ལྡོག་པ་བསྡུས་པ་བསྟན་པའི་རྣམ་འགྲེལ།
རྒྱ་གར་སྐད་དུ། པིཎྜ་ནི་བརྟན་ནི་རྡེ་ཤ་བཱརྟི་ཀཱ། བོད་སྐད་དུ། ལྡོག་པ་བསྡུས་པ་བསྟན་པའི་རྣམ་འགྲེལ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་དཔལ་འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །གང་ཞིག་ཉོན་མོངས་ཆེ་སོགས་ལས། །ངེས་གྲོལ་ཡོན་ཏན་བདག་ཉིད་ཅན། །ཆོས་ཀྱི་མངའ་བདག་རབ་ཏུ་གཙང༌། །སྙིང་རྗེ་བྱམས་པས་སྐྱོབ་མཛད་པ། །དེ་ལ་རྟག་གུས་བླ་མ་ལའང༌། །རབ་རྨོངས་མུན་པ་གཞོམ་པའི་ཕྱིར། །ལྡོག་པ་བསྡུས་པ་འདི་དགྲོལ་བྱ། །འདིར་བསྟན་བཅོས་རྩོམ་པར་མཛད་པས་དང་པོར་ཕྱག་འཚལ་བ་རྩོམ་པ་ནི་ཡ་རབས་ཀྱི་ལུགས་དང་མཐུན་པ་དང༌། དོན་གྲུབ་པར་བྱེད་པའི་ཕྱིར་རོ། །དེ་ཡང་གང་ལ་ཕྱག་འཚལ་བ་ནི། །འཇམ་པའི་དཔལ་མགོན་ཏེ། གང་གི་ཕྱིར་གང་དང་དེ་ནི་རྟག་ཏུ་འབྲེལ་པ་ཡིན་པ་དེའི་ཕྱིར་དེ་བསྟན་ཏོ། །རྟག་ཏུ་འབྲེལ་པ་ཡང་བསྟན་པ་རྟག་ཏུ་ནི་མ་ཡིན་མོད་ཀྱི་བཤད་པ་རྟག་ཏུ་ཡིན་ནོ། །ཕྱག་འཚལ་ཏེ་ཞེས་བྱ་བ་ནི་བསྟན་པར་འདོད་ཅེས་བྱ་བ་དང་འབྲེལ་ཏེ། འདི་ལྟར་དེ་ཞེས་བྱ་བ་ནི་འདིར་འབྲེལ་བའི་དོན་ཏེ། བར་ཆད་སྤངས་པའི་ཕྱིར་རོ། །དེ་ཡང་གང་བསྟན་པར་འདོད་ན་དགག་པ་ཉུང་ཟད་བསྡུས་པའོ། །གང་ལས་ཤེ་ན། དགག་པའི་བྱ་བྲག་རྒྱ་ཆེར་བཤད་པ་ལས་སོ། །གང་གི་ཕྱིར་ན་དམན་པའི་དོན་དུ་སྟེ། དམན་
པ་ནི་བློ་དམན་པ་ཤེས་རབ་མི་གསལ་བ་དང༌། མོས་པ་དམན་པ་ལེ་ལོ་ཅན་ཏེ་དེ་དག་གི་དོན་ཆེད་དུའོ། །དེའི་ཕྱིར་སྒྲ་དང་བསྟན་བཅོས་ཀྱི་མཁན་པོ་པཱ་ཎི་ནི་ལ་སོགས་པ་མདོ་མཛད་པ་དང༌། རཏྣ་མ་ཏི་ལ་སོགས་པས་རྒྱས་པར་མཛད་པ་དག་ལས་དོན་འདི་རྒྱ་ཆེར་བཤད་ཀྱང་བསྡུས་པས་འདི་ཟློས་བར་འགྱུར་བའི་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་མཁན་པོ་འདི་དག་མཁས་པའི་མཐར་གྱུར་པས་དེ་དག་གི་གཞུང་ལས་བསྡུས་པས་གང་དག་དད་པས་རྗེས་སུ་འབྲང་བ་དག་འཇུག་པའི་ཡན་ལག་ཏུ་འགྱུར་པའི་ཕྱིར་ཡང་སྨོས་སོ། །གཞན་ཡང་དགོས་པ་སྟོན་པའི་ཚིག་འདི་དག་ཀྱང་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་བསྟན་པ་དོན་ཡོད་པ་ཉིད་དུའོ། །འདིར་ཡང་དོན་ནི་དགོས་པའོ། །དམན་པ་ནི་དགོས་པའི་གཞིའོ། །དོན་ནི་འདོད་པའི་དོན་ཡིན་ལ། དོན་ཁོང་དུ་ཆུད་པ་ནི་དགོས་པ་ཡིན། །དོན་གྲུབ་པ་ནི་དགོས་པའི་ཡང་དགོས་པ་ཡིན་ཏེ། དེར་ནུས་པ་ཞི་འབྲེལ་པ་ཡིན་ནོ། །སྒྲའོ་ཅོག་བརྗོད་པའི་དགོས་པ་ནི་དོན་མ་རྟོགས་པ་དང༌། ལོག་པར་རྟོགས་པ་དང༌། ཐེ་ཚོམ་དུ་གྱུར་པར་རྣམས་བསལ་བ་དང༌། དོན་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། འདི་ཡང་དེ་བཞིན་ནོ། །སད་པ་ལ་སོགས་པའི་དོན་དུ་དོན་ལོག་པར་སྟོན་པ་ནི་གཞུང་ལས་མི་སྲིད་དོ། །ད་ནི་མདོར་བཤད་པར་འདོད་པས་གཞི་བསྟན་པའི་ཕྱིར། མཁན་པོས་བསྟན་པའི་མདོ་དག་ལས། །དགག་པའི་བྱེ་བྲག་མང་བཤད་ཀྱང༌། །ཀུན་ནས་བསྡུ་བ་བཤད་པ་དག །ཅེས་བྱ་བ་སྨོས་སོ། །དེ་དག་ལས་བསྡུ་བ་ནི། །རྣམ་གྲངས་མདོ་རུ་བསྡུ་བ་དང༌། །བསྡུས་པའི་བྱེ་བྲག་ལྟོས་པ་དང༌། །རབ་ཏུ་གསལ་བར་བརྗོད་པ་བཞི། །འདི་དག་ཙམ་དུ་ཤེས་པར་བྱ། །ཞེས་བྱ་བ་ཡིན་ནོ། །དེ་ལ་དགག་པའི་རྣམ་གྲངས་ཇི་སྙེད་པ་ཡང་དེ་པར་དགག་པ་དང༌། མ་ཡིན་པར་དགག་པའི་བར་དུ་བསྡུ་བ་ནི་དང་པོའོ། །མེད་པ་དང་མ་ཡིན་པའི་ཁྱད་པར་གྱི་བྱེ་བྲག་དང༌། མ་ཡིན་པར་དགག་པའི་བྱེ་བྲག་ཉིད་བསྟན་པ་ནི་གཉིས་པའོ། །དགག་པ་གང་གི་དབང་དུ་བསྟན་པ་ནི་ལྟོས་པ་ཡིན་ཏེ་གསུམ་པའོ། །བྱེ་བྲག་རབ་ཏུ་གསལ་བར་བརྗོད་པ་ནི་བཞི་པ་སྟེ། མདོར་བསྡུ་བ་ནི་འདི་དག་ཙམ་དུ་ཟད་དོ་ཞེས་སོ། །དེ་ལ་དང་པོར་རྣམ་གྲངས་མདོ་རུ་བསྡུས་པ་ལ་བརྩམས་ནས།
མེད་དང་གཞན་དང་འདྲ་བ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མེད་པར་དགག་པ་ནི་མེད་པ་ཙམ་གོ་བར་བྱེད་པ་ཡིན་ཏེ། །དཔེར་ན་བླུན་པོ་དག་བྲག་རྫོང་ལ་བ་ནི་གླིང་ཚོལ་བ་དག་ལ་མཁས་པ་དག་གིས་བན་གླང་མེད་དོ་ཞེས་བརྗོད་པ་ལྟ་བུའོ། ྄།གཞན་བ་ཞེས་བྱ་བ་ནི་གོ་བར་བྱ་བ་དགག་པར་བྱ་བ་ལས་གཞན་ཡིན་པ་སྟེ། འདི་ལྟར་དཔེར་ན་ལ་ལ་དག་སྐམ་ས་ཚོལ་བར་འདོད་པ་ན་གང་ཞིག་གིས་ཆུ་མེད་པ་ཞེས་བྱ་བས་སྟོན་པ་ལྟ་བུའོ། །འདྲ་བ་ཞེས་བྱ་བ་ནི་འདྲ་ཞིང་མཚུངས་པ་བཀག་ནས་མི་འདྲ་བར་སྟོན་པ་སྟེ། དཔེར་ན་མི་དང་འདྲ་བ་མ་ཡིན་པ་ནི་མི་མ་ཡིན་པ་ཞེས་བྱ་བ་དང༌། རིག་བྱེད་ལྟར་རིག་པར་བྱེད་པ་མ་ཡིན་པ་ནི་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ལྟ་བུའོ། །དམན་པ་ཞེས་བྱ་བ་ནི་ཡོན་ཏན་བཀག་ནས་དམན་པར་སྟོན་པ་སྟེ། དཔེར་ན་ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་པ་ཞེས་པ་ལྟ་བུའོ། །ཞུམ་པ་ཞེས་བྱ་བ་ནི་དགག་པར་བྱ་བ་རྣམ་པར་སྤྲོས་པ་བཀག་ནས་གཞི་ཉིད་ཞུམ་པའི་ངོ་བོར་སྟོན་པ་སྟེ། དཔེར་ན་ཡུལ་ལ་རྒྱས་པར་མི་དམིགས་པའི་རྣམ་པར་ཤེས་པ་ལ་བསམས་ཏེ། སེམས་མེད་པའི་གཉིད་ཅེས་བྱ་བ་ལྟ་བུའོ། །ཞེན་པ་ཞེས་བྱ་བ་ནི་བྱེད་པའི་བདག་ཉིད་ཀྱི་ནུས་པ་བཀག་ནས་ནུས་པ་ཞེན་པར་སྟོན་པ་སྟེ། དཔེར་ན་སྐྱེས་བུ་དྲག་ཏུ་མི་འགྲོ་བ་དག་ལ་མི་འགྲོ་བ་ཞེས་བརྗོད་པ་ལྟ་བུའོ། །ཕྲ་བ་ཞེས་བྱ་བ་ནི་དངོས་པོའི་རྒྱུན་རགས་པ་དགག་པ་དག་སྟེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ལྟ་བུ་འདུ་ཤེས་ཕྲ་བ་ལ་བསམས་ཏེ་བརྗོད་པ་ལྟ་བུའོ། །ཉུང་བ་ཞེས་བྱ་བ་ནི་རང་འདོད་པའི་དོན་དུ་འགྱུར་བའི་རྣམ་གྲངས་དག་ལ་མང་བ་དགག་པ་སྟེ། དཔེར་ན་སྐྱེས་བུ་རྐང་འགྲོས་ཉུང་བ་དག་ལ་རྐང་འགྲོས་མེད་པ་ཞེས་བརྗོད་པས་ཤེས་པར་བྱ་བ་ཉུང་བ་ཉིད་ཡིན་པ་ལྟ་བུའོ། །མྱུར་བ་ཞེས་བྱ་བ་ནི་ཇི་སྲིད་ཀྱི་རྒྱུན་རིང་བ་བཀག་ནས་དུས་ཡུན་ཐུང་བ་སྟན་པ་ཡིན་ཏེ། དཔེར་ན་སྐྱེས་བུ་གང་ཞིག་གནས་གང་ཞིག་ཏུ་ཡུན་རིང་དུ་མ་འདུག་པ་དག་ལ་ལ་དེར་མ་འདུག་པར་བརྗོད་པ་ལྟ་བུའོ། །ཆུང་བ་ཞེས་བྱ་བ་ནི་དངོས་པོའི་རྣག་བཞིན་རྒྱ་ཆེ་བ་བཀག་ནས་ཆུང་བའི་ངོ་བོ་ཉིད་སྟོན་པ་སྟེ། དཔེར་ན་སྐྱེས་བུ་གཟུགས་ཆུང་བ་དག་ཏུ་ཤེས་པར་བྱ་བ་ལ་
གཟུགས་མེད་ཅེས་བྱ་བས་བརྗོད་པ་ལྟ་བུའོ། །ལྷག་མ་མེད་པ་ཞེས་བྱ་བ་ནི་གང་བསམས་པའི་དོན་ལས་ལྷག་པར་གྱུར་པ་བཀག་ནས་རྣག་གི་འདོད་པ་འབའ་ཞིག་ཙམ་སྟོན་པ་སྟེ། དཔེར་ན་དེ་ཕན་ཆད་གྲངས་ཀྱི་གནས་གཞན་མེད་པ་ལ་གྲངས་མེད་པ་ཞེས་བྱ་བ་དང༌། གང་ཞིག་གིས་འདོད་པར་བྱ་བ་བླང་བ་ལ་སོགས་པའི་ཕྱིར་དྲིས་པ་དང༌། གཞན་དག་གིས་དེ་ལ་གང་དྲིས་པ་དེ་དག་མེད་དོ་ཞེས་བརྗོད་ན། དེར་རང་གི་འདོད་པ་དག་ནི་མེད་པར་ཁས་མི་ལེན་གྱི། །དེ་ལས་ལྷག་པར་གྱུར་པའི་འདོད་པ་དག་མེད་པར་སྒྲུབ་པ་ལྟ་བུའོ། །མཐའ་དག་མ་ཡིན་པ་ནི་ཀུན་དུ་ཁྱབ་པར་གྱུར་པ་དག་བཀག་ནས་དངོས་པོ་འགའ་ཞིག་ནི་འགེགས་པར་མི་བྱེད་པ་དག་སྟེ། དཔེར་ན་རྒྱུ་མཐའ་དག་ནི་འབྲས་བུ་ལ་ངེས་པ་མེད་པ་ཡིན་ནོ་ཞེས་བརྗོད་ན། རྒྱུ་འགའ་ནི་ངེས་པར་གྱུར་ཀྱང་འགེགས་པར་མི་བྱེད་པ་དང༌། གང་ཡང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་ལ་གང་ཡང་རུང་བའི་ཁྱད་པར་དག་བཀག་པར་བྱས་པས་འགའ་འགའ་དག་ལ་མི་འགོག་པ་སྟེ་དེ་ལྟ་བུ་དག་གོ །མི་མཐུན་པ་ཞེས་བ་ནི་རྒྱུན་ལྷན་ཅིག་གནས་པར་གྱུར་ན་གང་ཞིག་ལ་གནས་པའི་མཐུ་མེད་པ་ཡིན་ཏེ། དེ་བསྟན་པར་བྱ་བའི་ཕྱིར་དེའི་གཉེན་པོ་དགག་པར་བྱ་བ་སྟོན་པ་སྟེ། དཔེར་ན་སྣང་བའི་འོད་དང་རྒྱུན་ལྷན་ཅིག་པར་མི་གནས་པ་མུན་པ་དང༌། དེ་བཞིན་དུ་རིག་པ་དང༌། མ་རིག་པ་དང༌། ཤེས་རབ་དང༌། སོམ་ཉིད་དང༌། ཡེ་ཤེས་དང༌། །ཉོན་མོངས་པ་དང༌། བཏང་སྙོམས་དང༌། འདོད་པ་དང༌། བྱམས་པ་དང༌། རྣམ་པར་འཚེ་བ་ལ་སོགས་པ་ལྟ་བུ་སྟེ། མུན་པ་གོ་བར་བྱ་བ་ལ་སྣང་བ་མ་ཡིན་པ་ཞེས་བྱ་བས་བརྗོད་པ་ལ་སོགས་པ་དག་གོ །གཉེན་པོ་ཞེས་བྱ་བ་ནི་ལྷན་ཅིག་གནས་ན་གང་གིས་ནུས་པ་འཕྲོག་པར་བྱེད་པ་སྟེ། སྣང་བ་དང་མུན་པ་ལ་སོགས་པ་བརྗོད་པ་ཇི་ལྟ་བའོ། །འདི་གཉིས་ཀྱི་བྱེ་བྲག་ཅི་ཞེ་ན། མི་མཐུན་པ་ནི་རྒྱུན་ལ་གནོད་པའི་ནུས་པ་མེད་ལ། གཉེན་པོ་ནི་ནུས་པ་ཡོད་པ་སྟེ། འདི་ལྟར་མུན་པ་དང་སྣང་བ་ཕྲད་པ་ན་མུན་པ་ནི་སྣང་བ་ཉིད་མཐུ་ཉམས་ན་དེའི་ཡུལ་དུ་འོང་གི །སྣང་བ་ཇི་སྲིད་པ་དེ་སྲིད་དུ་དེའི་ཡུལ་གནོད་པར་མི་བྱད་དོ། །སྣང་བ་ནི་མུན་པ་ཆེར་གནས་ཀྱང་དེའི་ཡུལ་མཐར་གྱིས་གནོད་པ་བྱེད་དེ། དེ་བཞིན་
དུ་མ་རིག་པ་དང་རིག་པ་ལ་སོགས་པ་བརྗོད་པ་རྣམས་ལ་ཡང་སྦྱར་བར་བྱ་སྟེ་འདི་གཉིས་ནི་བྱ་བྲག་གོ །དེའི་ཕྱིར་གཉེན་པོ་དགག་པ་ཞེས་བྱ་བ་ནི་འདི་ལྟར་བསྟན་པར་བྱ་བ་བྱམས་པ་གོ་བར་བྱ་བ་ལ་ཞེ་སྡང་མེད་པ་ཞེས་བྱ་བ་དང༌། སྣང་བ་སྟོན་ན་མུན་པ་མེད་པ་ཞེས་བྱ་བ་ལ་སོགས་པས་སྟོན་པ་ལྟ་བུའོ། །བྲལ་བ་ཞེས་བྱ་བ་ནི་མེད་པས་མཚོན་ནས་ཡོད་པ་གོ་བར་བྱེད་པ་སྟེ། གང་ཞིག་ལ་གང་ཞིག་ཡོད་པ་ལས་དད་ལས་བྲལ་ཏེ་མི་ལྡན་ན་བྲལ་བའི་ཐོབ་པ་གང་ཡིན་པ་གོ་བར་བྱེད་པ་སྟེ། འདི་ལྟར་མྱ་ངན་དང་བྲལ་ཏེ་མི་ལྡན་པའི་དངོས་པོ་ངོ་བོ་ཉིད་ལ་མྱ་ངན་མེད་པ་ཞེ་འམ། མྱ་ངན་ལས་འདས་པ་ཞེས་བྱ་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་དང༌། དེ་བཞིན་དུ་སྐྱེས་བུ་གོས་དང་བྲལ་ཏེ་མི་ལྡན་པ་ལ་གོས་མེད་པ་ཞེས་བྱ་བ་དང༌། རྒྱུན་དང་བྲལ་བའི་ཕྱིར་ལོག་པ་ལ་རྒྱུན་ལས་ལོག་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་དག་ནི་རྣམ་གྲངས་བཅོ་ལྔ་ཡིན་པས། རྣམ་གྲངས་བཅོ་ལྔར་བཤད་པ་ཡིན། །ཞེས་བྱ་བ་ལ་ཐུག་གི་བར་དུ་བསྙད་པ་ཡིན་ནོ། །ད་ནི་དེ་དག་གི་བསྡུ་བ་བསྟན་པའི་ཕྱིར། དེ་ལས་ཅུང་ཟད་བསྡུ་བ་ནི། བརྒྱད་ནས་གཉིས་ཀྱི་བར་དུ་སྟེ། །ཞེས་བྱ་བ་སྨོས་ཏེ། བར་དུ་ཞེས་བྱ་བ་ནི་བསྡུ་བའོ། །སྟེ་ཞེས་བྱ་བ་ལྷག་མའོ། །དེ་ལས་དང་པོ་བརྒྱད་དུ་བསྡུ་བ་བསྟན་པའི་ཕྱིར། ཞུམ་དང་ཞན་པ་དམན་པར་ཏེ། །ཕྲ་བ་ལ་སོགས་དྲུག་གཅིག་ཏུ། །ཞེས་སྨོས་ཏེ། བསྡུ་ཞེས་བྱ་བ་ཚིག་ལྷག་མའོ། །དེ་ལས་ཇི་ལྟར་བསྡུ་ཞེ་ན། ཞུམ་པ་ཡང་ཀུན་དུ་སྤྲོས་པ་བཀག་ནས་གཞི་ཉིད་ཀུན་དུ་ཞུམ་པར་སྟོན་ལ། ཞན་པ་ཡང་ནུས་པ་དྲག་པོས་བཀག་ནས་ནུས་པ་ཞན་པར་སྟོན་ཏེ། དམན་པ་ཡང་ཡོན་ཏན་འགེགས་པ་ཡིན་པས་དེའི་ཕྱིར་ཡོན་ཏན་གྱི་ཕྱོགས་དགག་པར་གསུམ་ཀ་འདུའོ། །ཕྲ་བ་ལ་སོགས་པ་ཡང་ཆུང་བར་བསྡུ་སྟེ། འདི་ལྟར་ཕྲ་བར་སྟོན་པ་དང༌། ཉུང་བར་སྟོན་པ་དང༌། ཡུན་ཐུང་བར་སྟོན་པ་དང༌། ཆུང་བར་སྟོན་པ་དང༌། ལྷག་པ་མེད་པར་སྟོན་པ་དང༌། མཐའ་དག་མ་ཡིན་པར་སྟོན་པ་རྣམས་ཀྱང་ཆེ་བའམ་རིགས་པའི་ཕྱོགས་དགག་པར་མཚུངས་ཏེ། དེའི་ཕྱིར་གཅིག་ཏུ་འདུའོ། །དེས་ན་དགག་པའི་རྣམ་གྲངས་བརྒྱད་དུ་བསྡུ་སྟེ། འདི་ལྟར་མེད་པར་དགག་པ་དང༌། མ་
ཡིན་པར་དགག་པ་དང༌། འདྲ་བ་ལས་དགག་པ་དང༌། དམན་པར་དགག་པ་དང༌། ཕྲ་བར་དགག་བ་དང༌། མི་མཐུན་པར་དགག་པ་དང༌། གཉེན་པོར་དགག་པ་དང༌། ཕྲལ་བར་དགག་པ་སྟེ་བརྒྱད་དོ། །བདུན་དུ་བསྡུ་བ་བསྟན་པའི་ཕྱིར། མི་མཐུན་གཉེན་པོར་སྦྱར་བས་བདུན། །ཞེས་བྱ་བ་སྨོས་ཏེ། རྒྱུན་ལྷན་ཅིག་གནས་པ་ལ་འགལ་བ་ཡིན་པས་མི་མཐུན་པ་ཤས་ཆེ་ན། གཉེན་པོ་མཐུ་ཉམས་པར་མ་བྱས་ཀྱང་བྱས་པ་དང་འདྲ་བས་མི་མཐུན་པ་ཡང་གཉེན་པོར་བསྡུ་སྟེ། དེ་ལྟར་ན་རྣམ་གྲངས་བདུན་ནོ། །དྲུག་ཏུ་བསྡུ་བ་བསྟན་པའི་ཕྱིར། དམན་དང་ཆུང་དང་ཞུམ་པ་རུ། །བསྡུས་པ་ཞེས་བྱ་ལྷག་མའོ། །དགག་པའི་རྣམ་གྲངས་རྣམ་པ་དྲུག་སྟེ། དམན་པ་དང་ཆུང་བ་དག་ཀྱང་རང་གི་གཞི་མི་འདོར་བར་འདྲ་བའི་ཕྱིར་དེར་འདུ་སྟེ། དེའི་ཕྱིར་དྲུག་ཏུའོ། །རྣམ་གྲངས་ལྔར་དབྱེ་བ་བསྟན་པའི་ཕྱིར། དོན་གྱིས་གོ་བར་བྱེད་པ་དང༌། །ཚིག་གཅིག་རྣམ་པར་སྒྲུབ་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ། །དེ་ལས་གཞན་པ་གཞན་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་དོན་གྱིས་གོ་བར་བྱེད་པ་ནི་དཔེར་ན་ལྷ་སྦྱིན་ཉིན་པར་ཟན་མི་ཟ་བ་ལས་ཚོ་ཞེས་བརྗོད་ན། མཚན་མོ་ཟ་བར་དོན་གྱིས་གོ་བ་ལྟ་བུའོ། །ཚིག་གཅིག་གིས་སྒྲུབ་པར་བྱེད་པ་ནི་མ་སྐྱེས་པ་ཡོད་ཅེས་བྱ་བ་བརྗོད་ན་ཡོད་པའི་ཚིག་གཅིག་གིས་མ་སྐྱེས་པའི་དངོས་པོ་སྒྲུབ་པ་ལྟ་བུའོ། །དེ་གཉི་ག་དང་ལྡན་པ་ནི་མ་ཡིན་པར་དགག་པ་ཉིད་དེ། དོན་གྱིས་གོ་བར་འགྱུར་ཡང་ཚིག་གཅིག་གིས་སྒྲུབ་པར་ཡང་སྦྱར་དུ་རུང་བའོ། །རང་གི་ཚིག་གིས་མི་སྟོན་པ་ནི་རྒྱལ་རིགས་ལ་བྲམ་ཟེ་མ་ཡིན་པ་ཞེས་བརྗོད་པ་ལྟ་བུའོ། །དེ་དག་ལས་གཞན་པ་ནི་དངོས་སུ་སྟོན་པ་སྟེ། མེད་པར་སྟོན་པ་ཙམ་བྱེད་པའོ། །རྣམ་གྲངས་བཞིར་བསྡུ་བ་བསྟན་པའི་ཕྱིར། ཀུན་དུ་བརྟགས་པའི་འགོག་པ་དང༌། །རང་གི་གཞི་ལས་ཞུམ་པ་དང༌། །གཞན་དང་འགལ་བ་རྣམ་པ་བཞི། །ཞེས་བྱ་བ་སྨོས་ཏེ། དེ་ལ་ཀུན་བརྟགས་པའི་འགོག་པར་བྱེད་པའི་དགོག་པ་ནི་མེད་པར་དགག་པ་ཡིན་ཏེ། འདི་ལྟར་གཞན་དག་ཁས་ལེན་པའི་ལོག་པར་རྟོག་པས་བརྟགས་པའི་འདོད་པ་བསལ་བ་དང༌། སོམ་ཉིད་དང་མ་རྟོགས་པ་དག་བསལ་བའི་བྱ་བ་བྱེད་པས་དོན་གྱི་དེ་ཁོ་ན་ཉིད་སྟོན་པར་མི་བྱེད་
