བཀའ་བརྒྱུད་རྡོ་རྗེ་འཆང་ནས་བཟུང་གསང་བདག་ཕྱག་རྡོར་དངོས་བྱོན་ཀརྨ་ཛྙཱ་ནའི་བར་དུ་བྱོན་པ་གྲུབ་པ་བརྙེས་པའི་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་ལྡན་འབའ་རོམ་པའི་རྣམ་མགུར་ཐོས་གྲོལ་ཉིན་བྱེད་འོད་སྟོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲེང་བ།
བཀའ་བརྒྱུད་རྡོ་རྗེ་འཆང་ནས་བཟུང་གསང་བདག་ཕྱག་རྡོར་དངོས་བྱོན་ཀརྨ་ཛྙཱ་ནའི་བར་དུ་བྱོན་པ་གྲུབ་པ་བརྙེས་པའི་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་ལྡན་འབའ་རོམ་པའི་རྣམ་མགུར་ཐོས་གྲོལ་ཉིན་བྱེད་འོད་སྟོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།
ཨེ་མ་ཧོ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །འཛམ་གླིང་གྲགས་པ་དར་མ་དབང་ཕྱུག་དང༌། །ཏི་ཤྲཱི་རས་པ་མཚུངས་མེད་རས་དཀར་བ། །ལུས་མེད་རྡོ་རྗེ་བློ་གྲོས་རྡོ་རྗེ་དང༌། །བརྩོན་འགྲུས་དཔལ་བ་རླངས་རས་རྒྱལ་མཚན་གྲགས། །སྐྱེས་མཆོག་བསོད་ནམས་བཟང་པོ་རིན་ཆེན་བཟང༌། །པུཎྱེ་ཤྭ་ར་དྷརྨ་རསྨི་དང༌། །ཀུན་དགའ་སྙིང་པོ་བསྟན་འཛིན་བཟང་པོ་དང༌། །ཀརྨ་ཡེ་ཤེས་དོན་དམ་སྙིང་པོའི་མཚན། །ཀརྨ་ཚེ་བརྟན་རས་པ་ཆེན་པོའི་ཞབས། །བསྟན་པའི་སྙིང་པོ་ལུང་རིག་རྒྱ་མཚོའི་དཔལ། །ཚེ་དབང་བདུད་འདུལ་དགེ་ལེགས་དཔལ་གྲུབ་མཚན། །ངེས་དོན་ཆོས་འཛིན་བསྟན་འཛིན་རྣམ་པར་རྒྱལ། །སྒྲུབ་བརྒྱུད་ཆོས་དབྱངས་ཆོས་འགྲུབ་སེང་གེའི་མཚན། །ཚོགས་གཉིས་འོད་ཟེར་བདུད་འཇོམ་རྡོ་རྗེའི་ཞབས། །བསྟན་འཛིན་ཆོས་འཕེལ་ཀརྨ་མངྒ་ལཾ། །ཐེག་མཆོག་འོད་ཟེར་མཁའ་ཀློང་ཡངས་པ་སོགས། །བཀའ་བརྒྱུད་བླ་མ་དཔལ་ལྡན་འབའ་རོམ་པའི། །རྣམ་ཐར་ཞལ་གདམས་མགུར་མ་རྣམས་བཏུས་ཏེ། །མདོར་བསྡུས་ཙམ་ལ་འཐུས་པའི་ཚུལ་བསྟན་པ། །བརྗོད་པར་བྱེད་པ་སྤྲོ་བ་བསྐྱེད་པའི་རྒྱུ། །ཆོས་ཉིད་ལྟ་བས་ངོམས་པ་མེད་པ་ཡི། །གཙུག་ཏོར་ཁྱོད་ཀྱི་དབུ་ལ་ཚར་དུ་དངར། །མེས་པོས་བལྟ་འདོད་སྟེང་དུ་ཕྱོགས་ཀྱང་ཆེས། །ལྷག་མཐའ་དང་བྲལ་ཚངས་པའི་གནས་སུ་འཁོད། །འཇིག་རྟེན་འདས་པའི་བདེ་བར་གཤེགས་རང་རྣམས། །དོ་ཟླར་གྱུར་པ་མ་རྙེད་ཙམ་དུ་ནི། །བླ་མེད་དབྱིངས་ནས་དངོས་གྲུབ་ཆེ་འགྲུབ་པའི། །གད་རྒྱངས་བཞད་མཛད་འབའ་རོམ་བཀའ་བརྒྱུད་བསྟོད། ༈ །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣལ་འབྱོར་གྱི་དབང་ཕྱུག་ཆོས་རྗེ་བསོད་ནམས་བཟང་པོ་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་འབྲལ་བ་མེད་པར་མཆོག་གི་དངོས་གྲུབ་སྩོལ་ཅིག བཀའ་བརྒྱུད་རྡོ་རྗེ་འཆང་ནས་བཟུང་སྟེ་འཇིགས་མེད་ཆོས་ཀྱི་སེངྒེའི་བར་དུ་བྱོན་པའི་དཀོན་མཆོག་གསུམ་པོ་དེ་དག་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འཆང་གི་སྐུར་གསལ་བ་ལ་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་ཕྱག་རྒྱ་ཆེ། །བདག་གིས་ཡེ་ཤེས་སྤེལ་སླད་ཕྱིར། །རྟེན་འདི་ཉིད་དང་དབྱེར་མེད་གསོལ། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་བརྩམ་པར་བྱ། །གང་ཚེ་མཆོད་ཡུལ་མ་དམིགས་ཤིང༌། །མཆོད་བྱེད་མཆོད་པ་མ་གྲུབ་པ། །དེ་ཚེ་མཆོད་པ་བླ་ན་མེད། །རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། ཅེས་མཆོད་པ་ཀུན་བྱང་ཆུབ་ཀྱི་རྫས་དམ་པར་ཡོངས་སུ་སྤེལ་བའོ། །དེ་ནས་དོན་ཡིད་ལ་བསམ་བཞིན་པས། མེ་ཏོག་འབྲས་བུ་ཇི་སྙེད་མཆིས་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་པ། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་དང་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུག་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླད་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ༌། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་ཀྱི། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། གསེར་གྱི་པདྨ་ཚལ་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་ལྟར། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །འདིར་མཎྜལ་འབུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། ཅེས་བསྟོད། བརྒྱུད་པའི་གསོལ་འདེབས་མན་ངག་བྱིན་རླབས་ཀྱི་མཚོ་མ་གྲོས་པ་ལས་ཆུ་བོ་གངྒཱའི་གསེར་གྱི་རྒྱུན་ཞེས་བྱ་བ་འདིར་དད་གསུམ་མོས་གུས་དང་ལྡན་པས་གསུངས་པར་ཞུ། ན་མོ་གུ་རུ། ཆོས་དབྱིངས་མཐའ་དབུས་མེད་པའི་ཞིང་ཁམས་ནས། །བཛྲ་དྷྲྀཀྲ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །གནས་ལུགས་དོན་ལ་ཕེབས་པར་བྱིན་གྱིས་རློབས། །ལོངས་སྐུ་གསལ་འགྲིབ་མེད་པའི་ཞིང་ཁམས་ནས། །པྲཉྫཱ་ཕ་ལ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བདེ་གསལ་ཉམས་མྱོང་འཆར་བར་བྱིན་གྱིས་རློབས། །སྤྲུལ་སྐུ་ཕྱོགས་རིས་མེད་པའི་ཞིང་ཁམས་ནས། །ཛྙཱ་ན་སིདྡྷི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། སྤྱོད་ལམ་རྣམ་བཞི་འབྲེལ་བར་བྱིན་གྱིས་རློབས། །བོད་ཁམས་དཀར་པོར་བསྒྱུར་བའི་ཞིང་ཁམས་ནས། དྷརྨ་མ་ཏི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྒོམ་མཁན་བློ་དང་བྲལ་བར་བྱིན་གྱིས་རློབས། །རྩ་རླུང་རྣམ་པར་དག་པའི་ཞིང་ཁམས་ནས། བཛྲ་ཀེ་རུ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྟོང་ཉིད་སྙིང་ནས་འཆར་བར་བྱིན་གྱིས་རློབས། །རྣམ་དག་བདེ་བ་ཆེན་པོའི་ཞིང་ཁམས་ནས། །པུཎྱེ་རཏྣ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཕྲ་རགས་སྤུན་ཆ་དག་པར་བྱིན་གྱིས་རློབས། །མཐུ་སྟོབས་ཡོན་ཏན་རྫོགས་པའི་ཞིང་ཁམས་ནས། །དྷརྨེ་ཤྭ་ར་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་གཟིགས། །ཉམས་རྟོགས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བསྟན་པ་ཕྱོགས་མེད་རྒྱས་པའི་ཞིང་ཁམས་ནས། །པྲཛྙཱ་སིངྷ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཟུང་འཇུག་རྟོགས་པ་འཆར་བར་བྱིན་གྱིས་རློབས། །འགྲོ་བའི་ཐར་ལམ་འབྱེད་པའི་ཞིང་ཁམས་ནས། །པྲཛྙཱ་བོ་དྷི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །མཉམ་རྗེས་མེད་པར་བརྟན་པར་བྱིན་གྱིས་རློབས། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ནས། །བོ་དྷི་ཤྲཱི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །གཉུག་མ་རང་ས་ཟིན་པར་བྱིན་གྱིས་རློབས། །ཅིར་སྣང་ཆོས་སྐུར་འཆར་བའི་ཞིང་ཁམས་ནས། །བོ་དྷི་ཀུ་མ་ར་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྣ་ཚོགས་ལམ་དུ་སློང་བར་བྱིན་གྱིས་རློབས། །སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་ཞིང་ཁམས་ནས། །མ་ཏི་བཛྲ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཏིང་འཛིན་བསྟན་པ་ཐོབ་པར་བྱིན་གྱིས་རློབས། །འོད་གསལ་རྒྱུན་ཆད་མེད་པའི་ཞིང་ཁམས་ནས། །བཱིརྻ་ཤྲཱི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །འགྱུར་མེད་ཁོང་དུ་ཆུད་པར་བྱིན་གྱིས་རློབས། །གདུལ་བྱ་ཕྱོགས་རིས་མེད་པའི་ཞིང་ཁམས་ནས། །ཀེ་རུ་གཱིརྟི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །སྣང་བ་རྒྱན་དུ་ཤར་བའི་ཞིང་ཁམས་ནས། །པུཎྱེ་བྷ་དྲ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྣང་བ་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །སྣང་སྟོང་འདུ་བྲལ་མེད་པའི་ཞིང་ཁམས་ནས། །རཏྣ་བྷ་དྲ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། ༈ །མདོ་སྔགས་ཆོས་ཀྱི་མཛོད་འཛིན་ཞིང་ཁམས་ནས། །པུཎྱེ་ཤྭ་ར་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཡེ་ཤེས་ཉམས་རྟོགས་འཆར་བར་བྱིན་གྱིས་རློབས། །ཚོགས་དྲུག་རང་གྲོལ་དབེན་གནས་ཞིང་ཁམས་ནས། །དྷརྨ་རསྨི་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །སྐུ་བཞི་དབྱེར་མེད་ལྷུན་གྲུབ་ཞིང་ཁམས་ནས། །ཀུན་དགའ་སྙིང་པོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བདེ་སྟོང་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ལུང་རྟོགས་གཟི་བྱིན་རྒྱས་པའི་ཞིང་ཁམས་ནས། །ཀུན་དགའ་རྒྱ་མཚོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ཉམས་རྟོགས་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས། །འབྲེལ་ཚད་ཐར་ལམ་འདྲེན་པའི་ཞིང་ཁམས་ནས། །སྐྱེས་མཆོག་བསྟན་འཛིན་བཟང་པོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ས་ལམ་བར་ཆད་ཞི་བར་བྱིན་གྱིས་རློབས། །མཐུ་སྟོབས་གསང་སྔགས་བཅུད་ཀྱི་ཞིང་ཁམས་ནས། །ཀརྨ་ཛྙཱ་ན་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །ལོག་རྟོག་ཉོན་མོངས་ཞི་བར་བྱིན་གྱིས་རློབས། ༈ །སྤྱི་གཙུག་བདེ་བ་ཆེན་པོའི་ཞིང་ཁམས་ནས། །རྩ་བའི་བླ་མ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །སྣང་བ་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །ཆོས་དབྱིངས་རབ་འབྱམས་བདེ་ཆེན་ཞིང་ཁམས་ནས། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བར་དོ་ལོངས་སྐུར་འཆར་བར་བྱིན་གྱིས་རློབས། །སངས་རྒྱས་བསྟན་པ་སྲུང་བའི་ཞིང་ཁམས་ནས། །ཆོས་སྐྱོང་མགོན་པོ་ལྷ་མོ་ལ་གསོལ་བ་འདེབས། །བདག་སོགས་རྨོངས་པའི་སེམས་ཅན་ཐུགས་རྗེས་གཟིགས། །བར་ཆད་དགྲ་བགེགས་འདུལ་བར་བྱིན་གྱིས་རློབས། །རྨོངས་པའི་ཚིག་ལ་སྙན་པའི་ངག །དད་པའི་སེམས་ཀྱིས་གསོལ་བ་འདེབས། །སངས་རྒྱས་བསྟན་པ་དར་བ་དང༌། །དམ་ཆོས་རྒྱུན་དུ་གནས་པར་བྱིན་གྱིས་རློབས། །རི་ཁྲོད་དབེན་གནས་རྟག་ཏུ་བརྟེན་པ་དང༌། །སྙིང་རུས་སྒྲུབ་པ་མཐའ་རུ་སྐྱོལ་བ་ཡིས། །རང་རྒྱུད་ཐུལ་ནས་གཞན་སྣང་ཚིམས་པ་དང༌། །འགྲོ་བ་འདྲེན་པར་ནུས་པར་བྱིན་གྱིས་རློབས། །བདེ་གསལ་ཉམས་མྱོང་རྒྱུད་ལ་སྐྱེ་བ་དང༌། །རང་རིག་དྲན་པའི་རང་ངོ་ཤེས་པ་ཡིས། །ཉིན་མཚན་སྤྱོད་ལམ་འདྲེས་པ་དང༌། །ངར་དང་ངེས་ཤེས་ལྡན་པར་བྱིན་གྱིས་རློབས། །སྒོམ་མཁན་ཉམས་ལེན་རང་སར་བྲལ་བ་ཡིས། །སྟོང་རིག་རྗེན་པ་ནང་ནས་འཆར་བ་དང༌། །ཕྲ་རགས་སྤུན་ཆ་རང་སར་དག་པ་ཡིས། །སྟོང་ཉིད་འགྱུར་བ་མེད་པར་བྱིན་གྱིས་རློབས། །སྣང་སྟོང་ཟུང་འཇུག་ནང་ནས་འཆར་བ་ཡིས། །རིག་བྱེད་ཤེས་པ་རང་སར་བྲལ་བ་དང༌། །གཉུག་མའི་རང་ས་རྒྱུན་དུ་ཟིན་པ་ཡིས། །མཉམ་རྗེས་མེད་པར་བརྟན་པར་བྱིན་གྱིས་རློབས། །ཉིན་མཚན་རྨི་ལམ་གདོད་ནས་དག་པ་ཡི། །བསྒོམ་བྱ་སྒོམ་བྱེད་ཞེན་པ་བྲལ་བ་དང༌། །འཁོར་འདས་ཆོས་རྣམས་གཅིག་ཏུ་འཛོམས་པ་ཡི། །སྐུ་བཞི་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཕྲིན་ལས་ཆོས་རྣམས་ཀུན་གྱི་ཆེ་བ་ཡིས། །འཁོར་བ་མཐའ་རུ་རྒྱུན་གྱིས་སྐྱོལ་བ་དང༌། །མ་བྱས་གཞན་སྣང་དབང་པོ་ཚིམས་པ་ཡིས། །རྒྱུན་ཆད་མེད་པར་འབྱུང་བར་བྱིན་གྱིས་རློབས། །བརྒྱུད་པ་ཁྱེད་ལ་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཅི་བྱས་ཆོས་སུ་འགྲོ་བ་དང༌། །ཅི་བསམ་ལྷུན་གྱིས་འགྲུབ་པ་ཡི། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་པའང་དབེན་གནས་སྐྱོ་བྲག་རི་ཁྲོད་དུ་རཏྣ་བྷ་དྲས་བསྐུལ་ནས་ཆོས་རྗེ་བསོད་ནམས་བཟང་པོས་ཡི་གེར་བྲིས་པའོ། ༈ །དཔལ་ལྡན་རྡོ་རྗེ་འཆང་གི་ཞལ་ནས་གསུངས་པ་འདི་ལྟར་རོ། ན་མོ་གུ་རུ། ཀྱཻ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །མཁའ་སྤྱོད་གནས་སུ་འོང་འདོད་ན། །དང་པོར་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་ཆོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དེ་དོན་རྒྱུད་ལ་གོམས་པར་སྦྱོངས། །ཐ་མལ་སྒོམ་པའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་ཞི། །ཚོགས་ལམ་བླ་མ་མཚན་ལྡན་ལ། །མཉེས་པ་གསུམ་གྱི་མཆོད་པ་འབུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་རྒྱུད་ལ་སྦྱངས༌། །མཐོང་ལམ་སྤྱན་ལྔ་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་གྱིས། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མའི་ལམ་ལ་གོམས་པར་གྱིས། །མཐར་ཕྱིན་སྒྲིབ་པ་གཉིས་ཟད་ཀྱིས། །ཆོས་རྣམས་ཟད་སར་སྐྱོལ་བར་གྱིས། །ད་ཡང་འདུས་པའི་སྙིང་པོ་ཉོན། །གདམས་ངག་ཡོད་ན་ཕུན་སུམ་ཚོགས། །ལུང་རིགས་ལྡན་ན་ཐམས་ཅད་མཁྱེན། །ཉམས་སུ་མྱོང་ན་གོལ་ས་ཆོད། །གཅིག་པུར་གནས་ན་ཆོས་བརྒྱད་བྲལ། །བླ་མ་བསྐུལ་ན་དངོས་གྲུབ་ཐོབ། །བཀའ་བརྒྱུད་བལྟས་ན་རང་ཡིད་ཆེས། །ཕྱི་ནང་ཡུལ་གྱི་སྣང་བ་ལ། །ཡིན་མིན་སྤོད་སྡུད་ཡིད་ལ་ནི། །གང་ཡང་མ་གྱུར་ཆོས་ཀྱི་དབྱིངས། །ཆོས་དབྱིངས་ཉམས་བསྟན་པའི་ལེའུའོ། ༈ །ན་མོ་གུ་རུ། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་ནུབ་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ཞབས་ལ་ལྕགས་སྒྲོག་གསོལ་ནས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས། ཐུན་མོང་གི་དངོས་གྲུབ་ཡི་དམ་ལྷ་ཡི་ཞལ་གཟིགས། །འབྱུང་བའི་སྐྱེ་མཆེད་རག་པ་ལ་དབང་ཐོབ་ནས་སྤྱོད་པ་ལ་གཤེགས་པར་དགོངས་པ་ལ། བླ་མ་དང་མཁན་པོས་མ་གནང་བས་གསུང་བཅག་ན་མི་རུང་བ་ལ། ཉའི་རྣམ་ཤེས་ནམ་མཁའ་ལ་སྤར་བའི་རྫུ་འཕྲུལ་བསྟན་པས་ཐམས་ཅད་ཀྱིས་གྲུབ་པ་ཐོབ་པར་ཤེས་ཏེ་ཁོ་རང་ཅི་བདེར་བཏང་བ་དང༌། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ནཱ་གཱརྫུ་ན་འཚོལ་དུ་བྱོན་པས། ལྷོ་ཕྱོགས་ཀྱི་རྒྱུད་ན་འཇིགས་བྱེད་བཞད་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ་ཞིག་ན་ལྷ་དབང་ཕྱུག་ཆེན་པོའི་རྟེན་ཡོད་པས། ནང་པ་དང་ཕྱི་པའི་ཌཱ་ཀི་མང་པོ་དུས་བཟང་ལ་རེས་མོས་ཀྱིས་ཚོགས་ནས། ཚོགས་ཀྱི་འཁོར་ལོ་བྱེད་པ་ཞིག་ཡོད་པ་ན་སློབ་དཔོན་བརྟུལ་ཞུགས་སྤྱོད་པ་མ་ཏཾ་གི་སྤྱི་བོར་བཞུགས་པ་དང་མཇལ་བ་ལ་གུ་རུ་ནཱ་གཱརྫུ་ནའི་རྒྱུས་ཡོད་དམ་དྲིས་པས། གུ་རུ་དྲི་ཟའི་རྒྱལ་པོ་ལ་ཆོས་གསུང་དུ་གཤེགས། སྐྱེས་བུ་ཁྱོད་རྗེས་སུ་འཛིན་པ་ལ་ང་མངག་པ་ཡིན་གསུངས་པས་ཐེ་ཚོམ་མེད་པར་མཎྜལ་ཕུལ་ཏེ། བླ་མར་བཟུང་བ་ལས་དེ་ཉིད་དུ་དཔལ་གསང་བ་འདུས་པའི་དབང་བསྐུར། གདམས་པ་བྱིན་ནས་སེམས་ཀྱི་དེ་ཁོ་ན་ཉིད་འདི་ལྟར་ཡིན་པས། དེ་ཁོ་ན་ཉིད་ཀྱི་དོན་ལ་དུས་རྟག་ཏུ་མ་ཡེངས་པར་སྒོམས་ཤིག ཅེས་གདམས་ནས་རིགས་ཀྱི་ང་རྒྱལ་བཅག་པ་དང་ལམ་གྱི་རྟོགས་པ་མངོན་དུ་བྱ་བའི་སྤྱོད་པ་རྗེས་སུ་གནང་སྟེ། སྐྱེས་བུ་ཁྱོད་འདི་ནས་ཤར་ཕྱོགས་བྷཾ་ག་ལའི་རྒྱུད་ས་ཚིགས་རིང་པོར་ཕྱིན་པ་ན་ཧ་རི་ཀཱི་ལ་ཞེས་བྱ་བ་ཟ་ཧོར་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡོད་དེ། སྔོན་རཱ་ཛ་ཨུ་མ་ཀེ་མ་ར་ཞེས་བྱ་བ་སྤྲུལ་པའི་རྒྱལ་པོ་ཞིག་གིས་བྱིན་གྱིས་བརླབས་པའི་ས་ཕྱོགས་ཡིན་ཏེ། རང་བཞིན་གྱིས་སྒྲུབ་ཐག་ཉེ་ཞིང་ལམ་བགྲོད་པར་མྱུར་བ་ཡོད་པས། གྲོང་ཁྱེར་དེའི་དབུས་ན་པཉྩ་པ་ཎ་ཞེས་བྱ་བ་འདོད་ཡོན་ལྔ་འཛོམས་པའི་ཚོང་འདུས་ཞིག་ཡོད་དེ། དེ་ན་ཌཱ་རི་མ་སྨད་འཚོང་མའི་གཡོག་འཁོར་མང་པོ་དང་བཅས་ཡོད་པས། དེའི་གཡོག་གྱིས་ལ་ལམ་གྱི་རྟོགས་པ་སྦྱོངས་ཤིག རིང་པོར་མི་ཐོགས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ལ། འགྲོ་བ་མང་པོ་ཡང་བསྒྲོལ་བར་འགྱུར་རོ། །ཞེས་ལུང་བསྟན་པར་མཛད་དེ། རྣལ་འབྱོར་ཀྱི་དབང་ཕྱུག་དེས་ཀྱང་བླ་མའི་བཀའ་བཞིན་དུ་བསྒྲུབས་ནས། མཚན་མོ་བཞིན་སྨད་འཚོང་མ་དེའི་སྐྱེས་པ་འགུགས་པ་དང་སྐྱེལ་བའི་གྲོགས་བྱེད་ཅིང་ཉིན་མོ་བཞིན་ཏིལ་རྡུང་བའི་ལས་བྱེད་པ་ལས། ཅི་ཞིག་ལྟར་ན་གནས་ལུགས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་མངོན་དུ་གྱུར་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་ལས། གྲོང་ཁྱེར་པ་རྣམས་ལ་མཐོང་ཚུལ་ཐ་དད་པ་བྱུང་སྟེ། ལ་ལས་མེ་དཔུང་འབར་བ་གཅིག་ལ་མར་མེ་བཅུ་བཞིས་བསྐོར་བ་མཐོང༌། ལ་ལས་འོད་ཀྱི་ཕུང་པོ་ཞིག་གི་ནང་ན་དགེ་སློང་ཞིག་མཉམ་བཞག་ལ་བཞུགས་པར་མཐོང༌། འགའ་ཞིག་གིས་ནི་རྣལ་འབྱོར་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཞིག་ལ་བུ་མོ་མང་པོས་ཕྱག་དང་བསྐོར་བ་བྱེད་པར་མཐོང་ནས་ཌཱ་རི་མ་ལ་བསྙད་དེ་ལྟར་ཕྱིན་པས་མདུན་གྱི་ནམ་མཁའ་ལ་འོད་ཕུང་གི་དབུས་སུ་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་ནས་ཕྱག་གཡས་ཀྱིས་གཏུན་ཤིང་ལྷུང་ཐབས་སུ་སྐྱུར་ཞིང་ཏིལ་འགྲུ་བ་མཐོང་བས། ཌཱ་རི་མ་འགྱོད་པས་སེམས་གདུང་ཏེ། ཕྱག་དང་བསྐོར་བ་མཎྜལ་སྔོན་དུ་འགྲོ་བས་ཞབས་སྤྱི་བོར་བླངས་ནས། རྗེ་བཙུན་ཁྱེད་གྲུབ་ཐོབ་ཏུ་འདུག་པ་ངོ་མ་ཤེས་ནས་སྔོན་སྡིག་བསགས་པ་བཟོད་པར་བཞེས་འཚལ། དེང་ཕྱིན་ཆད་རྗེས་སུ་བཟུང་དུ་གསོལ། ཞེས་གསོལ་བ་བཏབ་པས་རྣལ་འབྱོར་པའི་ཞལ་ནས། ཁྱོད་ཀྱིས་ང་ལ་གང་ཟག་དམ་པར་ཤེས་བཞིན་དུ་ལས་བཅོལ་བ་མ་ཡིན་པས་ཉེས་པ་མེད་དེ། ངས་སྤྱོད་ལམ་དེ་ལ་བརྟེན་ནས་ལམ་སྦྱངས་པ་ཡིན་པས། ད་ལྟ་ངའི་རྒྱུད་ལ་སྐྱེས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ཁྱོད་ཀྱི་སྙིང་ལ་འཇུག་པར་གྱུར་ཅིག ཅེས་གསུངས་ཞིང་མེ་ཏོག་སྤྱི་བོར་བཞག་པ་ཙམ་གྱིས་དེ་ཉིད་དུ་གྲོལ་ཏེ་བྱིན་རླབས་ཀྱི་ལམ་ལ་སྣང་བ་ཐོབ་པའི་རྣལ་འབྱོར་མར་གྱུར་ཏོ། དེ་ཙམ་ན་སྤྲུལ་པའི་རྣལ་འབྱོར་པ་ཞིག་གིས་ཌཱ་རི་མ་གྲོལ་བར་བྱས་སོ་ཞེས་རྒྱལ་པོས་ཐོས་ཏེ་གླང་པོ་ཆེ་ལ་ཞོན་ནས་འཁོར་མང་པོ་དང་ཐབས་གཅིག་ཏུ་བལྟ་བ་ལ་ལྷགས་པས་རྣལ་འབྱོར་པ་དང་ཌཱ་རི་མ་གཉིས་ཚོང་འདུས་ཀྱི་སྲང་མདོར་ཤིང་ཏཱ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་ནས་བཞུགས་ཏེ། ཚངས་པ་ཆེན་པོའི་སྒྲ་དབྱངས་ཀྱི་ང་རོའི་རྡོ་རྗེའི་མགུར་བཞེངས་པ། གང་ཞིག་སྙིང་པོར་གྱུར་པ་ཏིལ་གྱི་མར། །རྨོངས་པས་ཏིལ་ལ་ཡོད་པ་ཤེས་གྱུར་ཀྱང༌། །རྟེན་ཅིང་འབྲེལ་འབྱུང་ཡན་ལག་མ་ཤེས་པས། །ཏིལ་མར་སྙིང་པོ་འབྱིན་པར་མི་ནུས་ལྟར། །ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་དེ། །འགྲོ་བ་ཀུན་གྱི་སྙིང་ལ་གནས་གྱུར་ཀྱང༌། །བླ་མས་མ་མཚོན་རྟོགས་པར་མི་ནུས་ཏེ། །ཏིལ་མར་བཞིན་དུ་བཞུགས་པ་གསལ་བ་མིན། །ཏིལ་བརྡུངས་ཕུབ་མ་བསལ་བར་གྱུར་པ་ལས། །ཏིལ་མར་སྙིང་པོ་འབྱུང་བ་དེ་བཞིན་དུ། །བླ་མས་བསྟན་པ་དེ་བཞིན་ཉིད་ཀྱི་དོན། །ཡུལ་རྣམས་དབྱེར་མེད་ངོ་བོ་གཅིག་ཏུ་འགྱུར། ཀྱེ་ཧོ། རིང་དུ་འགྲོ་བ་གཏིང་དཔག་དཀའ་བའི་དོན། །ད་ལྟ་ཉིད་དུ་གསལ་བ་ངོ་མཚར་ཆེ། ཞེས་དོན་དམ་པར་ལམ་སྦྱང་བྱ་དང་སྤང་གཉེན་གྱི་ཁྱད་པར་དང་འབྲས་བུའི་སྤངས་རྟོགས་ལ་སོགས་པ་མེད་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་འབྲས་ལ་རགས་ལས་པས། ཏིལ་དང་ཏིལ་མར་གྱི་དཔེས་བསྟན་ཏེ། གཏུན་དང་གཏུན་ཤིང་དང་སྐྱེས་བུའི་ལག་པའི་འདུ་བྱེད་ཀྱིས་བརྡུང་བ་དང་འཚིར་བར་མ་བྱས་ན་མར་གྱི་དོན་བྱེད་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན་རྒྱུ་གཅིག་གིས་མ་ཡིན་རྐྱེན་གཅིག་གིས་མ་ཡིན་ཐམས་ཅད་རྟེན་འབྲེལ་གྱི་ནུས་པ་ཚོགས་པ་ལས་འབྱུང་བས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྐུ་ཡིས་ཁྱབ་ཀྱང༌། བླ་མས་མ་མཚོན་ལམ་གྱི་རྟོགས་པས་མ་སྦྱངས་ན་འབྲས་བུ་མངོན་དུ་མི་བྱེད་པས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་འབྲས་རྟེན་འབྲེལ་ལ་རགས་ལས་པས་འདི་ལྟར་རོ། །ཞེས་ཏིལ་བརྡུངས་པ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རྟོགས་ཚད་བརྗོད་པས། དུས་དེར་དེ་བཞིན་ཉིད་ཀྱི་སྒྲ་ཐོས་པ་ཙམ་གྱིས་དེར་འདུས་པ་ཐམས་ཅད་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མཐོང་ཞིང་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་ནས་ལན་གཅིག་ཟ་ཧོར་གྱི་ཡུལ་དེ་སྟོང་པར་གྱུར་ཏོ་ཞེས་གྲགས་སོ། ༈ །རྗེ་མར་པའི་མགུར་ཆེན་རྣམས་བཞུགས་སོ། ན་མོ་གུ་རུ། གཉུག་མ་སྤྲོས་བྲལ་ཆོས་ཀྱི་སྐུ། །འོད་གསལ་འགྲོ་འོང་མེད་པ་ལ། །གཞན་དོན་བརྩེ་བ་ཆེན་པོ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། །ས་བཅུའི་འཁོར་རྣམས་འདུལ་མཛད་པའི། །བདེ་གཤེགས་དྲུག་པ་རྡོ་རྗེ་འཆང༌། །དེས་གསུང་བཀའ་རྣམས་སྡུད་པ་པོ། །གསང་བདག་ཕྱག་ན་རྡོ་རྗེ་དང༌། །རྗེ་བཙུན་མཁའ་འགྲོ་སུ་མ་ཏིས། །བྱིན་གྱིས་བརླབ་མཛད་སྤྲུལ་པའི་སྐུ། །ཏིལླི་ཞེས་བྱར་གྲགས་པ་ཡི། །རྣལ་འབྱོར་དབང་ཕྱུག་ཐུགས་ཀྱི་སྲས། །དཀའ་བ་སྤྱད་པའི་ནཱ་རོ་པ། །མཁྱེན་པའི་མངའ་བདག་འཛམ་གླིང་རྒྱན། །ཞབས་རྡུལ་ཟེའུ་འབྲུ་བསྟན་མཛད་པའི། །སྒྲ་སྒྱུར་མར་པ་ལོ་ཙཱ་དང༌། །རས་ཆེན་ཡབ་སྲས་ལ་སོགས་པའི། །བཀའ་བརྒྱུད་རྣམས་ལ་གུས་ཕྱག་འཚལ། །རྡོ་རྗེ་ཐེག་པའི་རྒྱལ་སྲིད་ཀྱིས། །འགྲོ་བ་སྐྱོང་མཛད་ཆོས་ཀྱི་རྗེ། །ལྷོ་བྲག་མར་པའི་ཞབས་ལ་འདུད། དེ་ནས་རྗེ་མར་པས་དཔལ་ནཱ་རོ་པ་ལ་བདེ་མཆོག་གི་དབང་རྒྱུད་འགྲེལ་བཤད་རྣམས་དགོས་ཞེས་གསོལ་བ་བཏབ་པས། དབང་རྒྱས་པར་གནང་རྒྱུད་འགྲེལ་བཤད་ལུང་དུ་གནང་ནས་གལ་ཉམས་ལེན་ཆེ་བ་ཡིན་གསུངས། བཀའ་བབ་བཞིའི་གདམས་པར་གྲགས་པ་ནཱ་རོ་ཆོས་དྲུག་དང་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་སུ་ངོ་སྤྲོད་པ་ཕྱག་རྒྱ་ཆེན་པོ་རྣམས་གནང་ནས་བསྒོམས་པས། སྤྱིར་གྱི་གསང་བསྔགས་བླ་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་མང་པོ་ཐུགས་ལ་འཁྲུངས་ཤིང་ཁྱད་པར་དུ་གཏུམ་མོ་བསྒོམས་པས་བདེ་གསལ་མི་རྟོག་པ་ཟུང་འཇུག་མངོན་དུ་གྱུར་པས་སྒོ་གསུམ་གཡོ་འགུལ་མི་ནུས་པའི་ངང་ལ་ཞག་བདུན་གྱི་བར་བརྟན་པ་ཐོབ་པ་དང༌། རྟགས་བཅུ་རྣམས་བྱུང་བས་ཐུགས་སྤྲོ་བའི་ངང་ལས་ཉིན་མཚན་འདའ་བ་བྱུང་ངོ༌། །དེ་ནས་མར་པའི་ཐུགས་དགོངས་ལ་ངས་བལ་པོ་དང་རྒྱ་གར་དུ་ལོ་བཅུ་གཉིས་ཙམ་སོང་འདུག དབང་དང་གདམས་ངག་ཐོབ་པ་ཙམ་དུ་མ་བཞག་པར་ཚིག་དོན་གཉིས་ལ་སློབ་གཉེར་དང་ཉམས་ལེན་རང་མི་འགྱོད་པ་བྱས་པས་སྨྲ་རྒྱུ་དང་བསྒོམ་རྒྱུ་ཡང་གཞན་ལ་སྨོས་མི་དགོས་པ་བྱུང༌། ད་གསེར་ཕལ་ཆེར་རྫོགས་འདུག་པས་རེ་ཞིག་བོད་ལ་ཕྱིན་གསེར་ཅི་མང་རང་ཞིག་བསྒྲུབས་ཏེ། སླར་ཡང་རྒྱ་གར་དུ་ཡོངས་ནས་བླ་མ་རྣམས་འབུལ་བས་མཉེས་པ་དང་ཆོས་སྔར་ཐོབ་པ་རྣམས་ལ་དོགས་གཅོད་ནན་ཏན་བྱེད་པ་དང་མ་ཐོབ་པ་རྣམས་ཅི་ཐོབ་བྱེད། བོད་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྒོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་ཞིག་ཅིས་ཀྱང་བྱེད་དགོངས་པ་ཤར་ནས་གསེར་ལྷག་མ་གང་ཡོད་ཀྱིས་ལམ་ཆས་ཙམ་ཞིག་མ་གཏོགས་ཀུན་གྱིས་ཡོ་བྱད་བསྒྲུབས་ཏེ་བྲམ་ཟེ་སུ་ཀ་མ་ཏི་དང་རྣལ་འབྱོར་མ་སུ་ཁ་དྷ་རི་ལ་སོགས་པ་རྣམས་བཀུག་ནས་པན་ཆེན་ནཱ་རོ་པ་ལ་གཏང་རག་དང་དགའ་སྟོན་དུ་ཚོགས་མཆོད་ཕུལ་བའི་གྲལ་དུ་མར་པའི་ཐུགས་དགོངས་ལ། ཡང་བོད་ནས་རྒྱ་གར་དུ་འོང་བའི་དོན་ལ་བླ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་པོ་དང་མཇལ། རྒྱུད་འགྲེལ་པ་དང་བཅས་པ་མང་པོ་ཐོབ་ཅིང་སློབ་གཉེར་བྱས། སྒྲ་སྐད་ལོ་ཙཱ་ནི་མཁས་པའི་ཚད་དུ་ཤེས། ཉམས་དང་རྟོགས་པ་ཕྱིན་ཅི་མ་ལོག་པ་ནི་རྒྱུད་ལ་སྐྱེས། ད་བར་ཆད་མེད་པར་བོད་དུ་ལོག་འགྲོ་བ་ཡིན་པས་དུས་དེ་རིང་ལས་དགའ་བ་མི་ཡོང་དགོངས་ནས་མགུར་ཆེན་བརྒྱད་ཀྱི་ཐོག་མ་དཔལ་ནཱ་རོ་པའི་དྲུང་དུ་དབྱངས་རིང་ཏམྦུ་རའི་ཁོང་རྒྱུད་ཀྱི་སྐད་ལ་རྟ་དྲངས་ཏེ། རྟོགས་པ་འདི་མགུར་དུ་ཕུལ་བ་ལགས་སོ། ༈ །རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །ཁྱེད་སྔོན་སྦྱངས་བསོད་ནམས་བསགས་པའི་ཕྱིར། །སྤྲུལ་སྐུ་ཏཻ་ལོ་དངོས་དང་མཇལ། །སྤང་དཀའ་སྲིད་པའི་སྡུག་བསྔལ་ལ། །ཁྱད་དུ་བསད་པ་བཅུ་གཉིས་མཛད། །དཀའ་བ་སྤྱད་པའི་ཐུགས་དམ་དེས། །སྐད་ཅིག་ཉིད་ལ་བདེན་པ་གཟིགས། །ཤྲཱི་ཛྙཱ་ན་སིདྡྷིའི་ཞབས་ལ་འདུད། །སྒྲ་བསྒྱུར་བོད་ཀྱི་བན་ཆུང་ང༌། །སྦྱངས་པ་སྔ་མའི་ལས་འབྲེལ་གྱིས། །ནཱ་རོ་པན་ཆེན་ཁྱེད་དང་མཇལ། །རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་བསླབས། །སྙིང་པོ་མ་ཧཱ་མཱ་ཡཱ་གནང༌། །ཡང་སྙིང་བདེ་མཆོག་འཁོར་ལོ་ཞུས། །ལར་རྒྱུད་སྡེ་བཞིའི་ཁོང་སྙིང་ཕྱུང༌། །མ་སྐལ་པ་བཟང་མོས་རྗེས་གནང་བའི། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པའི། །དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཟག་པ་མེད་པའི་ཏིང་འཛིན་སྐྱེས། །ཞག་བདུན་བར་དུ་བརྟན་པ་ཐོབ། །སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས། །གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད། །རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས། །བདེ་གསལ་མི་རྟོག་ཁོང་ནས་ཤར། །བག་ཆགས་གཉིད་ཀྱི་འཁྲུལ་པ་དེ། །འོད་གསལ་ལམ་གྱི་ངོ་བོར་རྟོགས། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ། །ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་འདི། །སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས། །ནང་འཛིན་པ་ཡིད་ཀྱི་རྣམ་ཤེས་འདི། །སྔོན་ཆད་མཛའ་བོ་ཕྲད་པ་བཞིན། །སེམས་ཉིད་རང་ངོ་རང་གི་ཤེས། །ལྐུགས་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་ཤར། །གཞོན་ནུས་བདེ་བ་མྱོང་བ་བཞིན། །སྨྲ་རུ་མེད་པའི་དོན་གཅིག་རྟོགས། །རྗེ་སྐུ་དྲིན་ཆེའོ་ནཱ་རོ་པ། །སྔར་ཡང་དབང་བསྐུར་བྱིན་གྱིས་བརླབས། །ད་རུང་སྐུ་དྲིན་བསྐྱང་དུ་གསོལ། ཞེས་རྟོགས་པ་ཕུལ་བས་པཎ་ཆེན་ནཱ་རོ་པའི་ཕྱག་མར་པའི་དབུ་ཐོག་ཏུ་བཞག་ནས་མ་འོངས་ལུང་བསྟན་གྱི་མགུར་འདི་གསུངས་སོ། སྔོན་ཚུལ་བཞིན་སྦྱངས་པའི་ལས་འཕྲོ་ཅན། །གཉུག་མའི་དོན་རྟོགས་རྣལ་འབྱོར་པ། །བོད་ཡུལ་གྱི་མར་པ་ལོ་ཙཱ་ཁྱོད། །རིགས་ལྔ་བྱ་འཕུར་ཆོས་ཉིད་ཀློང༌། །འཁོར་ལོ་སྒྱུར་རྒྱལ་རིན་ཆེན་འཛིན། །རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། །ཆོས་རྒྱུད་ཆུ་བོའི་གཞུང་དང་འདྲ། །ཞེན་པ་རྡོ་ལ་རི་མོ་བཀྲ། །འཁོར་བའི་ཆུ་རིས་རང་ཡལ་འགྱུར། །བུ་སེངྒེ་ཁྱུང་གི་ཕྲུ་གུ་བཞིན། །སློབ་མ་བས་ཀྱང་ཡང་སློབ་བཟང༌། །ཐེག་པ་ཆེན་པོའི་དོན་རྟོགས་ནས། །ལས་ཅན་སྨིན་དང་གྲོལ་གྱུར་པའི། །སྐལ་ལྡན་གདུལ་བྱའི་རྒྱལ་པོ་ཁྱོད། །ད་ནི་བོད་ཡུལ་དབུས་སུ་བྱོན། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །སྤོས་ཀྱི་ཤིང་སྣ་རྒྱས་པའི་ས། །སྨན་སྣ་ཚོགས་སྐྱེ་བའི་རི་མགུལ་ན། །སྐལ་ལྡན་གདུལ་བྱ་སྣོད་ལྡན་ཡོད། །བུ་དེ་རུ་སོང་ལ་འགྲོ་དོན་མཛོད། །ཁྱོད་ཀྱིས་འགྲོ་དོན་འགྲུབ་པར་ངེས། །ཚེ་འདིར་བརྩེ་གདུང་ནང་མཐུན་པས། །འོད་གསལ་ངང་ལ་འདུ་འབྲལ་མེད། །ཕྱི་མ་དག་པ་མཁའ་སྤྱོད་དུ། །ཁོ་བོས་བསུས་ནས་འབྲལ་མེད་དུ། །འགྲོགས་པར་འགྱུར་ལ་གདོན་མི་ཟ། །བུ་ཁྱོད་ཀྱི་སེམས་ལ་དེ་ལྟར་ཞོག །ཅེས་ལུང་བསྟན་པའི་མགུར་རོ། ༈ །ནཱ་རོ་པའི་ཞལ་ནས། སྣང་བ་གཟུགས་ཀྱི་དངོས་པོ་འདི། །སྐྱེ་བ་མེད་པའི་རང་བཞིན་ལ། །སྤྱད་དུ་ཡོད་ན་སྤྱོད་རིགས་ཏེ། །མེད་པར་སྤྱད་ན་འདོད་རིགས་ཤིང༌། །རང་བཞིན་བདེ་གསལ་ཤེས་པ་འདི། །ཅི་ཡང་མེད་པའི་སྟོང་པ་ལ། །གྲུབ་ན་ཞེ་འདོད་རིགས་པ་སྟེ། །གྲུབ་པ་མེད་པ་ཞེ་འདོད་ཅིང༌། །སེམས་ཉིད་འོད་གསལ་སྟོང་པ་འདི། །སྒྲོ་སྐུར་གཉིས་དང་བྲལ་བ་ལ། །དེ་ཡང་ཉམས་སུ་རྟོགས་རིགས་ཏེ། །མེད་པར་ཉམས་སུ་མྱོང་རིགས་ཏེ། །ཡིད་ལ་མི་ཕྱེད་ཕྱག་རྒྱ་ཆེན་པོའི་ལམ། །སྤྲོས་བྲལ་བརྗོད་མེད་སྒྲིབ་བྲལ་སེམས་ཀྱིས་ནི། །ཡེ་ཤེས་མཐོང་སྟེ་སུ་ལ་ཡིད་མི་བྱ། །དམིགས་མེད་ཡིད་ལ་མི་བྱ་ཞིང༌། །དྲན་པ་རྡུལ་ཙམ་ཡེངས་མེད་པ། །དེ་འདྲའི་ཆོས་གཅིག་བདག་གིས་རྙེད། །ད་ནི་སུ་ལའང་དྲི་བར་མི་བྱ་སྟེ། །དྲི་བ་ཤུགས་འབྱུང་རྣལ་འབྱོར་རང་གྲོལ་ཡིན། ཅེས་གསུངས་སོ། མར་པའི་ཞལ་ནས། བརྒྱུད་པ་ཀུན་ལ་ཡོད་མོད་དེ། །མཁའ་འགྲོ་ཡོད་ན་ཡོད་པ་ཡིན། །མྱེས་པོ་ཀུན་ལ་ཡོད་མོད་དེ། །ཏཻ་ལོ་ཡོད་ན་ཡོད་པ་ཡིན། །བླ་མ་ཀུན་ལ་ཡོད་མོད་དེ། །ནཱ་རོ་ཡོད་ན་ཡོད་པ་ཡིན། །གདམས་ངག་ཀུན་ལ་ཡོད་མོད་དེ། །སྙན་བརྒྱུད་ཡོད་ན་ཡོད་པ་ཡིན། །བསྒོམས་ཏེ་སངས་རྒྱས་ཀུན་ལ་འོང༌། །མ་བསྒོམ་རྒྱས་ན་རྒྱས་པ་ཡིན། །སྙན་བརྒྱུད་ཀྱི་ངོ་སྤྲོད་མི་མངའ་བའི། བཤད་རྒྱུད་ཚིག་གི་ཐ་སྙད་ལ། །ཚེ་གཅིག་སངས་རྒྱས་མ་རེ་མཛོད། །ཅེས་གསུངས། ༈ རྗེ་བཙུན་མི་ལའི་གསུང་མགུར་ཐོར་བུ་བཞུགས། ༈ ན་མོ་གུ་རུ། གངས་ཅན་ཁྲོད་དུ་སྐུ་འཁྲུངས་ཤིང༌། །འཇིག་རྟེན་སྐྱོན་གྱིས་མ་གོས་པ། །ནཱ་རོའི་བརྒྱུད་པས་བྱིན་རླབས་ཕྱིར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གྲགས་ཕྱག་གི་གནས། །མཚན་མི་ལ་ཞེས་བྱར་ཡོངས་གྲགས་པའི། །རས་པ་དེ་ལ་གུས་ཕྱག་འཚལ། །འཁོར་བ་སྙིང་པོ་མེད་པར་ཐུགས་ལ་ཤར། །ཟས་གོས་འདུན་པ་བྲལ་བས་རི་ཁྲོད་འགྲིམ། །བདེ་དྲོད་ངོ་འཕྲོད་སྲོག་རྩོལ་གནད་དུ་ཚུད། །རྗེ་བཙུན་མི་ལའི་སྐུ་ལ་ཕྱག་འཚལ་བསྟོད། རྒྱལ་བ་མ་ལུས་པའི་ཁྱབ་བདག་རྡོ་རྗེ་ཐེག་པའི་གསང་བ་ལེགས་པར་གྲུབ་པ་འཕགས་པའི་ཡུལ་ཉིད་ཀྱི་བདག་ཉིད་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་རྗེ་བཙུན་མི་ལ་རས་པ་ཆེན་པོ་དེ་ཉིད་ལ་བླ་མ་དང་ཇོ་མོས་ཐུགས་ལ་བཏགས་ཤིང་གདམས་ངག་ཐམས་ཅད་རྫོགས་པ་དང་ད་ང་ཡར་ལ་འགྲོ་ཞུས་ཏེ་མི་ལས་མགུར་ལ་སྔ་བ་གཙང་ལ་ཡར་འགྲོའི་མགུར་དུ་ཕུལ་བ་ཡིན་ནོ། ༈ །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་འགྲོ་བར་ཞུ། །ང་ཡི་ཨ་མ་ལུས་ཀྱི་སྒྲོམ་བུ་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་བལྟ། །སྲིང་མོ་པེ་ཏ་དཔལ་འདྲེན་དེ། །དུས་ད་ལྟ་བདེ་འམ་མི་བདེ་བལྟ། །ཁྱིམ་མཚེས་ཨ་ཁུ་གཡུང་དཔལ་དེ། །དུས་ད་ལྟ་ཤིའམ་མ་ཤི་བལྟ། །ཨ་ནེ་ཁྱུང་བཟའི་དཔལ་འདྲེན་དེ། །དུས་ད་ལྟ་སྐྱིད་དམ་མི་སྐྱིད་བལྟ། །ཁང་པ་ཀ་བཞི་གདུང་བརྒྱད་དེ། །དུས་ད་ལྟ་འགྱེལ་ལམ་མ་འགྱེལ་བལྟ། །གཙང་ཁང་ཟུར་བཞི་ལོགས་བརྒྱད་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་བལྟ། །གཤོང་ཞིང་འོར་མོ་གྲུ་གསུམ་ལ། །འཇག་སྐྱ་ཕྱུར་རམ་མ་ཕྱུར་བལྟ། །དམ་ཆོས་གླེགས་བམ་རྒྱས་པ་དེ། །དུས་ད་ལྟ་བཞུགས་སམ་མ་བཞུགས་བལྟ། །བླ་མཆོད་དཀོར་གཉེར་ལྷ་འབུམ་དེ། །དུས་ད་ལྟ་སྐུ་ཁམས་ཨེ་བཟང་བལྟ། །རྗེ་མི་བསྐྱོད་གྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་གཅིག་ཡུལ་དུ་འགྲོ་བ་ལ། །སྐྱེལ་མ་དང་བསུ་མའི་ཐུགས་དམ་མཛོད། །བར་ཆད་དང་རྐྱེན་ངན་གྱི་བཟློག་པར་མཛོད། །ལུས་ངག་དང་བསམ་པའི་སྲུང་མ་མཛོད། །སྨོན་ལམ་དང་ཐུགས་ཁུར་གྱི་རྟེན་འབྲེལ་མཛོད། །ཐུགས་རྗེ་དང་ནུས་པའི་དབང་བསྐུར་མཛོད། །རྒྱུད་ལུང་དང་མན་ངག་གི་རྒྱབ་བརྟེན་མཛོད། །ཚེ་རིང་ནད་མེད་ཀྱི་བཀྲ་ཤིས་མཛོད། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། ཞེས་ཞུས་པས་བླ་མའི་ཞལ་ནས་འོ་མཐུ་ཆེན་ཡིད་གཉིས་དང་ཐེ་ཚོམ་མི་དགོས། ཁྱོད་ལ་ཡང་ང་ཤེས་ང་ལ་ཡང་ཁྱོད་ཤེས། ཆོས་ནུས་ན་ང་ཡང་གང་ནས་དགའ་འདི་ནས་དགའ་ངེས་པ་མེད་པར་དགའ་ཁྱོད་ཀྱང་གང་ནས་སྐྱིད་དང་འདི་ནས་སྐྱིད་མེད་པར་སྐྱིད་པས་རེམས་ཤིག་གསུངས་ཏེ་མགུར་འདི་གསུངས་སོ། ༈ །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ལས་བྱས་པ་ཆོས་དང་མཐུན་པའི་བུ། །ལུས་སྤྲུལ་སྐུ་སངས་རྒྱས་སུ་འགྲུབ་པར་ཤོག །ངག་རྡོ་རྗེའི་བཟླས་པ་བདུད་རྩིའི་རོས། །རྟེན་འབྲེལ་ལོངས་སྐུར་འགྲུབ་པར་ཤོག །སེམས་རྩ་བ་བྱང་ཆུབ་ཀྱི་སྡོང་པོ་ལ། །ཆོས་སྐུའི་ལོ་འདབ་རྒྱས་པར་ཤོག །བླ་མའི་བཀའ་ཚིག་རྡོ་རྗེའི་གསུང༌། །སྙིང་ལ་བརྗེད་མེད་གནས་པར་ཤོག །ཡི་དམ་མཁའ་འགྲོའི་བྱིན་རླབས་དེ། །སྲོག་གི་རྩ་བར་གནས་པར་ཤོག །ཆོས་སྐྱོང་སྲུང་མའི་རྒྱབ་བརྟེན་དེས། །འབྲལ་བ་མེད་པར་སྐྱོང་བར་ཤོག །རྟེན་འབྲེལ་ཟབ་མོའི་སྨོན་ལམ་དེ། །མྱུར་བ་ཉིད་དུ་འགྲུབ་པར་ཤོག །ཆོས་མཛད་ཀུན་གྱི་ཐུགས་རྗེ་དེ། །དུས་གསུམ་ཀུན་དུ་འཛིན་པར་ཤོག །ཁྱོད་གཙང་བསིལ་མ་ལ་ཡི་ལ་ཐོག་ཏུ། །བརྟན་མ་བཅུ་གཉིས་ཀྱི་བསུ་མ་ཡོད། །སང་ཉིན་འགྲོ་བའི་ལམ་ཁ་ན། །དཔའ་བོ་མཁའ་འགྲོའི་སྐྱེལ་མ་ཡོད། །ཕ་ཡུལ་ཞེན་པའི་མཁར་ཞིང་ན། །མི་རྟག་སྒྱུ་མའི་དམ་ཆོས་ཡོད། །ཨ་ནེ་སྲིང་མོའི་ཉེ་འཁོར་ན། །སྒྱུ་མ་བཤིག་པའི་གདམས་ངག་ཡོད། །མི་མེད་ལུང་པའི་བྲག་ཕུག་ན། །འཁོར་འདས་བརྗེ་བའི་ཚོང་འདུས་ཡོད། །སྙིང་རུས་ལུས་ཀྱི་དགོན་པ་ན། །ལྷ་བདེ་གཤེགས་འདུས་པའི་མཆོད་ཁང་ཡོད། །ན་མེད་ཟྭ་ཡི་ཚོགས་འཁོར་ལ། །མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། །འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཡུལ་མི་རྩིས་ཆུང་བའི་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕ་འབབ་ཡོད། །གྲིབ་དྭངས་པ་ལྷ་ཡི་གཞལ་ཡས་ན། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །ངོ་ལྐོག་མེད་པའི་ལྷ་ཆོས་ལ། །དམ་ཚིག་གཙང་མའི་འཕྲིན་ལས་ཡོད། །བཀའ་བཞིན་སྒྲུབ་པའི་སོ་ནམ་ལ། །དངོས་གྲུབ་ཀུན་གྱི་གཏེར་ཁ་ཡོད། །དམ་ཆོས་མཁའ་འགྲོའི་སྲོག་སྙིང་ལ། །འཁོར་འདས་གཉིས་ཀྱི་གྱེས་སོ་ཡོད། །མར་པ་ལོ་ཙཱའི་བུ་རྒྱུད་ལ། །གཏམ་སྙན་མང་པོའི་ཡོང་སྒོ་ཡོད། །མི་ལ་རས་པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། ཅེས་གསུངས་ཏེ། ད་འགྲོ་ན་ངས་ཀྱང་ཡར་སྐྱེལ་གསུངས་ནས། ཇོ་མོས་ཕུད་བཟང་པོ་དང་ཚོགས་འཁོར་བཤམས། ལམ་ཆས་གང་འདོད་པའི་གྲོ་བརྒྱགས་སྤྲད་དེ་ཇོ་མོ་ཡང་ཉམས་འཕར་བ་དང་སྤྱན་ཆབ་མང་པོ་ཤོར་ཏེ་ཡབ་ཡུམ་སྐུ་འཁོར་བཅུ་ཙམ་གྱིས་སྔ་གྲོ་གཅིག་གི་བར་སྐྱེལ་ཐུང་མཛད་དེ། ཡིད་འཕྲེང་བའི་སྐྱོ་ཤས། ངག་འཕྲེང་བའི་སྙིང་གཏམ། ལུས་འཕྲེང་བའི་ཕྱག་རྒྱ་མང་དུ་མཛད་ཅིང༌། ཚོགས་འཁོར་ཞིག་ཤར་ནུབ་གསལ་བའི་ལ་ཁར་མཛད་ནས། མར་པས་མི་ལའི་ཕྱག་ནས་བཟུང་སྟེ། ངའི་རྒྱུད་པ་འདི་ཁྱོད་ཀྱིས་འཛིན་པའི་རྨི་ལམ་འདི་ལྟ་བུ་ཡོད་གསུངས་ནས་ཀ་ཆེན་བཞིའི་མགུར་འདི་གསུངས་སོ། ༈ །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སེངྒེ་འགྱིང་བ་རྨིས། །སེང་གཡུ་རལ་གྲ་རུ་རྒྱས་པ་རྨིས། །སེང་གངས་དཀར་སྟོངས་སུ་འཕྱོ་བ་རྨིས། །ཤར་རྨི་ལམ་མི་ངན་རྨི་ལམ་བཟང། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སྟག་མོ་ངར་བ་རྨིས། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་རྨིས། །ཁོང་འཛུམ་ལན་གསུམ་བྱས་པ་རྨིས། །སྟག་ནགས་མའི་གསེབ་ཏུ་འཕྱོ་བ་རྨིས། །ཐང་ཤིང་རྒྱུད་དུ་འབྲེལ་བ་རྨིས། །ལྷོ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་ཁྱུང་ཆེན་བབས་པ་རྨིས། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་སྤུ་གནམ་དུ་གཟེངས་པ་རྨིས། །བྱ་མིག་གྱེན་ལ་བལྟ་བ་རྨིས། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་རྒོད་གཅིག་བབས་པ་རྨིས། །རྒོད་རྩེ་གྲོ་གྲ་རུ་རྒྱས་པ་རྨིས། །བྱ་ཚང་བྲག་ལ་བཅས་པ་རྨིས། བྱ་དེ་ལ་བུ་གཅིག་སྐྱེས་པ་རྨིས། །བྱ་བྲན་གྱིས་ནམ་མཁའ་གང་བ་རྨིས། །བྱང་རྨི་ལམ་མི་ངན་རྨི་ལམ་བཟང། །སྔོན་ཆད་དབྱངས་ལ་བསྐྱལ་མ་མྱོང༌། །ད་རེས་ཚིག་ལ་གསལ་ཞིག་འདེབས། །ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་མཚུར་སྟོན་དབང་ངེ་ཡིན། །ཀ་ཐོག་ཏུ་སེངྒེ་འགྱིང་བ་དེ། །ཁོང་མི་གཞི་སེང་དང་འདྲ་བ་ཡིན། །སེང་གཡུ་རལ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ཡིན། །སེང་གངས་དཀར་སྟོངས་སུ་འཕྱོ་བ་དེ། །གདམས་ངག་གི་བརྒྱུད་པ་ཟིན་པའི་རྟགས། །ཤར་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་དེ། །གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། །ཀ་ཐོག་ཏུ་སྟག་མོ་ངར་བ་དེ། །ཁོང་མི་གཞི་སྟག་དང་འདྲ་བ་ཡིན། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །ཁོག་འཛུམ་ལན་གསུམ་བྱས་པ་དེ། །བཤད་བརྒྱུད་ཀྱི་བསྟན་པ་དར་བའི་རྟགས། །སྟག་ནགས་མའི་གསེབ་ཏུ་འཕྱོ་བ་དེ། །ཚེ་གཅིག་གིས་གྲུབ་པ་བརྙེས་པའི་རྟགས། །ཐང་ཤིང་རྒྱུད་དུ་འབྲེལ་བ་དེ། །བུ་ཚ་བོས་བརྒྱུད་པ་འཛིན་པའི་རྟགས། །ལྷོ་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་དེ། །གཙང་རོང་གི་མེས་སྟོན་ཚོན་པོ་ཡིན། །ཀ་ཐོག་ཏུ་ཁྱུང་ཆེན་བབས་པ་དེ། །ཁོང་མི་གཞི་ཁྱུང་དང་འདྲ་བ་ཡིན། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །བྱ་སྤུ་གནམ་དུ་གཟིངས་བ་དེ། །གདམས་ངག་གི་བརྒྱུད་པ་ཟིན་པའི་རྟགས། །བྱ་མིག་གྱེན་ལ་བལྟ་བ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བའི་རྟགས། །ནུབ་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་དེ། །ཁྱོད་གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་བབས་པ་དེ། །ཁྱོད་མི་གཞི་རྒོད་དང་འདྲ་བ་ཡིན། །རྒོད་རྩེ་སྒྲོ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །བྱ་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་ལས་སྲ་བའི་རྟགས། །བྱ་དེ་ལ་བུ་གཅིག་སྐྱེས་པ་དེ། །འགྲན་གྱི་དོ་མེད་གཅིག་འབྱོན་པའི་རྟགས། །བྱ་བྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བའི་རྟགས། །བྱང་རྨི་ལམ་བཟང་བ་དེ་ལྟར་ལགས། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན། ཆོས་སྒྲུབ་རྒྱུད་ཀྱི་བསྟན་པ་དར་ཏེ་མཆི། ཞེས་གསུངས་པས་སེམས་དཔའ་ཏིང་གིས་སོང་སྟེ། ངས་སྙིང་རུས་ཤིག་ནུས་ན་དོགས་པ་མེད་པར་འདུག་བསམ་པའི་སྣང་བ་མཐོ་ཏིང་ངེ་བ་ཞིག་རྒྱུན་ཏུ་བྱུང་ངོ༌། ༈ །ཞེས་གསུངས་སོ། །ཡང་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ལྟ་བ་འདི་ལ་གཟེར་གསུམ་གདའ། །སྒོམ་པ་འདི་ལ་གཟེར་གསུམ་གདའ། །སྤྱོད་པ་འདི་ལ་གཟེར་གསུམ་གདའ། །འབྲས་བུ་འདི་ལ་གཟེར་གསུམ་གདའ། །ལྟ་བའི་གཟེར་གསུམ་བཤད་ཙ་ན། །སྣང་སྲིད་སེམས་སུ་འདུས་སྟེ་གདའ། །སེམས་ཉིད་གསལ་བའི་ངང་དུ་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །ལྟ་བའི་གཟེར་གསུམ་དེ་ལ་མཛོད། །སྒོམ་པའི་གཟེར་གསུམ་བཤད་ཙ་ན། །རྣམ་རྟོག་ཆོས་ཀྱི་སྐུ་རུ་གདའ། །རིག་པ་གསལ་བའི་ངང་དུ་གདའ། །མ་བཅོས་ལྷུག་པར་བཞག་པར་གདའ། །སྒོམ་པའི་གཟེར་གསུམ་དེ་ལ་མཛོད། །སྤྱོད་པའི་གཟེར་གསུམ་བཤད་ཙ་ན། །དགེ་བཅུ་སྤྱད་དུ་མེད་པར་གདའ། །སྡིག་བཅུ་སྤང་དུ་མེད་པར་གདའ། །གཉེན་པོས་བཅོས་སུ་མེད་པར་གདའ། །སྤྱོད་པའི་གཟེར་གསུམ་དེ་ལ་མཛོད། །འབྲས་བུའི་གཟེར་གསུམ་བཤད་ཙ་ན། །འཁོར་བ་སྤང་དུ་མེད་པར་གདའ། །མྱང་འདས་བསྒྲུབ་ཏུ་མེད་པར་གདའ། །རང་སེམས་སངས་རྒྱས་ཡིན་པར་གདའ། །འབྲས་བུའི་གཟེར་གསུམ་དེ་ལ་མཛོད། །གཟེར་བཅུ་གཉིས་ལོགས་ནས་གཟེར་གཅིག་འདེབས། །གཟེར་འདི་ཆོས་ཉིད་སྟོང་པའི་གཟེར། །འདེབས་མཁན་བླ་མས་རིམ་གྱིས་མཛད། །ལྷན་གྱིས་རྟོགས་ན་ཐེབས་པ་ཡིན། །མ་རྟོགས་བར་དུ་ཡོངས་མི་ཐེབས། །ཚིག་ཚོགས་བྱ་བ་རྫུན་དུ་གདའ། །སྒྲ་ཚད་འདིས་ཀྱང་དགོས་རྒྱུ་ཆུང༌། །ཉམས་སུ་མ་བླངས་ཅི་ཆ་ཡོད། ཅེས་གསུངས་སོ། ༈ །རྗེ་སྒམ་པོ་པའི་གསུང་མགུར་བཞུགས་སོ། ན་མོ་གུ་རུ་བཛྲ་དྷཱ་ར་ཛམྦུ་དྭཱི་པ་ཀཱིརྟཱི་ཡེ། རྒྱལ་བའི་ཐུགས་རྗེ་མ་ལུས་གཅིག་བསྡུས་པ། །མཚན་ཙམ་ཐོས་ཀྱང་སྲིད་པའི་ཚ་གདུང་ཞི། །དྲན་མཆོག་རྒྱལ་པོ་མཉམ་མེད་སྒམ་པོ་པ། །བྱིན་རླབས་མཚུངས་མེད་དགེ་སློང་འཚོ་བྱེད་ཅེས། །འཛམ་གླིང་གྲགས་པ་དེ་ཉིད་དྲན་ པ་ལ། །གང་ནས་བསམས་ཀྱང་དྭགས་པོ་ལྷ་རྗེ་དྲན། །ཇི་ལྟར་བྱས ་ཀྱང་ཟླ་འོད་གཞོན་ནུ་དྲན། །བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་དེ་རིང་དྲན། །ཐུགས་རྗེས་ཟུང་ཞིག་བསོད་ནམས་རིན་ཆེན་ཞབས། །བྱིན་གྱིས་རློབས་ཤིག་དྭགས་པོ་རིན་པོ་ཆེ། །ད་དུས་ངན་པ་སྙིགས་མའི་སེམས་ཅན་རྣམས། །སྤྲུལ་པས་སྐྱོངས་ཤིག་སྙི་སྒོམ་ཆོས་ཀྱི་རྒྱལ། །མགོན་ཁྱོད་ཅི་འདྲ་དེ་འདྲའི་གོ་འཕང་ཐོབ། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །རྒྱལ་བས་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་སོགས་ལས་ལུང་དུ་བསྟན་པའི་དགེ་སློང་འཚོ་བྱེད་ཅེས་བཀའ་བརྒྱུད་གྲུབ་པའི་ཆུ་འགོ་གཅིག་པུར་གྱུར་པ་རྗེ་སྒམ་པོ་པ་དེ་ཉིད་ཀྱི་སྐུ་འཁྲུངས་པའི་ཡུལ་ནི་གཉལ་ལུང་པ། གདུང་སྙི་བ། མཚན་ཀུན་དགའ། ཆུང་ནས་གསོ་རིག་ལ་སྦྱངས་པ་ཕུལ་དུ་སོན་པར་མཛད་པས་འཚོ་བྱེད་གཞོན་ནུར་གྲགས། དེ་ནས་འཁོར་བའི་རང་མཚང་གཟིགས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཚན་བསོད་ནམས་རིན་ཆེན་དུ་གསོལ། བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་བསྙེན་ཏེ་མདོ་རྒྱུད་ཀྱི་ཆོས་ཚུལ་མཐའ་ཡས་པ་ལ་གསན་བསམ་མཛད། དུས་རེ་ཤིག་ན་རྗེ་བཙུན་གྱི་སྤྲུལ་པས་བསྐུལ་བའི་རྐྱེན་གྱིས་བཟོད་མེད་ཀྱི་མོས་གུས་འཁྲུངས་ནས་ལ་སྟོད་ཕྱོགས་སུ་ཕེབས། སྤྲོ་བདེ་བཀྲ་ཤིས་སྒང་དུ་བླ་མ་རྗེ་བཙུན་ཆེན་པོ་དང་མཇལ། དེ་ཉིད་དུ་རྗེས་སུ་བཟུང་སྟེ་དབང་དང་བྱིན་རླབས་ཀྱི་བཀའ་དང་གདམས་ངག་ཕོག བསྒོམ་པ་ཙམ་གྱིས་ས་ལམ་གྱི་དྲོད་རྟགས་སྐད་ཅིག་ལ་རྫོགས། སངས་རྒྱས་སྟོང་རྩ་དང་སྨན་བླ་མཆེད་བདུན་སོགས་ལོངས་སྐུའི་ཞིང་ཁམས་རབ་འབྱམས་ཞལ་གཟིགས། དེའི་དུས་སུ་བླ་མ་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ད་ནི་འདི་ནས་ཤར་ཕྱོགས་ན་སྒམ་པོ་བདར་གྱི་རི་བོ་བྱ་བ། རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། རྩེ་མོ་རིན་ཆེན་པྲོག་ཞུ་ལྟར་ཡོད་པ། ངའི་ཞྭ་འདི་ལྟ་བུ་ཤིང་སྤང་གསེར་གྱི་མཎྜལ་བཀོད་པ་ལྟ་བུ། མདུན་རི་རིན་ཆེན་སྤུངས་པ་འདྲ་བ། རི་བདུན་བློན་པོས་ཕྱག་འཚལ་བ་ལྟ་བུ་ཡོད། དེའི་མགུལ་ན་ཁྱོད་ཀྱི་གདུལ་བྱ་ཡོད་པས་དེར་སོང་ལ་འགྲོ་དོན་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ། སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་སྣང་བ་ཤར་ཙ་ན། །ཟས་སུ་ཟག་མེད་ཏིང་འཛིན་ཟོ། །ཞིམ་མངར་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙ་ན། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན། །འཇམ་ལེགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་ཀྱི་སྣང་བ་ཤར་ཙ་ན། །ཡུལ་དུ་ཆོས་ཉིད་གཏན་ཡུལ་ཟུང༌། །ཕ་ཡུལ་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙ་ན། །ནོར་དུ་འཕགས་པའི་ནོར་བདུན་ཟུང༌། །ནོར་རྫས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙ་ན། །གྲོགས་སུ་རང་བྱུང་ཡེ་ཤེས་བསྟེན། ཟླ་གྲོགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །བླ་མ་ཡང་རྨི་ལམ་སྒྱུ་མ་འདྲ། །ལར་ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཤར་སྒམ་པོ་བདལ་གྱི་རི་བོ་དེ། །རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །རྩེ་མོ་རིན་ཆེན་པྲོག་ཞུ་འདྲ། །རི་བདུན་བློན་པོ་འདུད་པ་འདྲ། །ཤིང་སྤང་གསེར་གྱི་མཎྜལ་འདྲ། །རི་དེ་ཡི་མགུལ་ན་གདུལ་བྱ་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་མཛོད། །བུ་ཁྱོད་ཀྱི་འགྲོ་དོན་འགྲུབ་ཏེ་མཆི། གསུངས་ནས་ཁྱོད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་ཞེས་བྱ་བ་ཡིན་ནོ་གསུངས། དེ་ནས་དབང་དང་བྱིན་རླབས་གཉིས་ཀྱི་བཀའ་བྱིན། ཆོས་ཐམས་ཅད་རྫོགས་པར་གནང་ནས་ཨ་རུ་ར་གསེར་མདོག་གཅིག་ལ་ལྗགས་ཀྱི་མཆིལ་མ་བཏབ་པ་ཞིག་དང༌། མེ་ཆ་ཞིག་གནང་ནས། བླ་མའི་ཞལ་ནས་ད་ཡུལ་དུ་སོང་ལ་སྒོམས་གསུངས། སྤྱིར་ཡང་རི་དྭགས་རྨས་མའམ། བྱ་བཞིན་ཟོན་བག་ཆེ་བར་བྱ། ཞི་བ་དུལ་བ་རྩེ་རག་ཆུང་བར་བྱ། བཟོད་གླགས་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རྟོག་པ་ཤིན་ཏུ་ཆུང་བར་བྱ། རི་མཚམས་དང་སྨྲ་བཅད་དང་འདག་སྦྱར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤོང་བར་བྱ། བསགས་སྦྱངས་གཉིས་པོ་རང་སར་དག་ཅིང་ཚོགས་ཆུང་ངུ་ནས་བསག ལས་འབྲས་ནི་ནམ་མཁའ་ལྟར་གོ་ཡང་སྡིག་པ་ཆུང་ངུ་ལ་འཛེམ། མཉམ་བཞག་དང་རྗེས་ཐོབ་མེད་པའི་ཉམས་ལེན་ཡོད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་ལོངས། བདག་གཞན་མཉམ་པ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་པ་མི་གདབ། བུ་ཁྱོད་ཀྱིས་ཡོས་བུ་ལོ་རྟ་ཟླ་བའི་ཚེས་བཅུ་བཞི་ལ་བྲིན་སྙེ་ནམ་གྱི་མཚམས་སུ་སླེབས་པ་གྱིས་གསུངས་ནས་དྭགས་པོའི་སྐྱེལ་མགུར་འདི་གསུངས་སོ། ༈ །བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཞིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་དུ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །བུ་རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་བཀོད་ཅིག །དོན་མེད་ཀྱི་འབད་རྩོལ་བྱེད་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་དུ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །རང་སེམས་སྟོང་ཉིད་རྟོགས་ཙ་ན། །གཅིག་དང་དུ་མར་མ་སྦྲེལ་ཞིག །ཆད་པའི་སྟོང་ཉིད་དུ་འགྲོ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་དུ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་གི་དགེ་སྦྱོར་མ་བརྩོན་ཞིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །བུ་མ་བཅོས་གཉུག་མའི་ངང་དུ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །རྟགས་དང་ལུང་བསྟན་བྱུང་དུས་སུ། །དགའ་རློམ་ཆེད་དུ་མ་འཛིན་ཅིག །བདུད་ཀྱི་ལུང་བསྟན་འབྱུང་ཉེན་ཡོད། །བུ་ཆེད་འཛིན་མེད་པའི་ངང་དུ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །རང་སེམས་གཏན་ལ་འབེབས་དུས་སུ། །མངོན་ཤེས་ལ་འདོད་པ་མ་སྐྱེ་ཞིག །དགའ་རློམ་བདུད་ཀྱིས་ཁྱེར་ཉེན་ཡོད། བུ་རེ་བ་མེད་པའི་ངང་དུ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། ཞེས་གསུངས་སོ། །ཡང་བླ་མ་ལྷ་རྗེའི་བར་དོའི་གདམས་ངག་ཞུས་པ་ལ་གསུངས་པ། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །བུ་ཁྱོད་ཀྱིས་གསོལ་བ་བཏབ་པའི་ངོར། །ད་བར་དོ་འདི་ལ་དབྱངས་ཤིག་ལེན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་དང༌། །མྱ་ངན་ལས་འདས་པའི་སངས་རྒྱས་གཉིས། །དངོས་པོའི་གཤིས་ལ་གནས་ལུགས་གཅིག །ལྟ་བའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སུ་ཤར་བའི་དཀར་དམར་དང༌། །བརྗོད་དུ་མེད་པའི་སེམས་ཉིད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྒོམ་པའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སུ་སྣང་བའི་འཁྲུལ་སྣང་དང༌། །རང་སེམས་སྐྱེ་བ་མེད་པ་གཉིས། །གཉིས་མེད་ལྷན་ཅིག་སྐྱེས་པར་གཅིག །སྤྱོད་པའི་བར་དོ་དེ་ལ་མཛོད། །མདངས་སུམ་ཉལ་བའི་རྨི་ལམ་དང༌། །སད་ནས་རྫུན་དུ་ཤེས་པ་གཉིས། །སྒྱུ་མ་ལྟ་བུའི་ངང་དུ་གཅིག །རྨི་ལམ་གྱི་བར་དོ་དེ་ལ་མཛོད། །མ་དག་ཕུང་པོ་རྣམ་ལྔ་དང༌། །དག་པ་རྒྱལ་བ་རིགས་ལྔ་གཉིས། །མི་རྟོག་རྫོགས་རིམ་ངང་དུ་གཅིག །ལམ་བསྐྱེད་རྫོགས་ཀྱི་བར་དོ་དེ་ལ་མཛོད། །ཐབས་ལས་བྱུང་བའི་ཕ་རྒྱུད་དང༌། །ཤེས་རབ་ལས་བྱུང་བའི་མ་རྒྱུད་གཉིས། །དབང་གསུམ་ལྷན་ཅིག་སྐྱེས་པར་གཅིག །གནད་ཀྱི་བར་དོ་དེ་ལ་མཛོད། །རང་དོན་ཆོས་སྐུ་འགྱུར་མེད་དང༌། །གཞན་དོན་གཟུགས་སྐུ་འགགས་མེད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྐུ་གསུམ་གྱི་བར་དོ་དེ་ལ་མཛོད། །མ་དག་སྒྱུ་ལུས་ཀྱི་མངལ་སྒོ་དང༌། །དག་པ་ལྷ་ཡི་རྣམ་པ་གཉིས། །བར་དོ་འོད་གསལ་གྱི་ངང་དུ་གཅིག །འབྲས་བུའི་བར་དོ་དེ་ལ་མཛོད། ཅེས་གསུངས་ནས། རྗེ་བཙུན་ཡར་བྱོན་ནས་སློབ་མ་ཐམས་ཅད་བསགས་ནས་ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོགས་པ་འདུག མདངས་ངའི་རྨི་ལམ་ན་ངའི་རྩ་ནས་བྱ་རྒོད་པོ་ཞིག་དབུས་སུ་འཕུར་ནས་སོང༌། དེ་རི་ཆེན་པོ་ཞིག་གི་རྩེ་ལ་བབས་ཏེ་ཕྱོགས་ཕྱོགས་ནས་ངང་པའི་འཁོར་མང་པོ་འདུས་ཏེ་དར་ཅིག་ནས་སོ་སོར་གྱེས་ཏེ་སོང༌། ངང་པ་རེ་རེ་ལའང་ངང་གཡོག་ལྔ་བརྒྱ་ཙམ་འདུས་ནས་འདུག་སྟེ་ལུང་པའི་གཤིས་ཐམས་ཅད་སེར་ཉོག་གིས་སོང་བ་རྨིས། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ་ཁོ་བོའི་རྗེས་སུ་རབ་ཏུ་བྱུང་བ་མང་པོ་འོང་བར་འདུག ལྷ་རྗེ་སྟོན་པ་དེས་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་འདུག ཁོ་བོས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པར་འདུག་གསུངས་སོ། །དེ་ནས་དྭགས་པོ་དབུས་སུ་བྱོན་ཏེ་དགེ་བཤེས་སྙུག་རུམ་པའི་སར་བྱོན་པས། ཁོང་གིས་ཞལ་ནས་ཁྱོད་རྣལ་འབྱོར་པ་ལ་ཡོན་ཏན་ཅི་ཡོད་གསུངས་པས། རླུང་ཕྱི་ནང་དུ་མི་རྒྱུ། རྟོགས་པ་ནམ་མཁའ་དང་མཉམ་གསུངས། དེ་ནས་གཉལ་དུ་བཞུགས་ཙ་ན་བླ་མའི་གསུང་དྲན་ནས། རྒྱ་པ་གསེར་རེ་ལ་གསེར་ཞོ་བཅུ་གཉིས་བསྐྱིས་ནས་རས་སྒོམ་རས་པ་བྱ་བ་གྲོགས་སུ་ཁྲིད་ནས་བྱོན་པས་ཡར་ཀླུང་མདོར་བསླེབས་ཙ་ན་གཙང་གི་བོང་འཚོང་བ་དང་འཕྲད་པས་རྗེ་བཙུན་རྟ་ཟླ་བའི་ཚེས་བཅུ་བཞི་ལ་གཤེགས་ཟེར་ནས་ཕྱག་འཁར་དང་ན་བཟའི་རས་ཤིག་མཆོད་པའི་རྟེན་དུ་བསྐུར་འདུག་པ་ཡང་སྤྲད། དེར་སྤྱན་ཆབ་མང་པོ་ཡང་ཤོར། དྲན་མེད་དུ་བརྒྱལ་ནས་སོང་བས། རྩ་ན་ཡོད་པ་ཀུན་གྱིས་ཕྱག་ཞབས་ལ་བསྐུ་མཉེ་ཕུལ་ཞལ་རས་ལ་ཆུ་མང་པོ་བཏབ་པས་དར་གཅིག་ནས་དྲན་པ་རྙེད་དེ། གསེར་སྲང་གང་བྲིན་གྱི་ཕྱོགས་སུ་གཏོར་ཏེ་བླ་མ་ལ་གསོལ་བ་འདེབས་པའི་མགུར་འདི་ཕུལ་ལོ། ༈ །རྗེ་གངས་དཀར་གྱི་རྩེ་ལ་གཤེགས་པའི་ཚེ། །སེངྒེ་དཀར་མོའི་སྤྱོད་དང་མཚུངས། །གཞན་སྣང་ཟིལ་གྱིས་གནོན་པའི་རྣལ་འབྱོར་པ། །རྗེ་ནགས་མའི་ཁྲོད་ལ་གཤེགས་པའི་ཚེ། །རྒྱ་སྟག་ཁྲ་བོའི་སྤྱོད་དང་མཚུངས། །རེ་དོགས་བྲལ་བའི་རྣལ་འབྱོར་པ། །རྗེ་བྲག་དཀར་ཀྱི་རྩེ་ལ་གཤེགས་པའི་ཚེ། །ཐང་དཀར་རྒོད་པོའི་སྤྱོད་དང་མཚུངས། །ཕྱི་རྒྱ་རླབས་ཀྱིས་ཆོད་པའི་རྣལ་འབྱོར་པ། །རྗེ་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམ་པའི་ཚེ། །རི་དྭགས་ཡོངས་ཀྱི་སྤྱོད་དང་མཚུངས། །གདོས་ཐག་ཆོད་པའི་རྣལ་འབྱོར་པ། །རྗེ་འཁོར་གྱི་ནང་དུ་བཞུགས་པའི་ཚེ། །རྡོ་རྗེ་འཆང་གི་སྤྱོད་དང་མཚུངས། །ངེད་སྐལ་ལྡན་འདྲེན་པའི་རྣལ་འབྱོར་པ། །རྗེ་གླང་པོ་ལྟ་བུའི་སྤྱོད་དང་མཚུངས། །མཉམ་བཞག་རྗེས་ཐོབ་མེད་པར་ངེས། །རྗེ་བུ་ཆུང་ལྟ་བུའི་སྤྱོད་པ་དེ། །ནང་ན་གཟའ་གཏད་མེད་པར་ངེས། །རྗེ་བློ་དང་བྲལ་བའི་སྤྱོད་པ་དེ། །དེ་ཉིད་ཐུགས་སུ་ཆུད་པར་ངེས། རྗེ་མངོན་ཤེས་དག་དང་ལྡན་པའི་ཚེ། །ནང་གི་སེམས་ཉིད་གསལ་བར་ངེས། །རྗེ་ཟས་སྐོམ་གྱི་འདུ་ཤེས་ཆུང་བ་དེ། །ཏིང་འཛིན་ཟས་སུ་གསོལ་བར་ངེས། །རྗེ་ནོར་བུ་དབང་གི་རྒྱལ་པོ་བཞིན། །དགོས་དགུ་རང་ལ་འབྱུང་བ་ཁྱེད། །རྗེ་སྐར་ཚོགས་དབུས་ན་ཟླ་རྒྱས་བཞིན། །མང་པོའི་ནང་ནས་མཛེས་པ་ཁྱེད། །རྗེ་འདམ་གྱི་ནང་ན་པདྨོ་བཞིན། །འཁོར་བའི་སྐྱོན་གྱིས་མ་གོས་ཁྱེད། །འགྲོ་བ་ཡོངས་ལ་དྲིན་རེ་ཆེ། །བཀའ་བརྒྱུད་རྣམས་ཀྱི་རེ་བ་འགྲུབ། །ཁྱེད་ཀྱི་ཡོན་ཏན་དཔག་མེད་ལ། །བདག་གིས་ཅུང་ཟད་བསྟོད་པ་ལ། །ཐུགས་རྗེས་དགོངས་ཤིག་རྗེས་སུ་ཟུངས། །དངོས་པོའི་བསྙེན་བསྐུར་མ་མཆིས་ཀྱང༌། །སྒྲུབ་པ་ཉམས་སུ་ལེན་ལགས་ཀྱི། །ཆོས་སྐུ་གཅིག་ཏུ་མ་གྱུར་བར། །བྱིན་རླབས་ཀྱི་ཆུ་རྒྱུན་མ་གཅོད་ཅིག །ཐུགས་རྗེས་ལྕགས་ཀྱུས་མ་བཏང་ཞིག །དེ་བསྟོད་པ་ཡིས་བསོད་ནམས་ཀྱིས། །རྗེ་བཙུན་ཉིད་དང་མཇལ་བར་ཤོག །མཇལ་ནས་བྱིན་གྱིས་རློབས་པར་ཤོག །ཅེས་གསུངས་སོ། །ཡང་ནུབ་གཅིག་རྨི་ལམ་ན་བུ་གཅིག་འདུག་པ་དེའི་སྐེ་བཅད་ནས་སྐྱེ་རྒྱུད་བཅད་དོ་བྱས་རོ་རྦབ་ལ་བཏང་བ་ཞིག་རྨིས། དེ་ཕྱིན་ཆད་རྨི་ལམ་ཡེ་མི་ཡོང་བར་འདུག་སྟེ། འོད་གསལ་དུ་འགྲོ་བར་འདུག་གསུངས་ནས་དེའི་དུས་སུ་མགུར་འདི་གསུངས་སོ། བདེ་ཆེན་ཆོས་དབྱིངས་ཀྱི་ངང་ནས་དབྱངས་ཤིག་ལེན། །ཡེ་ཤེས་ཀྱི་ངང་དུ་ཚིག་གཅིག་འདེབས། །གཉིས་མེད་ཀྱི་དོན་འདི་གཏན་ལ་འབེབས། །གཞན་ཕན་སྙིང་རྗེ་ཞེན་མེད་འདི། །ཐབས་ཀྱི་མཆོག་ཏུ་གཙིར་གྱིས་བཟུང༌། །ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །ཡེ་ཤེས་ཡིན་པར་གཙིར་གྱིས་བཟུང༌། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། །མཚན་མར་འཛིན་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་གཙིར་གྱིས་བཟུང༌། །ཉམས་སུ་མྱོང་ན་སྙིང་པོ་མཐོང༌། །བཏགས་པའི་བག་ཆགས་སྣང་གྲགས་འདི། །དོན་དམ་ཡིན་པ་གཙིར་གྱིས་བཟུང༌། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། །མཚན་མར་སྐྱེས་པའི་རྣམ་རྟོག་འདི། །བརྟན་པ་ཐོབ་ན་བདེན་པ་མཐོང༌། །དེ་ཡི་དོན་ཞིག་རྟོགས་འདོད་ན། །ཆུ་བོའི་རྒྱུན་བཞིན་ཉམས་སུ་ལོངས། །བཅས་བཅོས་མ་མང་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་སར་ཞོག །ཡིད་ལ་མ་བྱེད་རང་གར་ཞོག །ཉམས་དང་རྟོགས་པ་གཅིག་ཏུ་མཆིས། །རྒྱུན་ཆད་མེད་པར་རྟོགས་ན་ཡིན། །ངོས་བཟུང་མེད་པར་བདེ་ན་ཡིན། །དམིགས་གཏད་མེད་པར་གསལ་ན་ཡིན། །ནམ་མཁའ་ལྟ་བུར་མཉམ་ན་ཡིན། །རང་སེམས་སངས་རྒྱས་སུ་མཐོང་ན་ཡིན། །ཆོས་ཉིད་མངོན་སུམ་དུ་རྟོགས་སམ་སྙམ། །མཚན་མ་རང་སར་གྲོལ་ལམ་སྙམ། །མ་བསམས་ལྷུན་གྱིས་གྲུབ་བམ་སྙམ། །ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན། །ཐོས་པ་ཆེ་བས་གོ་བ་མིན། །ཤེས་རབ་ཆེ་བས་ཤེས་པ་མིན། །རྟོག་པས་བརྟག་པའི་སྤྱོད་ཡུལ་མིན། །བྱིན་རླབས་ཀྱི་ལམ་ལ་གནས་པ་ཡིན། །བླ་མའི་གསུངས་ལ་བསྟེན་པ་ཡིན། །དད་པ་ཅན་གྱིས་རྟོགས་པ་ཡིན། །ལས་འཕྲོ་ཅན་གྱིས་གོ་བ་ཡིན། །དེ་ལྟར་རྟོགས་སམ་སྒོམ་ཆེན་ཀུན། །ཀུན་ལ་སྨྲ་བའི་རིགས་མ་ཡིན། ཞེས་གསུངས་སོ། །ལར་ང་ལ་ནི་སྒོམ་རྒྱུད་ལ་སྐྱེ་བ་དཀའ་ལས་ཆེན་པོ་དགོས་པ་བྱུང༌། ད་ཁྱེད་རྣམས་ལ་ཚེགས་མེད་དུ་སྐྱེ་བར་འདུག་སྟེ། གདམས་ངག་ཐར་ལམ་འདི་ཟབ་པའི་སྟེང་དུ་བཀའ་བརྒྱུད་འདི་ལ་བྱིན་རླབས་ཀྱི་བཀའ་བབ་གཞན་དང་མི་མཉམ་པ་ཞིག་ཡོད་གསུངས་ནས་མགུར་འདི་གསུངས་སོ། ལྟ་བ་འགྱུར་མེད་རང་གྲོལ་ཡིན། །ཐེ་ཚོམ་བགྱིད་ཡང་མི་འཚལ་ལོ། །འབྲས་བུ་དུས་གསུམ་རྒྱུན་པ་ཡིན། །རེ་དོགས་བགྱིད་ཡང་མི་འཚལ་ལོ། །ཐེ་ཚོམ་མེད་པའི་ལྟ་བ་ལ། །གཞི་རྩ་གཅོད་པའི་རྟོགས་པ་འཚལ། །སྒོམ་ཐུན་དུ་གཅོད་པ་མེད་པ་ལ། །དུས་གསུམ་རྒྱུན་པར་ཤར་བ་འཚལ། །ཚུལ་འཆོས་མེད་པའི་སྤྱོད་པ་ལ། །རང་ཁྲེལ་མེད་པའི་གཞན་ཕན་འཚལ། །རེ་དོགས་མེད་པའི་འབྲས་བུ་ལ། །གོམས་པ་མངོན་དུ་བྱས་པ་འཚལ། །དབྱངས་དེ་དང་གཅིག་གོ་འདི་དང་གཉིས། །སེམས་ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །གཙིར་གྱིས་བཟུང་དང་གཉུག་མ་ཡིན། །ལྷོད་ཀྱིས་ཀློད་དང་སྤྲོས་བྲལ་ཡིན། །ལྷན་གྱིས་རྟོགས་ན་ཆོས་སྐུ་ཡིན། །རྣམ་རྟོག་སྤངས་བས་མི་སྤོངས་ཏེ། །རྟོག་མེད་བསྒྲུབས་ཏུ་མི་གཏུབ་སྙམ། །སྙེམས་བྲལ་སེམས་ཀྱི་ངོ་བོར་རྟོགས། །ཡིན་ན་བླ་མ་རྗེ་བཙུན་མཆོད། །མིན་ན་ཤེས་པ་ཀློད་ལ་ཉལ། །སྒོམ་ཆེན་རྣམས་ཀྱི་ཐུགས་ལ་ཞོག །ཅེས་ཕ་འཛམ་གླིང་གྲགས་པས་འདི་སྐད་གསུངས་སོ། །དེ་ཐམས་ཅད་དྭགས་པོའི་ཞུ་ལན་གྱི་སྐོར་རོ། ༈ །འབའ་རོམ་དར་མ་དབང་ཕྱུག་གི་རྣམ་པར་ཐར་པ་མདོར་བསྡུས་ནི། དེ་ཡང་སྐུ་འཁྲུངས་ཡུལ་འཕན་ཡུལ་གཞུང༌། རིགས་ནི་བྲན་སྐ་བ། ཡབ་གནས་བརྟན་སྟོན་པ། ཡུམ་ལོ་ཆུང་མ་གཉིས་ཀྱི་སྲས་སུ་མེ་མོ་ལུག་ལོར་འཁྲུངས། དགུང་ལོ་བདུན་པའི་སྟེང་དུ་ཉིན་གཅིག་བུད་མེད་མཁའ་འགྲོའི་གཟུགས་སུ་བྱས་པའི་གོས་རེའུ་ཕྲུག་གཉིས་བརྩེགས་སུ་གྱོན་པ་འཁོར་བུད་མེད་བཅུས་སྐོར་བ། ལག་ཏུ་ཆག་ཤིང་ཐོགས་པ་གཅིག་བྱུང་བ་ལ་ཁོང་གིས་སུ་ཡིན་བཟླས་པས། བདག་དྭགས་པོ་སྙི་སྒོམ་གྱི་སློབ་མ་ཡིན་ཟེར། དྭགས་པོ་སྙི་སྒོམ་ལ་བུད་མེད་ཀྱི་སློབ་མ་ཡོད་པ་མ་ཚོར་བྱས་པས་མོ་ན་རེ། འོ་ན་སྙི་སྒོམས་ལས་ང་བཟང་བ་ཅི་ཆ་ཟེར། ཁོང་ཚིག་དེ་ལ་མ་དགའ་བས་ཁྱོད་རིན་པོ་ཆེ་དེ་བས་བཟང་བ་ཨང་བྱས་ཤིང་བྱིས་པ་རྩེ་རོགས་མང་པོ་ཡང་སྦྲན་ཞིང་ས་རྡོ་མང་པོ་གཏོར་བ་ལ། ཁྱོད་དྭགས་པོ་སྙི་སྒོམ་གྱི་ཁ་འཛིན་བྱེད་ལུགས་ལ་དད་པ་ཡོད་རྟགས་སུ་འདུག ཁྱོད་རང་ངེད་གཉིས་མི་འཐབ་ཟེར་ཞིང་སོང་སྐད། དེས་རྐྱེན་བྱས་པ་འདྲ་བ་བྱུང་ནས་དེ་ནུབ་མནལ་ཡེ་མ་བྱུང་མཚན་ཐོག་ཐག་ཏུ་སྒམ་པོའི་མདུན་དུ་སླེབས་ན་སྙམ་ཡིད་སྨོན་གསོལ་བ་བཏབ་པས། ཐོ་རངས་མནལ་ཅུང་ཟད་འཐུམས་པས་ཤར་ནས་འོད་དཀར་ཉི་ཟེར་ལྟ་བུ་ཁོང་གི་ཐུགས་ཀར་ཕོག་པར་རྨིས། ཕྱིར་ནང་ཅི་ཡིན་སྙམ་ཞིང་དབང་གཞོན་ལ་དྲིས་པས། བླ་མ་ལ་གསོལ་བ་བཏབ་པའི་བྱིན་རླབས་ཡིན་གསུངས། དགུང་ལོ་བརྒྱད་ལ་མཁན་པོ་སྐ་བ་པ་དང༌། དབང་གཞོན་གཉིས་ལས་རབ་ཏུ་བྱུང༌། མཚན་དར་མ་དབང་ཕྱུག་ཏུ་གསོལ། ཡབ་མེས་ཀྱི་བཞེངས་པའི་སྐ་བ་ཡུལ་སྣ་ཞེས་གཞིས་ཤིག་ཡོད་པ་བཟུང་ནས་བཞུགས། དེའི་དུས་སློབ་དཔོན་དབང་གཞོན་གྱིས་གཏོར་ཆེན་མཛད་ནས་གཏོར་དབང་བསྐུར། ཆོས་སྐྱོང་ཆེན་པོ་ཁྱེད་ཀྱིས་བདག་ལ་སྡོང་གྲོགས་མཛད་པ་དེས་ཀྱང་ལྷག་པའི་སྟོང་གྲོགས་བཙུན་ཆུང་འདི་ལ་མཛོད་ཅིག སྐུ་གསུང་ཐུགས་མ་གཡེལ་བར་ལུས་དང་གྲིབ་ལྟར་འགྲོགས་ཤིག་གསུངས་ནས་ཁོང་གི་དབུར་གཏོར་མ་བཞག ཕྱིན་ཆད་ཁྱོད་ཀྱིས་བསྟན་པ་སེམས་ཅན་ལ་ཕན་ཐོགས་ཤིང་ཆོས་སྐྱོང་ཡང་ཁྱོད་ཀྱི་རྗེས་སུ་འབྲང་གསུངས། དགུང་ལོ་བཅུའི་ཐོག་ཏུ་བྱ་ཡུལ་བ་མཇལ། ལམ་རིམ་ཁྲིད། མི་གཡོ་བ། ཐུགས་རྗེ་ཆེན་པོ། སྒྲོལ་མ་རྣམས་ཀྱི་རྗེས་གནང་ཞུས། དེ་ནས་གྲུམ་ལུང་མདུན་ནས་བྱམས་ཆོས་སྡེ་ལྔ་དང་བསླབ་བཏུས། སྤྱོད་འཇུག་ལ་སོགས་པ་མཚན་ཉིད་ཀྱི་ཆོས་མང་དུ་གསན། དེ་ནས་ཁོང་གི་མཁན་པོ་སྐ་བ་པའི་མདུན་དུ་འདུལ་བ་མདོ་རྩ་སོགས་སློབ་གཉེར་བྱེད་ཅིང་ཡོད་ཙ་ན། ཉིད་ཀྱི་ཆོས་ཐམས་ཅད་བུ་རམ་གྱི་གཟུགས་བརྙེན་འདྲ་འདུག གསང་སྔགས་ཐབས་ཀྱི་ལམ་ཉེ་ཞིང༌། ཁ་ན་མ་ཐོ་གསུམ་རང་ལུས་ཀྱི་ཤའུ་ཐུགས་ལྟར་འཛེམ་རུང་འཆི་ཁ་ཞེ་སྡང་ལོག་ལྟ་ཅུང་ཟད་སྐྱེས་ན་དམྱལ་བའི་རྒྱུ། མི་རྟག་པ་སྒོམས་པ་ཆོས་ཀྱི་རྩ་བར་འདུག་རུང་རྒྱུན་དུ་བསྒོམས་ཀྱང་འཁོར་བའི་ཞེན་པ་དྲུང་ནས་འབྱིན་ནུས་པའི་ངེས་པ་མེད། ཐོས་བསམ་སྒྲོ་འདོགས་གཅོད་པ་ལྟར་བྱེད་པ་འདིས་ཀྱང་སྟབས་མ་ལེགས་ན་ང་རྒྱལ་གྱི་སྣོན་པར་འགྲོ། བྱམས་སྙིང་རྗེ་གཞན་དོན་འབྱུང་བའི་རྒྱུ་ཡིན་ཀྱང་དམིགས་མེད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་མ་ཡིན་པས་གཞན་དོན་མི་འབྱུང༌། བླ་མ་དམ་པ་དཀོན་མཆོག་གསུམ་གྱི་རྩ་བ་ཡིན་རུང༌། བྱིན་མཐུ་མེད་པའི་བླ་མ་བསྟེན་ན། དཔེར་ན་ཆུ་བཤིག་ན་མར་མི་འབྱུང་བ་འདྲ་བས་སློབ་མའི་བརྩོན་འགྲུས་དཀའ་ཚེགས་སུ་འདུག བླ་མ་མཚན་ལྡན་བཙལ་དགོངས་ནས་དེ་ནུབ་མནལ་མ་བྱུང༌། ཕྱིར་ཉིན་ཅུང་གཟིམ་དགོངས་བྱོན་ཙ་ན། གད་ཕུག་ཞིག་ཏུ་རྣལ་འབྱོར་པ་གཞོན་མཛེས་དབུ་སྐྲ་ཕོད་ཁ་ཡོད་པ་ལུས་ཙོག་པུར་བཞུགས་པ་ལ་ཁྱེད་གང་ཡིན་གང་བྱོན་ཞུས་པས། བདག་དྭགས་ཕྱོགས་སྒམ་པོའི་དྲུང་ནས་འོང༌། ད་ནི་གར་འགྲོ་ངེས་པ་མེད་གསུངས། དེར་ཁོང་དགའ་བ་དང་མོས་གུས་སྐྱེས། བླ་མ་སྒམ་པོ་པ་སྐུ་ཁམས་བདེ་བར་བཞུགས་སམ། སྐུ་འཁོར་ཅི་ཙམ་གདའ། དམ་ཆོས་གཙོ་བོ་ཅི་མཛད་ལགས་ཞུས་པས། རྣལ་འབྱོར་པ་དེས་ཕྱག་ཐལ་མོ་སྦྱར་ནས་བླ་མ་རིན་པོ་ཆེ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུལ་བྱའི་དོན་ལ་བྱོན་པ་ལགས། དེང་སང་སྐུ་ཁམས་བཟང༌། སྐུ་འཁོར་མང་པོ་བཞུགས། ཆོས་ངེས་དོན་སྙིང་པོ་ཐེག་ཆེན་མན་ངག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་པ་ཁོ་ན་འཆད་ཟེར། སྐུ་ཆེ་བའི་ཡོན་ཏན་མང་དུ་བརྗོད་ནས་སྟོན་ཆུང་ཁྱོད་རིན་པོ་ཆེ་དེ་ལ་དད་མོས་འདུག་པས་ངས་དྲང་ཚད་སྨྲས་པ་ཡིན་པས། ཁྱོད་དེ་སྔ་བར་ཆད་ཅུང་བྱུང་འདུག་པ་དང༌། ད་འགྲོ་འདོད་ན་མྱུར་དུ་སོང༌། གསུངས་པས་དེ་མ་ཐག་ཏུ་འགྲོ་བ་ཐུགས་ཐག་བཅད། ད་ཁྱེད་ཀྱི་བདག་འགྲོ་བའི་གྲོགས་མཛད་རོགས། རྩམ་པ་ཞིག་འབུལ་ཞུས་པས། རྣལ་འབྱོར་པ་ལ་འགྲོ་འོང་གཏད་སོ་མེད། རྩམ་པ་མི་དགོས། ཁྱེད་རང་རིན་པོ་ཆེ་ལ་གསོལ་བ་ཐོབ་ནས་སོང་དང་བར་ཆད་མི་འོང་གསུངས་ནས་གཤེགས་པར་གདའ། དེ་ནས་རང་ཡུལ་དུ་བྱོན་ནས་འགྲོ་བའི་ཆས་བྱས། སྤོས་ཁ་སངས་རྒྱས་སྒོམ་པ་ཁྱེད་དྭགས་པོ་མཇལ་དུ་མི་འགྲོའམ་གསུངས་པས། ཁོང་ཡང་དད་ནས་འགྲོ་ཟེར། ཁོང་རྣམ་གཉིས་ཇ་གསེར་ཁྱེར་ནས་གཉེན་འདུན་གྱིས་མ་ཚོར་བར་སོང་ནས་དྭགས་ལྷ་སྒམ་པོར་བསླེབས། དྭགས་པོ་མཇལ། ཇ་གསེར་ཕུལ། བྱིན་རླབས་ཆོས་ཞུས་པས་བླ་མས་དེ་ལྟར་བྱ་གསུངས། ངེས་པར་ཆོས་བྱེད་ན་འཁོར་བ་ནས་བྱུང་ནས་ཚུལ་ཁྲིམས་དེ་མིག་ལྟར་སྲུངས། བླ་མར་ཟོལ་མེད་དད་མོས་བསྐྱེད། རྒྱུ་འབྲས་བླངས་དོར་དགོས་གསུངས། དེ་ནས་ཚོགས་འཁོར་མཛད་སྐབས་སུ་བླ་མར་མི་ཕྱེད་པའི་དད་པ་སྐྱེས་ཚེ་དྭགས་པོའི་ཞལ་ནས། ཁྱོད་མོས་གུས་ཆེ་བར་འདུག ཁྲིད་ཆེན་པོ་རང་མེད་ཀྱིས་འགྲོ་མང་ལ་ཕན་ཐོགས་འབྱུང་བ་ཡིན་གསུངས། ཁྱེད་རང་ནང་དུ་སྡོད་གསུངས་ནས་ཐུགས་ལ་ཤིན་ཏུ་བཏགས་པར་མཛད། དེ་མཚམས་ཟླ་གཅིག་ཐོགས་ནས་ཁོང་སྐུ་ཁམས་མ་བདེ་ནས་སྐུ་ལ་ཆུ་བུར་མང་པོ་བྱུང་ཚེ། བླ་མར་གསོལ་བ་བཏབ་པས། དེ་ནུབ་མཚོ་ནག་པོ་ཞིག་གི་ནང་ནས་ཉ་ཅོང་མང་པོ་འདུག དེར་འཇིགས་བཞིན་ནང་དུ་འགྲོ་བ་ལ་བླ་མ་མཇལ་ནས་ཞུ་བསམ་མ་ཐག བླ་མ་རིན་པོ་ཆེ་ཁྲོ་ཚུལ་གྱིས་ཕེབས་ནས་ཕྱག་གཡོན་གྱིས་སྲིན་ལག་ནས་བཟུང་ནས། བསམ་ངན་ཞེ་སྡང་གི་སྦྱོར་བ་ཡིས། །རིགས་ངན་དུད་འགྲོའི་གནས་དག་ཏུ། །རྐྱེན་ངན་རྣམ་རྟོག་ཡིད་འཇུག་ཀྱང༌། །ལས་ངན་གྱི་གནས་སུ་འཆར་དོག་ཡོད། །སྣང་སྲིད་འཁོར་འདས་རང་གི་སེམས། །མོས་གུས་བརྟན་པ་རྟེན་འབྲེལ་གནད། །ཐུགས་རྗེའི་ལྕགས་ཀྱུས་རྒྱུན་དུ་འཛིན། །འགྱུར་མེད་བདེ་ཆེན་གནས་སུ་འདེང༌། །གསུངས་ནས་ཕྱག་གི་ཡར་འཐེན་ནས་དཔོན་སློབ་གཉིས་ནམ་མཁའ་ལ་གཤེགས་པར་རྨིས། མནལ་སད་པ་དང་སྐུ་ཁམས་དྭངས་པ་དང༌། བདེ་གསལ་མི་རྟོག་པའི་ཉམས་མྱོང་སྐྱེས། ཡང་ཉིན་གཅིག་བླ་མར་གསོལ་འདེབས་མཛད་ཅིང་བཞུགས་ཙ་ན། སྒོམ་པ་ཡེ་ཤེས་གཡུང་དྲུང་བྱ་བ་བྱུང་ནས་ཁྱོད་རིན་པོ་ཆེའི་མདུན་དུ་མྱུར་བར་ཤོག་གསུངས་ཟེར་བས། དེ་མ་ཐག་ཏུ་བྲག་ལུང་ཆེན་པོ་ཡོད་པའི་སྟོད་སྨད་སྐོར་ལམ་ནས་འབྱོན་མགོ་མ་རེད་ནས། ཐད་ཀར་མཆོང་ནས་འགྲོ་དགོངས་ནས་བྱོན་པས་ཞབས་འདྲེད་ནས་གཡང་ལ་ལྷུང་བས། བླ་མར་གསོལ་བ་བཏབ་མ་ཐག་ཏུ་ཞབས་ཐེམས་བྲག་ལ་ཚུགས་ནས། ཕ་ཀི་ན་ཕྱུག་རྫི་གཅིག་འདུག་པས་མཐོང་ནས་ཡུལ་མི་ལ་སྦྲན་ཏེ་ཐག་པ་མང་པོ་མཐུད་ནས་བྱུང་བས་དེ་ལ་ཕྱག་འཇུས་ནས་བྱོན་པས་སྐུ་ལ་སྐྱོན་མ་བྱུང་བླ་མའི་མདུན་དུ་བྱོན་ནས་དེ་སྐད་ཞུས་པས། ཁྱོད་ང་ལ་དད་མོས་ཆེ་བས་དེས་འཆི་ལྟས་རྣམས་བཟློག་པ་ཡིན་གསུངས། ཡང་ཉིན་གཅིག་བྱིན་རླབས་དབང་བསྐུར་ཞུས་པས། མདང་ཁྱོད་ལ་དབང་བསྐུར་བས་སྡིག་སྒྲིབ་ང་རང་བས་ཁྱོད་དག་པར་འདུག