོ་ཞེའོ། །ཐམས་ཅད་ཐམས་ཅད་ནི་སྲིད་པའི་རྩེ་མོ་ནས་དམྱལ་བ་ཡན་ཆོད་ལ་འདུད་པའམ། ཡང་ན་དེ་ཐམས་ཅད་ཀྱི་རང་བཞིན་ཁྱོད་ཡིན་ཞེས་བསྟོད་པའོ། །ཡེ་ཤེས་སྐུ་ཉིད་ནི་ཡེ་ཤེས་ཁོ་ན་ལས་མི་གཞན་པ་དེ་བསྟེན་པའི་སྐུ་ཞེས་རྗེ་བཙུན་ལ་བྱ་སྟེ། ཡོན་ཏན་དེ་རྣམས་དང་ལྡན་པའི་རྗེ་བཙུན་ལ་འདུད་དོ། །བསྟོད་ཅེས་བྱ་སྟེ། ལས་ཀྱི་རིགས་ཀྱི་མཚན་བསྡུས་པའོ། །དེ་ལྟར་ན་རྒྱུད་བསྡུས་པ་སྟེ་ལེའུ་བཅུ་བཞི་པའི་དོན་རྫོགས་སོ།། །།བཅུ་གཉིས་པ་ཕན་ཡོན་གྱི་ལེའུ་ནི་ཤིན་ཏུ་སླ་བས་འདིར་མ་བཀྲོལ་བ་སྟེ་དཀྱུས་སུ་བརྟག་གོ །ད་ནི་བཅུ་གསུམ་པ་ཤེས་རབ་ཀྱི་འཁོར་ལོ་སྔགས་དགོད་པའི་རིམ་པ་སྟོན་ཏེ། དེ་ཡང་ཨོཾ་ནས་ཨའི་བར་གྱི་སྔགས་ཐ་མ་ནི་འདོན་པ་དང༌། འཁོར་ལོ་ལ་དགོད་པ་ཁོ་ནའི་སྔགས་ལས་བཟླས་པར་བྱེད་དོ། །བར་ཀྲྀ་ནས་ཡ་ཏེའི་བར་དུ་ནི་སྔགས་རང་ཡང་མིན་པར་འདོད་དེ། བཟླས་པ་དང་དགོད་པར་ཡང་མི་བྱེད་དོ། །སྔགས་འོག་མ་བཟུང་བའམ། ཁས་བླངས་པའི་དམ་བཅར་འདོད་དོ། །ཨ་ཨཱ་ནས་ཨཿའི་བར་སྔགས་ཐ་མའི་བར་དུ་འདོན་པ་དང༌། འཁོར་ལོ་ལ་དགོད་པ་གཉིས་ཀར་འདོད་དོ། །དེ་ལ་ཨོཾ་ཞེས་པ་ནི་སྔགས་ཀྱི་དམ་བཅའ་བ་དང་བཀྲ་ཤིས་པའི་ཚིག་ཏུ་འདོད་དེ། དྲོ་རྗེ་རྩེ་མོ་ནས་ཀྱང༌། དམ་བཅས་པ་དང་བཀྲ་ཤིས་དོན། །ནོར་འཛིན་པ་ཡི་སྙིང་པོ་ཡིན། །ཞེས་གསུངས་ཏེ། ཨོཾ་ཟེར་ཕན་ཆད་འོག་ནས་སྔགས་གཅིག་ཡོད་པར་ཤེས་ཏེ། དམ་བཅར་དགྲོལ། ཨོཾ་ནི་ཡེ་ཤེས་ལྔའི་རང་བཞིན་བདེ་གཤེགས་ལྔའི་ས་བོན་དུ་གནས་པས་བཀྲ་ཤིས་པར་འགྲོ་སྟེ། དྲག་པོའི་ལས་ལ་སྦྱོར་ན་ནི། །ཨོཾ་མ་ཕྱུང་ན་བཀྲ་ཤིས་པར་ཡང་འགྱུར་རོ། །དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་ཡིན་པས། །སངས་རྒྱས་ཐམས་ཅད་ཀྱི་སྙིང་བསྐུལ་བ་ཡང་ཨོཾ་མོ། །སརྦ་དྷརྨྨཱ་ནི་ཆོས་ཐམས་ཅད་བྷ་བ་ཞེས་པ་འདིར་དངོས་པོ་དང་འབྱུང་བ་ལ་འཇུག་ལ། ཨ་བྷ་བ་ཞེས་པ་ཨས་བཀག་པས་རྟེན་འབྲེལ་བསྡུས་པའི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་ཏེ། དམ་བཅའ་བའི་དོན་ཏོ། །སྭཱ་བྷཱ་བ་ནི་རང་བཞིན། བི་ཤུདྡྷ་ནི་ཡོངས་སུ་དག་པ་སྟེ། གཏན་ཚིགས་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ་ཞེས་བྱའོ། །


