བྱང་ཆུབ་སེམས་བསྒོམ་པ།
རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ན། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་འགྲེལ་པ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སེམས་ཀྱིས་བསྒྲུབས་པའོ། ཞེས་གསུངས་པ་དེ་ཉིད་ཀྱི་ཕྱིར་རེ་ཞིག་སེམས་ཀྱི་རང་བཞིན་ཅི་ཞེས་བརྟག་པར་བྱའོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །གཟུང་དང་འཛིན་པ་སྤངས་གྱུར་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པའི་ཚིག་འདིའི་དོན་ཅི་ཞེ་ན། དངོས་པོ་ཐམས་ཅད་ཅེས་པའི་དངོས་པོའི་སྒྲས་བདག་ལ་སོགས་པ་བརྗོད་དོ། །འདི་སྐད་བཤད་པ་ཡིན་ཏེ། བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་ལ་སོགས་པའོ། །དེ་ནི་སེམས་ཀྱི་རང་བཞིན་མ་ཡིན་ཏེ། ཅིའི་ཕྱིར་ན། དེ་རྣམས་ཉིད་ལ་བདག་ལ་སོགས་པའི་བྱ་བའི་མཚན་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་བདག་ལ་སོགས་པ་དངོས་པོར་ཡོད་པ་མ་ཡིན་ན་དེ་སེམས་ཀྱི་རང་བཞིན་ཡིན་པ་ལྟ་ཅི་སྨོས། དེའི་ཕྱིར། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །སེམས་ཀྱི་རང་བཞིན་མ་ཡིན་པར་འགྱུར་རོ་ཞེས་གསུངས་པ། ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །གཟུང་དང་འཛིན་པ་སྤངས་གྱུར་པའོ། །འདི་ལྟར་ཕུང་པོ་ལ་སོགས་པ་ཉིད་དངོས་པོར་
དོན་དམ་པར་མི་དམིགས་ན་དེ་སེམས་ཀྱི་རང་བཞིན་ཡིན་པ་ལྟ་ཅི་སྨོས། ཕུང་པོ་ནི་རང་བཞིན་མ་ཡིན་ཏེ། ཅི་ལྟར་ན་རེ་ཞིག་གཟུགས་ལ་སོགས་པ་ནི་ཕུང་པོ་རྣམས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་ཕུང་པོ་ནི་རེ་ཞིག་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རང་བཞིན་ནོ། །འབྱུང་བ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་སོ། །འབྱུང་བ་ལས་གྱུར་པ་རྣམས་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །ས་ལ་སོགས་པའི་འབྱུང་བ་འདི་རྣམས་དང་འབྱུང་བ་ལས་གྱུར་པ་འདི་རྣམས་རེ་རེའམ་སོ་སོའི་དངོས་པོ་མི་དམིགས་སོ། །གང་ན་གཅིག་ཡོད་པ་དེ་ན་ཅིག་ཤོས་ཀྱང་ངོ་ཞེས་པ་དེའི་ཕྱིར་གཟུགས་ཙམ་མོ། །དགེ་སློང་དག་གཟུགས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་སྟོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཤིང་མེད་ན་གྲིབ་མ་མེད་པ་བཞིན་ནོ། །དེ་ལྟར་ན་གཟུགས་ཡོངས་སུ་མ་གྲུབ་པོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་སྟེ། ཇི་ལྟར་ན་ཚོར་བ་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། །འདི་དག་ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར་ཏེ། སྡུག་བསྔལ་ལ་ལྟོས་ནས་བདེ་བར་བཏགས་སོ། །གང་ཆོས་འབའ་ཞིག་གི་རང་བཞིན་ཉིད་ཀྱང་ཉེ་བར་མི་དམིགས་ཏེ། མོ་གཤམ་གྱི་བུ་བཞིན་དེ་ནི་རྫས་སུ་མེད་པ་ཉིད་དོ། །རིང་པོ་དང་ཐུང་ངུ་བཞིན་ཉམས་སུ་མྱོང་ངོ༌། །ཡང་ཚོར་བ་རྣམ་པ་གཉིས་ཏེ། ལུས་ཀྱི་ངང་སེམས་ཀྱིའོ། །ལུས་ཀྱི་ནི་རེ་ཞིག་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ཉེ་བར་མི་དམིགས་སོ། །དེས་ན་ལུས་མེད་པའི་ཕྱིར་ལུས་ཀྱི་ཚོར་བ་མི་འགྲུབ་པོ། །སེམས་ཀྱང་ཡུལ་མེད་པ་བསྟན་དུ་མེད་པ་གནས་མེད་པ་བརྟག་ཏུ་མེད་པ་བལྟར་མེད་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན་དེ་ལ་ཚོར་བ་ཅི་འདྲ་བ་ཞིག །དེས་ན་སེམས་མེད་པའི་ཕྱིར་སེམས་ལས་བྱུང་བའི་ཚོར་བ་མི་འགྲུབ་བོ། །དགེ་སློང་དག་ཚོར་བའི་ཕུང་པོ་ནི་ཚོར་བའི་ཕུང་པོས་སྟོང་ངོ་ཞེས་གསུངས་པའི་ཕྱིར་ཚོར་བའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །འདུ་ཤེས་ཀྱི་ཕུང་པོ་ནི་མིང་ཙམ་ཉིད་ཀྱི་ཕྱིར་མེད་པ་ཉིད་དོ། །མཚན་
མར་འཛིན་པའི་བདག་ཉིད་ནི་འདུ་ཤེས་ཏེ། དེ་ལ་དེ་བཞིན་དུ་དངོས་པོ་ཡོད་པ་མ་ཡིན་ན་གང་ལ་མཚན་མར་འཛིན་པར་བྱེད། དེའི་ཕྱིར་རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་མེད་དོ་ཞེས་དང༌། དགེ་སློང་དག་འདུ་ཤེས་ཀྱི་ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོས་སྟོང་ངོ་ཞེས་གསུངས་པའི་ཕྱིར་འདུ་ཤེས་ཀྱི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །འདུ་བྱེད་ཀྱི་ཕུང་པོ་ཡང་དེ་བཞིན་དུ་སྙིང་པོ་མེད་པའི་ཕྱིར་ཏེ། ཅི་ལྟར་སྙིང་པོ་མེད་ཅེ་ན། ཚོགས་པ་ཙམ་ཉིད་ཀྱི་ཕྱིར་ཏེ། ཚོར་བ་དང་འདུ་ཤེས་དང་སེམས་པ་དང་འདུན་པ་དང་རེག་པ་དང༌། བློ་གྲོས་དྲན་པ་དང་ཡིད་ལ་བྱེད་པ་དང་མོས་པ་ཞེས་བྱ་བ་སེམས་ལས་བྱུང་བ་འདི་རྣམས་དང༌། སྐྱེ་བ་ལ་སོགས་པ་མི་ལྡན་པ་རྣམས་ཀྱང་འདུ་བྱེད་ཀྱི་ཕུང་པོ་ཉིད་དུ་བསྟན་ཏོ། །སེམས་ལས་བྱུང་བའི་ཆོས་དེ་རྣམས་རེ་རེ་བའམ་སོ་སོར་སྐྱེ་བ་ཡོད་པ་མ་ཡིན་ཏེ། འདུ་བྱེད་ཀྱི་ལས་ཀྱི་མཚན་ཉིད་ཀྱི་ཕྱིར་མེད་པ་ཉིད་དོ། །བྱེད་པ་པོ་མེད་ན་བྱ་བ་ཡང་མེད་དེ། དགེ་སློང་དག་འདུ་བྱེད་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་རེ་རེའམ་སོ་སོ་བ་རང་བཞིན་མི་དམིགས་སོ། །དེ་ལྟར་མིག་ལ་བརྟེན་ནས་གཟུགས་རྣམས་ལ་མིག་གི་རྣམས་པར་ཤེས་པ་སྐྱེ་བ་གཟུགས་ཀྱི་ཕུང་པོ་ཉིད་ཡོད་ན་མིག་དང་གཟུགས་ལས་སྐྱེ་ན། མིག་དང་གཟུགས་མེད་ན་ཅི་ལྟར་རྣམ་པར་ཤེས་པ་སྐྱེ། དེ་ལྟར་རེ་ཞིག་མིག་གི་རྣམ་པར་ཤེས་པ་སྐྱེ་བའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ཀྱང་རིགས་པ་འདི་ཉིད་ཀྱིས་ཤེས་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ལ་བརྟན་ནས་ཆོས་རྣམས་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་དེ་ཡང་འདས་པར་གྱུར་པ་ནི་རྒྱུ་མེད་པ་ལ་ཅི་ལྟར་རྣམ་པར་ཤེས་པ་སྐྱེ། དེ་ལྟར་རེ་ཞིག་འདས་པའི་རྣམ་པར་ཤེས་པ་ནི་འགགས་པའོ། །མ་འོངས་པ་ནི་མ་ཐོབ་པ་དང༌། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ། །དེའི་ཕྱིར་ཆོས་གང་དུས་གསུམ་དུ་ཡང་རང་བཞིན་མི་དམིགས་པ་དེའི་ཡོད་པ་ནི་ཅི་ལྟ་བུ་ཞིག་ཡིན། དགེ་སློང་དག་རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པར་ཤེས་