པའི་ཕྱིར་རོ། །རང་གི་གཞི་ལས་ཞུམ་པ་ནི་དམན་པ་དང༌། ཞན་པ་དང༌། ཕྲ་བ་དང༌། ཆུང་བ་དང༌། ཉུང་བ་དང༌། ཡུན་ཐུང་བ་དང༌། ལྷག་མ་མེད་པ་དང༌། མཐའ་དག་མ་ཡིན་པ་རྣམས་ཀྱང་བསྟན་པར་བྱ་བ་རང་རང་གི་གཞི་མི་འདོར་ལ། ཞུམ་པའམ་བཅུམ་པའི་ངོ་བོར་སྟོན་པར་མཚུངས་སོ། །གཞན་པ་ནི་བསྟན་པར་བྱ་བ་གཞན་པ་ཡིན་ལ་འགལ་བ་དང་མི་མཐུན་པ་མེད་པའོ། །འགལ་བ་ནི་རྒྱུན་ལྷན་ཅིག་གནས་པར་མི་རུང་བ་སྟེ་གྲང་བ་དང་ཚ་བའི་རེག་པ་ལྟ་བུའོ། །གསུམ་དུ་བསྡུ་བ་ནི། མེད་པ་དང་ནི་གཞན་པ་དང༌། །གཉེན་པོའི་དོན་ལ་འཇུག་པ་གསུམ། །ཞེས་སྨོས་པ་ཡིན་ཏེ། དེ་ལ་དགག་པ་འདི་གསུམ་ནི་དཔེར་ན་མ་བྱས་ཞེས་བརྗོད་ན་བྱས་པར་འདོད་པ་འགེགས་པ་ཞིག་སྟེ། བྱས་པ་མེད་པ་ཙམ་སྟོན་ན་མའི་སྒྲ་མེད་པ་ལ་འཇུག་གོ །གལ་ཏེ་བྱས་པ་ལས་གཞན་པའི་དངོས་པོ་གཅིག་ཁོང་དུ་ཆུད་པར་བྱེད་ན་གཞན་པ་ལ་འཇུག་གོ །གལ་ཏེ་བྱས་པ་དང་ལྷན་ཅིག་འགལ་བ་སྟོན་ན་མའི་སྒྲ་འགལ་བ་ལ་འཇུག་སྟེ། འདི་རྣམས་སུ་བསྡུ་བར་བརྗོད་པ་ཡིན་ནོ། །གཉིས་སུ་བསྡུ་བ་བརྗོད་པའི་ཕྱིར། །དགག་པའི་རྣམ་གྲངས་ཇི་སྙེད་པ། །མེད་དང་མ་ཡིན་གཉིས་སུ་འདུ། །ཞེས་སྨོས་ཏེ། འདི་ལྟར་གལ་ཏེ་མེད་པ་གོ་བར་བྱེད་པ་ཡིན་ན་ནི་མེད་པར་དགག་པ་ཞེས་བྱ་ལ། མ་ཡིན་པའི་དངོས་པོ་ཞིག་གོ་བར་བྱེད་ན་ནི་མ་ཡིན་པར་དགག་པ་ཞེས་བྱ་བའི་གྲངས་སུ་འགྲོ་བས་འདི་གཉིས་སུ་མི་འདུ་བ་མེད་དོ། །ལྡོག་པ་རབ་ཏུ་བསྟན་པ་ཞེས་བྱ་བ་ལས་རྣམ་གྲངས་མདོར་བསྡུ་བའི་ལེའུ་སྟེ་དང་པོའོ།། །།ད་ནི་བསྡུས་པའི་བྱེ་བྲག་བསྟན་པར་འདོད་ནས། བསྟན་བྱ་དོན་ཡོད་དོན་མེད་དང༌། །ཞེས་པ་ནས། བསྡུས་པའི་བྱེ་བྲག་ཤེས་པར་བྱ། །ཞེས་བྱ་བའི་བར་དག་སྨོས་ཏེ། དེ་ལ་བསྟན་པར་བྱ་བ་ནི་ཁོང་དུ་ཆུད་པའོ། །དོན་ནི་ཡུལ་ལོ། །ཡོད་པ་ནི་ཇི་ལྟར་ཡང་དམིགས་སུ་ཡོད་པའི་དངོས་པོའོ། །བསྟན་པར་བྱ་བ་མེད་པ་ནི་དེ་ལྟར་མ་ཡིན་པ་སྟེ་དེ་ནི་དོན་གྱི་བྱེ་བྲག་གོ །འཇུག་ཚུལ་དངོས་དང་བརྒྱུད་པ་དང༌། །ཞེས་བྱ་བ་ནི་སྒྲ་འཇུག་པའི་ཐབས་ཀྱི་བྱེ་བྲག་སྟེ། དེ་ལ་འཇུག་པ་ཞེས་བྱ་བ་ནི་སྒྲ་འཇུག་པའོ། །ཚུལ་ནི་དེའི་ཐབས་སམ་ལུགས་ཏེ། དེའི་བྱེ་བྲག་ནི་དངོས་
དང་བརྒྱུད་པའོ་ཞེས་བྱ་བར་འགྱུར་རོ། །དེ་ལ་དངོས་སུ་འཇུག་པ་ནི་སྒྲ་ཇི་བཞིན་པ་སྟེ། བསྟན་པས་འཇུག་ཅེས་བྱ་བའི་དོན་ཏོ། །བརྒྱུད་པ་ནི་ཤེས་བར་བྱ་བ་གཞན་ཡོད་པ་སྟེ། བཤད་པའི་ཚུལ་གྱིས་འཇུག་ཅེས་བྱ་བ་ཡིན་ནོ། །ད་ནི་དགོས་པའི་ཁྱད་པར་བསྟན་པའི་ཕྱིར། ཀུན་དུ་བརྟགས་པ་བཟློག་པ་དང༌། །ཆོས་ཀྱི་དེ་ཉིད་བསྟན་པ་དང༌། །གཞན་གྱི་འདོད་པ་བསལ་བ་དང༌། །རང་གི་འདོད་བའང་སྒྲུབ་པ་དང༌། །ཞེས་བྱ་བ་སྨོས་ཏེ། དེ་ལ་ཀུན་དུ་བརྟགས་པ་ཞེས་བྱ་བ་ནི་ལོག་པའི་རྟོག་པས་ནན་གྱིས་བརྟགས་པ་སྟེ་ཐག་པ་ལ་སྤྲུལ་བཞིན་ནོ། །དེ་བཟློག་པ་ནི་ཀུན་དུ་རྟོག་པ་བཟློག་པ་ཡིན་ཏེ། བརྟགས་པ་ནི་ཤིན་ཏུ་མེད་པ་ཉིད་ཡིན་པའི་ཕྱིར་དེ་བཟློག་པ་དང་གཞག་པ་མེད་ཀྱི། འོན་ཀྱང་འཇིག་རྟེན་པ་དག་ཡོད་པ་ཉིད་དུ་རྟོག་པས་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ནི་འདི་ལྟར་ཆོས་གང་ཡང་རང་རང་གི་དེ་ཁོ་ན་ཉིད་མི་འདོར་ཏེ། དེ་ལ་འདི་ཉིད་དེ་ཡིན་ཏེ་མ་ནོར་བས་ན་དེ་ཁོ་ནའོ། །དེའི་ངོ་བོ་ཉིད་ཡིན་ཏེ། འདི་ལྟར་དངོས་པོའི་ངོ་བོ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དོ། །སྒྲ་གང་གིས་དེ་སྟོན་བ་ནི་སྔ་མ་ལས་གཞན་ཉིད་དུ་ཤེས་པར་བྱའོ། །གཞན་ཡང་གཞན་གྱི་འདོད་པ་གྲུབ་པའི་མཐའ་སེལ་ཞིང་བཟློག་པ་ནི་རང་གི་གྲུབ་པའི་མཐའ་མི་སྒྲུབ་ལ། རང་གི་འདོད་པའང་སྒྲུབ་པ་དང༌། །ཞེས་བྱ་བའི་འང་གི་སྒྲ་བརྗོད་པ་ནི་གཞན་གྱི་འདོད་པ་སེལ་བ་འབའ་ཞིག་ཏུ་མ་ཟད་ཀྱི། རང་གི་འདོད་པའི་དོན་ཡང་སྒྲུབ་པར་བྱེད་དེ། འདི་ཡང་དགོས་པའི་བྱེ་བྲག་གོ །འབྱུང་བའི་དུས་ཀྱི་ཁྱད་པར་གྱིས། །ཞེས་བྱ་བ་ནི་འབྱུང་བ་དང་དུས་ཀྱི་བྱེ་བྲག་བསྟན་ཏེ། དེ་ལ་འབྱུང་བ་ནི་སྒྲ་བརྗོད་པ་འབྱུང་བའོ། །དེའི་དུས་ནི་དུས་གང་གི་ཚེ་སྒྲ་འདི་འབྱུང་བར་འགྱུར་ལ། གང་གི་ཚེ་འདི་འབྱུང་ངོ་ཞེས་བྱ་བ་སྟེ། དེ་དག་གིས་མེད་པ་དང་མ་ཡིན་པ་གཉིས་ཀྱི་བྱེ་བྲག་ཤེས་པར་བྱའོ་ཞེས་བྱ་བ་ནི་ཁྱད་པར་དེ་དག་གང་གིས་ཁྱད་པར་ཡིན་པ་བསྟན་པའི་ཕྱིར། དོན་དང་འཇུག་ཚུལ་དགོས་པ་དང༌། །འབྱུང་ཚུལ་དབང་སྟེ་གོ་རིམས་བཞིན། །ཞེས་བྱ་བ་སྨོས་སོ། །ད་ནི་བྱེ་བྲག་དེ་དག་དགག་པ་རྣམ་པ་གཉིས་དང་གོ་རིམས་ཇི་ལྟར་སྦྱར་བ་བསྟན་པའི་ཕྱིར། མེད་པའི་བསྟན་བྱ་
དོན་མེད་དེ། །མ་ཡིན་པ་ནི་དོན་ཡོད་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མེད་པར་དགག་པ་བསྟན་པར་བྱ་བའི་ཡུལ་ཇི་ལྟར་མེད་ཅེ་ན། འདི་ལྟར་མེད་པ་ཙམ་ཁོང་དུ་ཆུད་པར་བྱེད་པ་ནི་དོན་གྱི་དངོས་པོ་གང་ཡང་ཁས་མི་ལེན་པའི་ཕྱིར་དོན་གྱི་དེ་ཁོ་ན་ཉིད་མེད་དོ། །མ་ཡིན་པར་དགག་པ་ནི་ཡོད་པ་ཡིན་ཏེ། གང་ལྟར་ཡང་དངོས་པོ་འམ་དངོས་པོ་མེད་པའི་དངོས་པོ་ལ་དམིགས་པ་དམ་འཆའ་བའི་ཕྱིར་དམིགས་པའི་དོན་ཡོད་པས་དམིགས་སུ་ཡོད་པའོ། །དེ་བཞིན་མེད་པ་དངོས་སུ་འཇུག །མ་ཡིན་པ་ནི་བརྒྱུད་པས་སོ། །ཞེས་བྱ་བ་ལ། མེད་པར་དགག་པ་ནི་སྒྲའི་འཇུག་ཚུལ་དངོས་སུ་འཇུག་སྟེ། དཔེར་ན་རི་བོང་ལ་རྭ་མེད་པར་བསྟན་པའི་ཕྱིར་དམུས་ལོང་དག་ལ་འདི་སྐད་དུ་མགོ་ལ་སྲ་བ་དང་རྣོ་བའི་རང་བཞིན་མ་སྐྱེས་པས་རི་བོང་གི་རྭ་མེད་ཅེས་བརྗོད་ན་རྭ་མེད་པ་ཉིད་གོ་བར་བྱེད་ཀྱི་གཞན་ཞིག་གོ་བར་མི་བྱེད་དོ། །མ་ཡིན་པར་དགག་པ་ནི་བརྒྱུད་པའི་ཚུལ་གྱིས་འཇུག་སྟེ། དཔེར་ན་རྒྱལ་རིགས་ལ་བྲམ་ཟེ་མ་ཡིན་པ་ཞེས་བྱ་བའི་སྒྲས་བརྗོད་ན་དེ་བྲམ་ཟེ་བཀག་པས་གོ་བར་བྱ་བ་གཞན་རྒྱ་ལ་རིགས་ཡོད་དེ། དེའི་ཕྱིར་བརྒྱུད་པའི་ཚུལ་ཡིན་ནོ། །ཀུན་རྟོག་ཟློག་པ་མེད་པ་སྟེ། །དེ་ཉིད་སྟོན་པ་མ་ཡིན་པའོ། །ཞེས་བྱ་བ་ལ། མེད་པར་དགག་པས་ཇི་ལྟར་ཀུན་དུ་རྟོག་པ་ཟློག་ཅེ་ན། དཔེར་ན་ལ་ལ་དག་ཐག་པ་ལ་སྤྲུལ་དུ་རྟོག་པ་དག་ལ་སྤྲུལ་མེད་ཅེས་བརྗོད་ན་དེ་ནི་མེད་པར་དགག་པ་ཡིན་ཏེ། དེས་ཀུན་དུ་རྟོག་པ་ཟློག་པར་བྱེད་དོ། །མ་ཡིན་པར་དགག་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ནི། འདི་ལྟར་ཆོས་ཐམས་ཅད་ནི་མ་སྐྱེས་པའམ། མ་འགགས་པ་ཞེས་བརྗོད་པའི་སྒྲས་ཆོས་རྣམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་སྟོན་པ་ལྟ་བུ་དང༌། མ་ཆགས་པའི་སྒྲས་ཆགས་པ་མེད་པ་ཙམ་སྟོན་པར་མ་བྱེད་ཀྱི། ཆགས་པའི་གཉེན་པོར་གྱུར་པའི་དགེ་བའི་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ལྟ་བུ་དག་གོ །གཞན་གྱི་འདོད་པ་སེལ་བ་ནི། །མེད་པར་དགག་པའི་དགོས་པ་སྟེ། །རང་འདོད་སྒྲུབ་པ་མ་ཡིན་པའོ། །ཞེས་བྱ་བ་ལ། མེད་པར་དགག་པས་གཞན་གྱི་འདོད་པ་སེལ་བ་ནི། གཞན་གྱི་གྲུབ་པའི་མཐའ་སེལ་བ་སྟེ། དེ་ཡང་འདོད་
པ་ནི་འདུན་པའི་བདག་ཉིད་ཡིན་ལ། གྲུབ་པའི་མཐའ་ནི་ཤེས་རབ་དང་མོས་པའི་བྱེ་བྲག་ཡིན་ཏེ། འདིར་འདོད་པ་ཡང་ངེས་པར་འཛིན་པའི་འདོད་པའོ། །དེ་སེལ་བ་ནི་བདག་ཏུ་འདོད་པ་དག་གི་འདོད་པ་བསལ་བའི་ཕྱིར་བདག་མེད་ཅེས་བརྗོད་པས་ཁས་བླངས་པ་དག་སྤོང་བ་ཡིན་ནོ། །མ་ཡིན་པར་དགག་པ་ནི་རང་གི་འདོད་པ་སྒྲུབ་པ་སྟེ། གང་ཞིག་ཆོས་འདི་དག་ལ་ཆོས་རྣམས་ཀྱིས་ཆོས་ཀྱི་ངོ་བོ་ཉིད་བདག་གི་ངོ་བོ་དང་བྲལ་བར་སྟོན་ཅིང་རང་གི་གཞན་ཚུགས་པར་བྱེད་པ་དག་གོ །མ་རྟོགས་ལོག་རྟོགས་ཐེ་ཚོམ་དག །སེལ་འདོད་དུས་ན་མེད་པ་འབྱུང༌། །ཞེས་བྱ་བ་ནི་སྨྲ་བ་པོའི་ཡིད་ལ་བྱེད་པ་ནི་འདོད་པ་ཡིན་ཏེ། དཔེར་ན་ཆོས་ཐམས་ཅད་བདག་མེད་པར་མ་རྟོགས་པའི་སྐྱེ་བོ་ཕལ་པ་དང༌། ལོག་པར་རྟོགས་པའི་ཕྱི་རོལ་བ་དང༌། ཐེ་ཚོམ་ཅན་གྱི་ལས་དང་པོ་པ་དག་གི་རྟོག་པ་དེ་རྣམས་བསལ་བར་འདོད་པའི་ཡིད་ལ་བྱེད་པ་གང་གིས་བསྐྱེད་པའི་བརྗོད་པ་དེ་ནི་དགག་པའི་སྐབས་སུ་མེད་པར་དགག་པར་འགྱུར་ཏེ། འབྱུང་བའི་དུས་ནི་དེ་ཉིད་ཡིན་པར་རིག་པར་བྱའོ། །དོན་ཉིད་ཁོང་དུ་ཆུད་འདོད་ན། །མ་ཡིན་དགག་པ་འབྱུང་བར་འགྱུར། །ཞེས་བྱ་བ་ནི་ཡིད་ལ་བྱེད་པ་གང་གིས་ཆོས་རྣམས་ཀྱི་དོན་གྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་འདོད་ནས་བརྗོད་པ་འབྱུང་བ་ནི་དགག་པའི་སྐབས་སུ་མ་ཡིན་པར་དགག་པའི་གྲངས་སུ་འགྱུར་རོ། །ད་ནི་སྔར་འདི་སྐད་དུ། དོན་དང་འཇུག་ཚུལ་དགོས་པ་དང༌། །འབྱུང་དུས་དབང་སྟེ་གོ་རིམས་བཞིན། །ཞེས་བརྗོད་པ་གསལ་བར་བསྟན་པའི་ཕྱིར། དགག་པའི་སྒྲ་དང་དགག་བྱ་ཡིས། །བསྟན་པར་བྱ་བའི་དོན་དུ་འདོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དགག་པའི་སྒྲ་ནི་འགེགས་པར་བྱེད་པ་སྟེ། འདི་སྐད་དུ། །ཧྱ་ན་ཨ་བྷི་གང་ལྡན་པ། །ལྷན་ཅིག་པ་ནི་ལྡོག་པར་འགྱུར། །ཞེས་བྱ་བ་ལྟ་བུ་ཡིན་ནོ། །དགག་པར་བྱ་བ་ནི་དེ་དང་ལྷན་ཅིག་པ་ཡིན་ཏེ། བྱེད་པ་དེས་ལྡག་པར་བྱ་བའོ། །དེ་གཉིས་ཀྱིས་བསྟན་པར་བྱ་བ་ནི་བརྗོད་པར་བྱ་བ་ནས་རྟོགས་པར་བྱ་བའི་བར་དུ་ཡིན་ནོ། །དེའི་དོན་ཡིན་ཏེ། དེ་ལྟར་ཤེས་པར་བྱ་བ་ནི་འདིའི་འདོད་པའོ། །ཚུལ་སྟོན་པ་ནི། དོན་དེ་ཇི་ལྟར་སྟོན་བྱེད་པའི། །ཚུལ་ནི་འདི་རུ་ཐབས་སུ་འདོད། །ཅེས་བྱ་བ་ཡིན་ཏེ། ཇི་ལྟར་སྟོན་པའི་
ཚུལ་ནི་དངོས་སུ་འཇུག་པའི་ཚུལ་དང༌། བརྒྱུད་པའི་ཚུལ་ཏེ་སྔར་དཔྱད་ཟིན་ཏོ། །འདི་རུ་ཞེས་བྱ་བ་ནི་མཚོན་པར་བྱེད་པའི་སྐབས་འདིར་རོ། །ཚུལ་ཞེས་བྱ་བ་ནི་ཐབས་ཡིན་ནོ་ཞེས་སོ། །ཐབས་ཀྱང་ལུགས་སམ་སྒོའོ། །གཞན་དུ་ནི་རང་བཞིན་དང༌། རིགས་པ་དང༌། སྡོམ་པ་དང༌། ཉེ་བར་སྦྱོར་བ་དང༌། དམན་པ་དག་ལ་ཡང་འཇུག་གོ་ཞེས་བྱ་བ་ཡིན་ནོ། །དགོས་པ་སྟོན་པ་ནི། ཐབས་ཀྱི་འབྲས་བུ་དགོས་པའོ། །ཞེས་བྱ་བ་ཡིན་ཏེ། ཐབས་དེ་དག་གི་བྱ་བའི་འབྲས་བུ་ནི་སྒྲ་བརྗོད་པའི་དགོས་པ་ཡིན་ཏེ། ཀུན་དུ་རྟོག་པ་ཟློག་པ་དང༌། ཆོས་རྣམས་ཀྱི་དངོས་པོ་བསྟན་པ་དང༌། གཞན་གྱི་ཁས་བླངས་བསལ་བ་དང༌། རང་གི་གཞུང་བསྒྲུབ་པར་བྱ་བ་རྣམས་གྲུབ་པ་ཁོང་དུ་ཆུད་པ་ཡིན་ཏེ། དེ་ནི་དགོས་པའོ། །དུས་སྟོན་པ་ནི། འབྱུང་དུས་རྣམ་པ་བཞིར་བཤད་པ། །སྨྲ་བར་བྱེད་པ་གང་ཞིག་གི །ཡིད་ལ་བྱེད་པ་གང་ལྡན་པ། །འདོད་ལྡན་འབྱུང་བའི་དུས་སུ་འདོད། །ཅེས་བྱ་བ་ཡིན་ཏེ། སྨ་བ་པོའི་འདོད་པ་གང་ཡིད་ལ་བྱེད་པའི་དུས་ནའོ་ཞེས་བྱ་བར་འབྱུར་རོ། །དེ་ལ་དགག་པའི་སྒྲ་འབྱུང་བའི་དུས་རྣམ་པ་བཞི་ནི་དོན་མ་རྟོགས་པ་རྟོགས་པར་བྱ་བ་དང༌། ལོག་པར་རྟོགས་པ་དགག་པ་དང༌། སོམ་ཉི་ཟ་བ་བསལ་བ་དང༌། ངོ་བོ་ཉིད་རྟོགས་པར་བྱའོ། །སྨྲ་བ་པོའི་ཡིད་ལ་བྱེད་པ་ནི་དོན་དེ་རྣམས་ཇི་ལྟ་བ་དེ་ལྟར་འདོད་པ་ཡིད་ལ་བྱེད་པ་སྟེ། དེ་གང་དང་ལྡན་པ་དེ་ན་དེ་དག་སྟོན་པའི་སྒྲ་འབྱུང་བར་འགྱུར་བས་སྒྲ་འབྱུང་པའི་དུས་སུ་འདོད་དོ། །ད་ནི་མེད་པར་དགག་པ་དང༌། མ་ཡིན་པར་དགག་པའི་བྱེ་བྲག་དེ་སྙེད་བརྗོད་པའི་གཞི་འམ་རྩ་བ་བསྟན་པའི་ཕྱིར། བྱེ་བྲག་རྩ་བ་འདི་ཡིན་ཏེ། །མེད་པ་ཡོད་པ་མི་སྒྲུབ་སྟེ། །མ་ཡིན་པ་ནི་ཡིན་པ་སྒྲུབ། །ཅེས་བྱ་བ་སྨོས་སོ། །དེའི་དོན་ནི་འདི་ཡིན་ཏེ། མེད་པར་དགག་པ་ནི་ཡོད་པ་བཀག་པའི་མེད་པས་བསྟན་པར་བྱ་བ་ཡོད་པ་སྒྲུབ་པར་མི་བྱེད་ལ་མ་ཡིན་པར་དགག་པ་ནི་ཡིན་པ་བཀག་པ་མ་ཡིན་པས་བསྟན་པར་བྱ་བའི་དངོས་པོ་ཡང་སྒྲུབ་པར་བྱེད་དེ། འདི་གཉིས་ནི་བྱེ་བྲག་གི་རྩ་བ་ཡིན་ནོ་ཞེས་པར་འགྱུར་རོ། །མེད་པར་དགག་པ་ཇི་ལྟར་ཡོད་པ་མི་སྒྲུབ་ཅེ་ན། མེད་པ་ཙམ་ཁོང་དུ་ཆུད་པས་དེའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་རོ། །མ་ཡིན་པར་དགག་པ་ཡིན་
པ་སྒྲུབ་པ་ནི་དོན་གཞན་དགག་པའི་སྒོ་ནས་དོན་སྟོན་པ་དེའི་བྱ་བ་ཡིན་པའི་ཕྱིར་རོ། །ད་ནི་མེད་པར་དགག་པ་ཡོད་པའི་དངོས་པོ་མི་སྒྲུབ་པའི་ཚུལ་དང༌། མེད་པའི་སྒྲས་བརྗོད་ཀྱང་ཡོད་པའི་དངོས་པོ་འདོད་པ་ན་མེད་པར་དགག་པར་མི་འགྱུར་བར་བསྟན་པའི་ཕྱིར་རོ། །རྒྱུ་ལ་འབྲས་བུ་དེ་བཞིན་དང། །ཐ་དད་དངོས་དང་བརྟགས་པ་ཙམ། །ཞེས་བྱ་བ་རིམ་པ་བཞིན་དུ། སྔ་ན་མེད་དང་ཞིག་པ་དང༌། །ཕན་ཚུན་གཅིག་ལ་གཅིག་མེད་དང༌། །ཤིན་ཏུ་མེད་པར་གྱུར་པ་དག །མེད་པ་དགག་པའི་གཞིར་གྱུར་པ། །གལ་ཏེ་ཡོད་པའི་དངོས་འདོད་ན། །མེད་པར་དགག་པར་མི་འགྱུར་རོ། །ཞེས་སྨོས་སོ། །དེ་ལ་རྒྱུ་ལ་འབྲས་བུའི་རང་བཞིན་མེད་པ་སྔ་ན་མེད་པ་དང༌། དེ་བཞིན་ཞེས་བྱ་བ་ནི་འབྲས་བུ་ལ་རྒྱུའི་རང་བཞིན་མེད་པ་ཞིག་ནས་མེད་པ་དང༌། ཐ་དད་པའི་དངོས་པོ་ཕན་ཚུན་གཅིག་ལ་གཅིག་མེད་པ་དང༌། བརྟགས་པ་ཙམ་རི་བོང་གི་རྭ་ལྟ་བུ་ཤིན་ཏུ་མེད་པར་གྱུར་པ་རྣམས་ནི་མེད་པར་དགག་པ་གོ་བར་བྱ་བའི་གཞིར་འཆད་པ་དེ་དག་ཀྱང་ཡོད་པ་སྟོན་ན་མེད་པ་དགག་པར་མི་འགྱུར་བ་འདི་ལྟ་སྟེ། སྔ་ན་མེད་པའི་སྒྲས་རྒྱུ་གོ་བར་བྱེད་པ་དང༌། དེ་བཞིན་དུ་ཞིག་ནས་མེད་པ་འབྲས་བུ་དང༌། གཅིག་ལ་གཅིག་མེད་པས་གཅིག་དང༌། ཤིན་ཏུ་མེད་པས་བརྟགས་པའི་བདག་པོ་གོ་བར་འདོད་ན་མེད་པར་དགག་པའི་གྲངས་སུ་མི་ཆུད་དོ་ཞེས་བྱ་བ་ཡིན་ནོ། །དེ་ཕྱིར་ཡོད་པ་མི་སྒྲུབ་སྟེ། །མེད་བའི་ཡོད་པ་འང་མི་སྒྲུབ་པོ། །ཞེས་བྱ་བའོ། །ཡོད་པ་མི་སྒྲུབ་པ་ནི་ཇི་ལྟར་རྒྱུ་ལས་འབྲས་བུའི་རང་བཞིན་མེད་པས་འབྲས་བུ་ཙམ་དུ་དགག་པ་དང༌། དེ་བཞིན་དུ་འབྲས་བུ་ལ་རྒྱུ་དང༌། གཅིག་ལ་གཅིག་གིས་གཅིག་ཙམ་དང༌། ཤིན་ཏུ་མེད་པས་དེ་ཉིད་འགེགས་པར་བྱེད་ན་མེད་པར་དགག་པ་ཡིན་པས་སྔར་བརྗོད་པའི་ཡོད་པ་དེ་དག་མི་འགྲུབ་བོ། །མེད་པའི་ཡོད་པ་ཞེས་བྱ་བ་ནི་རྫས་སུ་མེད་པའི་ངོ་བོ་ཉིད་ཡོད་པའི་དངོས་པོ་སྟེ་ནམ་མཁའ་ལྟ་བུའོ། །མེད་པར་དགག་པ་ནི་ཐ་ན་དེ་ཡང་མི་སྒྲུབ་བོ་ཞེས་བྱ་བའོ། །དེ་ལྟར་ན་མེད་པར་དགག་པས་དེ་ལྟར་ཡོད་པ་མི་སྒྲུབ་པའི་རྒྱུ་ཁོ་ནས་འགྱུར་བ་ནི། དེ་ཡིས་བསྟན་བྱ་དོན་མེད་དང༌། །སྒྲ་ཉིད་དངོས་སུ་འཇུག་པ་དང༌། །དགོས་པ་བརྟགས་པ་སེལ་བ་དང༌། །དེ་བཞིན་གཞན་གྱི་འདོད་པ་དང༌། །འབྱུང་བའི་དུས་ནི་གསུམ་དུ་བརྗོད། །ཅེས་