DTG064_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཡོངས་སུ་དག་པ་གཏན་ཚིག་མ་གྲུབ་པོ་ཟེར་ན། མངོན་སུམ་དང་རྗེས་དཔག་གིས་གྲུབ་བོ་ཞེས་བྱའོ། །མངོན་སུམ་གང་གིས་གྲུབ། རྗེས་དཔག་གང་གིས་གྲུབ་ཅེ་ན། དཔེར་ན་ལ་རྒྱབ་ཀྱ་མེ་དཔོག་པ་ལ་མིག་གི་དབང་པོས་མངོན་སུམ་དུ་མཐོང་བའི་དུ་བ་ལས་མེ་དཔོག་པ་བཞིན་དུ། ང་ཡང་བླ་མའི་གདམས་ངག་གི་རྟགས་ལ་བརྟེན་ནས་མན་ངག་གི་མིག་གིས་མངོན་སུམ་དུ་གྲུབ་པོ། །དེ་ལ་གལ་ཏེ་དུ་བ་མེད་དོ་ཟེར་ན་མངོན་སུམ་དང་འགལ་བ་བཞིན་རང་བཞིན་གྱིས་ཡོངས་སུ་དག་པ་གཏན་ཚིགས་མ་གྲུབ་པོ་ཟེར་བ་ཡང་མན་ངག་གི་མིག་གི་མངོན་སུམ་དང་འགལ་ལོ་ཞེའོ། །ཙཀྵུ་ཟེར་བས་མན་ངག་གི་མིག་གི་དོན་ཏོ། །ཨ་ནི་སྐྱེ་མེད་ཀྱི་དོན་ཏེ་ཡོད་མེད་ཀྱི་སྒྲོ་འདོགས་ཆོད་པས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའོ། །ཨཱ་རིང་པོ་ནི་མཚན་མ་སྣ་ཚོགས་རང་བཞིན་མེད་པས་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའོ། །ཨཾ་ནི་གཉིས་སུ་མེད་པའི་ཕྱིར་གཞན་དུ་སྨོན་པ་མེད་པས་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོའོ། །ཨཿ་ནི་ཐ་མལ་གྱི་ཕྱིན་ཅི་ལོག་གི་མངོན་པར་འདུ་བྱེད་པ་མེད་པས་མངོན་པར་འདུ་བྱེད་པ་མེད་པའི་རྣམ་པར་ཐར་པའི་སྒོའོ། །བརྗོད་བྱ་རྩ་བའི་དོན་དུ་འདུག་པས་སྔགས་དེ་རྣམས་རང་བཞིན་རྩ་བའི་སྔགས་ཞེས་བྱའོ། །པྲ་ཀྲྀ་ཏི་ཞེས་བ་རང་བཞིན་ལྷུན་གྲུབ་ཀྱི་ཚིག་སྟེ། དེ་ཡང་སེམས་ཀྱི་རང་བཞིན་དུ་ངོ་བོ་བཙལ་ན། ཅིར་ཡང་མི་རྙེད་པ་བཞིན་ཞེས་བྱ་བ་ལ་བརྟགས་ཚོད་དུ་སྣ་ཚོགས་སུ་རང་སྣང་བས་རང་ཞེས་བྱའོ། །མཚོན་པ་དེ་ཐ་མི་དད་པས་རང་གི་རང་འདུག་ལ་བཞིན་དུ་འདུག་ལ་རང་བཞིན་ནི་རང་དུ་འདུག་སྟེ། སུས་ཀྱང་མ་བྱས་རང་བཞིན་ལྷུན་གྲུབ་ཅེས་བྱ། དེའི་དོན་ལ་རྟོག་པས་རང་འཇུག །ལམ་དུ་རང་འཇུག །དེ་ལམ་དུ་ཁྱེར་བ་ནི་ལམ་སྟེ། རྟོག་བ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཉིད་ཤར་བའོ། །དེས་གཞན་དོན་ལྷུན་གྱིས་གྲུབ་སྟེ། རྣམ་པར་རྟོག་པ་མེད་པ་བཞིའི་སྒོ་ནས་བསྟོད་དེ། དེ་ལ་མགོན་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད། བཅོམ་ལྡན་ནི་སོ་སོར་རྟོག་པའི་ཡེ་ཤེས། དེ་བཞིན་གཤེགས་པ་བྱ་བ་ནན་ཏན། རྫོགས་པའི་སངས་རྒྱས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་


