རྨི་ལམ་དྲི་མ་མེད་པའི་བསྒོམ་པ།
འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །གསུམ་ལ་སྐྱབས་སོང་སེམས་བསྐྱེད་ལྡན། །འགྲོ་ལ་ཕན་འདོད་བདག་དུལ་བའི། །སྐྱེས་བུ་དམ་པ་བསམ་གཏན་གྱི། །ཁང་བུར་ཞུགས་ལ་རྨི་ལམ་བསྒོམ། །བཙུན་པ་སྤྱན་རས་གཟིགས་ཀྱི་སྐུ། །བཙོ་མ་གསེར་གྱི་མདོག་ལྡན་པ།།
ཞལ་གཅིག་ཕྱག་བཞི་གཡས་དང་པོ། །འཇིགས་སྐྱོབ་དེ་བཞིན་གཡོན་དུ་ནི། །པདྨ་དམར་གཉིས་པ་གཉིས། །ཏིང་འཛིན་མཆོག་གི་ཕྱག་རྒྱའོ། །ཐུགས་ཀྱི་པདྨོ་ཁ་ཟུམ་པའི། །དབུས་སུ་སེམས་དངོས་ཧྲཱིཿ་བསམ་བྱ། །འདི་འདྲའི་འཕགས་བ་ཉིད་དུ་བདག །སྐད་ཅིག་ཙམ་གྱིས་བསྒོམས་ནས་ནི། །དགེ་དང་བརྩེ་དང་དད་པ་ཡིས། །རྣལ་འབྱོར་རྒྱལ་པོ་གཉིད་ལོག་བྱ། །གང་ཚེ་གཉིད་དུ་ཉེ་བ་ན། །ཧྲཱིཿཡང་ཐིག་ལེ་གཉིས་ལ་བསྡུ། །རིམ་གྱིས་ཐིག་ལེ་འོག་མ་ཡང༌། །དེ་བཞིན་ཐིག་ལེ་གོང་མ་ལའོ། །དེ་ལས་སྣ་ཚོགས་སྣང་བ་ཀུན། །རང་གི་ལུས་ལ་བསྡུས་ནས། དེ། །པད་དབུས་ཐིག་ལེ་ཉག་གཅིག་ལ། །ཆུ་ལ་ཆུ་བཞིན་ཇི་བཞེན་བཞག །སེམས་ནི་དྲི་མེད་ཟུང་འཇུག་བདག །དངོས་མེད་དངོས་བྲལ་རྣམ་པར་དག །འོད་གསལ་ཆེན་པོ་ཉིད་ལ་ཉིད། །མངོན་སུམ་མི་གཡོ་བརྟན་པར་གཟུང༌། །ཚུལ་འདི་རང་བཞིན་མཁའ་འདྲ་སྟེ། །རྣམ་པ་ཐིག་ལེ་བདེ་བ་ཆེ། །ངོ་བོ་ཀུན་ཏུ་མ་འགགས་པའོ། །སྤྱངས་སྡོམ་ཅན་གྱི་ཆོས་གཅིག་བཞེད། །དེ་ལྟར་སྒྱུ་འདྲ་ཆོས་ཀྱི་རང་བཞིན་མེད། །གཞན་ལ་མ་རིག་བདག་ཉིད་སྙིང་དཀྱིལ་བརྟན་པར་གནས། །རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་གཅིག་ཡིན་མ་ནོར་བ། །བསྒོམས་ན་དེ་རྗེས་རྨི་ལམ་ཉིད་དུའང་དེ་མཐོང་འགྱུར། །གལ་ཏེ་སྒྲིབ་ཚོགས་བུད་ཤིང་ཚང་ཚིང་གིས་བསྒྲིབས་པས། །ཡང་དག་ཇི་བཞིན་དེ་ཚེ་མངོན་དུ་མ་གྱུར་ནའང༌། །རྣལ་འབྱོར་རྒྱལ་པོས་རེ་བ་ཆད་པར་མི་བྱ་སྟེ། །གོམས་པ་ཅུང་ཟད་ཅིག་ཏུ་བརྩོན་འགྲུས་གཡེལ་མི་བྱ། །མདུན་གྱིས་མཁའ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