བྱ་བ་ཡིན་ནོ། །དེ་ལ་བསྟན་པར་བྱ་བའི་དོན་མེད་པ་མི་སྒྲུབ་པའི་རྒྱུས་སྒྲུབ་པ་ནི་འདི་ཡོད་པ་མི་ཚོལ་ན་དོན་མེད་པ་ཉིད་དུ་ཟད་དེ། བསྒྲུབ་པར་བྱ་བའི་དོན་གྱི་རྫས་ནི་མེད་དོ། །ཡོད་པ་མི་སྒྲུབ་པའི་རྒྱུས་སྒྲ་དངོས་སུ་འཇུག་པ་སྒྲུབ་པ་ནི་འདི་ལྟར་མེད་པའི་སྒྲས་དོན་གཞན་མི་སྟོན་ན་མེད་པའི་སྒྲ་བཞིན་ཉིད་ཡིན་ཏེ། བརྒྱུད་མི་དགོས་པའི་ཕྱིར་དངོས་སུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་རྒྱུ་དེས་དགོས་པ་བརྟགས་པ་སེལ་བར་འགྱུར་བ་ནི་འདི་ལྟར་དོན་གྱི་ངོ་བོ་ཉིད་ཡོད་པ་མི་སྟོན་ན་དགོས་པ་གཞན་བརྟགས་པ་སེལ་བ་མ་ཡིན་པ་མེད་དོ། །གཞན་གྱི་འདོད་པ་སེལ་བ་ཡང་བྱེད་དེ་འདི་ལྟར་རང་འདོད་པའི་དོན་མི་སྟོན་ན་རང་བཞིན་གྱིས་དེར་འགྱུར་བ་གདོན་མི་ཟའོ། །རྒྱུ་དེ་ཉིད་ཀྱིས་འབྱུང་བའི་དུས་གསུམ་དུ་འགྱུར་པ་ཡང་འདི་ཡིན་ཏེ། མ་རྟོགས་པ་སེལ་བར་འདོད་པའི་དུས་ན་འབྱུང་བ་ཡང་དཔེར་ན་སྐྱེས་བུ་གསེར་གྱི་རང་བཞིན་མི་ཤེས་པ་དག་ལ་མི་འགྱུར་ཞེས་བསྟན་ན་དེ་མི་འགྱུར་བའི་ངོ་བོ་ཉིད་གསེར་མི་སྒྲུབ་ན་མ་རྟོགས་པ་ཙམ་སེལ་བའི་དུས་སུ་འགྱུར་རོ། །ལོག་པར་རྟོགས་པ་སེལ་བར་འདོད་པའི་དུས་ན་འབྱུང་བར་ཡང་འགྱུར་ཏེ། དཔེར་ན། ཐག་པ་ལ་སྒྲུལ་དུ་འཁྲུལ་བའི་ཤེས་པ་ཅན་དག་ལ་སྦྲུལ་མེད་ཅེས་བརྗོད་ན་ཡོད་པའི་ངོ་བོ་ཐག་པ་མི་སྟོན་ན་སྦྲུལ་དུ་འཁྲུལ་པའི་ཤེས་པ་ཙམ་བྲལ་བར་བྱེད་པར་འགྱུར་རོ། །རྒྱུ་དེས་སོམ་ཉི་ཟ་བ་སེལ་བའི་དུས་ན་འབྱུང་བར་ཡང་འགྱུར་ཏེ། འདི་ལྟར་གལ་ཏེ་ཐག་པ་ལ་སྦྲུལ་དུ་ཐེ་ཚོམ་ཟ་ན་དེ་ལ་འདི་སྐད་དུ་སྦྲུལ་མ་ཡིན་ཞེས་བརྗོད་ན་ཐག་པ་ལ་སོགས་པ་ཡོད་པའི་དངོས་པོ་མི་སྟོན་ན་གཞི་གང་ལ་འཁྲུལ་དུ་ཟད་དེ་སྦྲུལ་དུ་ཐེ་ཚོམ་ཟ་བ་ལྡོག་གོ །དེའི་ཕྱིར་དུས་དེ་དག་ན་འབྱུང་བ་ཡང་ཡོད་པ་མི་སྒྲུབ་པའི་རྒྱུས་གྲུབ་པར་འགྱུར་རོ། །ད་ནི་མ་ཡིན་པར་དགག་པའི་བྱེ་བྲག་མེད་པ་ལས་ཐ་དད་པ་རྣམས་ཀྱི་རྩ་བ་ཡིན་པའི་ངོ་བོ་ཉིད་ཇི་ལྟར་སྒྲུབ་པ་དང༌། རྒྱུ་དེས་ཇི་ལྟར་འགྱུར་བ་སྟོན་པ་ལས་དང་པོར་ཡིན་པའི་ངོ་བོ་ཉིད་ཇི་ལྟར་སྒྲུབ་པར་བྱེད་པ་ལ་བརྩམས་ནས། གཞན་དང་གཉེན་པོ་ལ་སོགས་པའི། །མ་ཡིན་དགག་པའི་ཐ་སྙད་དག །གང་ཞིག་ཡིན་པ་བཟློག་པ་ཡིས། །ཡིན་པའི་དངོས་པོ་གཞན་དུ་ཚོལ། །མ་ཡིན་ཙམ་དུ་མི་སྒྲུབ་སྟེ། །དེའི་ཕྱིར་མ་ཡིན་དགག་པ་ནི། །ཡིན་
པའི་དངོས་པོ་སྒྲུབ་པའོ། །ཞེས་སྨོས་ཏེ། དེ་ལ་དགག་པའི་རྣམ་གྲངས་བཅོ་ལྔར་བཤད་པ་དེ་རྣམས་ལས་གཞན་པ་དང་འདྲ་བ་ལ་སོགས་པ་བཅུ་བཞི་ནི་མ་ཡིན་པར་དགག་པའི་བྱེ་བྲག་ཡིན་ཏེ། དེ་རྣམས་ཀུན་ཀྱང་ཡིན་པར་བཀག་པ་བྱས་ནས་མ་ཡིན་པ་ཙམ་དུ་འགྱུར་བར་མི་བྱེད་ཀྱི། ཡིན་པའི་ངོ་བོ་ཉིད་ཀྱི་དོན་དེ་ལས་གཞན་དུ་ཚོལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རེ་ཞིག་གཞན་པ་ནི་འདི་ལྟར་བ་ལང་མ་ཡིན་ཞེས་བྱ་བས་བ་ལང་དགག་པ་ཙམ་མ་ཡིན་གྱི། རྟ་ཡིན་པར་སྟོན་པ་ལྟ་བུའོ། །དེ་བཞིན་དུ་འདྲ་བ་དག་ཀྱང་འདི་ལྟར་དཔེར་ན་རིག་བྱེད་དང་འདྲ་བ་དགག་པ་ཙམ་མ་ཡིན་ཏེ། མི་འདྲ་བའི་དངོས་པོའི་ཆོས་སྟོན་པའོ། །དེ་ལྟར་ན་དགག་པ་གཞན་ཡང་དགག་པར་བྱ་བ་དགག་པ་ཙམ་མ་ཡིན་ཏེ། དམན་པ་ནས་བྲལ་བའི་བར་དུ་རང་རང་གི་ངོ་བོ་སྟོན་པར་བྱེད་པ་གང་ཡིན་པ་དེ་དག་རེ་རེ་སྒྲུབ་པར་ཤེས་པར་བྱའོ། །ད་ནི་ཡིན་པའི་དངོས་པོ་སྒྲུབ་པར་བྱེད་པའི་རྒྱུ་དེས་བསྡུས་པའི་བྱེ་བྲག་དེ་དག་དེ་ལྟ་བུ་འགྲུབ་པར་བྱེད་པར་བསྟན་པའི་ཕྱིར། དེ་ཡིས་བསྟན་བྱ་དོན་ཡོད་དང༌། །བརྒྱུད་པའི་ཚུལ་གྱིས་འཇུག་པ་དང༌། །ཆོས་ཀྱི་དེ་ཉིད་སྟོན་པ་དང༌། །རང་གི་འདོད་པ་སྒྲུབ་པ་དང༌། །འབྱུང་དུས་གཅིག་ཏུ་བརྗོད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་ལ་ཡིན་པ་སྒྲུབ་པའི་རྒྱུ་དེ་ཡིས་ཇི་ལྟར་བསྟན་པར་བྱ་བ་དོན་ཡོད་པར་འགྱུར་ཞེ་ན། འདི་ལྟར་གང་གི་ཡིན་པའི་དངོས་པོ་སྒྲུབ་པར་བྱེད་ན་དངོས་པོ་དེ་ཉིད་དོན་ཡོད་པ་ཡིན་པར་འགྱུར་རོ། །གཞན་ཡང་རྒྱུ་དེས་སྒྲ་བརྒྱུད་པའི་ཚུལ་གྱིས་འཇུག་པར་ཡང་འགྱུར་ཏེ། དཔེར་ན་ལྷས་བྱིན་མེད་པ་ཞེས་བྱ་བའི་སྒྲས་ཡུལ་བར་ནྡྷ་སྟོན་ན་དེ་ནི་བརྒྱུད་པ་སྟེ། སྒྲ་དེས་ནི་ལྷས་བྱིན་མེད་པ་ཙམ་མི་སྟོན་ལ། དེས་ཡུལ་བ་རནྡྷ་གོ་བར་བྱེད་པའི་ཕྱིར་རོ། །རྒྱུ་དེ་ཆོས་རྣམས་ཀྱི་ཁོ་ན་ཉིད་སྟོན་པར་འགྱུར་བ་ནི། འདི་ལྟར་རྟོག་པ་ཟློག་པ་ཙམ་མ་ཡིན་པར་ངོ་བོ་གཅིག་སྟོན་པར་བྱེད་ན་དངོས་པོའི་དེ་ཁོ་ན་ཉིད་སྟོན་པར་བྱེད་ཀྱང་རུང༌། དངོས་པོ་མེད་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་ཀྱང་རུང་སྟེ། ཆོས་རྣམས་གྱི་དེ་ཁོ་ན་ཉིད་སྟོན་པར་འགྱུར་རོ། །རྒྱུ་དེ་ཉིད་ཀྱིས་སྨྲ་བ་པོ་རང་ཉིད་ཀྱི་འདོད་པ་འགྲུབ་པར་འགྱུར་ཏེ། འདི་ལྟར་སྨྲ་བ་ཐམས་ཅད་དངོས་སུ་གཞན་ལ་གོ་བར་བྱེད་པ་ཡིན་ཡང་དེ་འབའ་ཞིག་སྒྲུབ་པར་མི་བྱེད་ན་བརྒྱུད་པས་རང་གི་དོན་
ཀྱང་ཡིན་ཏེ། དེའི་ཕྱིར་རང་གི་འདོད་པ་ཡང་སྒྲུབ་པར་བྱེད་པར་དོན་མི་ཟའོ། །རྒྱུ་དེས་ཆོས་རྣམས་ཀྱི་དོན་ཁོང་དུ་ཆུད་པར་འདོད་པའི་དུས་ན་མ་ཡིན་པར་དགག་པ་འབྱུང་བར་འགྱུར་བ་ཡང་ཡིན་ཏེ། འདི་ལྟར་དོན་གང་ཡིན་པ་སྟོན་པར་བྱེད་པ་ན་སྒྲ་དེ་དོན་དེ་ཉིད་ལྡོག་པར་བྱེད་པས་དེ་འདོད་པའི་དུས་ན་འབྱུང་བར་འགྱུར་རོ། །དེ་ལྟར་མེད་པར་དགག་པ་དང༌། མ་ཡིན་པར་དགག་པའི་བྱེ་བྲག་དེ་དག་གི་རྩ་བ་མེད་པར་དགག་པ་ཡོད་པ་ནི་མི་བསྒྲུབ་པ་དང༌། མ་ཡིན་པར་དགག་པ་ཡིན་པའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་ཡིན་པར་བསྟན་པ་ལ། ཡོད་པ་མི་སྒྲུབ་པ་ཉིད་དང་ཡིན་པ་སྒྲུབ་པ་ཉིད་ཀྱི་རྒྱུ་མི་ཤེས་པས་དེ་བསྟན་པའི་ཕྱིར། ཡིད་ལ་བྱེད་པའི་ཁྱད་པར་དག །སྨྲ་བ་གང་གི་བློ་ལ་གནས། །དེ་ནི་བྱེ་བྲག་གཉིས་ཀྱི་རྒྱུ། །ཞེས་བྱ་བ་སྨོས་ཏེ། སྨྲ་བ་པོ་གང་ཡིན་པའི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ལ་འདོད་པར་བྱ་བའི་ཡུལ་གང་ཞིག་གཞན་གྱིས་གོ་བར་འདོད་པས་ཡིད་ལ་བྱེད་པས་འཕངས་པའི་ཡིད་ཀྱི་ཡུལ་དུ་བྱས་པའི་དོན་གྱི་སྤྱི་དང༌། དེ་བརྗོད་པའི་སྒྲའི་སྤྱི་ཤེས་པ་གཅིག་གི་ཡུལ་དུ་མཚུངས་པ་མིང་དང་མིང་ཅན་འབྲེལ་པར་ནུས་ཤིང་སྒྲ་སྐྱེད་པར་བྱེད་པའི་བདག་ཉིད་ཅན་དེ་རྒྱུ་ཡིན་ནོ། །གལ་ཏེ་སྒྲའི་རྒྱུ་དེ་སྙེད་ཡིན་ན་འདིར་སྨྲ་བ་བོའི་བློ་ལ་ཡིད་ལ་བྱེད་པའི་བྱེ་བྲག་ཡོད་པ་ཁོ་ན་རྒྱུར་སྨོས་ཤེ་ན། དེ་ནི་ཐུན་མོང་མ་ཡིན་པའི་ཕྱིར་དེ་བསྟན་པར་རིགས་པ་ཡིན་ཏེ། ཇི་ལྟར་གླིང་བུ་ལས་བྱུང་བའི་སྒྲ་ལ་གླིང་བུའི་སྒྲ་ཞེས་བརྗོད་པ་དག་དེའི་རྒྱུ་ལག་པ་ལ་སོགས་པ་ཡང་ཡིན་མོད་ཀྱི། ཐུན་མོང་མ་ཡིན་པའི་སྒོ་ནས་བོད་པར་རིགས་པ་དེ་བཞིན་དུ་ཤེས་པ་གཅིག་གི་ཡུལ་དུ་མཚུངས་པའི་སྒྲ་དང་དོན་གྱི་སྤྱི་སྐྱེད་པའི་བདག་ཉིད་ཅན་ནི་སྒྲ་ཐམས་ཅད་ཀྱི་རྒྱུ་ཡིན་པས་དེ་མི་བརྗོད་ཀྱི། ཡིད་ལ་བྱེད་པའི་བྱེ་བྲག་ནི་ཁྱད་པར་གྱི་རྒྱུ་ཡིན་པས་དེ་བརྗོད་པར་རིགས་སོ། །གཞན་ཡང་ཡིད་ལ་བྱེད་པའི་བྱེ་བྲག་ནི་རྒྱུའི་གཙོ་བོ་ཡིན་ཏེ། འདི་ལྟར་བྱེད་པ་པོ་ཡིན་པའི་ཕྱིར་ཏེ། སྒྲ་སྐྱེད་པར་བྱེད་པ་ལ་རང་དབང་ཐོབ་པ་ནི་ཡིད་ལ་བྱེད་པ་ཡིན་ཏེ། གང་ཞིག་གིས་འདི་སྙམ་དུ་མེད་པ་ཙམ་དུ་གོ་བར་བྱའོ་སྙམ་དུ་ཡིད་ལ་བྱེད་པ་ཡོད་ན་དེའི་དུས་ཉིད་ན་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ལ་གང་མེད་ཅེས་བརྗོད་པའི་སྒྲ་དང་མཐུན་པའི་ཚོགས་པ་
རྣམས་འབྱུང་སྟེ། དཔེར་ན་རྡོ་ཁབ་ལེན་ཡོད་པའི་དུས་ན་དེ་ལ་བརྟེན་ཏེ་ལྕགས་གཡོ་བར་འགྱུར་བ་བཞིན་དུ་སྐུལ་བའི་བྱེད་པ་པོ་ཡིད་ལ་བྱེད་པ་ཡོད་ན་རྣམ་པར་ཤེས་པའི་རྒྱུན་ལ་བརྟེན་ནས་རྣམ་པར་རྟག་པ་དང་བཅས་པའི་ཤེས་པ་ལ་སྒྲ་དང་དོན་གྱི་སྤྱིའི་རྣམ་པ་སྣང་བ་འབྱུང་སྟེ། སྣང་བ་དེ་ཡང་ཡིད་ལ་བྱེད་པས་ཇི་ལྟར་འཕངས་པ་དེ་ལྟར་འབྱུང་བ་དཔེར་ན་རྡོ་ཁབ་ལེན་གང་དུ་གཡོ་བ་དང༌། ཇི་ལྟར་གཡོ་བ་དེ་ལྟར་ལྕགས་གཡོ་བ་བཞིན་ནོ། །ཤེས་པ་གཡོ་བ་ཡང་རང་རང་གི་སྣང་བ་ལ་གཡོ་བ་དང༌། སྣང་བ་ཡང་འདྲ་བའི་བདག་ཉིད་ཡིན་པས་དེ་དག་ཚོགས་ན་བརྗོད་པ་འབྱུང་ལ། ཚོགས་པ་ཡིད་ལ་བྱེད་པ་ལ་རག་ལས་པས་འདིར་དེ་ཁོ་ནའི་བྱེ་བྲག་གི་རྒྱུའི་བདག་ཉིད་དུ་སྨོས་སོ། །ད་ནི་དགག་པ་རྣམ་པ་གཉིས་ཀྱི་བྱེ་བྲག་གི་རྩ་བ་ཡོད་པ་མི་སྒྲུབ་པ་དང༌། ཡིན་པ་སྒྲུབ་པའི་རྒྱུ་ཡིད་ལ་བྱེད་པའི་བྱེ་བྲག་ཡིན་པར་བསྟན་པ་དེ་ལ་ཡིད་ལ་བྱེད་པའི་བྱེ་བྲག་གཉིས་གང་ཡིན་པ་མི་ཤེས་པས་དེ་བསྟན་པའི་ཕྱིར། ཡིད་ལ་བྱེད་པའི་བྱེ་བྲག་ནི། །འབྱུང་བའི་དུས་ཀྱིས་ཤེས་པར་བྱ། །ཤེས་སྨོས་ཏེ། འདི་ལྟར་མ་རྟོགས་པ་དང༌། ལོག་པར་རྟོགས་པ་དང༌། སོམ་ཉི་ཟ་བ་བསལ་བར་བྱའོ་སྙམ་དུ་ཡིད་ལ་བྱེད་པ་དང༌། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་བྱའོ་སྙམ་དུ་ཡིད་ལ་བྱེད་པ་གཉིས་ཀྱིས་ཡོད་པ་དང་ཡིན་པ་སྒྲུབ་པ་དང་མི་སྒྲུབ་པར་འགྱུར་རོ་ཞེས་བྱ་བར་འགྱུར་རོ། །ཡིད་ལ་བྱེད་པའི་བྱེ་བྲག་ཉིད། །གང་གིས་ཕྱེ་བ་བསྟན་པའི་ཕྱིར། །དེ་ནི་ཡུལ་གྱིས་ཕྱེ་བ་སྟེ། །ཞེས་སྨོས་ཏེ། ཡུལ་གྱི་བྱེ་བྲག་ཏུ་བྱས་སོ་ཞེའོ། །ཡུལ་གང་ཞེ་ན། དགོས་པ་བརྗོད་པ་ཇི་ལྟ་བའོ། །ཞེས་སྨོས་ཏེ། ཡུལ་ནི་སྔར་དགག་པ་གཉིས་ཀྱི་དགོས་པ་སྔར་ཀུན་དུ་བརྟགས་པ་བཟློག་པ་ལ་སོགས་པ་བསྟན་པ་ཇི་ལྟ་བ་བཞིན་ནོ། །ཡུལ་ལ་ཡང་བྱེ་བྲག་མང་བས་འདིར། འདོད་པའི་ཡུལ་ཞེས་བྱ་བ་སྟེ། །ཞེས་སྨོས་ཏེ། འདོད་པས་བྱ་བ་ཡང་ཡིན་ལ་ཡུལ་ཡང་ཡིན་ཏེ། འདི་ལྟར་ཡིད་ལ་བྱེད་པས་འཕངས་པའི་འདུན་པས་བསམས་པའི་དོན་གྱི་དངོས་པོ་ཡིན་ནོ། །དེ་དག་དགག་པ་རྣམ་བ་གཉིས་ཀྱི་རྒྱུའི་བྱེ་བྲག་བསྟན་བ་ཡིན་པས། རྒྱུ་ཡི་བྱེ་བྲག་བརྗོད་པའོ། །ཞེས་སྨོས་པ་ཡིན་ནོ། །ད་ནི་དགག་བ་བསྡུས་པའི་བྱེ་བྲག་བསྟན་པའི་ཞར་ལ་མ་ཡིན་པར་དགག་པ་ཉིད་ཀྱི་བྱེ་
བྲག་བསྟན་པར་འདོད་ནས། མ་ཡིན་དགག་པའི་བྱེ་བྲག་ནི། །ཞེས་སྨོས་སོ། །དེ་ལ་རེ་ཞིག་གཉེན་པོར་དགག་པ་དང༌། གཞན་པར་དགག་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། ལྷན་ཅིག་རྒྱུན་ལ་གནོད་བྱེད་དང༌། །དེ་བཞིན་མི་བྱེད་དབྱེ་བ་ཡིས། །གཉེན་པོ་དང་ནི་གཞན་དུ་བརྗོད། །ཅས་བྱ་བ་སྨོས་ཏེ། དངོས་པོའི་ངོ་བོ་གཅིག་གི་རྒྱུན་རྒྱུན་མ་ཆད་པར་གནས་པ་གང་ཞིག་ལ་དངོས་པོ་གཞན་གྱི་རྒྱུན་དང་དེ་ཉེ་བར་གྱུར་ན་རང་གི་ནས་པ་མེད་པའི་སྐབས་སུ་བྱེད་པ་སྟེ། དེ་དང་གཞན་ཡང་རང་གི་རྒྱུན་དང་ཉེ་ཡང་རང་གི་ནུས་པ་ལ་ཕན་གནོད་མེད་པ་གང་གང་ཞིག་དང་ཉེན་རང་གི་རྒྱུན་རྒྱས་པར་འགྱུར་བ་ཡོད་དོ། །དེ་རྣམས་ལས་འདིར་ནི་གནོད་པ་བྱེད་པ་དང༌། གནོད་པ་དགག་པའི་དབང་དུ་བྱས་ཏེ་གཉེན་པོ་དང༌། གཞན་པ་ཞེས་གཉིས་སུ་ཕྱེ་བ་ཡིན་ནོ། །འགལ་བ་དང༌། ཞན་པ་དང༌། ཞུམ་པར་དབྱེ་བ་ནི། དོན་དེ་ཉིད་ལས་གཞན་པ་ལའང༌། །དགག་བྱ་བག་ལས་གཞན་ཉིད་དང༌། །དགག་བྱ་ཉིད་ལས་མི་གཞན་པས། །འགལ་དང་གཞན་དང་ཞུམ་པའོ། །ཞེས་བྱ་བ་ཡིན་ཏེ། འདི་ལྟར་གཞན་པ་ཉིད་ལ་ཡང་དགག་པར་བྱ་བའི་སྒྲ་ལས་གཞན་དུ་སྟོན་པའི་དབང་གིས་གཞན་པ་ཞེས་བྱ་བ་དང༌། དགག་པར་བྱ་བ་ཉིད་ཀྱི་གཞི་ལས་གཞན་དུ་སྟོན་པར་མི་བྱེད་པའི་དབང་གིས་ཞུམ་པ་སྟེ། སྔ་མ་གཉེན་པོའི་དོན་ནི་འགལ་བར་བསྟན་ཏེ་གསུམ་དུ་ཕྱེ་བ་ཡིན་ནོ། །དེ་ལ་འགལ་བའི་ནང་དུ་མི་མཐུན་བ་དང༌། གཉེན་པོ་གཉི་ག་འདུར་རུང་སྟེ། འདི་ལྟར་ལྷན་ཅིག་གནས་པ་ན་གནོད་པ་མེད་པར་མི་གནས་པའི་ཕྱིར་རོ། །དེ་ཡང་ཡུལ་ཐག་རིང་ན་མི་འགལ་ལ་མཐུན་མཉམ་པའི་ཡུལ་ན་མི་འགལ་ཏེ། འོན་ཀྱང་འགལ་བའི་ཆོས་ཉིད་བཏང་བ་མ་ཡིན་ནོ། །འདི་ལྟར་ཁང་མིག་གི་ནང་ན་ཕྱོགས་གཅིག་ན་མར་མེ་གནས། ཕྱོགས་གཅིག་ན་མུན་པ་གནས་པ་ན་ཕྱོགས་རེ་ན་གཉི་ག་ཡང་གནས་ཤིང་གནོད་པ་བྱེད་པ་མེད་ཀྱང་མར་མེའི་རང་བཞིན་མུན་པ་སེལ་བ་བཏང་བ་ནི་མ་ཡིན་ནོ། །མུན་པ་སེལ་བ་ཡང་མུན་པའི་ནུས་པ་ཉམས་པ་ན་དེར་རང་གི་མཐུའི་སྣང་བ་བསྐྱེད་དེ། ཐམས་ཅད་དུ་མ་ཡིན་ཡང་རང་བཞིན་མ་བཏང་བ་ཉིད་ཀྱིས་ཐམས་ཅད་ནས་ཐམས་ཅད་དུ་འགལ་བ་ཞེས་བྱ་བའི་མིང་བཏགས་པ་ལ་ཉེས་པ་མེད་
དོ། །གལ་བ་ཐམས་ཅད་ཀྱང་མཚུངས་པར་ལྷན་ཅིག་སྐྱེ་བའི་འགལ་བ་དང༌། མཚན་ཉིད་གཅིག་པའི་ངོ་བོར་འགལ་བ་གཉིས་སོ། །དེ་ལ་མཚུངས་པར་ལྷན་ཅིག་སྐྱེ་བའི་འགལ་བ་ཡང་རྣམ་པ་གསུམ་སྟེ། ནུས་པ་ཉམས་པར་བྱེད་པའི་འགལ་བ་དང༌། རང་བཞིན་གྱི་སྐབས་མི་འབྱེད་པའི་འགལ་བ་དང༌། ཕན་ཚུན་གནོད་པ་བྱེད་པའི་འགལ་བའོ། །དེ་ལ་ནུས་པ་ཉམས་པར་བྱེད་པའི་འགལ་བ་ནི་དཔེར་ན་མུན་པ་ལ་སྣང་བ་ལྟ་བུ་ཡིན་ཏེ། ཇི་ལྟར་མུན་པའི་ནུ་ས་པ་ཉམས་པར་བྱེད་པའི་ལས་ཅན་ཉིད་ཀྱིས་སེལ་བར་བྱེད་དོ། །རང་བཞིན་གྱི་སྐབས་མེ་འབྱེད་པའི་འགལ་བ་ནི་སྣང་བ་ལ་མུན་པ་ལྟ་བུ་ཡིན་ཏེ། ཇི་ལྟར་རང་གི་མཐུ་མ་ཉམས་ཀྱི་བར་དུ་སྣང་བའི་གོ་སྐབས་མི་འབྱེད་དོ། །ཕན་ཚུན་གནོད་པ་བྱེད་པའི་འགལ་བ་ནི་གྲང་བ་དང་ཚ་བའི་རེག་པ་ལྟ་བུ་ཡིན་ཏེ། འདི་ལྟར་གྲང་བའི་རེག་པ་མཐུ་ཆེན་ཚ་བའི་རེག་པ་ཡོད་ཀྱང་མཚུངས་པ་གཞན་སྐྱེ་བ་ལ་གནོད་པའི་བདག་ཉིད་ཅན་དུ་བྱེད་པ་ཡིན་ལ། གལ་ཏེ་ཚ་བའི་རེག་པ་མཐུ་ཆེན་ཡང་དེ་བཞིན་ཏེ། འདི་གཉི་ག་ཡང་བྱེད་པའི་བདག་ཉིད་ཅན་དུ་གནས་བལྟ་བུའོ། །མཚན་ཉིད་གཅིག་པའི་ངོ་བོར་འགལ་བ་ལ་ཡང་རྣམ་པ་གཉིས་ཏེ། ཡོད་པ་དང་མེད་པ་དང༌། ཡིན་པ་དང་མ་ཡིན་པའོ། །དེ་ལ་སྔ་མ་ནི་དངོས་སུ་འགལ་བར་ཤེས་པ་ཡིན་ལ། གཅིག་ནི་བརྒྱུད་ནས་འགལ་བར་ཤེས་པ་ཡིན་ཏེ། ཇི་ལྟར་ཞེ་ན། དཔེར་ན་ལྷ་སྦྱིན་ཡོད་པས་ནི་མེད་པ་དངོས་སུ་སྤངས་ཏེ་གནས་པ་ཡིན་ལ། མེད་པ་ཡང་དེ་བཞིན་ནོ། །མ་ཡིན་པ་ནི་སྔར་མེད་པ་ཁོང་དུ་ཆུད་དགོས་ཏེ། དེ་ནས་གདོད་མ་ཡིན་པར་ཤེས་སོ། །དེ་རྣམས་ལས་མེད་པ་ནི་མེད་པར་དགག་པ་ཡིན་ཏེ་འདིར་མི་རྟག་གོ །མ་ཡིན་པ་ནི་སྐབས་ཡིན་ནོ། །འདིར་འགལ་བར་དགག་པ་ཞེས་བརྗོད་པ་ནི་མཚུངས་པར་ལྷན་ཅིག་སྐྱེ་བའི་འགལ་བ་ཁོ་ན་གཟུང་བར་བྱའོ། །དེ་ལ་མཚུངས་པ་ནི་སྐད་ཅིག་མ་སྔ་མ་དང་ཕྱི་མའི་རྒྱུན་འདྲ་བར་འབྱུང་བའོ། །ལྷན་ཅིག་ཅེས་བྱ་བ་ནི་རྒྱུན་གཉིས་ནས་གཅིག་ཏུ་སྐྱེ་བའི་ཆོས་ཏེ་སྐད་ཅིག་མ་གཞན་སྐྱེད་པའོ། །འགལ་བ་ནི་གཅིག་སྐྱེ་བ་ན་གཅིག་ཉམས་པ་སྟེ། འགལ་བ་དང༌། མི་མཐུན་པ་དང༌། སོ་སོར་བྱེད་པ་ནི་རྣམ་གྲངས་སོ། །མཚོན་པར་བྱ་བའམ་བྱེད་པའི་དོན་ནི་མཚན་མ་སྟེ། རང་རང་གི་ཆོས་མཚོན་པས་མཚན་མའོ། །དེ་ནི་