པའི་ཕུང་པོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །དེ་ཉིད་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ངེས་པར་བསྟན་པ་སོ་སོ་བ་བསལ་ཟིན་ཏོ། །ཕུང་པོ་མེད་པ་ཉིད་ཀྱིས་དེ་རྣམས་ཀྱི་རང་བཞིན་མེད་པ་ཉིད་གྲུབ་བོ། །དེས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རང་བཞིན་དང་བྲལ་བའི་ཕྱིར་སེམས་དེ་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བ་སྟེ། སེམས་དེའི་གཟུང་བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་རོ། །རེ་ཞིག་གཟུང་བ་མེད་པ་ཇི་ལྟར་ཞེ་ན། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་སེམས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །གསང་བ་པའི་བདག་པོ་སེམས་ནི་སྔོན་པོ་མ་ཡིན་སེར་པོ་མ་ཡིན་དཀར་པོ་མ་ཡིན་དམར་པོ་མ་ཡིན་བཙོད་ཀ་མ་ཡིན་ཤེལ་གྱི་ཁ་དོག་མ་ཡིན་རིང་པོ་མ་ཡིན་ཐུང་དུ་མ་ཡིན་ཟླུམ་པོ་མ་ཡིན་གྲུ་བཞི་མ་ཡིན་སྣང་བ་མ་ཡིན་མུན་པ་མ་ཡིན་བུད་མེད་མ་ཡིན་སྐྱེས་པ་མ་ཡིན་མ་ནིང་མ་ཡིན། གསང་བ་པའི་བདག་པོ་སེམས་ནི་འདོད་པའི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོའི་རང་བཞིན་མ་ཡིན། མི་དང་མི་མ་ཡིན་པའི་འགྲོ་བའི་རང་བཞིན་མ་ཡིན་པ་ནས་ཇི་སྲིད་རྣམ་པ་ཐམས་ཅད་དུ་བཙལ་ན་མི་དམིགས་སོ་ཞེས་གསུངས་སོ། །དེ་ལྟར་ན་རེ་ཞིག་གཟུང་བའི་སེམས་དེ་མེད་པ་ཡིན་ནོ། །ཅི་ལྟར་འཛིན་པ་མེད་པ་ཡིན་ཞེ་ན། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གསང་བ་པའི་བདག་པོ་སེམས་ནི་ནང་ན་མ་ཡིན་ཕྱི་རོལ་ན་མ་ཡིན་གཉིས་ཀའི་བར་ན་ཡང་མི་དམིགས་ན། དེ་ཅི་ལྟར་འཛིན་པར་འགྱུར། དེ་ལྟར་ན་གཟུང་བ་དང་འཛིན་པ་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །དེའི་ཕྱིར་ཆོས་གང་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་རང་བཞིན་མི་དམིགས་པ་དེ་ཅི་ལྟར་འཛིན་པར་འགྱུར། དེ་ལྟར་སེམས་ནི་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བའོ། །ཆོས་བདག་
མེད་པ་མཉམ་པ་ཉིད་པས་ཞེས་པ་ལ། ཇི་ལྟར་ཆོས་ཐམས་ཅད་བདག་མེད་པ་དེ་ལྟར་སེམས་ཀྱང་སྟེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་ཐམས་ཅད་ནི་སྟོང་པའོ། །སེམས་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཆོས་ཐམས་ཅད་ནི་དབེན་པའོ། །སེམས་དེ་ཡང་དབེན་པའི་མཚན་ཉིད་དོ། །ཞེས་སོ། །དེའི་ཕྱིར། ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པའོ། །གང་ཡང་གདོད་མ་ཉིད་ནས་མ་སྐྱེས་པ་སྐྱེ་བ་མེད་པ་དེའི་རང་བཞིན་ཅི་འདྲ་བ་ཞིག་ཅེ་ན། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །སྟོང་པ་ཉིད་ཀྱི་རང་བཞིན་ཅི་ཞེ་ན། འདི་ལྟ་སྟེ་ནམ་མཁའི་རང་བཞིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སྟོང་པ་ནི་ནམ་མཁའོ། །སེམས་དེ་ཡང་ནམ་མཁའ་དང་མཉམ་པའོ། །དེའི་རང་བཞིན་ནི་བྱང་ཆུབ་བོ། །ཇི་ལྟར་ནམ་མཁའ་རང་བཞིན་མེད་པ་མིང་ཙམ་དུ་སྐྱེས་པ་དེ་ལྟར་སེམས་དེ་ཡང་རང་བཞིན་མེད་པ་མིང་ཙམ་དུ་སྐྱེས་པའོ། །དེ་ལྟར་སེམས་ནི་སྐྱེ་བ་དང་འགག་པ་མེད་པར་རྟོགས་པར་བྱའོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བྱང་ཆུབ་གང་ཞེ་ན། སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ལ་གསང་བ་པའི་བདག་པོ་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པ་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་མཚན་ཉིད་དེ་ནི་བྱང་ཆུབ་བོ། །དེ་ལ་ནི་རྟོགས་པ་དང་རྟོགས་པར་བྱ་བ་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་ཀྱི་ཕྱིར་རོ། །དེས་ན་རང་གི་སེམས་ཡང་དག་པ་ཇི་ལྟར་བ་བཞིན་མཐོང་བའི་རྗེས་སུ་ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དམིགས་པ་འབྱུང་སྟེ། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི་སྡུག་བསྔལ་བར་གྱུར་ཏེ། གང་འདི་དག་རང་གི་སེམས་ཀྱི་རང་བཞིན་མ་རྟོགས་པ། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་གདོན་གྱིས་ཟིན་པ། འཁོར་བར་སྡུག་བསྔལ་རྣམ་པ་སྣ་ཚོགས་སོ་སོར་ཉམས་སུ་མྱོང་བར་འགྱུར་བ་སྟེ། སེམས་ཅན་འདི་རྣམས་ཀྱིས་རང་གི་སེམས་
ཀྱི་ཆོས་ཉིད་ཀྱི་རང་བཞིན་རྟོགས་པར་བྱ་བའི་ཕྱིར་འབད་ཅིང་བརྩལ་བར་བྱའོ་སྙམ་མོ། འདི་ནི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་རང་གི་སེམས་སེམས་ཅན་ཐམས་ཅད་ལ་ལྷག་པར་གནས་པ་སྐྱེ་བ་སྟེ། འདི་བྱང་ཆུབ་ཀྱི་སེམས་སུ་བརྗོད་པར་བྱའོ། །ཇི་སྐད་དུ། གང་ཚེ་ནམ་མཁའ་མཉམ་ཡེ་ཤེས། །བྱང་ཆུབ་འབྱུང་བ་སྐྱེས་གྱུར་པ། །དེ་ཚེ་སེམས་ནི་གཞན་དོན་ལ། །གཅིག་ཏུ་ཕྱོགས་པ་སྐྱེ་བར་འགྱུར། །གང་དེ་ལྟར་བསྒོམ་པ་དེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་འདི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བྱང་ཆུབ་མཆོག་གི་སྤྱོད་པ་འདི་ཡང་རྩ་བ་སྟེ། །གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང༌། མཚན་དང་དཔེ་བྱད་དང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངས་བྱང་ཆུབ་སེམས་ཀྱི་ཡོན་ཏན་རྗེས་སུ་བསྔགས་པ་ལས་བརྩམས་ཏེ་བསྟན་ན་བསྐལ་པར་ཡང་མཐས་གཏུགས་པར་མི་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞིར་གྱུར་པ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་རྣལ་འབྱོར་དུ་བྱའོ། །ཞེས་པ་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཞབས་ཀྱིས་མཛད་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་རྫོགས་སོ།། །།ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨྨ་པཱ་པ་བྷ་དྲ་ཞེས་བགྱི་བས་གྲྭ་ཐང་དུ་བསྒྱུར་བའོ།། །།