DTG064_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཡེ་ཤེས་བཞིའི་བདག་ཉིད་དུ་གྱུར་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང༌། ཁྲོ་གཉེར་གྱི་རྒྱན་དང་ལྡན་པའི་གྲོགས་སྣ་ཚོགས་ཞེས་པ་ལྔ་བརྒྱ་དང་ལྷན་ཅིག་ཏུའོ། །དེ་རྣམས་ཀྱིས་གསུང་གཅིག་ཏུ་ཀྱེ་མགོན་པོ་ཞེས་བཅོམ་ལྡན་འདས་ལ་བོས་ནས། བདག་ཅག་ལྔ་བརྒྱ་པོ་རྣམས་ཚིམ་ཞིང་ཡིད་རངས་པར་གྱུར་ཏོ། །ལེགས་སོ་ཞེས་པ་ནི་རང་དོན་དུ་ལེགས་པ་བྱོན་པའོ། །ལེགས་སོ་འོག་མ་ནི་གཞན་དོན་དུ་ལེགས་པ་ཕུལ་བ་དེ་ལྟར་རང་བཞིན་གྱི་དོན་དུ་ལེགས་ཤིང་ཁྱད་པར་ཅན་དུ་ཕྱེ་ནས་གསུངས་པས། གཞན་དོན་ཅི་འདྲ་བ་བྱས་ཤེ་ན། རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་ཀྱི་དོན། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེད་དུ། །ཁྱོད་ཀྱིས་མཛད་ནས་སྒྱུ་འཕྲུལ་དྲ་བའི་ལམ་འདི་རང་གཞན་གཉིས་ཀའི་དོན་དུ་བསྟན་པ་འདིའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་པས་རྣམ་པར་དག་པའི་ལམ་ལེགས་པའི་ལམ་ཞེས་བྱའོ། །འདི་ནི་ཟབ་པའི་ལམ་ཡངས་པའི་ལམ་རྒྱ་ཆེ་བ་ཞེས་བྱ་སྟེ། དོན་ཆེན་པོ་ནི་འགྲོ་བའི་དོན་ཡིན་པས་དོན་བགྱིད་བ་ཞེས་བྱའོ། །ཟབ་པ་དང་ཡངས་པ་དང་རྒྱ་ཆེ་བ་འདི་ནི་ཉན་ཐོས་རྣམས་ཀྱིས་མི་རྟོགས་པས་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ལོ། །འདི་ནི་འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་ཀྱིས་གསུངས་ཤིང་བཤད་ལ། ད་ལྟར་བཅོམ་ལྡན་འདས་ཀྱིས་བཤད། ཕྱིས་རྒྱལ་བ་བྱམས་པ་ལ་སོགས་པ་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །དེ་ལ་དབུ་ཞབས་སུ་བསྡུས་པའི་དོན་བཅུ་བཞི་དང༌། སྐབས་དོན་དང༌། ལེའུ་བཅུ་བཞིར་ཕྱེ་ནས་ཚིག་དོན་ཙམ་ཞིག་བཀྲལ་བའོ། །སྒོས་དོན་དང་མན་ངག་གི་དོན་ནི་མངས་ཀྱིས་དོགས་པས་འདིར་མ་བྲིས་སོ། །འཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ་པཎྜིཏ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟིས་མཛད་པ་རྫོགས་སོ།། །།པཎྜིཏ་དེ་ཉིད་ཀྱིས་རང་འགྱུར་དུ་མཛད་པའོ།།


previousའཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ།next