དེའི་ངོ་བོ་ཉིད་ཡིན་ཏེ་དེ་མཐུན་པ་ནི་གཅིག་པ་ཞེས་བྱའོ། །ཆོས་གང་དག་རང་རང་གི་མཚན་ཉིད་དུ་གནས་པ་ནི་མཚན་ཉིད་གཅིག་གི་ངོ་བོར་འགལ་ཏེ། འདི་ནི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ། །དེ་ནི་རྣམ་གྲངས་བཅོ་ལྔར་བཤད་པའི་དགག་པ་དེ་དག་གི་བྱེ་བྲག་བསྟན་པར་འདོད་དེ། དེ་ཡང་དགག་པར་བྱ་བའི་སྒོ་ནས་དབྱེ་བ་བསྟན་པའི་ཕྱིར། བསྟན་པར་བྱ་བ་གཞན་ཉིད་དང༌། །དགག་པར་བྱ་བ་འདྲ་བ་དང༌། །དེ་བཞིན་ཡོན་ཏན་ཉིད་དང་ནི། །ཀུན་དུ་རྣམ་པར་སྤྲོས་པ་དང༌། །ལས་སུ་བྱེད་པའི་བདག་ཉིད་དང༌། །རྒྱུན་གྱི་དངོས་པོ་རགས་པ་དང༌། །འདོད་པའི་རྣམ་གྲངས་དུ་མ་དང༌། དེ་བཞིན་ཡུན་གྱི་ཆུ་སྲིད་དང༌། །དངོས་ཀྱི་རང་བཞིན་ཆེ་བ་དང༌། །བསམས་པའི་དོན་ལས་ལྷག་པ་དང༌། །ཀུན་དུ་ཁྱབ་པར་གྱུར་པ་དང༌། །ལྷན་ཅིག་གནས་པར་གྱུར་པ་ལ། །གནས་པར་ནུས་པ་མ་ཡིན་དང༌། །དེ་ལ་ནུས་པ་འཕྲོག་བྱེད་དང༌། །མེད་པས་མཚོན་པའི་ཡོད་པ་ཡིས། །ཇི་ལྟར་བསྟན་པའི་དོན་བཞིན་དུ། །བསྡུ་བའི་བྱེ་བྲག་དེ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་བསྟན་པར་བྱ་བ་གཞན་ཞེས་བྱ་བ་ནི་གཞན་པར་དགག་པའི་བྱེ་བྲག་སྟེ། གང་ཞིག་བཀག་པས་གཞན་སྟོན་ཅེས་བྱ་བ་ཡིན་ནོ། །དགག་པར་བྱ་བ་འདྲ་བ་ཞེས་བྱ་བ་ནི་མི་འདྲ་བར་སྟོན་པའི་དགག་བྱ་ཡིན་ཏེ། དེ་བཀག་ནས་དེ་དང་མི་མཚུངས་པའི་ངོ་བོར་སྟོན་པ་ཞེས་བྱ་བའི་དོན་ཡིན་ནོ། །དེ་བཞིན་ཡོན་ཏན་ཉིད་ཅེས་བྱ་བ་ནི་དམན་པར་དགག་པའི་དགག་པར་བྱ་བ་ཡིན་ཏེ། དེ་བཞིན་ཞེས་བྱ་བ་ནི་དགག་པར་བྱ་བ་ཞེས་བྱ་བར་སྦྱར་རོ། །ཉིད་ཅེས་བྱ་བ་ནི་ཡོན་ཏན་གྱི་དངོས་པོའོ། །ཀུན་དུ་རྣམ་པར་སྤྲོས་པ་ཞེས་བྱ་བ་ནི་ཞུམ་པའི་དགག་བྱ་སྟེ། སྤྲོས་པའི་ངོ་བོ་ནི་རྒྱས་པ་ཡིན་ལ། དེ་དགག་གོ་ཞེས་སོ། །ལས་སུ་བྱེད་པའི་བདག་ཉིད་དང༌། །ཞེས་བྱ་བ་ནི་ཞན་པའི་དགག་བྱ་སྟེ། མཚན་ཉིད་གང་ལ་ལས་གང་ཡོད་པ་དེ་ནུས་པ་དྲག་པ་དང་ཞེན་པ་དག་ལས་དྲག་པ་བྱེད་པའི་བདག་ཉིད་དེ་དགག་པར་བྱ་བ་སྟེ་འདིར་ཡང་གཞིའི་ལས་ནི་མ་ཡིན་ནོ། །དེ་ཡང་ལས་ཞེས་བྱ་བ་ནི་དཔེར་ན་ཤིང་གཅོད་པ་ལྟ་བུ་ཡིན་ལ། དེ་ལ་སྐྱེས་བུ་ལག་ཆའི་ཚོགས་ཀྱིས་བྱེད་པས་བྱེད་པའི་ལས་དེ་ལ་ཡོད་ལ། དེ་ཡང་ཤིང་དང་འཕྲད་པ་ན་བྱེད་པས་དེ་དག་ལ་ཤིང་གཅོད་པའི་ལས་ཅན་
ཞེས་བྱའོ། །ཤིང་ཡང་གཅད་པར་བྱ་བ་ཡིན་པས་གཅད་པའི་གཞི་ལས་ཏེ། དེ་གཉི་ག་ཡང་རྟག་པའི་སྒོ་ནས་ལས་སུ་གཞག་གི་དངོས་སུ་ནི་བྱེད་པ་པོའི་ཉེ་བར་འདོད་པ་ཤིང་གཅོད་པ་ཡིན་ཏེ། དེས་བྱེད་པ་པོ་དང་བྱེད་པ་དང་གཞི་ཉིད་འདུ་བྱེད་དོ། །གང་གིས་འདུ་བྱེད་པ་དེ་ནི་ལས་ཡིན་ནོ། །དེ་དག་ལས་འདིར་ནི་བྱེད་པ་ལ་གནས་པའི་ལས་དེ་གཟུང་བར་བྱ་བ་ཡིན་ནོ། །རྒྱུན་གྱི་དངོས་པོ་རགས་བ་དང༌། །ཞེས་བྱ་བ་ནི་ཕྲ་བའི་དགག་བྱ་སྟེ། དེ་ལ་རྒྱུན་ནི་སྐད་ཅིག་མ་མང་པོ་འདུས་པའོ། །སྐད་ཅིག་མ་མང་པོ་རྒྱུན་དུ་གནས་པའི་ངོ་བོ་ཉིད་ནི་དངོས་པོ་སྟེ། དེ་ནི་འདིར་དེའི་དགག་པར་བྱ་བའོ། །འདོད་པའི་རྣམ་གྲངས་དུ་མ་ཞེས་བྱ་བ་ནི་ཉུང་བའི་དགག་པར་བྱ་བ་སྟེ། དུ་མ་ནི་མང་པོའི་ཚིག་གོ །འདོད་པ་ཞེས་སྨོས་པ་ནི་མི་འདོད་ན་གལ་ཏེ་མང་དེ་སྒྲུབ་པར་མི་བྱེད་དོ། །དེ་ནི་འདི་ལྟར་ཡིན་ཏེ། སྨྲ་བ་པོའི་བློ་ལ་ཉུང་བར་བསྒྲུབ་པར་འདོད་ན་རྣམ་གྲངས་ཇི་སྙེད་ཡོད་ཀྱང་དེ་ཉུང་བར་སྒྲུབ་ལ། དེ་ལྟ་བུ་གཅིག་ཏུ་བཟླུམས་ཏེ་དེ་དང་འདྲ་བའི་དུ་མ་འགེགས་པར་བྱེད་དེ། དེའི་ཕྱིར་འདོད་པའི་རྣམ་གྲངས་ཞེས་སྨོས་ཀྱི་རྣམ་གྲངས་ཙམ་གྱིས་ནི་མ་ཡིན་ནོ། །དེ་བཞིན་ཡུལ་གྱི་ཆུ་སྲིད་ཅེས་བྱ་བ་ནི་ཐུང་བའི་དགག་བྱ་སྟེ། དེ་ལ་ཆུ་སྲིད་ནི་དངོས་པོའི་དབྱིབས་ལ་ཡང་ཡོད་པས་ཡུན་ཞེས་སྨོས་ཏེ་འདིར་དུས་ལ་བྱའོ། ྄།དེ་བཞིན་ཞེས་བྱ་བ་ནི་འདིར་ཡང་འདོད་པའི་ཡུན་དུ་བསམས་ཏེ་དགག་གོ་ཞེས་བྱ་བ་ཡིན་ནོ། །དངོས་ཀྱི་རང་བཞིན་ཆེ་བ་ཞེས་བྱ་བ་ནི་ཆུང་བའི་དགག་པར་བྱ་བ་སྟེ། དེ་ལ་དངོས་པོ་ནི་རྫས་སུ་ཡོད་པའོ། །དེའི་ངོ་བོ་ཉིད་ནི་དེའི་རང་བཞིན་ཏེ་ངེ་དགག་པར་བྱའོ་ཞེས་བྱ་བ་ཡིན་ནོ། །བསམས་པའི་དོན་ལས་ལྷག་པ་ནི་ལྷག་མ་མེད་པའི་དགག་པར་བྱ་བ་སྟེ། འདི་ལྟར་བསམས་པའི་དོན་ཡོད་ཀྱང་དེ་ལས་གཞན་པའི་ལྷག་མ་སྟེ་དེ་དག་གོ་ཞེའོ། །ཀུན་དུ་ཁྱབ་པར་གྱུར་པ་ནི་མཐའ་དག་མ་ཡིན་པའི་དགག་པར་བྱ་སྟེ། འདི་ནི་མཐའ་དག་གི་ངོ་བོར་འདུད་བ་འགེགས་ཀྱི་མཐའ་དག་ཉིད་བཀག་ན་ནི་མེད་པའམ་གཞི་འཕོ་བར་འགྱུར་གྱི་ཆུང་བའི་ཁོངས་སུ་བསྡུར་རུང་བར་མི་འགྱུར་རོ། །དེ་ནི་མགོ་གཅིག་ཏུ་ལུང་བསྟན་པའི་སྒྲས་རྣམ་པར་ཕྱེ་བའི་དོན་ཡང་སྟོན་པ་ཡིན་པ་ལས་འདི་རྣམ་པར་ཕྱེ་བའི་དོན་དུ་འགྱུར་བར་གཟུང་བ་ཡིན་ནོ། །འདི་ནི་ཐུན་མོང་དུ་དགག་པ་ཞེས་བྱ་ལ། གཅིག་ནི་
ཐུན་མོང་བསྟན་ཏེ་དགག་པ་ཡིན་ནོ། །དེ་དག་གི་ཕྱིར་ཆོས་ཅན་གྱི་ངོ་བོ་འམ་དེའི་རིགས་སུ་བསྡུས་པས་གཅིག་ལ་ཆོས་གཅིག་བྱེ་བྲག་མེད་པ་ཁོ་ནར་ཐུན་མོང་དུ་ཁྱབ་པར་གྱུར་པ་དེ་འདིའི་དགག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འོ་ན་ཐུན་མོངས་མ་ཡིན་པར་དགག་པ་དང༌། ཐུན་མོང་མ་ཡིན་པར་སྟོན་པ་དེ་དགག་པར་ཇི་ལྟར་འགྱུར་ཞེ་ན་འདི་གཉིས་ནི་ངེས་པར་གཟུང་བའི་དགག་པ་ཡིན་པས་དགག་པ་ཀུན་གྱི་སྤྱིར་འགྲོ་སྟེ། འདི་ལྟར་ངེས་པར་འཛིན་པ་བཀག་ན་ནི་དེ་དག་གང་ཡང་རུང་སྟེ་ཐུན་མོང་གི་ཆོས་སུ་འགྱུར་ཏེ། འདི་ལྟར་དཔེར་ན་ལྷས་བྱིན་གྱི་བུ་ངན་པ་ལ་ལྷས་བྱིན་ཁོ་ན་ལ་བུ་ཡོད་པ་མ་ཡིན་ཞེས་བྱ་བའི་སྒྲ་བུ་དྲག་པ་དང་ཕྲད་པར་འདོད་ན་དེ་ངེས་པར་འཛིན་པ་བཀག་ན་གཞན་ལ་ཡང་ཡོད་པར་སྟོན་པར་འགྱུར་རོ། །རང་ལ་ཡོད་པ་ཡང་མི་འདོར་ཏེ། ཐུན་མོང་གི་ངོ་བར་སྟོན་པར་འགྱུར་རོ། །གལ་ཏེ་ངེས་པར་བཟུང་སྟེ་བཀག་ན་ནི་སྒྲ་དེ་ཉིད་ལ་ལྷ་བྱིན་ལ་ཡོད་པ་འབའ་ཞིག་བཀག་ནས་གཞན་ལ་ཡང་ཡོད་པར་སྟོན་ཏེ། འདི་ནི་ཐུན་མོང་མ་ཡིན་པར་སྟོན་པར་བྱེད་པ་ཡིན་ནོ། །དེ་ནི་ཞར་ལ་འོངས་པ་སྟེ། འོག་ནས་ཚིག་གི་ཕྲད་དགག་པའི་སྐབས་སུ་རིག་པར་བྱའོ། །ལྷན་ཅིག་གནས་པར་གྱུར་པ་ལ། །གནས་པར་ནུས་པ་མ་ཡིན་དང༌། །ཞེས་བྱ་བ་ནི་མི་མཐུན་པར་དགག་པའི་དགག་བྱེ་སྟེ། དེ་ནི་རང་བཞིན་གྱི་གོ་སྐབས་མི་འབྱེད་པའི་སྐབས་སུ་བཤད་ཟིན་ཏོ། །དེ་ལ་ནུས་པ་འཕྲོག་བྱེད་དང༌། །ཞེས་བྱ་བ་ནི་གཉེན་པོར་དགག་པའི་དགག་པར་བྱ་བ་སྟེ། དེ་ནི་ནུས་པ་ཉམས་པར་བྱེད་པའི་འགལ་བར་བཤད་ཟིན་ཏོ། །མེད་པས་མཚོན་པའི་ཡོད་པ་ནི་བྲལ་བའི་བསྟན་པར་བྱ་བ་སྟེ། དེ་ཡང་སྔར་བཤད་ཟིན་ཏོ། །ཡིས་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། དང་གི་ཟླས་དབྱེ་བ་དེ་དག་འདིར་དྲིལ་ཏེ་ཇི་ལྟར་བསྟན་པ་ཞེས་ཀུན་ལ་སྤྱར་རོ། །དོན་བཞིན་དུ། །བསྡུ་བའི་བྱེ་བྲག་དེ་བཞིན་ནོ། །ཞེས་བྱ་བ་ནི་དོན་གྱི་དབྱེ་བ་རྒྱས་པ་དེ་ལ་ཇི་ལྟར་ཕྱེ་བ་དེ་བཞིན་དུ་དེ་ལས་ཅུང་ཟད་བསྡུ་བ་རྣམས་ཀྱི་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ཡང་མིང་ཐ་དད་པ་དག་ནི་སྔར་བཤད་ནས་མིང་མཐུན་པ་རྣམས་ལྟོས་པ་ཡིན་ཏེ། འདི་ལྟར་གཞན་པ་དང༌། འདྲ་བ་དང༌། དམན་པ་དང༌། ཆུང་བ་དང༌། མི་མཐུན་པ་དང༌། གཉེན་པོ་དང༌། བྲལ་བ་དང་བདུན་དུ་
དབྱེ་བའི་དོན་གྱི་ཁྱད་པར་དང༌། གཞན་ཡང་མི་མཐུན་པ་མ་གཏོགས་པ་དྲུག་གི་དབྱེ་བ་དག་དེ་དག་ཉིད་ཀྱིས་ཤེས་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །ལྡོག་པ་བསྡུས་པ་རབ་ཏུ་བསྟན་པ་ཞེས་བྱ་བ་ལས་བསྡུས་པའི་བྱེ་བྲག་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་གཉིས་པའོ།། །།ད་ནི་དགག་པའི་ལྟོས་པ་བསྟན་པར་འདོད་ནས། དགག་པ་ཡུལ་དང་གནས་སྐབས་དང༌། དུས་ལ་ལྟོས་པར་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་ཏེ། དེ་ལ་དགག་པའི་ཡུལ་ནི་མེད་པ་དང༌། མ་ཡིན་པའི་མཚན་ཉིད་གཞི་གང་ལ་ཡོད་པ་འདིར་ཡུལ་དུ་འདོད་དེ། དཔེར་ན་བུམ་པ་དགག་པར་བྱེད་ན་བུམ་པས་དབེན་པའི་ས་གཞི་ལྟ་བུའོ། །ཡུལ་གཞན་པ་ནི་འདིར་མི་བཟུང་སྟེ། རྒྱས་པར་ཡུལ་གྱི་བྱེ་བྲག་རྒྱས་པར་བསྟན་པའི་སྐབས་སུ་རིག་པར་བྱའོ། །གནས་སྐབས་ནི་དོན་གྱི་དངོས་པོ་ཇི་ལྟར་སྟོན་པའི་ཤུགས་ཡིན་ཏེ། དེ་ཡང་དོན་གྱི་དགོས་པའི་ཤུགས་ཉིད་ཡིན་ནོ། །དུས་ནི་གསུམ་སྟེ། འདས་པ་དང༌། ད་ལྟར་བྱུང་བ་དང༌། མ་འོངས་པའོ། །དེ་དག་ལ་ལྟོས་པ་ནི་དཔེར་ན་བུམ་པ་དགག་པར་འདོད་ན་འདི་སྐད་དུ་ཕྱོགས་འདི་ན་སྔོན་ཆད་བུམ་པ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ན་ཡུལ་ཁྱད་པར་ཅན་ལ་མ་ལྟོས་ན་ཡུལ་ཐམས་ཅད་དགག་བར་ནི་མི་ནུས་སོ། །དུས་ཀུན་དུ་ཡང་མི་ནུས་ཏེ། དེའི་ཁྱད་པར་གཟུང་དགོས་ལ། གནས་སྐབས་མེད་པ་དང༌། མ་ཡིན་པ་ལ་སོགས་པ་ཇི་ལྟར་གོ་བར་བྱ་བའི་དགོས་ཆེད་ཀྱི་ཁྱད་པར་མེད་ན་བསྟན་པའི་དམིགས་མེད་པར་འགྱུར་བས་དེ་རྣམས་ལ་ལྟོས་དགོས་པ་ཉིད་དོ། །ལྟོས་པའི་ས་དེ་དག་ཀྱང་ཐམས་ཅད་ལ་འམ། འོན་ཏེ་མ་ངེས་ཤེ་ན། དེ་ནི་མ་ངེས་ཏེ། འདི་ལྟར། དེ་དག་གསུམ་མམ་གཉིས་སམ། །རེ་རེའི་དབང་ལའང་ལྟོས་པ་ཡིན། །ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ལྟོས་པ་ཞེས་བྱ་བ་ཡང་ཁྱད་པར་དུ་བྱས་ཏེ་ལྟོས་དགོས་པས་ན་ལྟོས་པ་ཞེས་གདགས་སོ། །གལ་ཏེ་ཁྱད་པར་མི་འཛིན་ཏེ་སྤྱི་ཙམ་དུ་འཛིན་ན་ནི་དེ་ལྟོས་པའི་རྣམ་གྲངས་སུ་འདིར་མི་གཟུང་ངོ༌། །དེས་ན་འདི་ལྟར་འགྱུར་ཏེ། ཁ་ཅིག་ཏུ་ཡུལ་དང་དུས་དང་གནས་སྐབས་གསུམ་ཆར་གྱི་བྱེ་བྲག་གཟུང་དགོས་བ་ཡང་ཡོད་ལ། ཁ་ཅིག་ཏུ་དེ་དག་གང་ཡང་རུང་བ་
གཉིས་གཉིས་སམ། རེ་རེའི་ཁྱད་པར་བཟུང་བས་གཞན་སྤྱིར་འགྱུར་བས་གཟུང་མི་དགོས་པ་ཡང་ཡོད་དོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ཡུལ་དང་དུས་དང་གནས་སྐབས་ཀྱི་སྤྱི་དང་ཁྱད་པར་དེ་དག་མཐུན་པར་དབྱེ་བ་ཡོད་དམ། འོན་ཏེ་བྱེ་བྲག་ཡོད་པ་བསྟན་པའི་ཕྱིར། སྤྱི་དང་ཁྱད་པར་དབྱེ་བ་ནི། ཡུལ་དང་དུས་ལ་ཡོད་པ་ཡིན། །གནས་སྐབས་ལ་ཡང་ཆ་ཡོད་དོ། །ཞེས་བྱ་བ་སྨོས་སོ། །དེ་ལ་ཡུལ་དང་དུས་ལ་ནི་མཐུན་པར་སྤྱི་དང་བྱེ་བྲག་གཟུང་དུ་ཡོད་དེ། དེས་ན་རེས་འགའ་སྨོས་དགོས་ལ་རེས་འགའ་མི་དགོས་ཏེ། གནས་སྐབས་བྱེ་བྲག་གི་ངོ་བོ་ཡིན་པས་ཐམས་ཅད་དུ་ཤེས་པར་བྱེད་དགོས་པ་ཡིན་ན་ཡང་རེ་ཞིག་ན་དགག་པ་ཙམ་དུ་འཇོག་པའི་སྤྱིའི་ཆ་ཡོད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལ་དང་པོར་ཡུལ་དང་དུས་དང་གནས་སྐབས་གསུམ་ལ་ལྟོས་དགོས་པར་བསྟན་པ་དེ་ལྟོས་པ་གསུམ་གྱིས་སྒོ་ནས་དགག་པའི་ཡུལ་དུ་གྱུར་པ་མེད་པ་རྣམ་པ་བཞི་ཞེས་བརྗོད་པ་ཡང་འགྲུབ་པར་འདོད་དེ། དེ་བསྟན་པའི་ཕྱིར། དངོས་པོ་རྣམས་ཀྱི་མཚན་ཉིད་དག །ཕན་ཚུན་གཅིག་ལ་གཅིག་མེད་པ། །ཡུལ་གྱི་ཁྱད་པར་ལ་ལྟོས་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འདི་ནི་གཅིག་ལ་གཅིག་མེད་པ་ནི་ཡུལ་གྱི་བྱེ་བྲག་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། དཔེར་ན་རྟ་ལ་བ་ལང་གིས་སྟོང་སྟེ་མེད་པ་དང༌། བ་ལང་ལ་རྟ་ཡིས་སྟོང་སྟེ་མེད་པ་ལ་དུས་ཀྱི་བྱེ་བྲག་ནི་སྨོས་མི་དགོས་ཏེ། ཡུལ་གྱི་ཁྱད་པར་གང་ཞིག་ལ་གང་ཞིག་མེད་པ་དེ་ཡུལ་ཁོ་ན་ལ་ལྟོས་པ་ཡིན་ནོ། །སྔ་ན་མེད་པ་དང༌། ཞིག་ནས་མེད་པའི་བྱེ་བྲག་གི་ལྟོས་པ་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུའི་ངོ་བོ་དག །སྔ་ན་མེད་དང་ཞིག་ནས་མེད། །དུས་ཀྱི་ཁྱད་པར་ལ་ལྟོས་པའོ། །ཞེས་སྨོས་པ་ཡིན་ནོ། །འདི་ལྟར་རྒྱུ་དག་ལ་འབྲས་བུའི་རང་བཞིན་སྔ་ན་མེད་པ་དང༌། འབྲས་བུ་དག་ལ་རྒྱུའི་རང་བཞིན་ཞིག་ནས་མེད་པ་ནི་དུས་སྔ་ཕྱིའི་བྱེ་བྲག་ལ་ལྟོས་པ་ཡིན་ཏེ། རྒྱུ་འབྲས་ཀྱི་རྒྱུ་ཙམ་གྱི་ཡུལ་ནི་བྱེ་བྲག་མི་འཛིན་ནོ། །ཤིན་ཏུ་མེད་པའི་ལྟོས་པ་བསྟན་པའི་ཕྱིར། །རི་བོང་རྭ་དང་མོ་གཤམ་བུ། །ཤིན་ཏུ་མེད་པར་གྱུར་པ་ནི། །ཡུལ་དུས་སྤྱི་ལ་ལྟོས་པའོ། །ཞེས་བྱ་བ་སྨོས་ཏེ། རི་བོང་གི་རྭ་ལ་སོགས་པ་ནི་བཏགས་པ་ཙམ་སྟེ། ཕྱོགས་ཐམས་ཅད་ན་གཏན་
མེད་པའི་ཕྱིར་ཡུལ་དང་དུས་གང་གི་ཡང་བྱེ་བར་གཟུང་མི་དགོས་ཀྱི། འོན་ཀྱང་སྤྱི་ཙམ་འཛིན་པ་ལ་ལྟོས་པ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ཡུལ་དང་དུས་གཉིས་ཀྱིས་མེད་པ་བཞིར་འགྱུར་པས། ཡུལ་དང་དུས་ཀྱི་དབང་གིས་ནི། །མེད་པ་རྣམ་པ་བཞིར་འདོད་དོ། །ཞེས་སྨོས་སོ། །ད་ནི་གནས་སྐབས་ཀྱི་དབང་དུ་བསྟན་པས་དགག་པའི་དབྱེ་བར་འགྱུར་བ་བསྟན་པ་ལ་མང་དུ་བྱེད་པ་ཡང་དགོས་པ་མ་ཡིན་ལ། ཉུང་དུ་བསྡུ་བ་ཡང་རྟོགས་པར་དཀའ་བའི་ཕྱིར། །གནས་སྐབས་དག་གི་དབྱེ་བ་ཡིས། །མེད་དང་མ་ཡིན་གཉེན་པོའི་དོན། །མི་མཐུན་ཆུད་སོགས་བྲལ་བ་དང༌། །མི་འདྲ་བ་དང་གཞན་པའོ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་གོ་བར་བྱ་བའི་གནས་སྐབས་ཀྱིས་དེ་ལྟར་ཕྱེ་བ་ཡིན་ཏེ། འདི་ལྟར་དེ་དག་ཡུལ་དང་དུས་ཀྱི་བྱེ་བྲག་ལ་མི་ལྟོས་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་ཡུལ་དང་དུས་ལ་ལྟོས་པའི་སྒོ་ནས་མིང་གི་བྱེ་བྲག་དེ་དག་དེ་ལྟར་གདགས་པར་མི་ནུས་ལ། ཡུལ་དང་དུས་མཚུངས་ཀྱང་གནས་སྐབས་ཀྱི་བྱེ་བྲག་གི་སྒོ་ནས་མིང་དེ་དག་ཐོབ་པ་ཡིན་ཏེ། དེའི་ཕྱིར་དེ་དག་གནས་སྐབས་ཀྱི་དབྱེ་བར་འགྱུར་རོ་ཞེས་བྱ་བའོ། །དེ་ལ་གནས་སྐབས་ཀྱི་བྱེ་བྲག་ཇི་ལྟར་ཡིན་པ་ནི་བསྡུས་པའི་བྱེ་བྲག་བསྟན་པའི་སྐབས་དཔྱད་ཟིན་ཏོ། །དེ་ལྟར་ཡུལ་དང་དུས་ལ་གནས་སྐབས་ཀྱི་དབང་གིས་འགྱུར་བ་དེ་དག་གང་ལ་གང་གི་མིང་ཇི་ལྟར་འགྱུར་བ་བསྟན་ནས། དེ་དག་གསུམ་གྱི་དབང་ལ་ལྟོས་པར་བསྟན་པའི་ཕྱིར་འདིར་དཔེ་དགོད་པ། འདི་ན་སྔོན་ནམ་ད་ལྟར་དག །བུམ་པ་མེད་ཅེས་བརྗོད་པ་གང༌། །མེད་པ་ཙམ་ཞིག་འདོད་པའམ། །གལ་ཏེ་ཡོད་པ་འདོད་ཀྱང་རུང༌། དེ་ནི་གསུམ་ལ་ལྟོས་པའོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་འདི་ནི་ཞེས་བྱ་བ་ནི་ས་ཕྱོགས་ཀྱི་བྱེ་བྲག་སྨྲ་བ་པོའི་ཉེ་བའམ། མངོན་དུ་བྱ་བ་འདི་ན་སྟེ། དེས་ནི་ཡུལ་གྱི་བྱེ་བྲག་ལ་ལྟོས་པར་བསྟན་ཏོ། །སྔོན་ནམ་ད་ལྟར་དག་ཅེས་བྱ་བ་ནི་དུས་ཀྱི་བྱེ་བྲག་ལ་ལྟོས་པར་སྟོན་པ་ཡིན་ཏེ། འདི་ལྟར་སྔོན་ས་ཕྱོགས་འདི་ན་བུམ་པ་མེད་ཅེས་བརྗོད་པའམ། ད་ལྟར་ཉིད་ཕྱོགས་འདི་ན་བུམ་པ་མེད་དོ་ཞེས་བརྗོད་ན་དེ་དུས་ཐམས་ཅད་དུ་ནི་འགེགས་པར་མི་བྱེད་ལ། ཡུལ་ཀུན་ན་དུ་ཡང་མི་བྱེད་དེ། འདི་ལྟར་སྨྲ་བ་པོའི་མངོན་དུ་བྱས་པ་དུས་ཀྱི་རྒྱུན་གྱིས་བར་དུ་ཆོད་ཀྱང་ཡིད་ལ་མ་བརྗེད་པ་དང༌། ད་ལྟར་