རང་རྒྱལ་ལྷ་ཡི་ཚོགས་ཀྱིས་ཡོངས་བསྐོར་བའི། །རྒྱལ་བའི་དཀྱིལ་འཁོར་སྤྲིན་གྱི་ཕུང་པོ་ལྟར་མཐོང་འགྱུར། །དེ་ཚེ་དེ་ནས་རིང་པོ་མི་ཐོགས་འོང་གསལ་འཐོབ། །རྣམ་དག་འཁོར་ལོ་པདྨོ་འདམ་ནས་སྐྱེས་པ་བཞིན། །གཉིད་ཀྱིས་མྱོས་འགྱུར་མ་རིག་གིས་བསླད་བློ་གྲོས་འདི། །རང་གིས་རང་དབེན་མཁའ་ལ་ཉི་ལྟར་སྤྲོས་བྲལ་དུ། །རྩོལ་བ་མེད་ཉིད་རང་དབང་མངོན་སུམ་འཆར་བར་བྱེད། །རྨི་ལམ་སྐྱེས་བུས་རྨི་ལམ་གྱི། །གྲོང་དུ་དགའ་དང་མྱ་ངན་ལ། །བཟུང་བ་རློམ་སེམས་ཅན་ཡིན་ལ། །དེ་ཚེ་དེ་ཡེས་ཤེས་
པར་འགྱུར། །མེ་ལོང་གཟུགས་བརྙན་གསལ་བ་ནི། །ཡོད་དང་མེད་དང་གཉི་ག་དང༌། །གཉིས་པ་མ་ཡིན་བརྗོད་མིན་པ། །དེ་ཚེ་ཡིད་ཆེས་མཐོང་བར་འགྱུར། །ནམ་མཁའི་ངོས་ལ་དབང་པོའི་གཞུ། །དེ་བཞེན་སེར་སྤྲིན་འབྲུག་སྒྲ་ཅན། །ཐོག་མར་སྐྱེས་དང་འགག་མི་དམིགས། །འོད་གསལ་ལ་གནས་སྐྱེས་བུས་ཤེས། །ཇི་ལྟར་སྨིག་རྒྱུའི་རྒྱུན་འབབ་པ། །ཤར་སོགས་ནས་ནི་གང་ཞིག་ནས། །མ་འོང་ས་གར་ཡང་མི་འགྲོ་བ། །རྨི་ལམ་མཐོང་བ་དེ་ཡིས་ཤེས། །དྲིལ་བུ་དང་ནི་པི་ཝང་སྒྲ། །བྲག་ཅ་ལ་སོགས་འདུ་བྱེད་ནི། །རྣམ་པར་ཐར་པ་གསུམ་གྱི་སོགས། །ཟབ་མོ་རྣམ་པར་དབེན་པ་ཡང༌། །སྣང་དང་མུན་པ་ཐིབས་པོ་དང༌། །འོད་གསལ་བྱེ་བྲག་མེད་གྱུར་པ། །ཤིན་ཏུ་སྦྱངས་པའི་གསེར་བཞིན་དུ། །དྲི་བྲལ་རྣམ་པར་དག་པ་རྨད། །ཇི་སྲིད་འཛིན་པ་མང་པོ་ལ། །ཟད་དང་མི་སྐྱེ་བསྲེ་བ་ཡིན། །རོ་གཅིག་ཉིད་དུ་སྦྱོར་ཤེས་པ། །རྨི་ལམ་ལས་གཞན་རྣལ་འབྱོར་རྨི། །དེ་ནི་སད་པ་ཉིད་ན་འང༌། །ཡིད་ཀྱི་དབང་པོ་ཚིམ་པ་དང༌། །འདོད་པའི་སྲིད་པ་ལས་བློ་ལྡོག །ཆོས་འདི་བརྗོད་པ་ཙམ་རྟོགས་སོ། །དེ་ལྟར་གཟུང་དང་འཛིན་པ་ཡི། །དྲི་མ་དྲི་མ་བྲལ་བ་དང༌། །བྲལ་བ་རང་བཞིན་མེད་པ་ཡང༌། །ཡིད་ཀྱིས་མངོན་པར་འདུ་མི་བྱེད། །འཕགས་པའི་མིག་ཅེས་བཤད་པ་སྟེ།། སྤྱན་རས་གཟིགས་ཀྱི་མཐུ་ཡིས་སོ། །རྨི་ལམ་དྲི་མ་མེད་པའི་བསྒོམ་པ་རྫོགས་སོ།།