མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ།
རྟ་དབྱངས།
རྒྱ་གར་སྐད་དུ། ད་ཤ་ཀུ་ཤ་ལཱ་ཀརྨ་པ་ཐ་ནི་རྡེ་ཤ །བོད་སྐད་དུ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མི་དགེ་ལས་ཀྱི་ལམ་བཅུ་ནི། །རང་བཞིན་ཁ་ན་ཐོ་བཅས། །བདེ་བ་དོན་དུ་གཉེར་བ་ཡིས། །འབད་པ་ཡིས་ནི་སྤང་བར་བྱ། །བཅུ་པོ་དེ་དག་གང་ཞེ་ན། །ལུས་ཀྱི་དབྱེ་བ་རྣམ་གསུམ་སྟེ། །ངག་གི་དབྱེ་བ་རྣམ་པ་བཞི། །ཡིད་ཀྱི་རབ་ཏུ་དབྱེ་བ་གསུམ། །མི་དགེ་བཅུ་རུ་དེ་དག་འདོད། །དེ་རྣམས་རབ་ཏུ་བཤད་པར་བྱ། །དེ་ལ་རེ་ཞིག་ལུས་ཀྱིས་ནི། །སྲོག་གཅོད་མ་བྱིན་ལེན་ལོག་གཡེམ། །ངག་གི་བརྫུན་ཚིག་ཕྲ་མ་དང༌། །ཚིག་རྩུབ་དང་ནི་འཁྱལ་པ་རྣམས། །ཡིད་ཀྱི་ལོག་ལྟ་བརྣབ་སེམས་གནོད། །དེ་ལ་སྲོག་གཅོད་གང་ཞེ་ན། །སྲོག་དང་ལྡན་པར་གྱུར་པ་ལ། །སྲོག་དང་ལྡན་པར་འདུ་ཤེས་ལ། །གནོད་སེམས་ཉེ་བར་གནས་པ་དང༌། །རིམ་པ་བཞིན་དུ་བྱས་ལྡན་དང༌། །སྲོག་ནི་བཅད་པར་གྱུར་པ་སྟེ། །ཡན་ལག་ལྔ་པོ་དེ་དག་དང༌། །ལྡན་བ་སྲོག་གཅོད་ཡིན་པར་བཤད། །མ་བྱིན་ལེན་པ་གང་ཞེ་ན། །གཞན་དག་གི་ནི་ཡིན་པ་དང༌། །གཞན་གྱིས་བདག་གིར་བྱས་པ་དང༌། །གཞན་གྱི་ཡིན་པར་འདུ་ཤེས་དང༌། །རྐུ་སེམས་ཉེ་བར་གནས་པ་དང༌། །རིམ་པ་བཞིན་དུ་བྱས་ལྡན་དང༌། །གནས་ནས་སྤགས་པར་གྱུར་པ་སྟེ། །ཡན་ལག་དྲུག་པོ་དེ་དག་དང༌། །ལྡན་པ་མ་བྱིན་ལེན་པར་བཤད། །དེ་ལ་ལོག་གཡེམ་གང་ཞེ་ན། །ལོག་པར་གཡེམ་པ་རྣམ་བཞི་སྟེ། །ཡུལ་མིན་པ་དང་
དུས་མིན་དང༌། །ཡན་ལག་མིན་དང་བགྲོད་མིན་པའོ། །དེ་ལའང་ཡུལ་མིན་བྱ་བ་ནི། །དམ་ཆོས་མཆོད་རྟེན་སྐུ་གཟུགས་དང༌། །བྱང་ཆུབ་སེམས་དཔའི་བཞུགས་གནས་སྩོགས། །མཁན་པོ་དང་ནི་སློབ་དཔོན་དང༌། །ཕ་མ་དྲུང་ན་གནས་བ་ནི། །ཡུལ་མིན་དེ་རུ་མི་བྱའོ། །དེ་ལ་དུས་མིན་བྱ་བ་ནི། །ཟླ་མཚན་འཛག་དང་སྦྲུམ་མ་དང༌། །བུ་ཆུང་དང་བཅས་མི་མྱོས་དང༌། །སྡུག་བསྔལ་ཡིད་མི་བདེ་སོགས་དང༌། །ཡན་ལག་བརྒྱད་གནས་དུས་མིན་ཡིན། །ཡན་ལག་མིན་པ་གང་ཞེ་ན། །ཁ་དང་བཤང་ལམ་བྱིས་པ་དང༌། །བརླབ་བསྡམས་ལག་པས་བསྐྱོད་པ་ཡིན། །བགྲོད་པར་བྱ་མིན་ཞེས་བྱ་ནི། །གཞན་བཟུང་ཆོས་ཀྱི་རྒྱལ་མཚན་ལྡན། །རིགས་ཀྱིས་བསྲུངས་དང་རྒྱལ་མོར་གནས། །གཞན་གྱིས་བླངས་དང་སྨད་འཚོང་དང༌། །ཉེ་དུ་དག་དང་འབྲེལ་བ་ནི། །དེ་དག་བགྲོད་བྱ་མིན་པ་ཡིན། །རྣམ་པ་དེ་དག་རྣམས་ལ་ནི། །རང་གི་ཆུང་མ་བསྟེན་པ་ཡང༌། །འདོད་ལོག་སྤྱོད་པར་འགྱུར་བ་ཡིན། །བརྫུན་དུ་སྨྲ་བ་གང་ཞེ་ན། །དངོས་པོ་གནས་པར་གྱུར་པ་དང༌། །འདུ་ཤེས་གཞན་དུ་བསྒྱུར་བ་དང༌། །བརྫུན་དུ་སྨྲ་བར་གྱུར་པ་དང༌། །རིམ་པ་བཞིན་དུ་བྱས་ལྡན་དང༌། །ཡན་ལག་ལྔ་པོ་དེ་དག་དང༌། །ལྡན་པ་བརྫུན་དུ་སྨྲ་བར་འགྱུར། །དེ་ལ་ཕྲ་མ་གང་ཞེ་ན། །གཞན་དག་དབྱེ་ཕྱིར་ཕྲ་མ་ཡིན། །དེ་ལ་ཚིག་རྩུབ་གང་ཞེ་ན། །གཞན་གྱི་གནད་བསྣུན་བྱེད་པ་ནི། །ཡིད་དུ་མི་འོང་ཚིག་སྨྲས་ཡིན། །དེ་ལ་འཁྱལ་བ་གང་ཞེ་ན། །འདོད་པས་ཉེ་བར་བླང་བ་དང༌། །ཆགས་པ་ཡིད་ནི་ཉེར་བསྐྱེད་ནས། །འབྲེལ་མེད་སྨྲ་བ་འཁྱལ་པ་ཡིན། །དེ་ལ་བརྣབ་སེམས་གང་ཞེ་ན། །གཞན་གྱི་ནོར་དང་ལོངས་སྤྱོད་ལ། །མཆོག་ཏུ་མངོན་བར་ཆགས་པ་ཡིན། །གནོད་སེམས་ཞེས་བྱ་གང་ཞེ་ན། །སེམས་ཅན་རྣམས་ལ་སྡང་བ་ཡིས། །རྡེག་དང་འཆིང་དང་གནོད་བ་སྟེ། །དེ་དག་སེམས་ཅན་ལ་བྱེད་པའོ། །ལོག་ལྟ་ཞེས་བྱ་གང་ཞེ་ན། །སྦྱིན་མེད་མཆོད་སྦྱིན་ཡོད་མིན་དང༌། །འཇིག་རྟེན་ཕ་རོལ་ཡོད་མིན་དང༌། །དགེ་སྦྱོང་བྲམ་ཟེ་ལྷ་རྣམས་མེད། །རྫོགས་སངས་རྒྱས་དང་དགྲ་བཅོམ་དང༌། །རང་སངས་རྒྱས་དང་ལེགས་སྤྱོད་དང༌། །ཉེས་པར་སྤྱོད་པ་ཡོད་མིན་ཞེས། །བྱ་བ་ལོག་པར་ལྟ་བ་ཡིན། །འཕགས་པ་དྲན་པ་ཉེར་གཞག་དང༌། །
ཐག་བ་ཆེན་པོའི་མདོ་རྣམས་ལས། །བཅོམ་ལྡན་འདས་ཀྱིས་རྒྱས་གསུངས་པ། །འདི་ནི་མདོ་རུ་བསྡུས་པ་ཡིན། །མི་དགེ་ལས་ཀྱི་ལམ་བཅུ་ནི། །དམྱལ་བ་ཆེན་པོའི་རྒྱུ་རུ་བཤད། །དགེ་བཅུ་ལས་ཀྱི་ལམ་བསྟེན་པས། །དམྱལ་ལ་སོགས་པར་ལྟུང་མ་ཡིན། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སྐྱེ་ཞིང་སྐྱེ་བ་རྣམས་སུ་ནི། །གང་ཞིག་སྐྱེ་བ་ལས་རྒྱལ་བའི། །བྱང་ཆུབ་རང་བཞིན་དེས་འགྲུབ་ཤོག །མི་དགེ་བཅུའི་ལས་ཀྱི་ལམ་བསྟན་པ་ཞེས་བྱ་བ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ། །