མངོན་དུ་བྱས་པ་ལ་འགེགས་པར་བྱེད་པ་ནི་དུས་ཀྱི་བྱེ་བྲག་ལ་ལྟོས་པ་ཡིན་ནོ། །ཡུལ་ཀྱང་མངོན་དུ་བྱས་པའི་ཡུལ་ཡིན་ཏེ། སྒྲིབ་པ་ཙན་གྱི་ཡུལ་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་སྒྲིབ་པ་ཅན་གྱི་ཡུལ་ཉིད་ཀྱང་མ་རྟོགས་ན་དེར་དགག་པའི་ཆོས་ལྟ་ག་ལ་འགྲུབ། དེའི་ཕྱིར་ཡུལ་སྒྲིབ་པ་ཅན་མ་ཡིན་ནོ། །སྒྲིབ་པ་ལ་རྣམ་པ་མང་ན་ཡང་འདིར་མདོར་བསྡུ་ན་འདི་དག་སྟེ། ཕྲ་དང་བར་གྱིས་བསྐལ་པ་དང༌། །བར་དུ་བཅད་དང་ཆེས་རགས་དང༌། །མཐུན་པར་ཟིལ་གྱིས་མནན་པ་དང༌། །ཆེར་མི་མཐུན་པར་གྱུར་པ་དང༌། །སྔགས་ལ་སོགས་པས་བསྒྲིབས་པ་དང༌། །ཆོས་ཀྱིས་སྣང་བར་མི་ནུས་དང༌། །དུས་ཀྱིས་ཆོད་པར་མ་གྱུར་པ། །འདི་རྣམས་དགག་སྒྲུབ་ནུས་པའི་རྒྱུ། །ཞེས་འབྱུང་བ་ཡིན་ནོ། །བུམ་པ་མེད་ཅེས་བརྗོད་པ་གང༌། །ཞེས་བྱ་བ་ནི་དགག་པ་ཉིད་དེ། དེ་ཡང་བྱ་བ་ནི་བུམ་པའོ། །བྱེད་པ་མེད་པ་ཞེས་བྱའོ། །མེད་པ་ཙམ་ཞིག་འདོད་པའམ། །གལ་ཏེ་ཡོད་པ་འདོད་ཀྱང་རུང༌། །ཞེས་བྱ་བ་ནི་གནས་སྐབས་ལ་ལྟོས་པར་བསྟན་པ་ཡིན་ཏེ། དེ་ཡང་མེད་པ་ཙམ་ཞིག་འདོད་པ་ཡིན་ན་ནི་མེད་པར་དགག་པར་འགྱུར་ལ། གལ་ཏེ་ཡོད་པ་འདོད་ན་ནི་མ་ཡིན་པར་དགག་པར་འགྱུར་ཏེ། འདོད་པའི་སྐབས་དེས་ནི་དགོས་པ་སྒྲུབ་པར་བྱེད་དོ། །དེ་བཞིན་དུ། གངས་སམ་མེ་ལ་སོགས་པ་ལ། །སྔོན་ནམ་ད་ལྟར་ཕྱིས་ཀྱང་རུང༌། །འདི་ལ་མྱུ་གུ་མི་སྐྱེ་ཞེས། །དགག་པ་ཡང་ནི་དེ་བཞིན་ནོ། །ཞེས་སྨོས་པ་ཡང་སྦྱར་བར་བྱ་སྟེ། སྔོན་ནི་དུས་འདས་པ་ལ་གསལ་བར་དྲན་པ་དང༌། ད་ལྟར་མངོན་དུ་བྱས་པ་ལ་དགག་པའི་སྒྲ་བསྒྲུབ་པར་བྱ་བ་སྟོན་པ་ཡིན་ལ། འདི་ནི་འདས་པའམ་ད་ལྟར་རམ་ཕྱིས་ཀྱང་རུང་སྟེ། ཡུལ་ཉིད་མངོན་དུ་གྱུར་ན་དུས་ནི་ཁྱད་པར་དུ་གཟུང་མི་དགོས་ཏེ། གང་གཟུང་ཡང་འདིའོ་ཞེས་སྟོན་པའི་སྦྱོར་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྨྲ་བ་པོ་གང་གིས་སྔར་གངས་སམ་མེའི་མཚན་ཉིད་ཁོང་དུ་ཆུད་ན་དེའི་ཡུལ་དེ་ཉེ་ཡང་རུང་རིང་ཡང་རུང་བསྒྲིབས་པ་དག་ན་འདུག་ཀྱང་རུང་སྟེ། དགག་པའི་ཡུལ་དུ་བྱས་ནས་དེ་ལ་དགག་པར་བྱ་བ་མྱུ་གུ་སྐྱེ་བ་འགེགས་པར་བྱེད་ན་དུས་གང་བཟུང་ཡང་ངེས་པ་མེད་ལ། འོན་ཏེ་མ་བཟུང་ན་ཡང་འོག་ནས་འབྱུང་བའི་དགག་པ་ཡུལ་ལ་ལྟོས་པ་ཉིད་དུ་འགྱུར་
རོ། །དེ་ནི་རེ་ཞིག་གསུམ་ལ་ལྟོས་པའི་ཚུལ་ཡིན་ནོ། །ད་ནི་གང་ཡང་རུང་བ་གཉིས་གཉིས་ལ་ལྟོས་པར་སྟོན་པ་ལ། རེ་ཞིག་དུས་དང་གནས་སྐབས་ཀྱི་ཁྱད་པར་འཛིན་པ་བསྟན་པའི་ཕྱིར། སོ་ག་ཤིང་འབྲས་མི་སྨིན་ཅེས། །དགག་པ་དུས་དང་གནས་སྐབས་ལའོ། །ཞེས་སྨོས་ཏེ། སོ་ག་ཞེས་བྱ་བ་ནི་དུས་ཀྱི་ཁྱད་པར་ཡིན་ཏེ། དུས་དེའི་ཚེ་ན་དགག་པར་བྱ་བ་ཤིང་གི་འབྲས་བུ་སྨོན་པར་དགག་པར་བྱེད་ན་གནས་སྐབས་མེད་པའམ་མ་ཡིན་པ་ཞིག་སྒྲུབ་པར་སྦྱར་བས་ཡུལ་གྱི་བྱེ་བྲག་སྨོས་མི་དགོས་ཏེ། འདི་ལྟར་ཤིན་ཏུ་དྲོ་བའི་ཡུལ་སེན་ཏ་ལ་སོགས་པ་ན་ཡང་མི་སྨིན་ན་གཞན་ལྟ་ཅི་སྨོས་ཏེ་དགག་མི་དགོས་སོ། །གང་གི་ཕྱིར་ཞེ་ན། གང་དུ་ཤིང་རྣམས་འདབ་མ་འཕོ་བའི་དུས་དེ་ནི་སོ་གའི་སྒྲས་བརྗོད་པ་ཡིན་ལ། དེ་ལྟ་ན་འདབ་མ་ཡང་མི་རྒྱས་ན་འབྲས་བུ་ག་ལ་སྨིན་ཏེ། ཡུལ་གྱི་བྱེ་བྲག་སྨོས་མི་དགོས་སོ། །གཞན་ཡང་ཡུལ་དང་དུས་ལ་ལྟོས་ཏེ་གནས་སྐབས་ཀྱི་བྱེ་བྲག་མི་འཛིན་པ་བསྟན་པའི་ཕྱིར། འདི་ན་ད་ལྟར་འདི་མེད་ཅེས། །དགག་པ་ཡུལ་དང་དུས་ལའོ། །ཞེས་སྨོས་ཏེ། ཡུལ་འདི་ན་དུས་ད་ལྟ་དགག་པར་བྱ་བ་འདི་མེད་དོ་ཞེས་བརྗོད་ན་དེ་མེད་པའམ་མ་ཡིན་པ་ནི་ཁོ་ན་བསྒྲུབ་པར་བློས་མ་ཕྱེ་སྟེ། སྤྱི་ཙམ་དུ་བརྗོད་ན་ཡུལ་དང་དུས་ཀྱི་བྱེ་བྲག་འཛིན་པར་འགྱུར་རོ། །ཡུལ་དང་གནས་སྐབས་ལ་ལྟོས་པ་བསྟན་པའི་ཕྱིར། རྟ་ལ་བ་ལང་མེད་ཅེས་པ། །ཡུལ་དང་སྐབས་ལ་ལྟོས་པ་ཡིན། །ཞེས་སྨོས་ཏེ། ཡུལ་རྟའི་ངོ་བོ་ཉིད་ལ་དགག་པར་བྱ་བ་བ་ལང་གི་ངོ་བོ་ཉིད་བཀག་ན་དེ་བ་ལང་མེད་པ་ཙམ་འདོད་ཀྱང་རུང༌། རྟ་ཤེས་པར་འདོད་ཀྱང་རུང་སྟེ། དུས་ཀྱི་བྱེ་བྲག་སྨོས་མི་དགོས་སོ། །གང་གི་ཕྱིར་དུས་ཐམས་ཅད་དུ་རྟ་ལ་བ་ལང་མེད་པའི་ཕྱིར་རོ། །ད་ནི་དེ་དག་རེ་རེའི་དབང་ལ་ལྟོས་པ་བསྟན་པའི་ཕྱིར། གངས་ལ་མྱུ་གུ་སྐྱེ་མེད་ཅེས། །དགག་པ་ཡུལ་ལ་ལྟོས་པའོ། །ཞེས་སྨོས་ཏེ། འདི་ལྟར་གངས་ནི་མྱུ་གུའི་ཚོགས་པ་དང་ཇི་སྲིད་པ་དེ་སྲིད་དུ་མི་ལྡན་ཏེ། དེའི་ཕྱིར་ཡུལ་ཁྱད་པར་དུ་བྱས་ཏེ། གནས་སྐབས་སྔ་མ་བཞིན་དུ་སྦྱར་ན་དུས་ཀྱི་བྱེ་བྲག་རང་བཞིན་གྱིས་གཟུང་མི་དགོས་པའི་ཕྱིར་དེ་ཡུལ་གཅིག་པུ་ལ་ལྟོས་པ་ཞེས་བྱ་བར་བརྗོད་དུ་རུང་བར་འགྱུར་རོ། །ད་ནི་དུས་ཀྱི་བྱེ་བྲག་ལ་ལྟོས་པ་བསྟན་པར་འདོད་ནས། །ལྷས་བྱིན་ཤི་ནས་མེད་ཅེས་པ། །
དགག་པ་དུས་ལ་ལྟོས་པའོ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ལྷ་སྦྱིན་ཤི་བ་ལ་བསམས་ཏེ་ལྷ་སྦྱིན་མེད་དོ་ཞེས་བསྟན་ན་དེ་ཕན་ཆད་ཡུལ་དབུས་ན་ལྷ་སྦྱིན་གྱི་ངོ་བོ་མེད་ཅིང་སྐྱེས་བུའི་བྱ་བ་མི་བྱེད་ན་ཤི་བའི་ཕྱིར་ཡུལ་གཞན་ན་ཡང་ངོ་བོ་མེད་ཅིང་བྱ་བ་མི་བྱེད་དེ། དེའི་ཕྱིར་ཡུལ་གྱི་ཁྱད་པར་ནི་གཟུང་མི་དགོས་ལ། ཤི་ནས་གདོད་མེད་པའི་ཕྱིར་དུས་ཀྱི་ཁྱད་པར་ནི་གཟུང་དགོས་པ་ཉིད་དོ། །འདིར་ཡང་གནས་སྐབས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ད་ནི་ཡུལ་དང་དུས་དང་གནས་སྐབས་གསུམ་པོ་དེ་དག་རེ་རེ་འམ། གཉིས་གཉིས་ལ་ཡང་ལྟོས་པར་བསྟན་པ་དེ་དེ་དག་ཁ་ནས་ཡིན་ཏེ། གཞན་དག་གཞི་མི་དགོས་པར་རྟོགས་པར་དགོས་ནས་དེ་དག་ཁྱད་པར་གང་གཙོ་བོ་ཁྱད་པར་དུ་བྱེད་ཅིང་གཞན་སྤྱིར་བྱེད་པ་ལ་བསམ་པའི་དོན་གྱི་དབང་བསྟན་པའི་ཕྱིར། རེ་རེའམ་གཉིས་གཉིས་ལྟོས་སྟོན་པ། །ཁྱད་པར་མི་འཛིན་དབང་དུའོ། །ཞེས་སྨོས་པ་ཡིན་ཏེ། གང་སྤྱིར་བྱེད་པ་དེ་ནི་འདིར་ཁྱད་པར་དུ་མི་འཛིན་པ་དང་འདྲ་སྟེ་གཟུང་ཞིང་སྨོས་མི་དགོས་སོ། །དེའི་ཕྱིར། རེ་རེའམ་གཉིས་གཉིས་ལ་ལྟོས་པ། །ཞེས་སྟོན་པ་ཡིན་ནོ། །དེ་ལ་གནས་སྐབས་ནི་ཁྱད་པར་ཉིད་ཡིན་ན་སྤྱི་གང་ཞིག་ཡིན་ཞེས་རྟོག་པ་བསལ་བའི་ཕྱིར། སྐབས་ནི་ཀུན་དུའང་ཁྱད་པར་ཏེ། །སྐབས་ཙམ་སྤྱི་ཡི་ཆ་ཡིན་ནོ། །ཞེས་སྨོས་ཏེ། གང་མེད་པའམ། མ་ཡིན་པར་སྟོན་པར་མི་བྱེད་པ་ནི་མེད་དོ། དེའི་ཕྱིར་ཀུན་དུ་ཡང་ཁྱད་པར་ཡིན་མོད་ཀྱི། གཉི་ག་ཡང་དགག་པར་བྱ་བ་དགག་པའི་སྐབས་ཙམ་དུ་འདྲ་བའི་ཕྱིར། འདོད་པ་བྱེ་བྲག་མ་ཕྱེད་པའི་སྤྱིའི་སྐབས་ལ་སྤྱིའི་དོན་དུ་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ལྟར་བྱེ་བྲག་འཛིན་པ་དང་མི་འཛིན་པས་དེ་དག་ལ་ལྟོས་པ་དང་མི་ལྟོས་པ་བཤད་པ་ལ། གང་དག་བསྒྲུབ་པར་བྱ་བའི་དགོས་པར་འགྲུབ་པར་འདོད་པ་ལ་རེ་རེ་འམ། གཉིས་གཉིས་ཀྱིས་འགྲུབ་བམ། །འོན་ཏེ་ཚང་བར་ཤེས་དགོས་སྙམ་དུ་རྟོག་པར་དོགས་པ་བསལ་བའི་ཕྱིར། དགོས་པ་འགྲུབ་པའི་དབང་དུ་ནི། །གསུམ་ཉིད་ལ་ནི་ལྟོས་པ་ཡིན། །ཞེས་སྨོས་ཏེ། དགོས་པ་ནི་སྨྲ་བ་པོའི་འདོང་བའི་དོན་ཡིན་ནོ། །དེ་འགྲུབ་པ་ནི་དགོས་པ་འགྲུབ་པ་ཡིན་ཏེ། གལ་ཏེ་དགོས་པ་འགྲུབ་པར་བྱ་བ་ཐ་ན་རི་བོང་གི་རྭ་དགག་པར་བྱ་ན་ཡུལ་ཐམས་ཅད་དུ་མེད་པར་
ཤེས་དོགས་ལ། གནས་སྐབས་ཀྱང་མེད་པའི་ངོ་བོར་ཤེས་པར་འདོད་པ་ཤེས་དོགས་ཏེ། ཡུལ་དང་དུས་ཁྱད་པར་དུ་བྱེད་པ་དང༌། མ་ཡིན་པར་དགག་པ་ལ་ཚང་བར་དགོས་པ་སྨོས་ཅི་དགོས་ཏེ། ཐམས་ཅད་དུ་ལྟོས་དོགས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཡུལ་དང་དུས་དང་གནས་སྐབས་གསུམ་དཔེ་དེ་དག་བྱེ་བྲག་མང་བས་གང་གི་དབང་དུ་བྱས་པ་མི་རྟོགས་པའི་ཕྱིར། ཡུལ་ནི་དགག་བྱའི་གཞི་ཡིན་ཏེ། །དུས་གསུམ་ད་ལྟའི་དབང་གིས་ཡིན། །གནས་སྐབས་གོ་བར་བྱ་བའི་དབང༌། །ཞེས་བྱ་བ་སྨོས་སོ། །དེ་ལ་དགག་པའི་ཡུལ་ཡིན་པར་འདྲ་ཡང་ཐ་སྙད་ཀྱི་ཡུལ་གྱི་སྒོ་ནས་དབྱེ་བ་མང་དུ་ཡོད་པས་འདིར་ནི་དགག་པ་ཉིད་ཀྱི་ཡུལ་གཟུང་ངོ༌། །དེ་བསྟན་པའི་ཕྱིར། དགག་བྱའི་གཞི་ཞེས་སྨོས་ཏེ། འདི་ལྟར་བུམ་པ་མེད་ཅེས་དགག་པ་ནི་དགག་པར་བྱ་བ་བུམ་པ་ཡིན་ཏེ། བུམ་པ་མེད་པ་གང་ལ་ཡོད་པ་དེ་བཞི་ཡིན་ནོ། །བྲམ་ཟེ་ལ་རྒྱལ་རིགས་དགག་ན་རྒྱལ་རིགས་མ་ཡིན་པ་ཡོད་ན་བྲམ་ཟེ་ཡིན་ནོ། །འདི་ནི་མེད་པའི་ཡུལ་ཡིན་ཏེ། མེད་པའི་ཐ་སྙད་ཀྱི་ཡུལ་ནི་མ་ཡིན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དུས་གསུམ་ད་ལྟར་གྱི་དབང་གིས་ཡིན་ཏེ། དེ་ཡང་འདི་ལྟར་འདས་པའི་དུས་ཅན་རྣམས་རྒྱུ་ཡང་སྤྱད་ཟིན་ལ་འབྲས་བུ་ཡང་སྤྱད་ཟིན་པ་ཡིན་ཏེ། དེའི་དབང་གིས་དབྱེར་ནི་མི་རུང་སྟེ། སྔར་ད་ལྟར་གྱི་ངོ་བོར་གནས་ལ་ཕྱིས་ནི་མེད་པ་ཡིན་པའི་ཕྱིར་དེས་གཞག་པར་མི་ནུས་སོ། །མ་འོངས་པས་ཀྱང་མི་ནུས་ཏེ། རྒྱུ་འབྲས་གཉིས་ཀ་མ་སྤྱད་པ་ཡིན་པས་ཕྱིས་ཙམ་ན་ནི་ད་ལྟར་གྱི་ངོ་བོར་གྱུར་པ་སྔར་ནི་མེད་དོ། །དེའི་ཕྱིར་དེས་ཀྱང་མི་ནུས་སོ། །ད་ལྟར་གྱི་དུས་ཅན་རྣམས་རྒྱུ་ནི་སྤྱད་ཟིན་ལ། འབྲས་བུ་ནི་མ་སྤྱད་དེ། ད་ལྟར་བའི་ངོ་བོར་ཡོད་ལ། དུས་དེ་ཉིད་དེ་ལྟར་དུ་བརྗོད་དུ་ཡོད་དོ། །དེས་གཞག་ན་ནི་འདས་པ་དང་མ་འོངས་བ་ཡང་གདགས་སུ་རུང་ངོ༌། །དེ་ལ་འདི་སྐད་དུ་ད་ལྟ་ལ་སྟོས་ནས་འདས་ལ་གཞག་པ་ན་འདས་པ་ལས་ཀྱང་ད་ལྟ་ལྟོས་སུ་རུང་ངོ་ཞེ་ན། འདི་ལྟ་སྟེ་ཡོད་པ་དང་མེད་པ་ཡང་དང་པོར་ཡོད་པ་ལ་ལྟོས་ནས་མེད་པ་འགྲུབ་སྟེ། མེད་པ་ཡོད་པའི་གཞི་ལ་ལྟོས་པ་ཡིན་པ་དེ་བཞིན་དུ་མེད་པ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་ཡོད་པ་མངོན་སུམ་དུ་གྱུར་པ་མངོན་དུ་བྱས་པའི་
རྗེས་སུ་དཔག་ནས་མེད་པ་འགྲུབ་པར་བྱེད་དེ། མེད་པ་དེ་ཡང་ཡོད་པའི་དངོས་པོ་དེ་མེད་ཅེས་ཡོད་པས་འཇོག་གོ །མེད་པ་ནི་ལུང་དེ་དག་ལས་བརྗོད་ཀྱི་ཤེས་པ་གང་གིས་ཀྱང་མངོན་སུམ་དུ་མ་བྱས་པ་སྟེ། མེད་པ་ཉིད་ཀྱང་མ་རྟོགས་ན་དེས་ཡོད་པ་ལྟག་ལ་གྲུབ། དེའི་ཕྱིར་ཡོད་པ་དང་མེད་པ་ཕན་ཚུན་ལྟོས་པར་བཤད་པ་ནི་ཡོད་པས་བཞག་པ་ཡིན་ནོ། །སྔར་མ་བྱུང་བ་ལས་བྱུང་བ་དག་ཀྱང་ནམ་བྱུང་བའི་དངོས་པོ་མངོན་དུ་བྱས་པ་ན་དེ་སྔར་མ་བྱུང་བ་ཞེས་གདོད་འཇོག་པར་བྱེད་དོ། །དེ་བཞིན་དུ་དུས་ཀྱང་འདས་པ་དང༌། མ་འོངས་པ་ནི་བཏགས་པ་ཙམ་སྟེ། མེད་པ་ཉིད་ཡིན་ལ་མེད་པས་གཞག་ཏུ་མི་ནུས་སོ། །ད་ལྟར་གྱི་དངོས་པོ་ནི་ཡོད་པ་ཡིན་ལ་མངོན་དུ་ཡང་བྱས་སོ། །དེས་གཞག་ན་ནི་འདས་པ་དང་མ་འོངས་པ་འགྲུབ་པོ། དེའི་ཕྱིར་དུས་གསུམ་ནི་ད་ལྟར་གྱི་དབང་གིས་གཞག་པ་ཡིན་པར་ཤེས་པར་བྱའོ། །གནས་སྐབས་ཀྱང་གོ་བར་བྱ་བའི་དོན་ཏེ། དགོས་པའི་དབང་དེ་ཉིད་ལ་འདིར་གནས་སྐབས་ཞེས་བྱ་སྟེ། སྤྱིར་ནི་དུས་ཉིད་སྐབས་ཡིན་ནོ། །འོན་ཀྱང་འདིར་དུས་ནི་དངོས་པོའི་དུས་ཡིན་ལ། གནས་སྐབས་ནི་སྨྲ་བ་པོའི་འདོད་པའི་དོན་གྱི་གནས་སྐབས་ཡིན་ནོ། །ད་ནི་དགག་པ་གོ་བར་བྱེད་པའི་སྒྲ་དང་ཤེས་པའི་ཡུལ་མེད་པ་བཞི་ཡིན་པར་བསྟན་པའི་ཕྱིར། དགག་པ་གོ་བར་བྱེད་པ་ཡི། །ཡུལ་ནི་མེད་པ་བཞི་ཡིན་ཏེ། །སྔ་ན་མེད་དང་ཞིག་ནས་མེད། །གཅིག་ལ་གཅིག་མེད་ཤིན་ཏུ་མེད། །ཅེས་སྨོས་ཏེ། དགག་པ་ཐམས་ཅད་ཀྱང་མེད་པར་སྒྲུབ་པ་ཡིན་ལ། དངོས་པོ་ཐ་དད་པའི་མེད་པ་ཐམས་ཅད་ཀྱང་བཞི་པོ་དེ་དག་ཏུ་འདུས་ཏེ། དེའི་ཕྱིར་དགག་པ་སྒྲུབ་པར་བྱེད་པའི་སྒྲ་དང་ཤེས་པ་ཐམས་ཅད་ཀྱི་དངོས་སུ་བསྒྲུབ་པར་བྱ་བ་མེད་པ་ཡིན་ན་མེད་པ་བཞི་པོ་དག་དགག་པ་གོ་བར་བྱེད་པའི་ཡུལ་ཡིན་ནོ། །དེ་ལྟར་གོ་བར་བྱེད་པའི་ཡུལ་བསྙད་ནས། གོ་བར་བྱེད་པའི་གནས་སྐབས་བསྟན་པའི་ཕྱིར། གོ་བྱེད་སྐབས་ནི་གཉིས་ཡིན་ཏེ། །ཆེ་ལོང་དང་ནི་རྒྱས་པར་རོ། །ཞེས་སྨོས་ཏེ། དེ་ལ་ཆེ་ལོང་ནི་བྱེ་བྲག་རྒྱས་པར་མ་ཕྱེ་བ་སྟེ། ཕྱོགས་ཙམ་མཐོང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །རྒྱས་པ་ནི་ཐམས་ཅད་མཐོང་
བར་བྱེད་པ་ཞེས་བྱ་བའི་དོན་ཡིན་ཏེ། དེ་དག་བསྟན་པའི་ཕྱིར། ཆེ་ལོང་གི་དབང་ལ་བརྩམས་ནས་མེད་པ་རྣམ་པ་བཞི་ལ་ཕྱེ་བ་ནི། ཞིག་ནས་མེད་དང་ཤིན་ཏུ་མེད། །མེད་པར་དགག་པ་ཞེས་འདོད་དོ། །ལྷག་མ་མ་ཡིན་དགག་པར་ནི། །ཆེ་ལོང་དབང་གིས་འདོད་པ་སྟེ། །ཡུལ་ན་མེད་དང་ཡོད་པ་ཡི། །དབང་ཙམ་དག་ཏུ་འདོད་པའོ། །ཞེས་བྱ་བ་ཡིན་ཏེ། འདི་ལྟར་བུམ་པ་ཞིག་སྟེ་མེད་པ་ཡང་ཡུལ་གང་ན་ཡང་བུམ་པའི་ངོ་བོ་མེད་དེ་མེད་པ་ཉིད་ཡིན་ལ། རི་བོང་གི་རྭ་ལ་སོགས་པ་ཡང་ཡུལ་གང་ན་ཡང་མེད་དེ། དེའི་ཕྱིར་དེ་གཉིས་ནི་མེད་པར་དགག་པར་བསྡུའོ། །ལྷག་མ་ནི་སྔ་ན་མེད་པ་དང༌། གཅིག་ལ་གཅིག་མེད་པ་ཡིན་ཏེ། སྔ་ན་མེད་པ་ཡང་ད་ལྟར་གྱི་ངོ་བོར་ཡོད་དེ། སྔ་ན་མེད་པའི་བུམ་པ་ལྟ་བུའོ། །གཅིག་ལ་གཅིག་མེད་པ་ཡང་རྟ་ནི་རྟའི་རང་བཞིན་དུ་ཡོད་ལ། བ་ལང་བ་ལང་གི་རང་བཞིན་དུ་ཡོད་དེ། འདི་གཉི་ག་ཡང་ད་ལྟར་ཡུལ་ན་ཡོད་པ་ཡིན་པས་མ་ཡིན་པ་ཞེས་བྱའོ། །འོན་ཀྱང་དེ་དག་གི་ཕྱོགས་ཙམ་ཡིན་ཏེ་མེད་པ་ཉིད་ནི་མ་ཡིན་ནོ། །སྔ་མ་གཉིས་ནི་མེད་པ་ཉིད་ཡིན་ནོ། །གལ་ཏེ་མེད་པ་ཉིད་ཡིན་ན་ཕྱོགས་ཙམ་མཐོང་བ་ཞེས་གང་གི་ཕྱིར་བྱ་ཞེ་ན། དེ་ནི་འདི་ལྟར་མེད་པ་གཞི་མེད་པ་ཉིད་དུ་མཐུན་པ་ཡང་ཡིན་ལ། རྟེན་བརྗོད་ན་ཀུན་ཀྱང་ཡིན་པ་ལས་སྒྲ་བརྗོད་པ་ན་སྔ་མ་གཉིས་ནི་མི་སྣང་བའི་དུས་ཉིད་ན་བརྗོད་ལ་གཞན་ནི་སྣང་བ་དེ་ཉིད་ལ་རྗོད་པར་བྱེད་དེ། དེའི་དུས་ན་ཡུལ་ན་སྣང་བ་དང་མི་སྣང་བའི་དབང་ཙམ་མཐོང་བར་བྱེད་པ་ནི་ཕྱོགས་ཡིན་ནོ། །རྒྱས་པར་ན་ནི་དེ་བཞི་ཆར་ཡང་མེད་པ་ཁོ་ན་ཡིན་པའི་ཕྱིར་མེད་པར་དགག་པའི་དབྱེ་བ་ཡིན་ལ། དེ་ལས་བརྒྱུད་ནས་གཞན་སྟོན་པ་ཡང་ཡིན་པས་མ་ཡིན་པར་དགག་པ་ཡང་ཡིན་ནོ། །དེ་ཡང་ཡུལ་ན་ཡོད་པ་སྟེ། རང་གི་ངོ་བོ་ནི་དེར་སྒྲུབ་པར་བྱེད་པ་ཡིན་ནོ། །རྒྱས་པར་བསྟན་པ་ཉིད་བརྗོད་པར་འདོད་ནས། མེད་པ་བཞི་ཉེད་མི་ཤེས་པ་འམ། །གལ་ཏེ་ཡོད་སོགས་འདོད་པ་ལ། །མེད་པ་ཙམ་ཞིག་སྒྲུབ་པ་ན། །མེད་པར་དགག་པ་བཞིར་འདོད་དོ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེ་ལ་འདིར་ནི་མེད་པར་དགག་པའི་བྱེ་བྲག་དབྱེ་བ་ཡིན་ཏེ། ཇི་སྐད་སྨོས་པའི་མེད་པ་བཞིའི་རང་གི་ངོ་བོ་
མི་ཤེས་པ་འམ། ཡོད་དམ་མེད་ཐེ་ཚོམ་ཟ་བ་དང༌། འདི་ལྟར་ཡོད་པར་རྟོགས་པ་ཡོད་དེ། །སྔ་ན་མེད་པ་ལ་ནི་ཁ་ཅིག་བུམ་པ་ལ་མི་རྟག་པ་ཉིད་སྔ་ནས་ཡོད་དེ། ནམ་ཐོ་བ་ལྟ་བུ་དང་ཕྲད་ནས་བསལ་བར་བྱས་པར་ཟད་དེ། དེ་བཞིན་དུ་འབྲས་བུ་ཐམས་ཅད་ཀྱང་འབྲས་བུའི་བྱ་བ་མི་བྱེད་པ་ཙམ་དུ་ཟད་དེ། རྒྱུའི་དུས་ན་འབྲས་བུའི་ངོ་བོར་ཡོད་དོ་ཞེས་པ་དང༌། ཞིག་ནས་མེད་པ་ལ་ཡང་རྒྱུན་ནི་རྒྱུའི་ངོ་བོར་དུས་ཐམས་ཅད་དུ་ཡོད་དེ། འཇིམ་པའི་གོང་བུ་ནི་བུམ་པ་ལ་ཡོད་དོ། །རྒྱུའི་རང་བཞིན་མི་འདོར་རོ། །ཞེས་བརྗོད་པ་དང༌། གཅིག་ལ་གཅིག་མེད་པ་དག་ལ་ཡང་རྟ་ལ་ཡང་བ་ལང་གི་རང་བཞིན་ཡོད་དེ། བ་ལང་གི་སྤྱི་ནི་ཡུལ་ཐམས་ཅད་ན་གནས་སོ་ཞེས་དངོས་པོ་ཐམས་ཅད་ཀྱི་ཐམས་ཅད་ལ་ཐམས་ཅད་ཀྱིས་ཁྱབ་པར་འདོད་པ་དང༌། ཤིན་ཏུ་མེད་པ་དག་ལ་ཡང་རི་བོང་གི་རྭ་ནི་རྐྱེན་མེད་པའི་ཕྱིར་སྲ་བ་དང་རྣོ་བའི་བྱ་བ་བྱེད་པར་མི་སྣང་བ་ཙམ་ལས་མ་གཏོགས་པའི་རྭའི་རང་བཞིན་མེད་པ་མ་ཡིན་ཏེ། དམིགས་སུ་ཡོད་པ་ནི་ཡོད་པ་ཉིད་ཡིན་ནོ་ཞེས་ལོག་པར་རྟོག་པ་དག་ལ་མེད་པ་ཙམ་ཞིག་གོ་བར་བྱེད་ན་མེད་པར་དགག་པའི་དབྱེ་བར་འདོད་པ་རྣམ་པ་བཞི་ཡིན་ནོ། །གལ་ཏེ་མེད་པ་བཞི་པོ་དེ་ཉིད་ཡུལ་དུ་བྱས་པ་ལས་བརྒྱུད་དེ། དོན་ཞིག་སྟོན་ན་ནི་མ་ཡིན་པར་དགག་པར་འགྱུར་བར་བསྟན་ཏེ། དེའི་ཕྱིར། གལ་ཏེ་རི་བོང་རྭ་མེད་པས། །དངོས་མེད་དེ་ཉིད་སྒྲུབ་བྱེད་ན། །མ་ཡིན་དགག་པར་འདོད་པ་སྟེ། །ཚིག་གཅིག་རྣམ་པར་སྒྲུབ་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རི་བོང་གི་རྭ་མེད་པ་ཙམ་ཞིག་སྒྲུབ་པར་བྱེད་ན་ནི་མེད་པར་དགག་པར་འགྱུར་ལ། དེས་རྭ་མེད་པའི་ཆོས་ཉིད་སྟོན་པར་བྱེད་ཅིང་སྒྲུབ་པར་བྱེད་ན་དེ་མ་ཡིན་པར་དགག་པའི་ནང་ནས་ཚིག་གཅིག་གིས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱའོ། །སྔ་ན་མེད་པ་དང༌། ཞིག་ནས་མེད་པ་མ་ཡིན་པར་བསྟན་པའོ། །དགག་པ་བསྟན་པ་ནི། རྒྱུ་ལ་འབྲས་བུ་མེད་ཅེས་དང༌། །འབྲས་བུ་ལ་ཡང་རྒྱུ་མེད་ཅེས། །རྒྱུ་འབྲས་དངོས་པོ་སྒྲུབ་བྱེད་ན། །དེ་ཡང་དེ་བཞིན་ཤེས་པར་བྱ། །ཅེས་སྨོས་པ་ཡིན་ཏེ། འདི་ལྟར་ས་བོན་སྟོན་པ་ལ་མྱུ་གུ་མེད་པ་ཞེས་བྱ་བ་དང༌། མྱུ་གུ་ལ་ས་བོན་
མེད་པ་ཞེས་བྱ་བས་སྟོན་པ་དེ་བཞིན་དུ་མ་ཡིན་པར་དགག་པའི་ཚིག་གཅིག་གིས་སྒྲུབ་པར་འགྱུར་ཞེས་བྱ་བ་ཡིན་ནོ། །གཅིག་ལ་གཅིག་མེད་པའི་ཡུལ་ལ་མ་ཡིན་པར་དགག་པར་འགྱུར་བ་སྟོན་པ་ནི། རྟ་ལ་བ་ལང་མེད་ཅེས་པ། །རྟ་ཉིད་སྒྲུབ་པར་བྱེད་པ་ནི། །མ་ཡིན་དགག་པ་ཞེས་འདོད་དོ། །ཞེས་བྱ་བ་ཡིན་ཏེ། དེ་ནི་སྔ་མ་བཞིན་དུ་ཞེས་པར་བྱའོ། །དེ་ལྟར་མེད་པ་རྣམ་པ་བཞི་ལས་མ་ཡིན་པར་དགག་པ་ཚིག་གཅིག་གིས་སྒྲུབ་པར་བྱེད་པ་བཤད་ནས། ད་ནི་དོན་གྱིས་གོ་བ་བསྟན་པའི་ཕྱིར། གང་ཞིག་བགག་པར་གྱུར་པ་ཡིས། །གཞན་དུ་འགལ་བར་འགྱུར་བ་དང༌། །གང་ཞིག་ངེས་པར་སྒྲུབ་བྱེད་པ། །དགག་པ་དོན་གྱིས་གོ་བའོ། །ཞེས་སྨོས་སོ། །འདིར་ཡང༌། མེད་པ་བཞི་ཉིད་ཡུལ་དུ་བྱས། །ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། ལྷས་བྱིན་མ་ཤི་ལ་ཁྱིམ་ན་མེད་ན་གཞན་ན་ཡོད་པར་དོན་གྱིས་གོ་བ་ལྟ་བུ་སྟེ། ལྷས་བྱིན་ཤི་བ་དང་ཁྱིམ་ན་གནས་པ་བཀག་པས་གཞན་ན་གནས་པ་མ་ཡིན་པ་གཞན་དུ་སྒྲུབ་པ་འགལ་ཏེ་མི་རུང་བའི་ཕྱིར་གཞན་ན་གནས་པར་ངེས་པར་སྒྲུབ་པ་ཡིན་ཏེ་དེ་ལྟ་བུ་དག་གོ །རང་གི་ཚིག་གིས་མི་སྟོན་པའི་སྒྲུབ་པར་བྱེད་པའི་ཚུལ་བསྟན་པ་ནི། མིང་གཞན་དགག་པས་བསྟན་པའི་དངོས། །འགལ་དང་ངེས་པ་མེད་པ་ནི། །རང་གི་ཚིག་གིས་མི་སྟོན་པའོ། །ཞེས་བྱ་བ་སྨོས་པ་ཡིན་ཏེ། མིང་གཞན་བཀག་པས་གཞན་བསྟན་པ་ནི་དངོས་ཏེ། ལྷས་བྱིན་མ་ཡིན་པ་ཞེས་ལྷས་བྱིན་གྱི་མིང་བཀག་པས་བསྟན་པའི་དངོས་མཆོད་སྦྱིན་ཏེ། དེ་ལ་ལྷས་བྱིན་བཀག་པས་མཆོད་སྦྱིན་མ་ཡིན་པ་གཞན་དུ་འགལ་བ་ཡང་མེད་ཅིང་མཆོད་སྦྱིན་དང་ངེས་པར་གཟུང་བ་ཡང་མེད་ལ། ངོ་བོ་དེ་ལྟ་བུར་སྟོན་པ་ནི་རང་གི་ཚིག་གིས་མི་སྟོན་པ་ཞེས་བྱའོ། །དེ་དག་གི་མཇུག་བསྡུ་བ་ནི། གང་ཞིག་སྒྲུབ་པ་དེ་ལྟ་བུས། །དངོས་དང་དངོས་པོ་མེད་པ་ཡི། །དེ་ཁོ་ན་ཉིད་སྒྲུབ་བྱེད་པ། །མ་ཡིན་དགག་པ་ཞེས་འདོད་དོ། །དེ་དག་ནི་སྔར་དཔྱད་ཟིན་ཏོ། །མེད་པ་དག་ནི་དེ་ལས་གཞན། །ཞེས་བྱ་བ་ནི་སྒྲུབ་པ་རྣམ་པ་བཞི་པོ་དེ་དག་གིས་སྒྲུབ་པ་དེ་ལྟར་བསྒྲུབ་པ་ལས། གཞན་དེ་དངོས་སུ་སྒྲུབ་པོ་ཞེས་
བྱ་བའི་དོན་ཏོ། །ད་ནི་མེད་པར་དགག་པ་ཡང་མེད་པ་བཞིར་བསྟན་པ་དང༌། མ་ཡིན་པར་དགག་པ་ཡང་རྣམ་གྲངས་མང་དུ་བཤད་པ་རྣམས་ཚན་ཚན་དུ་བསྡུ་བ་བསྟན་པར་འདོད་ནས། མཚན་ཉིད་དབང་གིས་དབྱེ་བ་ནི། །མ་ཡིན་དགག་པའི་དབྱེ་བ་སྟེ། །མེད་པ་དག་ནི་མཚན་ཉིད་གཅིག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་ནི་ཆོས་ཀྱི་རང་གི་ངོ་བོ་སྟོན་པའི་ཕྱིར་མ་ཡིན་པར་དགག་པའི་དབྱེ་བ་ཡིན་ལ། མེད་པར་དགག་པ་ནི་མེད་པར་སྟོན་པས་མེད་པ་ལ་རྣམ་གྲངས་ཀྱི་མཚན་ཉིད་ཐ་དད་པ་མེད་དོ། །དེའི་ཕྱིར། མཚན་བཞིའི་དབང་གིས་བཞི་ཡིན་ནོ། །ཞེས་སྨོས་ཏེ། མེད་པའི་མཚན་ཉིད་གང་ལ་ཡོད་པ་དེ་ནི་མཚན་གཞི་སྟེ། དེ་ཡིས་ཕྱེ་བས་མེད་པ་བཞིར་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །མ་ཡིན་པར་དགག་པ་ལ་མཚན་ཉིད་ཀྱི་དབང་གིས་ཕྱེ་བ་ཡོད་པར་བསྟན་པ་ལ་ཡང་ཇི་ལྟར་གོ་བར་བྱེད་པའི་མཚན་ཉིད་དང༌། གོ་བར་བྱ་བའི་མཚན་ཉིད་ཀྱེས་བཞག་སྟེ། དེ་ལས་ཇི་ལྟར་གོ་བར་བྱེད་པ་གང་དང་གང་བསྡུ་བ་བསྟན་པ་ནི། མ་ཡིན་དགག་པའི་མཚན་ཉིད་ནི། །བྱེད་པའི་དབང་གིས་བཞི་ཡིན་ཏེ། །དོན་གྱིས་གོ་བར་བྱེད་པ་དང༌། །ཚིག་གཅིག་སྒྲུབ་པར་བྱེད་པ་དང༌། །དེ་དང་ལྡན་པའི་དགག་པ་དང༌། །རང་གི་ཚིག་གིས་མི་སྟོན་པའོ། །ཞེས་སྨོས་པ་ཡིན་ཏེ། འདི་རྣམས་ནི་དོན་ཇི་ལྟར་གོ་བར་བྱེད་པའི་ཚུལ་ལམ་ཐབས་ཡིན་ཏེ། འདི་ལྟར་ཁ་ཅིག་ནི་དོན་གྱིས་གོ་བར་བྱེད། ཁ་ཅིག་ནི་ཚིག་གཅིག་གིས་གོ་བར་བྱེད། ཁ་ཅིག་ནི་དེ་གཉིས་ཀ་དང་ལྡན་པས་གོ་བར་བྱེད། ཁ་ཅིག་ནི་གཞན་དགག་པའི་སྒོ་ནས་གོ་བར་བྱེད་དེ། དེའི་ཕྱིར་དེ་དག་ནི་གོ་བར་བྱེད་པའི་དབང་དུ་གཞུག་པར་བསྡུ་བའོ། །ཇི་ལྟར་གོ་བར་བྱ་བའི་དབང་དུ་བརྗོད་པ་བསྟན་པའི་ཕྱིར། བྱ་བའི་དབང་གིས་བདུན་ཡིན་ཏེ། །མེད་པ་ཉིད་ནི་མ་གཏོགས་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བདུན་ནི་གཟུང་བ་བདེ་བའི་ཕྱིར་སྨོས་པ་སྔ་མ་བཞིན་ནོ། །བདུན་པ་འབའ་ཞིག་མ་ཡིན་གྱི་དེའི་རིགས་སུ་བསྡུ་བ་ཀུན་ཀྱང་ཡིན་པར་བསྟན་པའི་ཕྱིར། མི་མཐུན་གཉེན་པོར་བསྡུ་བ་ཡིས།
བྲུག་གམ་འགལ་དང་གཞན་པ་ཡིས། །གཉིས་སུ་བརྗོད་པར་རིག་པར་བྱ། །ཞེས་སྨོས་ཏེ། གོ་བར་བྱ་བའི་དབང་དུ་འདྲ་བ་ལས་བསྡུས་པར་རྒྱས་བར་རིག་པར་བྱའོ་ཞེས་བསྟན་པར་རིག་པར་བྱའོ། །དེ་ནི་འདི་ལྟར་ཡིན་ཏེ། ལ་ལ་ནི་གཞན་དུ་གོ་བར་བ་བ་ལ་ན་དགག་པར་བྱ་བ་དང་མི་འདྲ་བ་གོ་བར་བྱ། །ལ་ལ་ནི་རྟག་པར་བྱ་བ་དང་དམན་པར་གོ་བར་བྱ་བ། ལ་ལ་ནི་བསྟན་པར་བྱ་བ་དང་ཆུང་བར་གོ་བར་བྱ་བ། ལ་ལ་ནི་དགག་པར་བྱ་བ་དང༌། མི་མཐུན་པར་གོ་བར་བྱ་བ། ལ་ལ་ནི་དགག་པར་བྱ་བའི་གཉེན་པོར་གོ་བར་བྱ་བ་དང༌། ལ་ལ་ནི་དགག་པར་བྱ་བ་དང་བྲལ་བའི་ངོ་བོར་གོ་བར་བྱ་བ་སྟེ། བསྡུ་བ་དང་རྒྱས་པ་ཀུན་ཀྱང་རང་རང་གི་མིང་གི་སྒོ་ནས་དེ་ལྟར་གོ་བར་བྱ་བ་ཡིན་པས་གོ་བར་བྱ་བ་བསྡུ་བར་བྱའོ། །ད་ནི་དགག་པ་དེ་དག་གི་ཡུལ་དང་སྒྲ་དང་ངེས་པའི་ཚིག་བསྟན་པའི་ཕྱིར། དགག་པའི་ཡུལ་ཡང་རྣམ་གསུམ་སྟེ། །གཞི་ཡི་ཡུལ་དང་བྱ་བའི་ཡུལ། །དགོས་པའི་ཡུལ་དུ་འདོད་པ་ཡིན། །ཞེས་སྨོས་ཏེ། འདིར་ཡང་ཡུལ་ནི་དགག་པའི་སྒྲའི་ཡུལ་ཡིན་ཏེ། ཡུལ་གཞན་ནི་མ་བསྙད་དོ། །དེ་ལས་གཞིའི་ཡུལ་ནི་དགག་པར་བྱ་བའི་གཞི་ཡིན་ཏེ་སྔར་བཤད་ཟིན་ཏོ། །བྱ་བའི་ཡུལ་ཞེས་བྱ་བ་ནི་དགག་པར་བྱ་བ་ཉིད་ཡུལ་ཡིན་ཏེ། སྒྲས་དགག་པར་བྱ་བ་ཡིན་པས་སོ། །དགོས་པའི་ཡུལ་ནི་དགག་པའི་སྒྲའི་དགོས་ཆེད་ཡིན་ཏེ། དེས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར། དགག་པའི་གཞི་དང་དགག་བྱ་དང༌། །དགག་པའི་དགོས་ཆེད་གསུམ་གྱིས་སོ། །ཞེས་འབྱུང་བ་ཡིན་ནོ། །སྒྲ་སྟོན་པ་ནི། །སྒྲ་ནི་བྱེ་བྲག་མེད་པ་སྟེ། དགོས་པའི་དབང་གིས་ཤེས་པར་བྱ། །ཞེས་བྱ་བ་ཡིན་ཏེ། འདི་ལྟར་མེད་པར་དགག་པ་སྟོན་པའི་སྒྲ་ནི་འདི་ལྟར་མ་ཡིན་པར་དགག་པ་སྟོན་པའི་སྒྲ་ནི་འདི་ལྟར་ཞེས་བྱེ་བྲག་མེད་དེ། མེད་དོ་ཞེས་བྱ་བ་དང༌། མ་ཡིན་ནོ་ཞེས་བྱ་བ་དག་ཀྱང་ཐུན་མོང་གི་ཁྱད་པར་ནི་དགོས་པའི་དབང་དུ་བསྟན་པ་ཉིད་ཀྱིས་སོ་ཞེས་བྱ་བ་ཡིན་ནོ། །ངེས་ཚིག་ནི། གང་ཕྱིར་གང་ཡང་ལྡོག་བྱེད་པས། །དགག་པ་ཞེས་ནི་བརྗོད་པ་ཡིན། །ཞེས་སྨོས་ཏེ། གང་གི་ཕྱིར་དགག་པ་ཞེས་བྱ་ཞེ་ན། སྒྲ་གང་ཡང་དགག་པའི་སྒྲ་འདིས་ལྡོག་པར་བྱེད་པས་དེའི་ཕྱིར་དགག་པ་ཞེས་བྱའོ།
དེ་ཡང་གང་དང་སྒྲོགས་པ་ལྡོག་པར་བྱེད་དེ། འདི་ལྟར་མིང་དང་སྒྲོགས་ན་ནི་མིང་ཉིད་ལྡོག་པར་བྱེད་ལ། དེ་བཞིན་ཚིག་དང༌། ངག་དག་གམ་ཇི་སྲིད་དུ་ཡང་རུང་སྟེ་ལྡོག་པར་བྱེད་དོ། །གཞན་ཡང་རང་གི་རིགས་དང་གཞན་དག་ཀྱང་རུང་སྟེ། དེ་དག་ཐམས་ཅད་ལྡོག་པར་བྱེད་དོ། །དེ་ཡང་མི་ལྡོག་པར་བྱེད་པའི་དུས་ན་ངོ་བོ་ཉིད་ལྡོག་གོ །ཚིག་ལྡོག་པར་བྱེད་པའི་དུས་ན་ཁྱད་པར་ལྡོག་པ་དང༌། ཁ་ཅིག་ཏུ་ཁྱད་པར་ཅན་ལྡོག་གོ །ངག་དང༌། ཇི་སྲིད་པའི་བར་དུ་ཡང་དེ་བཞིན་ནོ། །གཞན་ལྡོག་པར་བྱེད་པའི་དུས་ན་སྔར་བརྗོད་པ་ཇི་ལྟ་བ་བཞིན་ནོ། །རང་གི་རིགས་ལྡོག་པར་བྱེད་པའི་དུས་ན་མ་བཀག་པ་ཇི་ལྟ་བ་བཞིན་ནོ། །ལྡོག་པའི་ཚུལ་ཡང་རང་དང་སྒྲོགས་པའི་མིང་གྲུབ་པར་མི་བྱེད་པ་ཙམ་བྱེད་དེ། ཚིག་ཇི་ལྟ་བུ་དང་ཕྲད་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ལྡོག་པ་བསྡུས་པ་རབ་ཏུ་བསྟན་པ་ཞེས་བྱ་བ་ལས་དགག་པའི་ལྟོས། པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ད་ནི་རབ་ཏུ་གསལ་བར་བསྟན་པ་བརྗོད་པའི་ཕྱིར། དགག་པའི་ཡུལ་དང་དགོས་པ་དང༌། །སྒྲ་དང་དུས་དང་གནས་སྐབས་དང༌། །དགག་བྱ་ལྟོས་པ་ངེས་ཚིག་གིས། །རབ་ཏུ་གསལ་བར་བརྗོད་པ་ཡིན། །ཞེས་སྨོས་སོ། །དེ་རྣམས་ཀྱིས་དགག་པའི་བྱེ་བྲག་ལེགས་པར་འགྱུར་རོ་ཞེས་པ་ཡིན་ནོ། །དེ་ཡང་མདོར་བསྡུ་བ་བསྟན་པའི་ཕྱིར། མདོར་ནི་ཡུལ་དང་ལྟོས་པ་དང༌། །སྒྲ་དང་ངེས་པའི་ཚིག་གིས་སོ། །ཞེས་སྨོས་སོ། །འདི་དག་ཏུ་འདུས་ཏེ། འདི་དག་ཤེས་པས་གོང་མ་དག་ཀྱང་ཤེས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དགག་པ་སྒྲུབ་པར་བྱེད་པའི་དུས་ཉིད་དུ་དངོས་སུ་མི་བརྗོད་དུ་རུང་བ་དུ་ཡོད་ཅེ་ན། དེ་བསྟན་པའི་ཕྱིར། དངོས་སུ་བརྗོད་པའི་དགོས་པ་ནི། དགག་པར་བྱ་དང་བྱེད་པ་དང༌། །ཡུལ་དང་དུས་ཀྱི་ཁྱད་པར་དག །གཅིག་གམ་གཉིས་སམ་ཡང་ན་ནི། །སྤྱི་ལ་ལྟོས་ན་མེད་ཀྱང་རུང༌། །གཉིས་སམ་གསུམ་མམ་བཞི་ཡིན་ནོ། །ཞེས་སྨོས་ཏེ། ཉུང་ན་ནི་དགག་པར་བྱ་བ་དང་འགེགས་པར་བྱེད་པ་གཉིས་དང་ལྡན་ན་ཡུལ་དང་དུས་སྤྱི་ལ་ལྟོས་པས་སྨོས་པ་ཡང་ཡོད་དེ། འདི་ལྟར་རི་བོང་གི་རྭ་མེད་ཅེས་བརྗོད་ན་དགག་པར་བྱ་བའི་རི་བོང་གི་རྭ་དང༌། འགེགས་
པར་བྱེད་པ་མེད་ཅེས་བྱ་བ་གཉིས་ཀྱིས་གྲུབ་པོ་ཞེས་བྱ་བའོ། །ལ་ལ་ནི་ཡུལ་གྱི་ཁྱད་པར་དང༌། གསུམ་བརྗོད་དགོས་པ་ཡོད་དེ། མནར་མེད་པའི་སེམས་ཅན་དམྱལ་བ་ལ་བདེ་བའི་སྐབས་མེད་དོ་ཞེས་བྱ་བ་ལྟ་བུའོ། །ལ་ལ་ནི་ཡུལ་གྱི་ཁྱད་པར་མི་དགོས་ལ་དུས་ཁྱད་པར་དང་གསུམ་བརྗོད་དགོས་པ་ཡོད་དེ། བསྐལ་པའི་མེ་འབར་བའི་ཚེ་མངོན་པར་འདུ་བྱེད་པའི་གནས་མེད་དོ་ཞེས་བྱ་བ་ལྟ་བུའོ། །ལ་ལ་ནི་དེ་དག་བཞི་ཆར་ཡང་བརྗོད་དགོས་པ་ཡོད་དེ། ཕྱོགས་འདི་ན་སྔོན་བུམ་པ་མེད་དོ་ཞེས་བརྗོད་པ་ལྟ་བུའོ། །སྒྲ་དངོས་སུ་མི་བརྗོད་དུ་མི་རུང་བ་ནི་སྐབས་ཀྱི་ཚུལ་དེ་ལྟར་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ལྟར་དགག་པའི་ཡུལ་བསྟན་པའི་སྐབས་སུ་དགག་པ་མེད་པའམ། མ་ཡིན་པ་གང་ལ་ཡོད་པ་དེ་བཞིའི་ཡུལ་ཡིན་ནོ་ཞེས་བསྟན་པ་ལ། འདི་སྐད་དུ་དགག་པའི་དུས་ན་ད་ལྟ་ཡིན་ན་གལ་ཏེ་ངོ་བོའི་ཚིག་མ་ཡིན་པ་ལ་སོགས་པ་བྱེད་པའི་ཚིག་དགག་པར་བྱེད་པའི་དུས་ན་ནི་དགག་པར་བྱ་བ་ཉིད་ཡིན་ཏེ། དངོས་པོ་མ་ཡིན་ན་དེའི་གཞིའི་ཡུལ་གང་ལ་གཟུང་བར་བྱ་སྙམ་དུ་དོགས་པ་བསལ་བའི་ཕྱིར། དགག་བྱ་དངོས་པོ་མ་ཡིན་པའི། །ལས་ལ་སོགས་པ་དགག་པ་དག །དགག་བྱ་བྱ་བ་ཉིད་ཡིན་ན། །བྱ་བ་གང་གི་ཡིན་པ་དེའི། །གང་ལ་ཡོད་པའི་དངོས་པོ་དེ་འདིར་བྱ་བ་དགག་པའི་གཞིའི་ཡུལ་ཡང་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལ་བྱ་བ་སྟོན་པ་ནི་ཚིག་གི་ཕྲད་ཡིན་ཏེ། དེ་ལ་རེ་ཞིག་ལས་དགག་པ་ནི་དཔེར་ན་ཤིང་མི་གཅོད་ཅེས་བྱ་བ་ལྟ་བུ་ཡིན་ཏེ། ལས་ནི་ཤིང་དང༌། སྐྱེ་བུ་དང༌། ལག་ཆའི་ཚོགས་ཀྱི་འདུ་བྱེད་པ་ཡིན་ཏེ། འདུ་བྱེད་དེ་ནི་ཤིང་དང་སྐྱེས་བུ་དང་ལག་ཆ་ལ་ཡོད་ཀྱི་གཞན་ལ་མ་ཡིན་ནོ། །དེ་ཡང་ཤིང་ལ་ཡོད་པའི་འདུ་བྱེད་ལ་ནི་བྱ་བའི་གཞི་ལ་ཡོད་པའི་ལས་ཞེས་བྱའོ། །སྐྱེས་བུ་ལ་ཡོད་པ་ལ་ནི་བྱེད་པ་པོ་ལ་ཡོད་པའི་ལས་ཞེས་བྱའོ། །ལག་ཆ་ལ་ཡོད་པ་ལ་ནི་བྱེད་པ་ལ་ཡོད་པའི་ལས་ཞེས་བྱའོ། །ལས་དེ་དག་དགག་པ་ན་ཡང་གཞིའི་ཡུལ་ནི་དེ་དག་ཉིད་ཡིན་ནོ། །དེ་བཞིན་དུ་འོག་མ་ཀུན་ལ་ཡང་སྦྱོར་བ་བྱའོ། །བྱེད་པ་དགག་པ་ནི་ལྟ་རེས་མི་གཅོད་ཅིས་བྱ་བ་ནས་གཅོད་པ་མ་ཡིན་ཞེས་བྱ་
བའི་བར་དུའོ། །གཞན་དུ་ཡང་དེ་བཞིན་ནོ། །གཞི་ནི་སྔ་མ་བཞིན་ནོ། །ཆེད་དགག་པ་ནི། བདེ་ཕྱིར་མཆོད་སྤྱིན་མི་བྱེད་པ། །འཇིག་རྟེན་དག་ན་སྨད་པའི་རྒྱུ། །ཞེས་བྱ་བ་ལྟ་བུ་ཡིན་ནོ། །འབྱུང་ཁུངས་དགག་པ་ནི། རྒྱུ་ལས་ཀུན་དུ་མ་བྱུང་བའི། །འབྲས་བུ་འདོད་པ་ལྟ་བར་དམན། །ཞེས་བྱ་བ་ལྟ་བུ་ཡིན་ནོ། །འབྲེལ་པ་དགག་པ་ནི། འདི་ལྟར་འགྲོ་བའི་སྡུག་བསྔལ་ནི། །ཡང་དག་ལྟ་བའི་འབྲས་བུ་ཡིན། །ཞེས་བྱ་བ་ལྟ་བུའོ། །རྟེན་གནས་དགག་པ་ནི། གང་ཞིག་བདག་དང་བཅས་འདོད་པ། །ཡང་དག་ལྟ་ལ་དེ་མི་གནས། །ཞེས་བྱ་བ་ལྟ་བུ་ཡིན་ནོ། །བོད་པ་དགག་པ་ནི་མེད་དེ། གང་བརྗོད་པ་དེ་ཐམས་ཅད་ལ་བོད་པས་གཞི་བྱེད་པ་མེད་པའི་ཕྱིར་རོ། །དགག་པ་ལ་བོད་པ་ནི་ཡོད་དེ། གང་བརྗོད་པ་དེ་ཐམས་ཅད་ལ་བོད་པ་འཇུག་པའི་ཕྱིར་རོ། །ངེས་པར་གཟུང་བ་དགག་པ་ནི་ལྷས་བྱིན་ཁོ་ནའི་བུ་དཀར་ཤམ་མ་ཡིན་ཞེས་བྱ་བ་དང༌། ལྷས་བྱིན་གྱི་བུ་དཀར་ཤམ་ཁོ་ན་མ་ཡིན་ཞེས་བྱ་བ་དང༌། ལྷས་བྱིན་གྱི་བུ་དཀར་ཤམ་བཟང་པོ་ཁོ་ན་མེད་ཅེས་བྱ་བ་ལྟ་བུ་ཡིན་ནོ། །དེ་དག་ལ་ཡང་ངེས་པར་བཟུང་སྟེ་དགག་པ་དང༌། ངེས་པར་འཛིན་པ་དགག་པ་གཉིས་སོ། །དེ་ལ་ངེས་པར་བཟུང་སྟེ་བཀག་ན་ནི་ལྷ་སྦྱིན་ཁོ་ནའི་བུ་དཀར་ཤམ་མ་ཡིན་ཞེས་གཞན་ལ་བུ་དཀར་ཤམ་མེད་པར་སྟོན་པ་དགག་པ་དེ་ཡང་ལྷ་སྤྱིན་ལ་བུ་དཀར་ཤམ་མེད་པར་སྟོན་ལ། གཞན་ཐམས་ཅད་ནི་ཡོད་དོ་བར་སྟོན་ཏོ། །ངེས་པར་འཛིན་པ་བཀག་ན་ལྷ་སྤྱིན་དང་གཞན་ཀུན་ལ་དཀར་ཤམ་ཐུན་མོང་དུ་ཡོད་དེ། ལྷ་སྤྱིན་གཅིག་པུ་ལ་ཡོད་པ་ཡང་མ་ཡིན་ཞེས་བྱ་བ་དང༌། གཞན་ལ་མེད་པ་ཡང་མ་ཡིན་ཞེས་དགག་པ་ཡིན་ཏེ། དེ་ནི་གཞན་ལ་མི་ལྡན་པར་ངེས་པར་བཟུང་བའི་དགག་པ་ཡིན་ནོ། །གཞན་ཡང་ལྷ་སྤྱིན་གྱི་བུ་དཀར་ཤམ་ཁོ་ན་མ་ཡིན་ཞེས་གཞན་མི་ལྡན་པ་ངེས་པར་གཟུང་བའི་འདི་དགག་པ་ན་ངེས་པར་བཟུང་སྟེ་བཀག་ན་ནི་ལྷ་སྤྱིན་གྱི་བུ་དཀར་ཤམ་མ་ཡིན་པ་གཞན་སྔོ་བ་སངས་ལ་སོགས་པ་ནི་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །གལ་ཏེ་ངེས་བར་འཛིན་པ་དགག་ན་ནི་ལྷ་སྤྱིན་གྱི་བུ་དཀར་ཤམ་དང་སྔོ་བསངས་ལ་སོགས་པ་ཐུན་མོང་ཡིན་ཏེ། དཀར་ཤམ་གཅིག་པུ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བར་འདིར་འགྱུར་རོ། །གཞན་ཡང་ལྷ་སྤྱིན་གྱི་བུ་
དཀར་ཤམ་བཟང་པོ་ཁོ་ན་མེད་ཅེས་ལྡན་པ་ཙམ་དུ་འཛིན་པ་དགག་པ་ན་ངེས་པར་བཟུང་སྟེ་བཀག་ན་ནི་ལྷ་སྦྱིན་གྱི་བུ་དཀར་ཤམ་ནི་མེད་པར་འགྱུར་རོ། །གཞན་གྱི་བུ་ནི་ཀུན་ཡོད་དོ་བ་འདིར་འགྱུར་རོ། །གལ་ཏེ་ངེས་པར་བཟུང་སྟེ་བཀག་ན་ནི་ལྷ་སྦྱིན་གྱི་བུ་དཀར་ཤམ་གཅིག་པུ་མ་ཡིན་གྱི་གཞན་གྱི་བུ་དང་ཡོད་པ་ཐུན་མོང་དུ་གནས་སོ་ཞེས་བྱ་བ་འདིར་འགྱུར་རོ། །གཞན་ཡང་ངེས་པར་འཛིན་པར་གཏོགས་པ་རྣམས་ཀྱི་དགག་པ་ཀུན་ཀྱང་ཚུལ་དེ་ལྟ་བུ་དག་ཏུ་འགེགས་པར་བྱེད་དེ། དེ་ལ་ངེས་པར་བཟུང་སྟེ་དགག་པའི་ཕྱོགས་ནི་ཚིག་ཕྲད་དགག་པ་མ་ཡིན་ཏེ། ཕྲད་ཀྱིས་ཁྱད་པར་དུ་བྱས་ཏེ་དགག་པ་ཡིན་པས་བྱ་བ་དགག་པར་མི་འགྱུར་ཏེ། དེ་བཞིན་དུ་ལས་ལ་སོགས་པ་ལ་ཡང་ངེས་པར་བཟུང་བ་དང་བཅས་ཏེ་བཀག་ན་དེ་དག་ཇི་ལྟར་དེ་ལྟར་བརྟག་གོ །དེ་ལྟར་འགྱུར་བ་དེ་དག་ཐམས་ཅད་ཀྱང་དགག་པས་སྦྱོར་བའི་ཚེ་ན་ཡིན་ཏེ། དགག་པ་ལ་སྦྱོར་བའི་ཚེ་ན་ནི་མ་ཡིན་ནོ་ད་ནི་རབ་ཏུ་གསལ་བ་བརྗོད་པའི་དགག་པའི་ཡུལ་དང་རང་གི་ངོ་བོ་ལ་སོགས་པ་རྣམ་གྲངས་དེ་དག་རེ་རེ་ནས་བཤད་པར་བྱ་བའི་ཕྱིར་རེ་ཞིག་དང་པོར་ཡུལ་ལས་བརྩམས་ནས། མེད་དང་དེ་ཡི་ཐ་སྙད་ཀྱི། །ཡུལ་ནི་བྱེ་བྲག་སོ་སོ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ལ་མེད་པའི་ཐ་སྙད་ཀྱི་ཡུལ་ཞེས་སྤྱིར་བརྗོད་ཀྱང་མེད་པ་དང་དེའི་ཐ་སྙད་ཀྱང་ཐ་དད་ལ། དེ་དག་གི་ཡུལ་ཡང་ཐ་དད་དོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། མེད་པ་ནི་གང་ན་གང་མེད་པ་དེ་ཉིད་ཡིན་ལ་དེའི་ཐ་སྙད་ནི་གསུམ་སྟེ། མེད་དོ་སྙམ་དུ་རྟོགས་པ་དང༌། མེད་དོ་ཞེས་བརྗོད་པ་དང༌། མེད་པས་ཐོགས་པ་མེད་པར་འཇུག་པའི་བདག་ཉིད་ཤེས་པ་དང༌། བརྗོད་པ་དང༌། འཇུག་པའི་ཐ་སྙད་རྣམ་པ་གསུམ་མོ། དེ་ཡང་རྣམ་པར་རྟོག་པ་ཉིད་དང༌། དེ་ལ་སྣང་བའི་རྣམ་པ་སྒྲ་ལ་སོགས་པ་བརྟག་པའི་བདག་ཉིད་དང༌། ལུས་ངག་གི་འཇུག་པ་དང་བརྗོད་པ་ཐམས་ཅད་ཡིན་ཏེ། གང་གི་ཕྱིར་ཐམས་ཅད་ཀྱང་དོན་རང་གི་ངོ་བོ་མ་ཡིན་པ་དང༌། དེ་ལ་ཡོད་པ་ཡང་མ་ཡིན་བཞིན་དུ་ནན་གྱིས་རྟོག་པ་དང༌། བརྟག་པ་ཁོ་ན་ཡིན་པའི་ཕྱིར་དེ་དག་མེད་པའི་ཐ་སྙད་ཅེས་བྱའོ། ཐམས་ཅད་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་དག་གི་ཡུལ་གྱི་བྱེ་བྲག་གང་ཞེ་ན། འདི་བསྟན་པའི་ཕྱིར། མེད་པའི་ཡུལ་ནི་གཅིག་
ཡིན་ཏེ། །གང་ལ་ཡོད་པ་དེ་ཡིན་ནོ། །ཞེས་སྨོས་ཏེ། མེད་པ་ཉིད་ཀྱི་ཡུལ་ནི་གཅིག་སྟེ་མེད་པ་གང་ལ་ཡོད་པའི་དངོས་པོ་དེ་ཁོ་ན་ཡིན་ཏེ། འདི་ལྟར་བུམ་པ་མེད་པ་གང་ལ་ཡོད་པའི་ས་གཞི་ལྟ་བུ་ཉིད་དོ། །དེའི་ཐ་སྙད་ཀྱི་ཡུལ་བསྟན་པ་ནི། ཐ་སྙད་ཡུལ་གྱི་བྱེ་བྲག་དག། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་སྙད་རྣམ་པ་གསུམ་གྱི་བྱེ་བྲག་ལས་ཞེས་བྱ་བའོ། །དེ་ལས་རེ་ཞིག་བརྗོད་པའི་ཐ་སྙད་ཀྱི་ཡུལ་སྟོན་པ་ནི། རྗོད་པའི་ཡུལ་ནི་གསུམ་ཡིན་ཏེ། །གཞི་སོགས་བསྟན་པ་ཉིད་ཡིན་ནོ། །ཞེས་སྨོས་པ་ཡིན་ཏེ། གཞི་དང༌། བྱ་བ་དང༌། དགོས་པ་རྣམས་གོང་དུ་བསྟན་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཞི་ནི་སྒྲའི་རྟེན་ཡིན་པའི་ཕྱིར་གཞིའི་ཡུལ་ལོ། བྱ་བ་ནི་སྒྲས་དགག་པར་བྱ་བ་ཡིན་པས་བྱ་བའི་ཡུལ་ལོ། །དགོས་པ་ནི་སྒྲ་བརྗོད་པའི་དགོས་པ་ཡིན་པས་དགོས་པའི་ཡུལ་ལོ། །ཤེས་པའི་ཐ་སྙད་ཀྱི་ཡུལ་གང་ཡིན་པ་བསྟན་པའི་ཕྱིར་ཤེས་པའི་ཡུལ་ནི་དྲུག་ཡིན་ཏེ། །མེད་པར་རང་གི་ངོ་བོ་དང༌། །དེ་ཡི་གཞི་དང་དགག་བྱ་དང༌། །དགོས་ཆེད་སྒྲ་དང་འཇུག་པ་ནི། །ཤེས་པའི་ཡུལ་དུ་འདོད་པ་ཡིན། །ཞེས་སྨོས་ཏེ། མེད་པ་ཉིད་ལ་སོགས་པ་དྲུག་ཅར་ཡང་ཤེས་པས་དམིགས་པར་བྱ་པའི་ཡུལ་དུ་བྱེད་པའི་ཕྱིར་ཡུལ་ཡིན་ལ། འདི་དག་ཤེས་པས་ཡུལ་དུ་བྱས་པ་མ་ཡིན་ན་ཐ་སྙད་གཞན་ཡང་འབྱུང་བར་མི་འགྱུར་རོ། །ད་ནི་འཇུག་པའི་ཐ་སྙད་ཀྱི་ཡུལ་བསྟན་པའི་ཕྱིར། འཇུག་པའི་ཡུལ་ནི་གཉིས་ཡིན་ཏེ། །དེ་ལ་འཇུག་དང་ལྡོག་པའོ། །ཞེས་སྨོས་ཏེ། དེ་ལ་དོན་དགོས་པ་ལ་འཇུག་པའི་བྱེད་པ་དང༌། ལྡོག་པའི་བྱེད་པ་ནི་འཇུག་པ་སྟེ། བུམ་པ་མེད་པའི་ཡུལ་ནི་ཐོགས་པ་མེད་པར་འགྲོ་བ་དང༌། བླང་བར་འདོད་པའི་ཚེ་ནི་ལྡོག་པའི་འཇུག་པ་བྱེད་དེ། དེའི་ཕྱིར་འཇུག་པ་དང་ལྡོག་པ་ནི་བྱེད་པའི་ཡུལ་ཡིན་ནོ། །བྱེད་པ་ཡང་གང་གི་ཞེ་ན། སྒྲ་དང་ཤེས་པ་ལུས་རྣམས་ཀྱི། །བྱེད་པ་འཇུག་པ་ཞེས་འདོད་དོ། །ཞེས་སྨོས་ཏེ་འདིར་སྒྲའི་བྱེད་པ་ནི་སྒྲའི་ལས་ཡིན་ལ། ལས་སུ་བྱ་བ་ནི་མེད་པ་ཉིད་ཡིན་ཏེ། མེད་ཅེས་བྱ་བའི་སྒྲའི་རང་གི་ངོ་བོ་ནི་བརྗོད་པའི་ཐ་སྙད་ཡིན་ལ། མེད་པ་ཉིད་སྟོན་པའི་བྱེད་པའི་ལས་ནི་ངག་གི་འཇུག་པའི་ཐ་སྙད་ཅེས་བྱའོ། །ཤེས་པ་ཡང་འདི་ལྟར་མེད་དོ་སྙམ་
དུ་རྟོག་པ་ནི་ཤེས་པའི་ཐ་སྙད་ཡིན་ལ། རྣམ་རྟོག་གི་བྱེད་པ་ནི་བྱེད་པའི་ལས་ཡིན་ཏེ། རྣམ་རྟོག་གི་འཇུག་པའི་ཐ་སྙད་ཅེས་བྱའོ། །ལུས་ཀྱི་འཇུག་པ་ལ་ནི་དབྱེ་བ་མེད་དོ། །གནས་སྐབས་ཁ་ཅིག་ཏུ་ནི་རྣམ་པར་རྟོག་པའི་བྱེད་པ་ནི་དཔྱོད་པ་ཡིན་ཞིང༌། སྒྲའི་བྱེད་པ་ནི་ཚིག་གི་སྦྱོར་བ་ཡིན་ལ། ལུས་ཀྱི་བྱེད་པ་ནི་འཇུག་པ་ཡིན་ཏེ། དེའི་ཕྱིར་སྒྲ་དང་ཤེས་པ་བྱེད་བ་དང་བཅས་པ་ནི་རྗོད་པ་དང་ཤེས་པའི་ཐ་སྙད་ཡིན་ལ། ལུས་ཀྱི་འཇུག་པ་ནི་འཇུག་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བར་སྒྲུབ་སྟེ། དེའི་ཕྱིར། ཁ་ཅིག་ཏུ་ནི་ལུས་ལའང་འཇུག །དེ་ཡང་ཤེས་པ་དང་བཅས་པའོ། །ཞེས་སྨོས་པ་ཡིན་ནོ། །དེ་ལ་ཤེས་པ་དང་བཅས་པ་ཞེས་བྱ་བ་ནི་འདི་ལྟར་སེམས་གང་གཡོས་ན་དེའི་མཐུས་ལུས་གཞན་དུ་གཡོ་བའི་ནུས་པ་འབྱུང་སྟེ། ལུས་གང་གཡོ་བ་དེ་ནི་ཤེས་པ་དང་བཅས་པ་བཞིན་དུའོ། །བཅས་པ་དེས་དོན་གང་བསྒྲུབ་པར་བྱ་ལ་ཐོགས་མེད་པར་འགྲོ་བ་དང་ལྡོག་པའི་མཚན་ཉིད་ནི་བྱེད་པ་འདིའི་བྱ་བ་ཡིན་པའི་ཕྱིར་ཡུལ་ཡིན་ནོ། །གལ་ཏེ་འདི་སྐད་དུ་འགྲོ་བར་བྱེད་པ་ཡང་ལུས་ཉིད་ཡིན་ལ་འགྲོ་བར་བྱ་བ་ཡང་ལུས་ཉིད་ཡིན་ན་དེ་ལྟ་ན་ནི་སྟ་རེ་ཇི་ལྟར་རྣོ་ཡང་རང་གཅོད་པར་མི་རིགས་ལ་གལ་ཏེ་གཅོད་ན་ཡང་བྱ་བར་འགྱུར་གྱི་བྱེད་པར་མི་འགྱུར་ཏེ། རང་ལ་རང་བྱེད་པ་འགལ་ལོ་ཞེ་ན་འདི་ནི་འགལ་བ་མེད་དེ། ཇི་ལྟར་སྲ་བ་ཉིད་ནི་མཚོན་པར་བྱེད་པ་རང་ཉིད་ཡིན་ལ་བྱ་བ་ཡང་རང་ཉིད་དེ། འདི་ལ་དོན་གཞན་བྱེད་པ་ནི་མེད་དོ། །དེ་བཞིན་དུ་ལྷ་སྤྱིན་གྲོང་དུ་འགྲོ་བར་བྱ་བ་དང་བྱེད་པ་གཉི་ག་ལྷ་སྤྱིན་ཉིད་ཡིན་ནོ་ཞེས་བྱ་བ་དང༌། དགེ་སློང་དག་སེམས་བསྲུང་བར་བྱ་བ་དང་བྱེད་པ་ཡང་སེམས་ཉིད་ཡིན་ཞེས་གསུངས་པ་དང༌། སྣང་བ་དག་རང་གིས་རང་སྣང་བར་བྱེད་པ་དང༌། དེ་བཞིན་དུ་རང་ལ་རང་བྱེད་པ་ཡང་ཐམས་ཅད་དུ་མི་འཐད་པ་ནི་མ་ཡིན་ནོ། །སྟ་རེ་དང་ཤིང་ལྟ་བུ་དངོས་པོ་ཐ་དད་པའི་བྱ་བ་དང་བྱེད་པར་སྦྱོར་བ་གཅོད་པའི་བྱ་བ་དང་བྱེད་པར་འགྱུར་བ་ནི་གཅིག་ཏུ་མི་རུང་ངོ༌། །གཡོ་བའི་བྱ་བ་ལ་ནི་སྟ་རེ་ཡང་གཡོ་བའི་ལས་སྟ་རེ་ཉིད་ལ་ཡོད་པའི་ཕྱིར་རོ། །བྱ་བ་དང་བྱེད་པ་གཉི་ག་ཡང་སྟ་རེ་དེ་ཉིད་ལས་གུད་ན་མེད་དོ། །དེ་བཞིན་དུ་ལས་ཀྱི་འཇུག་པ་འདི་ཡང་འཇུག་པར་བྱ་བ་དང་བྱེད་པ་གཉི་ག་ལུས་ཉིད་ཡིན་མོད་ཀྱི། འོན་ཀྱང་ཐོགས་པ་མེད་པར་འགྲོ་བ་དང་ལྡོག་པའི་མཚན་ཉིད་སྐྱེས་བུའི་འདོད་པ་
ཡིན་པའི་སྒོ་ནས་ནི་བྱ་བར་བཞག་ལ། ཡན་ལག་གི་གཡོ་བ་དེ་ཉིད་འདོད་པ་བསྒྲུབ་པ་ཡིན་པའི་སྒོ་ནས་དབྱེ་བར་གཞག་པ་ཡང་ཡིན་ནོ། །དེ་བཞིན་དུ་རང་ལ་བྱེད་པ་ཐམས་ཅད་ཀྱང་ཚུལ་འགའི་སྒོ་ནས་ནི་བྱེད་པ་ཡིན་ལ། ཚུལ་འགའི་སྒོ་ནས་ནི་བྱ་བར་གཞག་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དགག་པའི་ཡུལ་བཤད་ནས། ད་ནི་དགག་པ་རང་གི་ངོ་བོ་བསྟན་པའི་ཕྱིར། རང་གི་ངོ་བོའི་དབྱེ་བ་ནི། རང་བཞིན་ཇི་ལྟར་མེད་པ་དང༌། །ཇི་ལྟར་གོ་བར་བྱེད་པ་དང༌། །ཇི་ལྟར་གོ་བར་བྱ་བ་ཡིས། །དགག་པའི་དབྱེ་བ་བསྟན་པ་ཡིན། །ཞེས་སྨོས་ཏེ། དགག་པ་རང་གི་ངོ་བོའི་དབྱེ་བ་ནི་མེད་པའི་རང་བཞིན་ཇི་ལྟར་མེད་པའི་ཚུལ་དང༌། ཚུལ་ཇི་ལྟར་གོ་བར་བྱེད་པ་དང༌། ཚུལ་ཇི་ལྟར་གོ་བར་བྱ་བ་ཡིས་ཕྱེ་བ་ཤེས་པར་བྱ་སྟེ། དེ་ཡང་ཇི་ལྟར་ཡིན་ཞེ་ན། འདི་ལྟར་ཚུལ་འདི་དག་གིས་གཞག་པ་སྟེ་གང་ཞེ་ན། རང་བཞིན་ཇི་ལྟར་མེད་པ་ནི། །མེད་པ་རྣམ་པ་བཞི་ཡིན་ཏེ། །ངོ་བོ་ཉིད་ཀྱིས་གཞག་པ་ཡིན། །ཞེས་སྨོས་ཏེ། དེ་ལ་ཚུལ་ནི་འདི་ཡིན་ཏེ། མེད་པ་ཚུལ་གཅིག་ཀྱང་མེད་པའི་ལུགས་ཐ་དད་དེ། མེད་པ་ལ་ལ་ནི་སྔ་ན་མེད། དེ་བཞིན་དུ་ལ་ལ་ནི་ཞིག་ནས། ལ་ལ་ནི་དངོས་པོ་ཕན་ཚུན་གཅིག་ལ་གཅིག །ལ་ལ་ནི་གཏན་དུ་སྟེ་ལུགས་ཀྱི་ཚུལ་ཐ་དད་དོ། །དེ་དག་ནི་རང་གི་ངོ་བོས་གཞག་པ་ཞེས་བྱ་བ་སྟེ་བྱའམ་བྱེད་པ་གང་ལ་ཡང་ལྟོས་པ་མེད་ཀྱི། མེད་པ་རང་གི་ངོ་བོ་ཉིད་དེ་ལྟ་ཡིན་ཏེ། དེའི་ཕྱིར་དེ་དག་ལ་དེ་སྐད་ཅེས་བྱའོ། །ཚུལ་ཇི་ལྟར་གོ་བར་བྱེད་པའི་དབྱེ་བ་དང་ཚུལ་ནི། ཇི་ལྟར་གོ་བར་བྱེད་པ་ནི། །དོན་གྱིས་གོ་བ་ལ་སོགས་པའི། །དགག་པ་རྣམ་པ་ལྔ་ཡིན་ཏེ། །སྒྲ་དང་སྐབས་ཀྱིས་གཞག་པ་ཡིན། །ཞེས་བྱ་བ་ཡིན་ཏེ། དོན་ཇི་ལྟར་སྟོན་པ་བྱེད་པའི་སྐབས་ཀྱི་སྒྲས་བྱེད་པའི་ལུགས་འདི་དག་ཡིན་ཏེ། ལ་ལ་ནི་དགག་པའི་དོན་སྟོབས་ཀྱིས། ལ་ལ་ནི་དགག་པའི་ཚིག་གིས། ལ་ལ་ནི་དེ་གཉི་ག་དང་ལྡན་པས། ལ་ལ་ནི་གཞན་གྱི་ཚིག་གིས། ལ་ལ་ནི་སྒྲ་དངོས་སུ་བྱེད་པས་སྒྲུབ་པར་བྱེད་དེ། དེའི་ཕྱིར་དེ་དག་ནི་སྒྲ་དང༌། སྐབས་ཀྱིས་གཞག་པ་སྟེ། ཇི་ལྟར་གོ་བར་བྱེད་པ་ཡིན་ནོ། །གོ་བར་བྱེད་པའི་དབང་གིས་འདི་སྐད་དུ། ཇི་ལྟར་གོ་བར་བྱ་བ་ནི། །མེད་དང་མ་ཡིན་དབྱེ་བ་ཡི། །དགག་པ་བརྒྱད་སོགས་དབྱེ་བ་སྟེ། །
གོ་བར་བྱ་བའི་དངོས་པོས་གཞག །ཅེས་སྨོས་ཏེ།སོགས་ཞེས་བྱ་བའི་བསྡུ་བ་ནི་དེ་ལས་རྒྱས་པ་དང་བསྡུས་པ་དག་གི་རྣམ་གྲངས་དག་སྟེ།ཁ་ཅིག་མེད་པར་གོ་བར་བྱ་བ།ཁ་གཅིག་གཞན་པར་ཞེས་བྱ་བ་ནས། བྲལ་བར་གོ་བར་བྱ་བའི་བར་དུ་སྔར་བརྗོད་པ་ལྟ་བུ་སྟེ།དེ་དག་ཀུན་ཀྱང་ཇི་ལྟར་གོ་བར་བྱ་བ་ཤ་སྟག་ཡིན་པའི་ཕྱིར་རོ་ཞེས་བྱ་བར་འགྱུར་རོ། །འོ་ན་ནི་མེད་པ་རྣམ་པ་བཞི་ཡང་མེད་པ་རང་གི་ངོ་བོར་བཤད་ལ། ཇི་ལྟར་གོ་བར་བྱ་བ་ཡང་གོ་བར་བྱ་བའི་ངོ་བོས་གཞག་པ་ཡིན་ནོ། །དེ་ལྟ་ན་ནི་གོ་བར་བྱ་བའི་ངོ་བོ་དེ་ཡང་རང་གི་ངོ་བོ་ཡིན་ཏེ། བྱེ་བྲག་མེད་པར་འགྱུར་རོ་ཞེ་ན་དེ་བསྟན་པའི་ཕྱིར། ངོ་བོ་གཉིས་ཀྱི་བྱེ་བྲག་ནི། །མེད་པའི་དངོས་པོ་མེད་པ་སྟེ། །ཡུལ་དང་དུས་ལ་བརྟེན་པ་ཡི། །བྱེ་བྲག་གིས་ནི་གཞི་ཞེས་བྱ། །ཞེས་སྨོས་ཏེ། ངོ་བོ་འདི་ནི་མེད་པའི་ངོ་བོ་ཁོ་ན་ཡིན་ལ། དེའི་དབྱེ་བ་ཡང་ཡུལ་དང་དུས་ཀྱི་མཚན་གཞི་བརྟེན་པས་གཞི་ཡིན་ནོ། །གཞན་ནི་འདི་ཡིན་ཏེ། གོ་བར་བྱ་བའི་དངོས་པོ་ནི། །མེད་དམ་གལ་ཏེ་ཡོད་ཀྱང་རུང༌། །སྐྱེས་བུའི་འདོད་པའི་དབང་བྱས་པའི། །དངོས་པོ་ཉིད་ཀྱི་སྟོབས་ཡིན་ནོ། །ཞེས་པ་སྟེ། འདི་ནི་མེད་ཀྱང་རུང་ཡོད་ཀྱང་རུང་སྟེ། སྨྲ་བ་པོའི་གོ་བར་འདོད་པས་ཡུལ་དུ་བྱས་པའི་དངོས་པོ་ལ་ཇི་ལྟ་བའི་སྟོབས་ཡོད་པར་འདོད་པ་ཡིན་ཏེ། དེ་ལྟ་ན་སྔ་མ་ནི་མེད་པ་ཉིད་ཡིན་ཞིང་བྱེ་བྲག་ཀྱང་དངོས་པོའི་ཡུལ་དང་དུས་ལ་བརྟེན་པ་ཡིན་ལ། འདི་ནི་དངོས་པོ་ཡང་ཐམས་ཅད་ཡིན་ལ་སྐྱེས་བུའི་འདོད་པ་ལ་ཡང་བརྟེན་པ་ཡིན་ཏེ། དེའི་ཕྱིར་བྱེ་བྲག་མེད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་མེད་པ་རྣམ་པ་བཞི་པོ་དགག་པའི་ཡུལ་དུ་ཡང་ཅི་ལ་འགྱུར། དེའི་བྱེ་བྲག་ཡུལ་དུ་བྱས་པ་ལ་གོ་བར་བྱ་བ་ཚོལ་བར་ཡང་ཅི་ལ་འགྱུར་ཏེ། འདི་གཉིས་ལ་ནི་བྱེ་བྲག་ཡོད་པ་ཉིད་དོ། །ད་ནི་དགག་པའི་དགོས་པ་བསྟན་པའི་ཕྱིར། དགོས་པ་དགག་བྱ་བཟློག་པ་སྟེ། །བྱེད་དང་བྱེད་པོའི་འདོད་པའོ། །ཕྱོགས་འགའ་དགག་པའམ་གཞན་སོགས་པས། །འདོད་པ་བརྒྱུད་པ་ཡིན་ཡང་ངོ༌། །ཞེས་བྱ་བ་སྨོས་ཏེ། དགག་པར་བྱ་བ་བཟློག་པས་བྱེད་པ་པོའི་འདོད་པ་ཇི་ལྟར་སྒྲུབ་པར་བྱེད་པའི་དོན་ནི་བྱེད་པ་དང་བྱེད་པ་པོའི་འདོད་པ་ཡིན་ནོ། །ཕྱོགས་དགག་པ་ནི་ཐམས་ཅད་དགག་པས་དོན་མི་འགྱུར་བར་བྱེད་པའི་མེད་པའི་སྒྲ་ཡིན་ཏེ། དེ་དང་གཞན་དགག་པ་ལྟ་བུས་བསྒྲུབ་པར་འདོད་པའི་དོན་བརྒྱུད་པས་སྟོན་ཀྱང་རུང་སྟེ། དེ་དག་ནི་དགག་པའི་དགོས་པ་ཡིན་ནོ། །དགག་པའི་སྒྲ་སྟོན་པ་ནི། སྒྲ་ནི་བྱེད་པའི་བདག་ཉིད་དེ། །ཞེས་སྨོས་ཏེ། བྱེད་པ་ནི་འགེགས་པར་
བྱེད་པའི་བདག་ཉིད་དོ། །དུས་སྟོན་པ་ནི། དུས་ནི་རྒྱུན་ཅེས་བྱ་བའོ། །ཞེས་བྱ་བ་ཡིན་ཏེ། དུས་ནི་སྐད་ཅིག་མང་དུ་འདུས་པའི་བདག་ཉིད་རྒྱུན་གྱི་དབང་ཙམ་ལ་བྱ་སྟེ། རང་གི་ངོ་བོ་ནི་གཞན་འདོད་པ་ལྟར་རྫས་སུ་མེད་རོ། །གནས་སྐབས་ནི་དགོས་པ་ཇི་ལྟར་སྒྲུབ་པའི་འདུས་ལ་བྱ་སྟེ་དེའི་ཕྱིར། དགོས་པའི་དུས་ལ་སྐབས་ཤེས་བྱ། །ཞེས་འབྱུང་བ་ཡིན་ནོ། །དགག་པར་བྱ་བ་ནི། བཟློག་པར་བྱ་བ་དགག་བྱའོ། །ཞེས་འབྱུང་བས་སྒྲ་གང་གིས་གང་བཟློག་པར་བྱ་བ་དེ་ནི་དགག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དགག་པའི་ལྟོས་པ་ཞེས་བྱ་བ་གང་ལ་བྱ་བ་གང་ལ་བྱ་ཞེ་ན། གང་གི་དཔང་གིས་གཞག་པ་ནི། །དགག་པའི་ལྟོས་པ་ཞེས་བྱའོ། །ཞེས་སྨོས་ཏེ་ཡུལ་ལ་སོགས་པ་གང་གི་དབང་གིས་དགག་པ་གྲུབ་པར་བྱེད་པ་དེ་དེའི་ལྟོས་པ་ཞེས་བྱ་བར་འགྱུར་ཏེ་དཔེར་ན་རྒྱལ་པོ་ལ་བརྟེན་པའི་མི་བཞིན་ནོ། །དགག་པའི་ངེས་ཚིག་ནི་ལྡོག་པ་ཉིད་ཡིན་ནོ་ཞེས་པ་སྟེ། གོང་དུ་བཤད་ཟིན་ཏོ། །ད་ནི་རབ་ཏུ་གསལ་བར་བརྗོད་པ་བསྟན་པ་ལ་དགག་པ་རང་གི་ངོ་བོ་བསྟན་པའི་སྐབས་སུ་མེད་པ་རྣམ་པ་བཞི་བསྟན་པ་ལ། དེའི་དབྱེ་བ་མ་བསྟན་པས་དེ་བསྟན་པར་འདོད་ནས་དང་པོ་སྔན་མེད་པ་ལ་བརྩམས་ནས་འདི་ལྟར། སྔ་ན་མེད་པའི་བྱེ་བྲག་ནི། །རྒྱུན་འདྲ་བ་དང་རང་བཞིན་དང༌། །སྐབས་དང་རྟེན་ལ་མེད་པའོ། །ཞེས་སྨོས་ཏེ། འདི་ལྟར་རྒྱུན་འདྲ་བ་སྔ་ན་མེད་པ་དང༌། རང་བཞིན་སྔ་ན་མེད་བ་དང༌། གནས་སྐབས་སྔ་ན་མེད་པ་དང༌། རྟེན་ལ་སྔ་ན་མེད་པ་སྟེ་འདི་རྣམས་སྔ་ན་མེད་པའི་བྱེ་བྲག་རྣམ་པ་བཞིའོ། །ཞིག་ནས་མེད་པའི་བྱེ་བྲག་ནི་འདི་སྐད་དུ། རྒྱུན་ཞིག་པ་དང་རང་བཞིན་དང༌། །སྐབས་དང་རྟེན་ལས་བྲལ་པ་ཡིས། །ཞིག་ནས་མེད་པ་བཞི་ཡིན་ནོ། །ཞེས་སྨོས་པ་ཡིན་ཏེ། འདི་ལྟར་རྒྱུན་ཞིག་ནས་མེད་པ་དང༌། རང་བཞིན་ཞིག་ནས་མེད་པ་དང༌། གནས་སྐབས་ཞིག་ནས་མེད་པ་དང༌། རྟེན་ལས་བྲལ་ཏེ་མེད་པ་སྟེ། ཞིག་ནས་མེད་པ་རྣམ་པ་བཞི་ཡིན་ནོ། །གཅིག་ལ་གཅིག་མེད་པ་ནི་མཚན་ཉིད་གཅིག་ལ་གཅིག་མེད་པ་དང༌། ཁྱད་པར་གཅིག་ལ་གཅིག་མེད་པ་དང༌། རང་བཞིན་གཅིག་ལ་གཅིག་མེད་པའི་དབྱེ་བ་ཡོད་མོད་ཀྱི་རང་བཞིན་གཅིག་ལ་གཅིག་མེད་པར་འདུ་སྟེ། གང་གི་ཕྱིར་མཚན་ཉིད་དང་ཁྱད་པར་ནི་མཚན་གཞི་དང་ཁྱད་པར་ཅན་མེད་པར་མི་གནས་ལ། མཚན་གཞི་དང་ཁྱད་པར་ཅན་ནི་རང་བཞིན་ཡིན་ཏེ། དེ་བས་ན་གཞི་ཐ་དད་པ་ན་མཚན་ཉིད་ཐ་མི་དད་ཀྱང་དེ་དག་འདྲ་བ་ཞེས་བྱ་བར་འགྱུར་རོ། །དེ་ལ་རང་བཞིན་གཅིག་ལ་གཅིག་མེད་པ་ནི་ཤིན་ཏུ་མཚུངས་པའི་གསེར་གྱི་གདུབ་རྒྱན་ལྟ་
བུའོ། །མཚན་ཉིད་གཅིག་ལ་གཅིག་མེད་པ་ནི་སྲ་བ་དང༌། གཤེར་བ་དང༌། ཚ་བ་དང༌། གྲང་བ་ལྟ་བུའོ། །ཁྱད་པར་གཅིག་ལ་གཅིག་མེད་པ་ནི་རིང་པོ་དང་ཐུང་དུ་ལྟ་བུའོ། །གང་རང་ལས་ལོག་པ་དེ་ནི་གཞན་ཡིན་ལ། གཞན་པ་དང་བདག་ཏུ་ནི་གཅིག་ལ་གཅིག་གིས་སྟོང་སྟེ་རང་ཉིད་ལས་གཞན་པ་དེ་ཡང་གང་བཞིན་དང༌། མཚན་ཉིད་དང༌། ཁྱད་པར་གསུམ་ཡིན་ཏེ། དེ་ལྟར་ཡང༌། དེ་ལ་གཞན་ནི་རྣམ་གསུམ་སྟེ། །ངོ་བོ་ཁྱད་པར་མཚན་ཉིད་དག །རང་ལས་ལོག་པ་གཞན་དུ་འདོད། །ཅེས་འབྱུང་བ་ལྟ་བུ་ཡིན་ནོ། །དེ་ལ་ཤིན་ཏུ་མཚུངས་པའི་གསེར་གྱི་གདུབ་རྒྱན་ལ་ནི་རིགས་ཀྱི་མཚན་ཉིད་དང༌། སྲ་བ་དང༌། མཉན་པ་དང༌། སར་བདག་དབྱིབས་དང། བོང་ཚོད་དག་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ཅིང་མཚུངས་ཀྱང་རང་བཞིན་ཐ་དད་དོ། །ཚོགས་པ་གཅིག་པ་དག་ནི་ཁྱད་པར་ཐ་དད་པ་དང་མཚན་ཉིད་ཐ་དད་པར་དབྱེ་བ་ཡང་ཡོད་དེ། ཚོགས་པ་ཐ་དད་ན་མཚན་ཉིད་གཅིག་པ་དག་ཀྱང་ཡོད་དོ། །དེ་ལྟར་དབྱེ་བ་དུ་མ་ཡོད་ཀྱང་རང་བཞིན་ཉིད་དུ་བསྡུས་པའི་ཕྱིར། ཕན་ཚུན་གཅིག་ལ་གཅིག་མེད་པ། །མཚན་ཉིད་དབྱེ་བ་ཡོད་མོད་ཀྱི། །རང་བཞིན་ཉིད་དུ་བསྡུ་བྱ་སྟེ། །ཇི་ལྟར་གསེར་གྱི་གདུབ་རྒྱན་དག །རིགས་དང་བཟོ་དང་བོང་ཚོད་དང༌། །ཁ་དོག་དབྱིབས་རྣམས་མཚུངས་མོད་ཀྱི། །གཅིག་གི་རང་བཞིན་གཅིག་མ་ཡིན། །ཡིན་ན་ཅིག་ཅར་གཟུང་བར་འགྱུར། །ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡིན་ན་ཅིག་ཅར་གཟུང་བར་འགྱུར། །ཞེས་བྱ་བ་ནི་འདིའི་གཏན་ཚིགས་ཡིན་ཏེ། འདི་ལྟར་གལ་ཏེ་གཅིག་པར་གྱུར་ཅིང་གཅིག་གིས་གཅིག་སྟོང་པ་མ་ཡིན་ན་གཟུང་བས་ཐམས་ཅད་གཟུང་བར་འགྱུར་རོ། །དེ་ལྟ་ན་ནི་དངོས་པོ་ཐ་དད་པ་ཐམས་ཅད་ཀྱང་གཅིག་པའི་ཕྱིར་སྨན་ཟོས་ན་དུག་ཀྱང་ཟོས་པར་འགྱུར་རོ། །དེའི་ཕྱིར་ཤིན་ཏུ་མཚུངས་པ་དག་ཀྱང་གཅིག་གིས་གཅིག་སྟོང་བར་ཤེས་པར་བྱའོ། །ཇི་ལྟར་རང་བཞིན་ཐ་དད་པའི་སྒོ་ནས་རང་བཞིན་གྱིས་སྟོང་པའི་མཚན་ཉིད་ཐ་དད་པ་མ་ཡིན་ནོ། །འདི་ལྟར་འདོད་ཆགས་རང་བཞིན་གྱིས་སྟོང་པ་དང༌། མ་ཆགས་པ་རང་བཞིན་གྱིས་སྟོང་པ་འདི་ལ་ཡང་ཐ་དད་ཅུང་ཟད་ཀྱང་མད་དོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་དབང་དུ་བྱས་ནས་གཅིག་གིས་གཅིག་སྟོང་ཞེས་བཞག་པ་མ་ཡིན་ཏེ་དངོས་པོ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །ད་ནི་ཤིན་ཏུ་མེད་པའི་བྱེ་བྲག་བསྟན་པ་ན། ཤིན་ཏུ་མེད་པའི་བྱེ་བྲག་ནི། །རྒྱུ་དང་རང་བཞིན་གཉིས་སུ་ཤེས། །ཞེས་བྱ་བ་ཡིན་ཏེ། འདི་ལྟར་རང་བཞིན་ཤེན་ཏུ་མེད་པ་དང༌། རྒྱུ་
ཤིན་ཏུ་མེད་པ་གཉིས་སོ། །ད་ནི་བྱེ་བྲག་དེ་དག་བཤད་པའི་ཕྱིར། སེམས་ཅན་སྐྱེ་བ་ལ་སོགས་པ། །རྒྱུན་དམིགས་པ་ཡི་རང་བཞིན་ནི། །རྒྱུན་འདྲ་སྔ་ན་མེད་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་སྐྱེ་བ་ནི་མ་བྱུང་བ་ལས་འབྱུང་བའི་འདུ་བྱེད་དེ། སྐྱེ་བའི་ཚེ་དམིགས་པ་དེའི་རྒྱུན་ནིམ་དམིགས་ཏེ་རྒྱུན་འདྲ་བ་མེད་པ་ཡིན་ནོ། །འཇིག་རྟེན་དག་ན་ཡང་འཆགས་པའི་ཚེ་མ་བྱུང་བ་ལས་བྱུང་བ་སྟེ་གནས་པའི་རྒྱུན་འདྲ་བ་མེད་དོ། །དེ་བཞིན་དུ་ཤིང་ལ་སོགས་པའི་རང་བཞིན་གྱི་རྒྱུ་མ་དམིགས་པ་ལས་རང་བཞིན་མི་དམིགས་པ་དང༌། སྔ་ན་མེད་པ་ཞེས་རྗོད་པར་བྱེད་དེ། དེ་ནི་རྒྱུན་འདྲ་བ་སྔ་ན་མེད་པ་ཡིན་ནོ། །རང་བཞིན་སྔ་ན་མེད་པ་ནི། །ས་བོན་ས་དང་འོ་མ་ལ། །མྱུ་གུ་བུམ་པ་མར་རྣམས་ནི། །རང་བཞིན་སྔ་ན་མེད་པའོ། །ཞེས་སྨོས་ཏེ། འདི་ལྟར་ས་བོན་གྱི་དུས་ན་མྱུ་གུའི་རང་བཞིན་དང༌། དེ་བཞིན་དུས་དང་འོ་མའི་དུས་ན་བུམ་པ་དང་མར་རྣམས་ཀྱི་རང་བཞིན་མེད་དེ། དེ་ལྟ་བུ་དག་ནི་རང་བཞིན་སྔ་ན་མེད་པ་ཡིན་ནོ། །གནས་སྐབས་སྔ་ན་མེད་པ་ནི། །ཇི་ལྟར་གསེར་ལས་རྒྱན་སོགས་ནི། །གནས་སྐབས་སྔ་ན་མེད་པའོ། །ཞེས་བྱ་བ་ཡིན་ཏེ། ཇི་ལྟར་གསེར་དང་རང་བཞིན་གཅིག་པ་ལས་གནས་སྐབས་བཟོ་ཐ་དད་པར་བྱས་པ་ལྟ་བུ་དག་གོ་ཞེས་བྱ་བའོ། །རྟེན་ལ་སྔ་ན་མེད་པ་ནི། །ས་ཕྱོགས་འདི་ན་བ་ལང་དག །སྔོན་ཆད་མེད་པ་རྟེན་ལའོ། །ཞེས་བྱ་བ་ཡིན་ཏེ། ཕྱོགས་གང་ན་སྔར་བ་ལང་གི་སྟོང་པ་ལས་ཕྱིས་བ་ལང་དམིགས་ན་དེ་སྔ་ན་མེད་པའི་བ་ལང་ཞེས་བརྗོད་དོ། །དེ་ནི་རྟེན་ལ་མེད་པ་ཡིན་ཏེ། སྔ་ན་མེད་ཅེས་ཐུན་མོང་དུ་བརྗོད་པ་ཐམས་ཅད་ཀྱང་བྱེ་བྲག་གིས་དེ་ལྟར་གནས་པ་ཤ་སྟག་སྟེ། དེ་ལ་སྨྲ་བར་བྱེད་པས་བྱེ་བྲག་དབྱེ་བར་བྱའོ། །དེ་བཞིན་དུ་འོག་མ་ཀུན་ལ་ཡང་སྦྱར་བར་བྱའོ། །ད་ནི་ཞིག་ནས་མེད་པའི་བྱེ་བྲག་བཤད་པར་འདོད་ནས། ལྗོན་པའམ་སྐྱེས་བུ་ལ་སོགས་པ། །ཚིག་གམ་ཤི་བར་གྱུར་པ་དག །རྒྱུན་ཞིག་གྱུར་ཏེ་མེད་པའོ། །ཞེས་སྨོས་ཏེ། འདི་ལྟར་ཤིང་ལྗོན་པ་ཚིག་སྟེ་ཤིང་གི་བྱ་བ་མི་བྱེད་པ་དང༌། སྐྱེས་བུ་ཤི་ནས་སྐྱེས་བུའི་བྱ་བ་མི་བྱེད་པ་ལྟ་བུ་ནི་རྒྱུན་ཞིག་ནས་མེད་པའོ། །མྱུ་གུ་བུམ་པ་མར་རྣམས་ལ། །ས་བོན་ས་དང་འོ་མ་ནི། །རང་བཞིན་ཞིག་ནས་མེད་པའོ། །ཞེས་སྨོས་ཏེ། མྱུ་གུ་དང་བུམ་པའི་དུས་ནས་བོན་དང་སའི་རང་བཞིན་ཞིག་ནས་མེད་པ་དང༌། དེ་བཞིན་དུ་འབྲས་བུ་
མར་གྱི་དུས་ན་རྒྱུའི་འོ་མ་རང་བཞིན་ཞིག་ནས་མེད་པ་སྟེ། དེ་ལྟ་བུ་དག་ནི་རང་བཞིན་ཞིག་ནས་མེད་པ་ཞེས་བྱའོ། །གནས་སྐབས་ཞིག་ནས་མེད་པ་ནི། །ཇི་ལྟར་གསེར་གྱི་གདུབ་རྒྱན་ལས། །རྣ་ཆ་དག་ནི་སྐབས་ཞིག་པ། །ཞེས་བྱ་བ་ཡིན་ཏེ། སྔར་གདུབ་རྒྱན་དམིགས་ནས་དེ་དག་རྣ་ཆར་བྱས་པ་དམིགས་པ་ལས་རྣ་ཆའི་དུས་ན་གདུབ་རྒྱན་ཞིག་ནས་མེད་དེ། དེ་ལྟ་བུ་དག་ནི་གནས་སྐབས་ཞིག་ནས་མེད་པ་ཡིན་ནོ། །དེ་ལ་གསེར་གྱི་གདུབ་རྒྱན་མེད་ཅེས་བརྗོད་ན་མེད་པའི་མཚན་ཉིད་དེ་དེ་ལྟར་ཤེས་པར་བྱའོ། །རྟེན་ལས་བྲལ་ཏེ་མེད་པ་སྟོན་པ་ནི། ས་ཕྱོགས་འདི་ནས་བུམ་པ་དག །གཞན་དུ་འཕོས་ཏེ་མེད་པ་ནི། །རྟེན་ལས་བྲལ་ཏེ་མེད་པའོ། །ཞེས་སྨོས་ཏེ། ཕྱོགས་འདི་ནས་བུམ་པ་ཕྱོགས་གཞན་དུ་འཕོས་ཏེ་མེད་པ་ནི་རྟེན་ལས་བྲལ་ཏེ་མེད་པ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མེད་པ་ལས་རང་བཞིན་དང་རྒྱུ་མེད་པ་གཉི་ག །རི་བོང་རྔ་མོ་བོང་བུ་ལ། །རྭ་དང་རྭ་ཡི་རྒྱུ་མེད་ཅེས། །རང་བཞིན་དགག་དང་རྒྱུ་དགག་པའོ། །ཞེས་བྱ་བས་བསྟན་པ་ཡིན་ཏེ། རི་བོང་ལ་རྭ་མེད་དོ། །དེ་བཞིན་དུ་རི་བོང་ལ་རྭ་ཐམས་ཅད་དུ་ཐམས་ཅད་མེད་པའི་ཕྱིར་རྒྱུ་ཡང་མེད་དེ། གལ་ཏེ་རྒྱུ་ཡོད་ན་རྐྱེན་འབྲས་བུ་འབྱུང་བ་ཡང་སྲིད་པ་ཞིག་ན། རི་བོང་ལ་རྭ་མི་སྲིད་པའི་ཕྱིར་རྒྱུ་ཡང་མེད་དོ། །མདོར་ན་རྒྱུ་མེད་པས་འབྲས་བུ་མི་སྐྱེད་པའི་ཕྱིར། རྒྱུ་མེད་པར་ཤེས་ན་འབྲས་བུའང་མེད་པར་བརྗོད་དུ་རུང་ངོ༌། །འབྲས་བུ་ནི་ཐམས་ཅད་དུ་ཐམས་ཅད་མེད་པར་ཤེས་ན་རྒྱུ་ཡང་མེད་པར་བརྗོད་དུ་རུང་གི །འགས་ནི་མ་ཡིན་ནོ། །ད་ནི་དགག་པའི་དུས་ཅན་བསྟན་པའི་ཕྱིར། དགག་པ་དུས་ལ་ལྟོས་པ་ནི། །དངོས་པོའི་དུས་ལ་ལྟོས་པ་སྟེ། །སྨྲ་བ་པོ་ཡི་དུས་ལ་ནི། །ནམ་ཡང་ཁོང་དུ་ཆུད་པ་འཛིན། །ཅེས་སྨོས་པ་ཡིན་ཏེ། དུས་ལ་ལྟོས་པ་ནི་ཁྱད་པར་སྔ་ན་མེད་པ་དང༌། ཞིག་ནས་མེད་པ་ཡིན་ལ། དེ་ནི་དངོས་པོ་ཉིད་ཀྱི་དུས་ཡིན་ཏེ། སྨྲ་བ་པོའི་དུས་ནི་འདི་ལྟར་འདི་ན་བུམ་པ་མེད་ཅེའམ། སྔོན་ཆད་ཅེས་བྱ་བ་ནི་ཁོང་དུ་ཆུད་པའི་དུས་ཡིན་ཏེ། དེ་མ་བཟུང་བར་ནི་གྲུབ་པར་མི་བྱེད་མོད་ཀྱི། སྨྲ་བ་པོ་དེ་ཡང་དངོས་པོའི་དུས་ལ་བྱེད་དོ། །དེའི་ཕྱིར་ནམ་ཡང་ཞེས་སྨོས་པ་ཡིན་ཏེ། ནམ་ཡང་རུང་སྟེ་རྟོགས་པ་ཇི་
ཙམ་པ་དེ་ཙམ་དུ་འཛིན་པར་བྱེད་དོ། །དེ་མ་བཟུང་བར་ནི་ཡིད་ཆེས་པ་དང༌། དེར་རུང་བའི་བརྗོད་པ་འབྱུང་བར་མི་འགྱུར་རོ། །སྨྲ་བ་པོ་སྒྲ་རྗོད་པར་བྱེད་པ་ན་ཕ་རོལ་པས་དོན་གྱི་སྤྱི་ཙམ་ཤེས་པར་བྱའོ་སྙམ་དུ་རྟོག་པ་དང༌། བྱེ་བྲག་ཤེས་པར་བྱའོ་སྙམ་དུ་རྟོག་པའི་བསམ་པ་གཉིས་འབྱུང་སྟེ། དེ་གང་བྱུང་བ་དེས་སྒྲ་དེའི་མིང་ཡང་འདོགས་པར་བྱེད་དེ། དེ་བསྟན་པའི་ཕྱིར། སྤྱི་ཙམ་ཁོང་དུ་ཆུད་བྱ་དང༌། །ཁྱད་པར་ཁོང་དུ་ཆུད་བྱ་དག །སྨྲ་བའི་བསམ་པའང་གཉིས་སུའོ། །ཞེས་སྨོས་པ་ཡིན་ནོ། །ད་ནི་དགག་པའི་སྒྲ་དེ་དག་ཁོ་ན་ཡིན་ནམ། འོན་ཏེ་དེ་བས་རྒྱས་པ་ཡང་ཡོད་སྙམ་དུ་ལ་ལ་དག་རྟོག་པ་སྲིད་པས། དེའི་ཕྱིར། ངོ་བོ་སྟོན་པ་ཇི་སྙེད་པ། །དེ་དག་དགག་པའང་དེ་སྙེད་ཀྱི། །ཞེས་སྨོས་ཏེ། ངོ་བོ་སྟོན་པའི་སྒྲ་ནི་དགག་པ་མ་གཏོགས་པའི་རྗོད་པ་ཐམས་ཅད་ཡིན་ཏེ། ཐམས་ཅད་ཀྱང་དོན་གྱི་ངོ་བོ་ཉིད་སྟོན་ཅིང་སྒྲུབ་པར་བྱེད་པའི་ཕྱིར་ཏེ། དེ་དག་ཇི་སྙེད་པ་དེ་དག་ཀུན་ཀྱང་དེ་དགག་པའི་སྒྲ་ཡིས་དགག་ཏུ་རུང་བ་ཅན་ཤ་སྟག་སྟེ། མི་རུང་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། དབྱེ་བ་དེ་ལྟར་ཡོད་ན་ཡང་བསྡུ་ན་འདི་དག་ཏུ་འདུས་པའི་ཕྱིར། འོན་ཀྱང་མདོ་རུ་བསྡུ་བ་ནི། །འདི་དག་ཙམ་དུ་ཤེས་པར་བྱ། །ཞེས་སྨོས་པ་ཡིན་ཏེ། བསྡུ་པ་ནི་འདི་དག་ཙམ་ལས་ལྷག་ཏུ་བསྟན་དུ་མེད་དེ། འགའ་ཡང་མ་འདུས་བ་མེད་དོ་ཞེས་བྱ་བ་ཡིན་ནོ། །ལྡོག་པ་བསྡུས་བར་བསྟན་པ་ལས་རབ་ཏུ་གསལ་བར་བསྟན་པ་བརྗོད་པའི་ལེའུ་སྟེ་བཞི་པའོ།། །།ལྡོག་པ་རབ་བསྟན་བློ་དམན་དོན་དུ་བསྟན་པའི་ཕྱིར། །དཔེ་གསལ་བརྗོད་དང་ངེས་ཐོབ་གང་ཡིན་དང༌། །བསྔོ་བའི་དགེ་བ་གང་ཡིན་དེས་ནི་བཤེས་གཉེན་ཀུན། །དཔལ་མགོན་འཇམ་པའི་དབྱངས་ཀྱི་ཞབས་ལ་གཏུག་གྱུར་ཅིག།། །།ལྡོག་པ་བསྡུས་པ་བསྟན་པའི་རྣམ་འགྲེལ་སློབ་དཔོན་ན་བི་དྷ་རྨཱས་བློ་དམན་པའི་དོན་ཆེད་དུ་གསལ་ཚིག་ཏུ་བྱས་པ་རྫོགས་སོ།། །།