འདིའི་འཚོགས་པ་བདུན་བརྒྱའི་ནང་ནས་ཉམས་རྟོགས་དར་མ་དབང་ཕྱུག་དང༌། མགར་སྒོམ་དཀར་པོ་གཉིས་ལས་མཐོ་བ་སུ་མེད་གསུངས། རྗེ་དྭགས་པོ་རིན་པོ་ཆེའི་སྐུ་སྲོག་གི་རྐྱེན་བཞི་བཟློག་ཚུལ་ནི། རིན་པོ་ཆེ་མཛོ་དཀར་ཡུ་ཞིག་ལ་ཆིབས་ནས་སྐེད་འཕྲང་ནས་ཕེབས་ཚེ་མཛོ་འདྲེད་ནས་སྐུ་ལྷུང་པས་བར་སྣང་ནས་བླངས། ཡང་ལྷ་ལུང་བྱ་བར་ཆིབས་རྟ་ལུག་གུ་བྱ་བར་ཆིབས་ནས་ཕེབས་ཚེ་རྟ་འདྲོགས་ནས་སྐུ་འཕང་བ་ནམ་མཁའ་ནས་ཟིན། ཡང་རབ་གནས་སྐབས་རྡུལ་མཚོན་རབ་གནས་ལྷ་བཤོས་རྣམས་ཧབ་ཐོབ་བྱེད་པར་ཁྲོམ་འུར་ཚེ་གྲྭ་པ་རྣམས་གར་སོང་མེད། ཁོང་གིས་རིན་པོ་ཆེ་རྩེར་གྱིས་ཁུར་ནས་རྒྱུག་པས་ཐར། ཡང་སྡོམ་ལུང་དུ་ཆིབས་པས་འཕང་ཚེ་སྐུ་ཟུར་ནས་ཟིན་པ་སོགས་སྒོ་གསུམ་གྱི་བགྱི་བ་གཞན་གྱིས་བསྒྲུབ་དཀའ་བའི་ཞབས་ཏོག་མང་པོ་བསྒྲུབས། དྭགས་པོ་རིན་པོ་ཆེའི་ཞལ་ནས། ངས་གདམས་ངག་ལྷག་ལུས་མེད་པར་གནང་ཚར་བ་ཡིན། བྱང་འབའ་རོམ་ཟེར་བ་ཏི་སེའི་གངས་བརྒྱུད་མར་པའི་སྒྲུབ་གནས་རི་ཁྲོད་ལ་སྒྲུབ་པ་གྱིས་གསུངས། ཁྱོད་དང་ང་གཉིས་འགྲོགས་ཡུན་རིང༌། ལུས་སྲོག་ལྟོས་མེད་ཀྱི་ཞབས་ཏོག་མང་པོ་བསྒྲུབས་གསུངས་ནས་གསེར་སྲང་གང་དང་ཕྱག་དཔེ་རྣམས་གནང༌། གསེར་འདི་དང་པོ་སྒྲུབ་བསྒྱགས་གྱིས། དེ་ནས་ལྷ་འདྲེས་འཚོ་བ་སྟེར། ཕྱིས་མིའི་འཚོ་བ་ཡོངས་གསུངས། བླ་མ་ཁྱེད་མདུན་འདི་ན་མ་ཤི་བར་འདུག་དགོས་ཞུས་ནས་སྤྱན་ཆབ་བསིལ། གསེར་ཡར་ཕུལ་བས་རྟེན་འབྲེལ་འགྲིགས་གསུངས། ད་ཁྱོད་ཀྱི་ངོ་མི་ལྡོག་ཟླ་གཅིག་བར་དུ་སྡོད་གསུངས། དར་མ་དབང་ཕྱུག་ཁོང་ཐུགས་དུ་ཆུད་ནས་ཕྱག་འཚལ་མཎྜལ་ཕུལ་ནས། རིན་པོ་ཆེ་ཁྱེད་སྐྱེ་འཆི་ལ་རང་དབང་ཐོབ་པས་བསྐལ་པར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་ཞེས་ཞུས་པས། འགྲོ་དོན་ད་ལྟ་བས་གཞན་ལྷག་པས་ཅེས་ཀྱང་མི་སྡོད་གསུངས། དེ་ནས་ཞག་སོ་གསུམ་ནས་དགོངས་པ་དབྱིངས་སུ་ཐིམ། སྐུ་འབུམ་མ་ཚར་བར་སྒམ་པོར་བཞུགས། དེ་མཚམས་ལུང་བསྟན་པ་བཞིན་བྱང་འབའ་རོམ་དུ་བྱོན་ནས་སྒྲུབ་པ་མཛད། མི་མ་ཡིན་མང་པོས་ཆོས་ཞུས་ཚེ། བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་ཆོས་གསུངས། འབུལ་བ་ཡོད་ཟེར་ནམ་མཁར་སྤྲིན་དེངས་པ་ལྟར་ཡལ། ཞག་འགའ་རེ་ནས་ལུང་ཕུ་ན་བྱང་འབྲི་གཅིག་ལྕེ་སྤྱང་རྣམས་ཀྱིས་བསད་བསྡད་པ་གཟིགས་ཚེ་འབུལ་བ་ཟེར་བ་ཡིན་དགོངས་ནས། ཏིང་ངེ་འཛིན་གྱིས་ཁོང་རྣམས་བཀུག་ནས་ཁྱེད་རྣམས་ལ་ང་ཡིས་ཆོས་བཤད་པའི་དམ་སྡོམ་ལ་འགལ་གསུངས་པས། ངེད་རྣམས་མིན། ཡ་ཀི་ཕུ་ན་བཙན་བདུད་མང་པོ་ཡོད་པའི་འཁོར་ལྕེ་སྤྱང་ཀྱིས་བསད་པར་འདུག་ཞུས། ངེད་རྣམས་སློབ་དཔོན་པདྨ་ལས་ཆོས་མང་པོ་ཞུས་པས་ངེད་རྣམས་དམ་ལ་གནས་པ་ཡིན། ད་ཕྱིན་ཆད་ཁྱེད་ཀྱི་དམ་ལ་ངེད་རྣམས་གནས་ཤིང་ཅི་གསུང་སྒྲུབས། མ་འོངས་པར་ཁྱེད་ཀྱི་ཆོས་བརྒྱུད་རྣམས་ལ་སྡོང་གྲོགས་བྱེད་པར་ཁས་བླངས་ནས་བཞུད་དོ། ཡང་རྫ་ཕུག་ཏུ་བཞུགས་པའི་ཚེ་ཡུལ་དེའི་ལྷ་འདྲེ་རྣམས་འཁྲུགས་པར་གཟིགས་ནས་བྱམས་པ་སྙིང་རྗེ་ཆེན་པོས་སྐད་ཅིག་ལ་འཁྲུགས་པ་བཟླུམས། དེ་དག་གི་དྲིན་ལེན་ཚུལ་དུ་ལྷ་འདྲེ་རྣམས་ཀྱིས་འཚོ་བ་དང་སྡོང་གྲོགས་ཡུན་རིང་དུ་བསྒྲུབས། བྲག་དམར་རྫོང་ཆེན་ནས་གཟིགས་ཚེ་ནམ་མཁར་རྨ་བྱའི་གདུགས་ཀྱི་ལི་ལི་འཁོར་འོག་དྭགས་པོ་རིན་པོ་ཆེ་བཞུགས་པ་མཐོང༌། རབ་གནས་མཛད་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་སུམ་མཇལ། ཚོགས་འཁོར་སྐབས་སྟོན་པ་རིན་ཆེན་གྱིས་འབའ་རོམ་རིན་པོ་ཆེ་རྡོ་རྗེ་འཆང་དུ་མཐོང༌། ཡང་གཟིམ་མར་དུ་བཞུགས་ཚེ་ཤེས་རྒྱལ་གྱིས་འཁོར་ལོ་བདེ་མཆོག་ཏུ་མཐོང༌། ཡང་བླ་མ་ཉིད་རྡོ་རྗེ་ཕག་མོར་སྣང་བ་ཀུན་གྱིས་མཇལ། གཞན་གྱིས་སེམས་རྒྱུད་འདས་མ་འོངས་ད་ལྟ་དུས་གསུམ་མཁྱེན་ཅིང་ལུང་བསྟན་རྣམས་བརྗོད་ཀྱིས་མི་ལོངས། གྲུབ་རྟགས་ནི་ཇག་པས་འབུལ་རྟ་དེད་སྐབས་འབའ་རོམ་རིན་པོ་ཆེའི་ཕྱག་རྒྱ་བསྟན་ཙམ་ཇག་པ་རྣམས་རེངས་ཤིང་བརྒྱལ། ཡང་སྐྱོ་དུ་སྐམ་བྲག་ཏུ་ཆུ་མེད་པས་བདེན་པ་བརྗོད་ཅིང་ཕྱག་མཁར་བཙུགས་པས་ཆུ་བརྡོལ། གཞན་ཡང་ནམ་མཁའ་ལ་འཕུར་ཞིང་རི་བྲག་ལ་ཐོགས་མེད་འགྲོ་བ་ཆུ་ལ་མི་བྱིང་བ་སོགས་རྫུ་འཕྲུལ་མཐའ་ཡས་སོ། དྭགས་པོའི་རབ་སྒྲུབ་པའི་ཞབས་ཏོག་ཏུ་དམིགས་པའི་རྫ་རིན་ཆེན་སྤུངས་པར་ལོ་བཞི། མདོ་ཡི་བྲག་དམར་རྫོང་ལ་ལོ་བདུན། ཕན་ཚུན་གཉིས་ཆར་ལ་ལོ་གསུམ། འབའ་རོམ་ཤོད་དུ་སྒྲུབ་པ་དང་ཚོགས་པ་བསྐྱང་བ་ལ་ལོ་བཅུ་གཅིག་བཞུགས། བླ་མ་རིན་པོ་ཆེ་ཁོང་སྐྱེ་རྒ་ན་འཆིའི་ཚུལ་མི་མངའ་ཡང༌། དགོངས་ལོ་བདུན་ཅུ་རྩ་གསུམ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་དང་སྒོ་མཐུན་པར་ཅུང་ཟད་བསྙུང་ཚུལ་བསྟན་མཛད། ད་ནི་ཁོ་བོ་གཞན་དོན་དུ་འགྲོ་བས་ཆོས་ཕྲུག་གསར་པ་རྣམས་ང་ཡི་སྒོམ་མལ་དུ་མ་འཇོག རྙིང་པའི་གྲྭ་སློབ་དང་ཡོན་བདག་རྣམས་ཤོག ད་དུང་སྨོན་ལམ་དང་རྒྱས་འདེབས་གྱིས་གསུངས་ནས་བསྔོ་བ་སྨོན་ལམ་ཞལ་ཏ་རྣམས་རིམ་བཞིན་གནང་ནས་ས་ཟླའི་ཚེས་གཉིས་ནུབ་མོ་ངོ་མཚར་བའི་ལྟས་མང་དུ་བསྟན་ནས་འདའ་བའི་ཚུལ་བསྟན། དེ་ནས་སྐུ་གདུང་ཡི་དམ་དུ་མའི་དཀྱིལ་འཁོར་དང་བཅས་ཏེ་ཞུགས་སུ་ཕུལ་བའི་ཚེ། ནམ་མཁའ་ལ་གདུང་དུད་རྣམས་འཇའ་འོད་ཁ་དོག་ལྔ་ལས་གྲུབ་པའི་དབྱིབས་ལྗོན་ཤིང་པདྨ་རྒྱལ་མཚན་བ་དན་ལྟ་བུས་ཡོངས་སུ་ཁེབས་པར་གྱུར་པ་སོགས་ངོ་མཚར་གྱི་ལྟས་མང་པོ་བྱུང༌། དད་རྟེན་དུའང་རིང་བསྲེལ་ཁ་དོག་ལྔ་ལྡན་དང༌། བཀྲ་ཤིས་པའི་རྟགས་བརྒྱད། རྗེ་བཙུན་མའི་སྐུ་རྣམས་གསལ་པོར་བྱོན་པ་ཡིན་ནོ། །བླ་མ་འདི་ལ་སློབ་མའི་རྣམ་གྲངས་བྱུང་ཚུལ་ནི། ཆེ་བའི་བུ་བཞི། ཉེ་བའི་སྲས་བཞི། རྒྱུད་འཛིན་གྱི་སློབ་མ་ལྔ་དང་བཅུ་གསུམ་ལས། བུ་ཆེན་བཞི་ནི། རྩེ་རོམ་དབང་ཕྱུག་སེང་གེ། བྲན་ཀ་ཇོ་བཙུན་ནམ་མཁའ། བླ་མ་ཆེན་པོ་ལྷོ་པ། སྟོན་པ་རིན་ཆེན་བླ་མ་དང་བཞི། ཉེ་སྲས་བཞི་ནི། བྲན་ཀ་ལྷ་སྟོན། སྟོན་པ་གཞོན་ནུ་གྲགས། ཁྱིམ་མྱེས་ཨཱརྻ་དེ་ཝ། ལྷ་རྗེ་བློ་མཆོག་དང་བཞི། བརྒྱུད་འཛིན་ལྔ་ནི། བླ་མ་འབྲི་གུང་པ། བླ་མ་ཉིན་དགོན་པ། བླ་མ་དཔལ་རྒྱལ་བ། བླ་མ་སེངྒེ་རྒྱལ་མཚན། དབོན་པོ་ཤེས་རབ་དབང་ཕྱུག་དང་ལྔ། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་འགྲན་ཟླ་དང་བྲལ་བ་ནི་ཏི་ཤྲཱི་ཤེས་རབ་སེངྒེའོ། འབའ་རོམ་དར་མ་དབང་ཕྱུག་གི་གསུང་མགུར་རྡོ་རྗེའི་གླུ་མཛོད་དཔག་མེད་བཞུགས་པའི་ནང་ནས་བྱིན་རླབས་ལྡན་པའི་མགུར་ནི། དེའམ་སྒམ་པོ་པའི་མདུན་ན་ཐུགས་དམ་ལ་བཞུགས་པའི་དུས་སུ་རྗེ་བཙུན་མི་ལ་མདུན་གྱི་ནམ་མཁའ་ལ་བྱོན་ནས། གསུང་གི་ང་རོ་སེངྒེའི་སྒྲ་དབྱངས་དབྱིངས་ནས་སྒྲོགས་པའི་ཤོན་གླུ་རིང་མོ་མཛད་པ་ཉམས་ལས་བྱུང་བ་ནི། འགྲོ་བའི་མགོན་པོ་འཛམ་གླིང་རྒྱན། །ཡོན་ཏན་འབྱུང་གནས་གཙུག་གི་ནོར། །གདུལ་བྱ་སྨིན་མཛད་བདུད་རྩིའི་བཅུད། །རྗེ་རས་པ་ཆེན་པོའི་ཞབས་ལ་འདུད། །ཡིད་རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །མདུན་མཁའ་ལ་རྗེ་བཙུན་བྱོན་ནས་ཀྱང༌། །ཆོས་ཟུང་འཇུག་ཕྱག་ཆེན་སེངྒེའི་སྒྲ། །དོན་འཁོར་འདས་དབྱེར་མེད་འདི་སྐད་གསུངས། །གནས་ཚུར་རོལ་དུ་འཁོར་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འདས་པ་མ་མཆིས་པ། །སེམས་འཁོར་འདས་གཉིས་མེད་འདོད་ཞེན་བྲལ། །དེ་དབྱེར་མེད་ཟུང་འཇུག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྣང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་སྟོང་པ་མ་མཆིས་པ། །སེམས་སྣང་སྟོང་གཉིས་མེད་ཆགས་སྡང་བྲལ། །དོན་དེ་ཉིད་རོ་གཅིག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྐྱེ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འགག་པ་མ་མཆིས་པ། །སེམས་སྐྱེ་འགག་གཉིས་མེད་གནས་པ་བྲལ། །དེ་དུས་གསུམ་རྒྱུན་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འོང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འགྲོ་བ་མ་མཆིས་པ། །སེམས་འགྲོ་འཽང་གཉིས་མེད་ཡུལ་དང་བྲལ། །དེ་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འདུ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འབྲལ་བ་མ་མཆིས་པ། །སེམས་འདུ་འབྲལ་གཉིས་མེད་དངོས་འཛིན་བྲལ། །དེ་གཉུག་མ་རང་གྲོལ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྡུག་བསྔལ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བདེ་བ་མ་མཆིས་པ། །སེམས་བདེ་སྡུག་གཉིས་མེད་སྤྲོས་དང་བྲལ། །དེ་ངར་འཛིན་མེད་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྐྱེ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཆི་བ་མ་མཆིས་པ། །སེམས་སྐྱེ་འཆི་མེད་པ་བློས་བཏགས་བྲལ། །དེ་རྡོ་རྗེའི་སྐུ་ཉིད་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་ཆགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་ཐོགས་པ་མ་མཆིས་པ། །སེམས་ཆགས་ཐོགས་མེད་པ་ཕུག་གཏད་བྲལ། །དེ་དམིགས་མེད་ལྷུན་གྲུབ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་གཟུང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཛིན་པ་མ་མཆིས་པ། །སེམས་གཟུང་འཛིན་གཉིས་མེད་དྲི་མ་བྲལ། །དེ་དག་པ་གཉིས་ལྡན་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འགྲིབ་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་གསལ་བ་མ་མཆིས་པ། །སེམས་གསལ་འགྲིབ་གཉིས་མེད་སྒྲིབ་གཡོགས་བྲལ། །དེ་དྲི་མེད་རྣམ་དག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དམིགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་གཏད་པ་མ་མཆིས་པ། །སེམས་དམིགས་གཏད་གཉིས་མེད་མཐའ་དང་བྲལ། །དེ་ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་བདག་འཛིན་མ་གྲུབ་པས། །ཡུལ་ཕ་རོལ་དུ་གཞན་རྟོག་མ་མཆིས་པ། །སེམས་བདག་གཞན་གཉིས་མེད་བདེན་འཛིན་བྲལ། །དེ་དུ་མ་རོ་གཅིག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་ལམ་ལྔ་མ་གྲུབ་པས། །ཡུལ་ཕ་རོལ་དུ་ས་བཅུ་མ་མཆིས་པ། །སེམས་ས་ལམ་གཉིས་མེད་བགྲོད་བྱ་བྲལ། །དེ་གཅིག་ཆར་དུ་འཇུག་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འགྱུར་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཕོ་བ་མ་མཆིས་པ། །སེམས་འཕོ་འགྱུར་གཉིས་མེད་མཐའ་དང་བྲལ། །དེ་བློ་ལས་འདས་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དགག་བྱ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བསྒྲུབ་བྱ་མ་མཆིས་པ། །སེམས་དགག་སྒྲུབ་གཉིས་མེད་ཞེན་པ་བྲལ། །དེ་འགག་མེད་འོད་གསལ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྤང་བྱ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བླང་བྱ་མ་མཆིས་པ། །སེམས་སྤང་བླང་གཉིས་མེད་འཛིན་པ་བྲལ། །དེ་མཉམ་ཉིད་རོ་སྙོམས་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དོགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་རེ་བ་མ་མཆིས་པ། །སེམས་རེ་དོགས་གཉིས་མེད་ཞེ་འདོད་བྲལ། །དེ་མི་རྟོག་ཆོས་སྐུ་ཕྱག་རྒྱ་ཆེ། །ཆོས་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང༌། །སྤྱིར་སེམས་ཅན་རྣམ་རྟོག་བྱེ་བྲག་ལ། །ལས་ཉོན་མོངས་དེ་གྲངས་ཡོད་པས་གསུངས། །དེ་ཀུན་རྫོབ་རྨི་ལམ་རྒྱུ་འབྲས་འབྱུང༌། །ང་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །དེས་ཆོས་རྣམས་དངོས་མེད་སེམས་སུ་ཤེས། །དབྱིངས་དོན་དམ་ཡིད་བྱེད་མཐའ་དང་བྲལ། །དཔལ་གཞན་དོན་འབད་མེད་འབྱུང་བར་ངེས། གསུངས་ནས་ནམ་མཁའ་ལ་གཤེགས་སྐད། དེ་ཕྱིན་ཆད་སྣང་བ་འཁྲུལ་པར་ཤེས་ནས། རྐྱེན་ཅི་ལ་སྦྱར་ཡང་མགུར་ལེན་སྙིང་འདོད་པ་བྱུང་གསུངས་སོ། ༈ །ཡང་མཐོང་སྣང་དང་རྨི་ལམ་དུ་རྗེ་རིན་པོ་ཆེ་ལ་སོགས་པས་བྱིན་གྱིས་བརླབས་ཤིང་གདམས་ངག་ངོ་སྤྲོད་དང་རྗེས་གནང་ལུང་བསྟན་གསལ་བར་གདམས་པ་སྣང་སེམས་ངོ་སྤྲོད་དགའ་བདེའི་མགུར་ནི། གྲུབ་ཐོབ་ཀྱི་བླ་མ་དམ་པ་རྣམས། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་ཐིམ། །ངེད་གསོལ་འདེབས་བུ་ཡི་སྣང་བ་ལ། །ཐུགས་རྗེ་ཡེ་ཤེས་ཀྱི་སྤྲུལ་སྐུར་ཤར། །སྣང་བ་ཆོས་སྐུར་སྟོན་པ་འདི་ཉམས་རེ་དགའ། །དགག་སྒྲུབ་མེད་པ་འདི་བདེ་ཡང་བདེ། །རང་བཞིན་ལྷུན་གྲུབ་ཀྱི་ཡི་དམ་རྣམས། །ཆོས་དབྱིངས་འོད་གསལ་གྱི་ཀློང་དུ་ཐིམ། །ངེད་རྣལ་འབྱོར་སྒྲུབ་པོའི་སྣང་བ་ལ། །མཚན་དཔེ་ཀུན་རྫོགས་ཀྱི་ལོངས་སྐུར་ཤར། །སྒྱུ་མ་ཆུ་ཟླ་རུ་སྟོན་པ་འདི་ཉམས་རེ་དགའ། །གསལ་འགྲིབ་མེད་པ་འདི་བདེ་ཡང་བདེ། །རང་སྣང་རྣམ་དག་གི་མཁའ་འགྲོ་རྣམས། །བདེ་སྟོང་ཟག་མེད་ཀྱི་ཀློང་དུ་ཐིམ། །ས་ལམ་གྱི་དྲོད་རྟགས་མངོན་གྱུར་ལ། །དཀར་དམར་གྱི་སྣང་ཆ་ཆོས་སྐུར་ཤར། །རྟེན་འབྲེལ་ལམ་སློང་འདི་ཉམས་རེ་དགའ། །འཛིན་ཆགས་མེད་པ་འདི་བདེ་ཡང་བདེ། །བཀའ་རྩོད་མེད་གསང་སྔགས་མ་རྒྱུད་འདི། །བདེ་ཆེན་ལམ་སློང་གི་མན་ངག་ཤར། །དངོས་མེད་ཀྱི་ཤེས་རབ་ཉམས་རེ་དགའ། །སྒྲོ་སྐུར་བྲལ་བ་འདི་བདེ་ཡང་བདེ། །སེམས་ཉིད་གདོད་ནས་དག་པ་ལ། །བདེ་སྟོང་གཉིས་ཀྱི་སྣང་བ་ཤར། །གསལ་ལ་མ་འགག་ཉམས་རེ་དགའ། །ངོས་བཟུང་བྲལ་བ་འདི་བདེ་ཡང་བདེ། །འཁོར་གསུམ་གཞི་བྲལ་གྱི་ངང་ཤེད་ནས། །བདེན་གཉིས་ཟུང་འཇུག་གི་སྣང་བ་ཤར། །འཁོར་འདས་གཉིས་མེད་འདི་ཉམས་རེ་དགའ། །སྤང་བླང་བྲལ་བ་འདི་བདེ་ཡང་བདེ། །སྟོང་ཉིད་སྙིང་རྗེའི་ངང་ཤེད་ནས། །བསྐྱེད་རྫོགས་གཉིས་ཀྱི་སྣང་བ་ཤར། །བདེ་ཆེན་ལོངས་སྐུ་འདི་ཉམས་རེ་དགའ། །དག་པ་སྒྱུ་ལུས་འདི་བདེ་ཡང་བདེ། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །སྐུ་གསུམ་གྱི་འབྲས་བུ་རང་སར་ཤར། །ལྷུན་གྱིས་གྲུབ་པ་འདི་ཉམས་རེ་དགའ། །རྩོལ་མེད་ཀྱི་འབྲས་བུ་འདི་བདེ་ཡང་བདེ། །སྣང་བ་སྣ་ཚོགས་ཀྱི་རྐྱེན་སྣང་ལ། །གཞི་རྩ་བྲལ་བའི་ཉམས་ཤིག་ཤར། །བློ་ལས་འདས་པ་འདི་ཉམས་རེ་དགའ། །གཟའ་གཏད་བྲལ་བ་འདི་བདེ་ཡང་བདེ། །གནད་གསུམ་གདམས་ངག་གི་ངང་ཤེད་ནས། །རྨི་ལམ་སྒྱུ་ལུས་ཀྱིས་མཚམས་སྦྱར་ནས། །བར་དོ་ཆོས་ཉིད་ཀྱི་སྣང་བ་ཤར། །སེམས་མ་བུ་འཕྲད་པ་འདི་ཉམས་རེ་དགའ། །སྐྱེ་འགགས་མེད་པ་འདི་བདེ་ཡང་བདེ། ཞེས་སོ། ༈ །ཡང་རྨི་ལམ་དུ་མཁའ་འགྲོས་ལུང་བསྟན་པའི་དཔེ་དོན་འབྲེལ་བ་རྒྱན་གྱི་གླུ་ནི། །རྗེ་རྩ་བ་གསུམ་ལ་གུས་པས་འདུད། །ནམ་མཁའ་ཇི་བཞིན་དེ་བཞིན་དུ། །བླ་མ་ཇི་བཞིན་དེ་བཞིན་ཤེས། །ཐུགས་རྗེ་ཇི་བཞིན་སྤྲིན་ཚོགས་བཞིན། །སྦྲང་ཆར་ཇི་བཞིན་བྱིན་རླབས་སོ། །མོས་གུས་ཅན་གྱི་རྒྱན་དུ་ཆེ། །ཉི་ཟླ་ཇི་བཞིན་དེ་བཞིན་དུ། །ཡི་དམ་ཇི་བཞིན་དེ་བཞིན་ཤེས། །ཡེ་ཤེས་ཇི་བཞིན་འོད་ཟེར་བཞིན། །ཆུ་ཟླ་ཇི་བཞིན་དངོས་གྲུབ་བོ། །གསལ་བརྟན་ཅན་གྱི་རྒྱན་དུ་ཆེ། །འཇའ་ཚོན་ཇི་བཞིན་དེ་བཞིན་དུ། །མཁའ་འགྲོ་ཇི་བཞིན་དེ་བཞིན་ཤེས། །རྟེན་འབྲེལ་ཇི་བཞིན་སྒྱུ་མ་བཞིན། །རྟོག་ཚོགས་ཇི་བཞིན་ཕྲིན་ལས་སོ། །ལམ་ཁྱེར་ཅན་གྱི་རྒྱན་དུ་ཆེ། ཞེས་སོ། ༈ །ཡང་སྙིགས་མའི་དུས་སུ་གདུལ་བྱ་མ་དག་པ་ལ་ཐུགས་ཆད་ནས། གདམས་ངག་བསྟན་ཡང་གནད་དུ་མི་འགྲོའམ་སྙམ་པ་ཉུང་བ་སུམ་ཅུའི་མགུར་ནི། སྐུ་གསུམ་དབྱེར་མེད་བླ་མ་ལ། །མོས་གུས་བྱེད་པའི་མི་རེ་ཉུང༌། །དྲིན་ཆེན་བླ་མའི་ཞལ་ཏ་ལ། །ཉན་པར་བྱེད་པའི་མི་རེ་ཉུང༌། །དམ་ཚིག་སྡོམ་པ་རྣམ་གསུམ་ལ། །སྲུང་བར་བྱེད་པའི་མི་རེ་ཉུང༌། །གདམས་ངག་ཐུགས་ཀྱི་ཉིང་ཁུ་ལ། །ཉམས་ལེན་བྱེད་པའི་མི་རེ་ཉུང༌། །གཏུམ་མོ་ལྷུན་གྱིས་གྲུབ་པ་ལ། །འབད་རྩོལ་བྱེད་པའི་མི་རེ་ཉུང༌། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལ། །རང་དབང་བྱེད་པའི་མི་རེ་ཉུང༌། །ལས་འབྲས་ཕྲ་ཞིང་བདེན་པ་ལ། །ནན་ཏན་བྱེད་པའི་མི་རེ་ཉུང༌། །ཐམས་ཅད་བོར་ནས་འགྲོ་བ་ལ། །སྒྲུབ་པར་བྱེད་པའི་མི་རེ་ཉུང༌། །འགྲོ་དྲུག་སེམས་ཅན་མ་རྒན་ལ། །བརྩེ་སེམས་བྱེད་པའི་མི་རེ་ཉུང༌། །འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ། །ཤེས་པར་བྱེད་པའི་མི་རེ་ཉུང༌། །ལྟ་བ་སྟོང་ཉིད་འགྱུར་མེད་ལ། །ཕྱོགས་རིས་མེད་པའི་མི་རེ་ཉུང༌། །སྒོམ་པ་འགག་མེད་འོད་གསལ་ལ། །དམིགས་པ་མེད་པའི་མི་རེ་ཉུང༌། །སྤྱོད་པ་རོ་སྙོམས་མཉམ་ཉིད་ལ། །ཚུལ་འཆོས་མེད་པའི་མི་རེ་ཉུང༌། །ཉམས་མྱོང་རྐྱེན་ཤར་སྣ་ཚོགས་ལ། །ཞེན་པ་མེད་པའི་མི་རེ་ཉུང༌། །འབྲས་བུ་ལྷུན་གྱིས་གྲུབ་པ་ལ། །རེ་དོགས་མེད་པའི་མི་རེ་ཉུང༌། །དོན་དམ་བློ་ལས་འདས་པ་ལ། །ཡིད་བྱེད་མེད་པའི་མི་རེ་ཉུང༌། །སྣང་སེམས་གཉིས་མེད་སྤྲོས་བྲལ་ལ། །གཉིས་འཛིན་མེད་པའི་མི་རེ་ཉུང༌། །མ་བཅོས་ཐ་མལ་ཤེས་པ་ལ། །ཡེངས་བ་མེད་པའི་མི་རེ་ཉུང༌། །ཟག་མེད་བདེ་སྟོང་རོ་གཅིག་ལ། །ཆགས་པ་མེད་པའི་མི་རེ་ཉུང༌། །རིག་པ་དངོས་མེད་རྗེན་པ་ལ། །བསླད་པ་མེད་པའི་མི་རེ་ཉུང༌། །ཐབས་དང་ཤེས་རབ་རྒྱུད་གཉིས་ལ། །ཟུང་དུ་འཇུག་པའི་མི་རེ་ཉུང༌། །སྣ་ཚོགས་བྱ་བ་ཟིན་མེད་ལ། །སྐྱོ་བ་སྐྱེ་བའི་མི་རེ་ཉུང༌། །ཀུན་རྫོབ་བག་ཆགས་གཟུགས་བརྙན་ལ། །སྒྱུ་མར་ཤེས་པའི་མི་རེ་ཉུང༌། །སེམས་ཉིད་སྐྱེ་བ་མེད་པ་ལ། །དེ་ཉིད་རྟོགས་པའི་མི་རེ་ཉུང༌། །ངོ་བོ་འགག་པ་མེད་པ་ལ། །མཉམ་རྗེས་འབྲེལ་བའི་མི་རེ་ཉུང༌། །གློ་བུར་རྣམ་རྟོག་སྣ་ཚོགས་འདི། །རང་སར་གྲོལ་བའི་མི་རེ་ཉུང༌། །རང་བཞིན་མ་སྐྱེས་རྟོག་མེད་འདི། །ཆོས་སྐུར་ཤར་བའི་མི་རེ་ཉུང༌། །སྒྱུ་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །ལོངས་སྐུར་གསལ་བའི་མི་རེ་ཉུང༌། །སྟོང་ཉིད་སྙིང་རྗེ་ཆེན་པོ་འདི། །སྤྲུལ་སྐུར་རྟོགས་པའི་མི་རེ་ཉུང༌། །ཡ་ང་བྲལ་བའི་རི་ཁྲོད་དུ། །གཅིག་པུར་སྒོམ་པའི་མི་རེ་ཉུང༌། ཞེས་སོ། ༈ །ཡང་འབྲས་བུ་ལམ་དུ་བྱེད་ཅིང་ལམ་དུས་ཉིད་ནས་ཀྱང་འབྲས་བུ་མངོན་དུ་བྱེད་པ་གསལ་སྟོང་ཟུང་འཇུག་འབྲས་བུའི་མགུར་ནི། སྣང་བའི་རང་བཞིན་སྟོང་སྟོང་པོ། །ཤེས་པའི་རང་བཞིན་ཕྱེད་ཕྱེད་པོ། །རྣམ་རྟོག་རང་བཞིན་བན་བུན་པོ། །བན་བུན་རང་སར་ཁྱེར་ཙ་ན། །སྣང་ཙམ་ཉིད་ལ་སྟོང་ཡང་སྟོང༌། །སྟོང་ཙམ་ཉིད་ལ་གསལ་ཡང་གསལ། །གསལ་སྟོང་ཟུང་འཇུག་སྣང་བ་ཤར། །རྣམ་རྟོག་སྤོང་ལེན་མི་བགྱི་འཚལ། །སེམས་ཉིད་གཞི་རྩ་བྲལ་བ་ལ། །དྲན་རྟོག་སྣ་ཚོགས་འཕྲོ་བཞིན་དུ། །རིག་པ་རང་གསལ་གྱིས་བྱ་ར་བྱས། །འགག་པ་མེད་པར་གསལ་ལ་དྭངས། །སྣང་བ་སྣ་ཚོགས་རྐྱེན་གྱིས་དག །དག་པ་ཡེ་ཤེས་ཀྱི་སྣང་བ་གསལ། །བློ་ལས་འདས་པའི་ངང་ཤེད་དུ། །ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་ལ། །བདེ་སྟོང་ཟུང་འཇུག་གི་སྣང་བ་ཤར། །སྐུ་གསུམ་དོན་ལྡན་གྱི་སྣང་བར་འདུག །བརྗོད་ལས་འདས་པས་དབྱིངས་སུ་ཕྱིན། །བློ་ལས་འདས་པའི་ངོས་བཟུང་བྲལ། །གདོད་ནས་དག་པས་སྐྱེ་འགག་མེད། །བདེ་ཆེན་རང་གྲོལ་གྱི་སྣང་བར་འདུག །ཐུགས་རྗེ་སྟོང་ཉིད་ངང་ཤེད་ནས། །ཆོས་སྐུ་རྣམ་དག་གི་རང་བཞིན་གསལ། །སྟོང་ཉིད་སྙིང་རྗེའི་ངོ་བོར་འདུག །འབྲས་བུ་གཞི་རྩ་བྲལ་བ་འདི། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་གཏོར། །སྐུ་གསུམ་བདེ་ཆེན་གྱི་འབྲས་བུ་རྙེད། །ཐབས་ཤེས་རབ་གཉིས་ཀྱི་ན་བཟའ་སྐོན། །རྟོག་མེད་ཡེ་ཤེས་ཀྱི་རྒྱན་གྱིས་སྤྲས། །སྣང་སྟོང་དབྱེར་མེད་ཀྱི་ངོ་བོར་གསལ། །ཆོས་ཉིད་རྣམ་དག་གི་དབྱིངས་སུ་བསྐྱལ། །འབྲས་བུའི་དབྱིངས་སུ་ཕྱིན་ནམ་སེམས། ཞེས་སོ། ༈ །ཡང་མཐའ་བྲལ་གྱི་ལྟ་སྒོམ་སྤྱོད་འབྲས་ལ་ཕྱོགས་ཞེན་མེད་པར་གདམས་པ་མ་ཐོས་པ་བརྒྱད་ཀྱི་མགུར་ནི། ལྟ་བ་སྟོང་ཉིད་མཐའ་བྲལ་ལ། །ཕྱོགས་རིས་ཡོད་སྐད་མ་ཐོས་སོ། །སྒོམ་པ་མ་བཅོས་ངེས་མེད་ལ། །དམིགས་གཏད་ཡོད་སྐད་མ་ཐོས་སོ། །སྤྱོད་པ་ཤུགས་འབྱུང་འགག་མེད་ལ། །དགག་སྒྲུབ་ཡོད་སྐད་མ་ཐོས་སོ། །ཉམས་མྱོང་བདེ་གསལ་འཛིན་མེད་ལ། །ཞེན་པ་ཡོད་སྐད་མ་ཐོས་སོ། །འབྲས་བུ་དྲི་མེད་ཆོས་སྐུ་ལ། །རེ་དོགས་ཡོད་སྐད་མ་ཐོས་སོ། །སྤྲོས་བྲལ་བདེ་བ་ཆེན་པོ་ལ། །ཆགས་པ་ཡོད་སྐད་མ་ཐོས་སོ། །སྨོན་ལམ་ཐུགས་རྗེ་ཆེན་པོ་ལ། །ཐོགས་པ་ཡོད་སྐད་མ་ཐོས་སོ། །སྣང་བ་འཁྲུལ་པའི་རྣམ་རྟོག་ལ། །བདེན་རྫུན་ཡོད་སྐད་མ་ཐོས་སོ། ཞེས་སོ། ༈ །ཡང་བླ་མའི་བཀའ་མ་བཅག་ཅིང་ཅི་གསུང་བསྒྲུབས་པས་སེམས་མི་འགྱོད་པར་སྒྲོ་འདོགས་ཆོད་པ་ཞབས་ཏོག་གསུམ་ལ་གདམས་པ། ལུས་སྲོག་ལྟོས་མེད་དཀའ་བ་སྤྱད་པའི་མགུར་ནི། རྗེ་བླ་མ་རྣམས་ཀྱིས་མ་ཁྲེལ་བ། །མོས་གུས་ལ་མཐོ་དམན་མ་ཤོར་བའི། །ཞབས་ཏོག་ལ་གཡོ་རྒྱུ་མེད་པར་བྱས། །ད་ཅི་གསུང་བསྒྲུབས་པས་བློ་རེ་བདེ། །ལྷ་ཡི་དམ་རྣམས་ཀྱིས་མ་ཁྲེལ་བ། །ཐུན་བཞིའི་རྣལ་འབྱོར་མ་ཆགས་པས། །ཁམས་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ། །ད་དངོས་འཛིན་མེད་པས་བློ་རེ་བདེ། །གྲོགས་རྡོ་རྗེ་སྤུན་གྱིས་མ་ཁྲེལ་བ། །དབྱེན་སྡིག་རྫུན་བསླུ་བྲིད་མ་བྱས་པས། །ཡབ་སྲས་དང་བཅས་པས་ཐུགས་ལ་བཏགས། །ད་ཞེ་འགྱོད་མེད་པས་བློ་རེ་བདེ། །དཔང་རང་གི་སེམས་ཀྱིས་མ་ཁྲེལ་བ། །དམ་ཚིག་ལ་ངོས་ལྐོག་མ་བྱས་པས། །རྗེ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཞུགས། །ད་དོན་གཉིས་གྲུབ་པས་བློ་རེ་བདེ། །གནས་ལུགས་ཀྱི་ལྟ་བས་མ་ཁྲེལ་བ། །གོ་བློའི་ཡུལ་དུ་མ་བྱས་པས། །དོན་ཡིད་ལ་མི་ཕྱེད་འགྱུར་བ་མེད། །ད་མཐའ་དང་བྲལ་བས་བློ་རེ་བདེ། །དམིགས་མེད་ཀྱི་སྒོམ་པས་མ་ཁྲེལ་བ། །སྣ་ཚོགས་ཀྱི་ཉམས་ལ་མ་ཆགས་པས། །འོད་གསལ་ཀྱི་ངང་ལ་རྒྱུན་ཆད་མེད། །ད་ཞེན་པ་བྲལ་བས་བློ་རེ་བདེ། །རོ་སྙོམས་ཀྱི་སྤྱོད་པས་མ་ཁྲེལ་བ། །ཚུལ་འཆོས་དང་ཐོ་ཅོ་མ་བྱས་པས། །ཡུལ་འཛིན་མེད་ཟུང་འཇུག་མཉམ་པ་ཉིད། །ད་སྤང་བླང་མེད་པས་བློ་རེ་བདེ། །གཉིས་མེད་ཀྱི་འབྲས་བུས་མ་ཁྲེལ་བ། །ཞེ་འདོད་ཀྱི་གྲུབ་མཐའ་མ་མཆིས་པས། །དབྱིངས་བློ་ལས་འདས་པ་ཆོས་ཀྱི་སྐུ། །ད་རེ་དོགས་མེད་པས་བློ་རེ་བདེ། ཞེས་སོ། ༈ །ཡང་བྲག་དམར་རྫོང་ཆེན་ན་གསུངས་པ་རྨི་ལམ་ཉམས་ཀྱི་མགུར་ནི། ཡང་དུས་ཕྱིས་བྲག་དམར་རྫོང་ཆེན་ན་བཞུགས་པའི་དུས། སེངྒེ་རྒྱལ་མཚན་རྫ་དེའུ་ན་གཅིག་པུར་བཞུགས། རྒྱགས་ཆད། ཁ་བས་ལམ་བཅད་པ་ལ། ནངས་མ་གཉིས་སུ་མཇལ་དུ་ཡོང་ཚད་པ་ལ། ཁ་བ་ཆེན་པོ་འཚུབས་པས་མ་ཐོན་ནས། ཞག་གསུམ་དུ་ཟ་ཡང་མ་ཐོན་ནས་ཆུ་བསྐོལ་ཚྭ་བཏབ་ནས་འཐུང་པ་ཡོད་པས། བྱམས་པ་ཡེ་ཤེས་ལ་ཨ་པོ་ཡོང་པ་དང་འདིར་ཐོང་གསུངས་སོ། དེ་རིང་མི་ཐར་ཞུས་པས་ཡོང་ངོ་གསུངས་སྐད། ཡོང་པ་དང་སྤྱན་སྔར་ཤོག་གསུངས་ནས་ཡོང་ཙ་ན། རྗེའི་ཞལ་ནས་ཁྱོད་རྒྱགས་ད་ལེན་ཆད་པ་ཡིན། ངས་རུག་པ་ལ་ཟན་ཐུལ་པའི་སྤག རམ་བུའི་ཕྱེ་གྲོ་མ་དང་མོན་བུའི་ཟས་ཟོས། ལྕིམ་དང་སྟར་བུ་སྐྱུར་བུ་གསུམ་གྱིས་སྐོམ་དུ་འཐུང་ནས་ལོ་མང་པོར་བསྡད་པ་ཡིན། ཤ་འགག་ལ་རྐང་སྣམ་མཛད་ནས་གངས་སྐྱེད་སྒོལ་སྒོལ་བ་བཤགས་པ་ལ་སོགས་པ་དཀའ་བ་མང་དུ་མཛད་གསུངས། ཁར་ནུབ་ཐོ་རངས་རིན་པོ་ཆེ་སྐུ་གཟི་མདངས་དང་ལྡན། ཞལ་འཛུམ་བག་དང་བཅས་ནས་བཞུགས་པས། སྣང་བ་ཆོས་སྐུར་སྟོན་པ་དགའ་བདེ་རོལ་པ། ཆོས་བཞི་གནད་ཀྱི་གདམས་པ་འདི་རྣམས་གསུངས་ནས་མགུར་འདི་གསུངས་སོ། ཆོས་སྦྱོར་བ་སྟོང་ཉིད་སྙིང་རྗེའི་ཀློང༌། །དོན་འགྲོ་བ་འདྲེན་པ་བདེ་ཆེན་ངང༌། །ཆོས་དངོས་གཞི་ཕར་ཕྱིན་དྲུག་ལྡན་ཀློང༌། །དོན་སྒྱུ་མ་ལྟར་སྣང་བདེ་ཆེན་ངང༌། །ཆོས་རྗེས་ཤེས་འཁོར་གསུམ་མི་རྟོག་ཀློང༌། །དོན་རྒྱུ་འབྲས་རྟེན་འབྲེལ་བདེ་ཆེན་ངང༌། །ཆོས་སྦྱོར་དངོས་རྗེས་གསུམ་དམིགས་མེད་ཀློང༌། །དོན་རྣམ་གཉིས་ལྷུན་གྲུབ་བདེ་ཆེན་ངང༌། །སེམས་མཐའ་དང་བྲལ་བ་ལྟ་བའི་ཀློང༌། །དོན་འགྱུར་བ་མེད་པ་བདེ་ཆེན་ངང༌། །སེམས་ཐ་མལ་ཤེས་པ་སྒོམ་པའི་ཀློང༌། །དོན་ཡེངས་མེད་ཞེན་བྲལ་བདེ་ཆེན་ངང༌། །སེམས་སྣང་སྟོང་ཟུང་འཇུག་སྤྱོད་པའི་ཀློང༌། །དོན་ཕྱོགས་མེད་མཉམ་ཉིད་བདེ་ཆེན་ངང༌། །སེམས་རྟག་ཆད་མཐའ་བྲལ་འབྲས་བུའི་ཀློང༌། །དོན་ལྷུན་གྱིས་གྲུབ་པ་བདེ་ཆེན་ངང༌། །གནད་བཞི་ལྡན་གཏུམ་མོ་བརྩོན་འགྲུས་ཀློང༌། །དོན་དྲོད་རྟགས་ཉམས་རྟོགས་བདེ་ཆེན་ངང༌། །གནད་རྨི་ལམ་སྦྱོང་བསྒྱུར་དེ་ཉིད་ཀློང༌། །དོན་གཉིད་ཀྱི་འོད་གསལ་བདེ་ཆེན་ངང༌། །གནད་འགྱུར་མེད་འཕོ་བ་ཆོས་སྐུའི་ཀློང༌། །དོན་གཟུགས་སྐུ་ཕྲིན་ལས་བདེ་ཆེན་ངང༌། །གནད་བར་དོ་གསུམ་འདྲེས་འོད་གསལ་ཀློང༌། །དོན་སྐྱེ་འཆི་མེད་པ་བདེ་ཆེན་ངང༌། །སྤྱིར་ཆོས་བཞི་སེམས་བཞི་གནད་བཞིའི་ཀློང༌། །དོན་བཞི་གསུམ་གདམས་པ་བདེ་ཆེན་ངང༌། །རྗེ་གོང་མ་རྣམས་ཀྱི་མཛད་པ་ཡིན། །དད་མོས་གུས་ཅན་གྱིས་འགྲུབ་པར་ངེས། །ལས་བྱ་བ་ཐོང་ལ་ཉམས་སུ་ལོངས། །ཉམས་རྟོགས་པ་དབྱེར་མེད་ཤུགས་ལ་སྐྱེ། །དེས་འཁོར་འདས་གཉིས་ཀྱི་མགོ་ལྟག་ཕྱེད། །དུས་གཏན་གྱི་སོ་ནམ་འགྲུབ་པ་ཡིན། ཞེས་སོ། ༈ །འབའ་རོམ་དར་མ་དབང་ཕྱུག་གི་སློབ་མའི་གཙོ་བོར་གྱུར་པ་འགྲོ་མགོན་ཏི་ཤྲཱི་སངས་རྒྱས་རས་ཆེན་གྱི་རྣམ་ཐར་ཟུར་ཙམ་ནི། དེའང་སྐུ་འཁྲུངས་ཡུལ་འདམ་ཤོད་སྣར་མོ། ཡབ་དར་ཁྲ་བོ། ཡུམ་སྐ་བཟའ་ཀླུ་ལྕམ་གཉིས་ཀྱི་སྲས་སུ་ཤིང་ཕོ་སྤྲེལ་ལོ་ལ་འཁྲུངས། གདུང་ནི་གཞོང་དང་ལྟེང་གཉིས་ལས་ལྟེང་འཛོམ་ཡིག་ཚངས་རྗེ། །ལེའུ་བོན་པོས་རྩིས་བྱས་པས་བནྡེ་བཟང་པོ་ཡོང་བར་འདུག་ཟེར། མཚན་ཧོར་གྲགས། དགུང་ལོ་བདུན་ནས་ཀློག་པ་ཚེགས་མེད་དུ་མཁྱེན། བཅུ་གསུམ་བཞེས་ཙམ་ན་བླ་མ་རིན་པོ་ཆེ་འབའ་རོམ་པའི་སྐུ་ཆེ་བའི་སྙན་པ་ཐོས་ནས་མཇལ་སྙམ་པའི་ལུས་ཀྱི་བ་སྤུ་ལྡང་བའི་མོས་གུས་འཁྲུངས། དུས་རེས་ཤིག་གི་ཚེ་བླ་མ་འབའ་རོམ་པ་མདོ་ཁམས་ཕྱོགས་ཀྱི་རྩི་བར་ན་བཞུགས་པ་ཡར་བྱོན་ཐོས་པས་མཇལ་དུ་བྱོན། དད་པ་བསམ་གྱིས་མི་ཁྱབ་པ་བྱུང༌། རུ་བར་གདན་དྲངས་ནས་ཡབ་ཀྱི་ཆིབས་བཟང་བ་ལ་ཁོང་བསྐྱོན་ཏེ། དར་ཡུགས་ཀྱིས་སྣ་དྲངས་ནོར་སྐལ་དང་བཅས་པ་ཕུལ། འོན་ཀྱང་བླ་མ་རིན་པོ་ཆེ་འབའ་རོམ་པ་མདོ་ཁམས་སྨད་དུ་སླར་ཕེབས་པའི་ཕྱག་ཕྱིར་འབྲང་བ་ནི་མ་བྱུང༌། དགུང་ལོ་བཅོ་ལྔ་ལ་མཚལ་དུ་ཞང་རིན་པོ་ཆེ་མཇལ་དུ་བྱོན། འཁྲུགས་པ་མཛད་པའི་སྐབས་སུ་མཇལ་བས་ཁྱོད་ཀྱིས་ང་ཡི་འཁྲུགས་པ་བྱེད་དགོས་གསུངས། ཁོང་གི་བསྒུལ་ཏོག་དང་རྒྱོག་རྡོ་འགའ་རེ་འཕངས། འཁྲུགས་པ་ལས་རྒྱལ་བ་དང༌། ངས་ཇི་ལྟར་བྱས་ཀྱང་ཕྱག་རྒྱ་ཆེན་པོ་ལས་མ་འདས་གསུངས་པས། དེ་མ་ཐག་བྱིན་རླབས་ཞུགས། རང་སེམས་ངོ་འཕྲོད། ཡི་དམ་ལྷ་ཡི་བསྐྱེད་རིམ་དང༌། ཆོས་སྐྱོང་ཕྱག་བཞི་པའི་དབང་སྒྲུབ་ཐབས་རྣམས་གནང་ནས་ཁྱོད་ལ་ཕན་ཐོགས་པར་ཡོང་གསུངས། དབང་བསྐུར་གཅིག་མཛད་དུས་ཡེ་ཤེས་པ་ཕེབས་རྟགས་སུ་འཕགས་ནས་ནམ་མཁའ་ལ་འདུག་པ་བྱུང༌། ཉིད་ཀྱི་མཛད་པའི་ལམ་མཆོག་མཐར་ཐུག་གི་ཁྲིད་སོགས་གསན། ཡེར་པར་སངས་རྒྱས་སྒོམ་པ་མཇལ། མཚན་པྲཛྙཱ་སེང་ཧར་བཏགས། གཏུམ་མོའི་ཁྲིད་ཞུས། དྲོད་རྟགས་སྐྱེས། སླར་ཡང་ཡུལ་དུ་བྱོན་ཞོར་སྟག་ལུང་ཐང་པ་རིན་པོ་ཆེ་མཇལ་ཞིང་འཚོགས་ཆོས་མང་དུ་ཞུས། དེ་ནས་འབའ་རོམ་བྲག་ཏུ་བྱོན་ནས་སློབ་དཔོན་དབང་སེང་གི་མཚམས་གཡོག་བྱས་ནས་བདེ་མཆོག་དང་མགོན་པོ་བསྙེན། བྱ་རོག་གདོང་ཞལ་གཟིགས། དགུང་ལོ་བཅོ་བརྒྱད་ལ་འབྲི་གུང་རིན་པོ་ཆེ་བྱང་ནམ་རར་མཇལ། སྐྱབས་སེམས་སོགས་ཁྲིད་རིམ་གྱི་གདམས་པས་རྗེས་སུ་བཟུང༌། སླར་ཡང་ཞང་ཚལ་དང༌། སངས་རྒྱས་སྒོམ་པ། སྟོན་པ་སྨོན་ལམ་འོད་ཟེར་གསུམ་གྱི་ཞལ་དཀྱིལ་ལོ་དྲུག་ཏུ་རེས་མོས་སུ་བསྙེན། ཆོས་དྲུག་དང་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཡི་དམ་སྒྲུབ་ཐབས་མཐའ་ཡས་དང༌། གུར་རྟག་སམ་གསུམ་སོགས་བཤད་འགྲེལ་གྱི་སྐོར་དང༌། བླ་མ་ལྔ་བཅུ་པ་དང་རྩ་ལྟུང་སོགས་དམ་ཚིག་གི་ཆོས་སྐོར་རྣམས་ཞུས། དེ་ནས་བླ་མ་འབའ་རོམ་པ་ཁམས་ནས་ཡར་བྱོན་ཟེར་བའི་གཏམ་ཐོས་མ་ཐག་ཏུ་འབའ་རོམ་བྲག་ལ་བྱོན། དར་མ་དབང་ཕྱུག་མདུན་ནས་ཕྱག་ཆེན་མེ་ལོང་ལྔ་སྐོར། ཞི་བྱེད་སོགས་ཆོས་མང་དུ་ཞུས་ཤིང༌། ཡབ་མྱེས་རྣམས་ཀྱི་འཚོ་བའི་ཆ་རྐྱེན་སྦྱར་ནས་འབའ་རོམ་ཕུག་ཏུ་བཞུགས་ནས་ཕག་མོ་ལྷ་ལྔའི་བྱིན་རླབས་ཞུས། ཚེས་བཅོ་ལྔ་ནས་ཡིག་གེ་བརྒྱ་པའི་དབུ་འཛུགས་ཀྱི་ཁྲིད་མཛད་དེ། བཅོ་བརྒྱད་ལ་ཕྱག་ཆེན་གྱི་ཁྲིད་བཏབ། ཉི་ཤུ་གཅིག་ལ་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང༌། ཉི་ཤུ་བཞི་ལ་ཕྱག་ཆེན་བོགས་འདོན་མཛད། ཉི་ཤུ་བདུན་ལ་ཕྱག་ཆེན་རྟོགས་པ་སྔར་ལས་ཆེས་ལྷག་པར་འཁྲུངས་ཤིང་བླ་མ་སངས་རྒྱས་དངོས་སུ་མཐོང༌། དགུང་ལོ་ཉེར་ལྔའི་དུས་སུ་མཁན་པོ་བྲག་རུམ་པ་དང༌། སློབ་དཔོན་སངས་རྒྱས་སྒོམ་པའི་སྤྱན་སྔར་རབ་ཏུ་བྱུང༌། དེ་ནས་འབྲི་གུང་དུ་བྱོན་གདན་ས་དེ་ཉིད་བདེ་མཆོག་གི་དཀྱིལ་འཁོར་དུ་ཞལ་གཟིགས། འཇིག་རྟེན་མགོན་པོའི་དྲུང་དུ་ལོ་གཅིག་བཞུགས་ནས་ཆོས་ལྷག་མ་མ་ལུས་པར་གསན། དགུང་ལོ་སོ་གཉིས་ཡོས་བུའི་ལོ་ལ་མཁན་པོ་ཐག་མ་བ་དང༌། སློབ་དཔོན་གུ་ར་བ། གསང་སྟེ་དར་གཞོན་བཅས་དགེ་མདུན་མང་པོའི་དབུས་ནས་བསྙེན་པར་རྫོགས་པར་མཛད། དེ་ནས་བླ་མ་རིན་པོ་ཆེ་ཅུང་ཟད་བསྙུང་ཐོས་ནས་འབའ་རོམ་དུ་བྱོན་སྐབས་སུ་རྒད་པོ་སེ་ཐུང་བ་རལ་གུ་དང༌། ཕྱིང་ཞྭ་གྱོན་པ་གཅིག་འདུག་པ་ལ། ཁྱོད་གང་ནས་ཡིན་གསུངས་པས། རྩི་བར་ཇ་པ་ལ་འགྲོགས་ནས་འོང་བ་ཡིན་ཟེར། ཇ་པ་ཅི་ཙམ་བདོག་གསུངས་པས། མདོ་སྨད་ཇ་པ་མང་པོ་ཡོད། མདོ་གྲུང་ཐང་ཆོས་རྒྱལ་སྐུ་སྐྱེ་ཞིག་ཡོད་པ་འདས་སོང༌། ཁོང་ལ་སྲས་མེད་ཚ་བོ་ཞིག་ཡོད་པ་རྒྱལ་སར་བཏོན་ཡོད། ད་རྒྱ་ནག་དེ་ལ་དབང་རྒྱུ་ཡིན། མཆོད་གནས་སུ་དབུས་གཙང་གི་བླ་མ་འགའ་བཞུགས་ཟེར་རོ། །ཚིག་དེས་རྐྱེན་བྱས་ནས་མདོ་སྨད་དུ་འགྲོ་འདོད་པ་བྱུང་ནས། བླ་མར་ཞུས་པས་བཀའ་བྱུང་ནས་བྱིན་རླབས་ཕྱག་རྗེས་གཅིག་དང༌། ཟང་ཟིང་རྫོངས་གནང་ནས། ཡོས་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་བདུན་ལ་བྱོན། རྩ་བའི་བླ་མ་ལྔ་ཡོད་རྟགས་སུ་ཞྭ་རྩེ་ལྔ་མནབས། སྤྱིར་འབའ་རོམ་དུ་ལོ་བདུན་བཞུགས། བྱང་རྩི་བར་ནས་ཕེབས། དགུང་ལོ་སོ་གསུམ་འབྲུག་ལོར་མི་ཉག་ཡུལ་དུ་ཕེབས། མི་ཉག་རྒྱལ་པོ་སྤྱན་སྔ་ཤོ་ཧོ་རྒྱལ་རྒོད་རྣམས་ཀྱི་བླ་མཆོད་མཛད་ནས་ལོ་སོ་གསུམ་བཞུགས། ཐམས་ཅད་ཆོས་ལ་བཀོད། ཆོས་སྡེ་ཆེན་པོ་བཞི་བཏབ། གྲྭ་ཚོགས་བསམ་གྱི་མི་ཁྱབ་པ་བསྐྱངས། དགུང་ལོ་དྲུག་ཅུ་རྩ་གསུམ་ཐོག་ཡར་བོད་ལ་ཕེབས། བླ་མའི་གདན་ས་བ་རྣམས་ལ་འབུལ་བ་རྒྱ་ཆེན་དང༌། དགེ་འདུན་རྣམས་ལ་མང་སྐོར་མཛད། ཁམས་ཕྱོགས་ཀྱི་ས་ཆ་ཡུལ་རིས་ཕལ་ཆེར་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་དགའ་སྟོན་སྤེལ། རོ་ཅོའི་ཡུལ་གསལ་དགོན་པར་ཕེབས་པས་ཡུལ་བདག་རྣམས་ཀྱིས་མཆོད་པར་ཕུལ། ནེ་གེ་ཚྭ་ཁ་ནས་བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས། ཀཿཐོལ་ཕུ་ནས་རྣམ་སྲས་ཞལ་གཟིགས། རོག་སྤར་གཞུང་ནས་མགོན་པོ་ཞལ་གཟིགས། རོ་གད་བཞུགས་ཚེ་སྤྱན་རས་གཟིགས་ཞལ་གཟིགས། ཟླ་ཉིན་ལྕང་སྒང་ལ་བཞུགས་ཚེ་ཨ་ཏི་ཤ་རྣལ་འབྱོར་ཆས་བཙུན་མོ་གཉིས་ཀྱིས་བསྐོར་བ་གཟིགས། སྐུ་འབུམ་དགོན་ཞབས་ཀྱིས་བཅག་ཚུལ་ནི། མཁན་པོ་རབ་བསྒྲེང་བ་དང༌། རོང་ཁ་དགོན་པ་གཉིས་ལ་སྒང་པ་འདིའི་མཐའ་ལྕགས་རི་ཆེན་པོ་ཞིག་གིས་བསྐོར་ནས་འདུག་པ་འདི་ཨི་མཐོང་གསུངས་པས། མ་མཐོང་ཞུས་པས་འདིར་མ་འོངས་སྒྲུབ་སྡེ་ཡོང་བར་ལུང་བསྟན་མཛད། རྫ་རྒྱལ་ངང་པ། ཆམ་ཕུ་དུང་རྣ། སྤོ་ར་ལོ་བཅས་རྫ་རྒྱུད་གཞི་བདག་རྣམས་ལ་ཆོས་བཤད། དེ་ནས་བེ་རི་དང༌། རྩི་པའི་ཡུལ་པ་རྣམས་འཁྲུགས་སྐབས་བླ་མ་རིན་པོ་ཆེ་འབྱོན་རོག་ནན་ཆེར་ཞུས་པས་ངོ་མ་ལྡོག་ནས་ཕེབས་མཛད། འཁྲུགས་པ་བཟླུམས། ཚུར་ཕེབས་ལམ་ཅུང་ཟད་བསྙུང་ཚུལ་བསྟན་ནས་ཀོ་མཛོའི་དགོན་དུ་བྱོན། དགེ་འདུན་རྣམས་ནས་སྐུ་རིམ་ཕུལ་བས་བསྐྱེད་མེད་གསུངས་ནས་ཞལ་ཏ་སྨོན་ལམ་མཛད། ཡོས་ཕུར་ཕེབས་པ་དང་སྤྲེལ་ལོ་ཟླ་བ་ལྔ་པའི་ཚེས་གཅིག་ལ་འདས་ཚུལ་བསྟན། སྐུ་གདུང་འདོ་ལེའི་སྟེང་དུ་གདན་དྲངས་ཚེ་རྫ་ཆུ་ལ་གྲུ་གཟིང་མི་ཐེབས་པ་བྱུང་བས། འཁོར་རྣམས་ཀྱིས་གསོལ་བ་བཏབ་ཅིང་ཆུ་ཁ་ནས་ཕ་ཁར་ཐོན་པ་ངོ་མཚར་དུ་གྱུར་ཏོ། དེ་ནུབ་མེར་ཆུང་ཞོལ་དུ་ཕེབས། རྫ་རྒྱུད་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར། ཚེས་བཞི་ལ་ཞུགས་སུ་ཕུལ་ཚེ་འཇའ་འོད་མེ་ཏོག་ཆར་ཆེན་བབ་པ་སོགས་ངོ་མཚར་ལྟས་མང་དུ་བྱུང༌། དགེ་སློང་དགེ་འདུན་ཚོགས་སྐྱེ་བོ་འབུམ་ཕྲག་ལྷག་ཙམ་དང་བུ་སློབ་དཔོན་རིགས་རྣམས་ལ་དངོས་རྫས་བཏང༌། ཁྱད་པར་མང་གྷ་དྷའི་བྱང་ཆུབ་ཆེན་པོ། འཕགས་པ་ཤིང་ཀུན་རྣམས་སུ་འབུལ་བ་སྐྱེས། གདུང་རིང་བསྲེལ་བྱོན་ཚུལ་ལ། ཐུགས་ལྗགས་སྤྱན་གསུམ་དང༌། བདེ་མཆོག་ཡབ་ཡུམ། སྤྱན་གཟིགས་སོགས་སྐུ་རྟེན། ཡ་ར་ལ་ཝ་ཧཱུྃ་བྃ་གསུང་རྟེན། རིང་བསྲེལ་ཁ་དོག་ལྔ་ལྡན་ཐུགས་རྟེན། དུང་གཡས་འཁྱིལ་སོགས་ངོ་མཚར་བ་དུ་མ་བྱུང༌། གཞན་ཡང་འདི་ཉིད་ལ་སློབ་མ་མང་དུ་བྱོན་པའི་ནང་ནས་མཆོག་ཏུ་གྱུར་པ་སྤྱན་སྔ་རས་པ་དཀར་པོ། གུར་སྐྱོང་བཟང་སྒོམ་སོགས་སྟོད་སྨད་བར་གསུམ་ནས་ཆོས་སྒོར་བཀོད་པ་མང་དུ་བྱུང་བ་བསམ་གྱིས་མི་ཁྱབ་བོ། དེ་ལྟ་བུའི་འགྲོ་བའི་མགོན་པོ་དེ་ཉིད་ཀྱི་གསུང་མགུར་དཔག་ཏུ་མེད་པ་བཞུགས་པའི་ནང་ནས། གསུང་མགུར་བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཅེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ། གང་གི་དྲིན་གྱིས་བདེ་བ་ཆེར་གྱུར་པའི། །དུས་གསུམ་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ལྷ་དང་དཔའ་བོ་མཁའ་འགྲོ་དང༌། ཆོས་སྐྱོང་སྲུང་མ་མཆོད་འོས་ཐམས་ཅད་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །བདེན་པ་དེ་ཡིས་འགྲོ་ལ་ཕན་མཛད་པ། །བཀའ་དང་བསྟན་བཅོས་མན་ངག་སྙིང་པོའི་བཅུད། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གནད་གཟེར། །རང་སེམས་རྟོགས་པ་གོམས་པས་སངས་རྒྱས་པའི། །བླ་མས་གསུངས་པའི་ཟབ་མོ་བྲི་བར་བྱ། །ཨེ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས། །ཁྱད་པར་མཆོག་གྱུར་གང་ཟག་ལས་འཕྲོ་ཅན། །ཚུར་གཤེགས་གདུལ་བྱར་བབ་པའི་སློབ་མ་རྣམས། །བླ་མས་གསུངས་པའི་ཆོས་འདི་བརྟེན་པར་གྱིས། །འཇིག་རྟེན་ཁམས་ཀྱི་ཞིང་ཁམས་ཐམས་ཅད་དུ། །སངས་རྒྱས་གྲངས་མེད་དཔག་མེད་བྱོན་ན་ཡང༌། །བདེ་གཤེགས་རྒྱལ་བ་ཤཱཀྱ་ཐུབ་པ་ནི། །ཚོགས་གཉིས་རབ་རྫོགས་ས་ལམ་མཐར་ཕྱིན་ཏེ། །འོག་མིན་སྟུག་པོ་ཆོས་ཀྱི་ཕོ་བྲང་དུ། །རྫོགས་ལྡན་དུས་སུ་མངོན་པར་སངས་རྒྱས་ནས། །རི་རབ་སྟེང་དུ་རིགས་ལྔས་གསང་སྔགས་གསུངས། །རྩོད་ལྡན་དུས་སུ་སྤྲུལ་སྐུ་ཤཱཀ་ཐུབ་བྱོན། །དེ་ཡི་བསྟན་པ་དར་ཞིང་རྒྱས་དུས་སུ། །དལ་འབྱོར་རིན་ཆེན་མི་ལུས་ཐོབ་པ་དང༌། །ཆོས་ལ་གོམས་པའི་སྣང་བ་སད་པ་ཡིས། །རང་ཆོས་གཤའ་མར་བྱེད་པའི་བསམ་པ་སྐྱེས། །སྐྱེ་ཤི་མི་རྟག་འཁོར་བའི་སྡུག་བསྔལ་དག །འཇིག་རྟེན་ཆོས་བརྒྱད་ཚེ་འདིའི་བསླུ་བྲིད་ལ། །སྐྱོ་བ་སྐྱེས་ཤིང་སྐད་ཅིག་མི་ཆགས་པས། །རང་གཞན་གཉིས་ཀྱི་དོན་ཆེན་འབྱུང་བ་ཡིན། །ལར་ཆོས་གཤའ་མར་བྱེད་པའི་གང་ཟག་དེ། །སེམས་ཅན་ཀུན་གྱི་ནང་ནས་མཆོག་ཡིན་པས། །དེ་ནི་མངོན་པར་རྫོགས་པའི་སངས་རྒྱས་པས། །དེ་ལ་བདག་ཀྱང་ངོ་མཚར་སྐྱེས་པ་ཡིན། །ཆོས་གཤའ་མ་གཅིག་གྱིས་ཤིག་སྐལ་ལྡན་རྣམས། །ཀྱེ་མ་ཆོས་ཀྱི་བྱེད་ལུགས་མ་ནོར་པར། །རང་དང་བླ་མ་གདམས་ངག་ཚད་ལྡན་པ། །དེ་གསུམ་འཛོམས་ལས་ཡོན་ཏན་ཐམས་ཅད་འབྱུང༌། །དེ་ཡང་སློབ་མ་ཚད་དང་ལྡན་པ་དགོས། །དད་མེད་ཐབས་ཤེས་མི་ལྡན་སྐྱོན་ཅན་གྱིས། །ཚད་ལྡན་བླ་མའི་མཚན་ཉིད་མི་ཤེས་པས། །ཚད་ལྡན་མི་རྙེད་ལོག་པའི་བཤེས་དང་འཕྲད། །གལ་ཏེ་ཚད་ལྡན་རྙེད་ཀྱང་དམ་ཚིག་ཉམས། །དེས་ན་རང་ཉིད་ཚད་དང་ལྡན་པར་བྱ། །དད་ཅན་ཚུལ་ཁྲིམས་ལྡན་ཞིང་མཁས་ལ་སྒྲིན། །བླ་མ་ལ་གུས་སྲི་ཞུའི་ཐབས་ལ་མཁས། །སྐྱོན་མེད་ཡོན་ཏན་ལྡན་ལ་སྙིང་རྗེ་ཆེ། །སྣོད་ལྡན་ཤེས་རབ་ཅན་གྱི་བླ་མ་ནི། །རྩ་བའི་བླ་མ་བརྒྱུད་པ་དང་ལྡན་ཞིང༌། །ལུང་རིགས་གདམས་ངག་ཆེ་ཞིང་ཉམས་རྟོགས་བཟང༌། །ཐོས་བསམ་སྒོམ་གསུམ་ཡོན་ཏན་ཀུན་ལ་མཁས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་གཏེར། །འགྲོ་བ་ཀུན་གྱི་སྐྱབས་གནས་ཐུགས་རྗེ་ཅན། །རང་ཉིད་རྫོགས་སངས་རྒྱས་ཀྱི་སྤྱོད་དང་མཚུངས། །བསྟེན་པ་རྣམས་ལ་དེ་ཡི་ཡོན་ཏན་འབྱུང༌། །དེ་འདྲའི་མཚན་ལྡན་བླ་མ་བཙལ་ལ་བསྟེན། །ཐོས་མང་དོན་ལ་རྨོངས་ཤིང་ལོག་བཤེས་མཁན། །རྩ་མེད་མང་དུ་སྨྲ་བ་མཁས་སུ་རེ། །རང་སེམས་སངས་རྒྱས་ཡིན་པར་མ་རྟོག་པར། །སངས་རྒྱས་ཡེ་ཤེས་ཡོད་མེད་གཏན་ལ་འབེབས། །ཡོན་ཏན་ཅན་ལ་གཤེ་ཞིང་ཕྲག་དོག་བྱེད། །ང་མཁས་ང་བཟང་ཟེར་བའི་ང་རྒྱལ་ཅན། །རང་ཉིད་ཆོས་དང་མི་ལྡན་གཞན་ལ་ཆོས་བཤད་བྱེད། །བདེན་ན་ཁྱེད་རང་དེ་ལྟར་མ་བྱེད་པར། །ཟེར་ཞིང་གཞན་པོ་རྣམས་ཀྱིས་འཐབས་སུ་འོང༌། །བཏུད་ན་འགྱེད་ཅིང་ཉེ་ན་འཐབས་མོ་བྱེད། ཡོན་ཏན་མི་འབྱུང་མི་དགེའི་ཆོས་ལ་འཁོད། །ངན་འགྲོ་ལོག་པར་འཁྲིད་པའི་ལམ་མཁན་དེ། །སྒོག་སྐྱ་དུག་སྡོང་འདྲ་བ་སྤང་བར་བྱ། །དམ་ཆོས་ཚད་དང་ལྡན་པ་གང་ཡིན་པ། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །རང་བཞིན་ཀུན་ལ་གདོད་ནས་ཡོད་ན་ཡང༌། །མ་རིག་ཉོན་མོངས་རྣམ་རྟོག་དབང་གིས་སྒྲིབ། །མི་དགེ་སྡིག་པའི་ལས་རྣམས་སྤྱད་པ་ཡིས། །འབྲས་བུ་འཁོར་བའི་སྡུག་བསྔལ་མྱོང་བ་ལ། །ཐུགས་རྗེ་ཚད་ལྡན་དུས་གསུམ་སངས་རྒྱས་ཀྱིས། །རང་གིས་རྟོགས་པའི་སངས་རྒྱས་ཡེ་ཤེས་འདི། །སེམས་ཅན་མ་ལུས་ཀུན་དང་རང་གི་སེམས། །སངས་རྒྱས་ཐུགས་དང་ཁྱད་པར་མེད་པར་གསུངས། །གང་ཟག་ལས་ཅན་སྐལ་ལྡན་གཅིག་ཆར་བས། །རང་སེམས་སངས་རྒྱས་ཡིན་པར་རང་གིས་རྟོགས། །རྟོགས་པ་བསྒོམས་པས་འབྲས་བུ་སངས་རྒྱས་ཐོབ། །དེ་སོགས་འགྲོ་བ་སེམས་ཅན་ཐམས་ཅད་དང༌། །གང་ཟག་རིགས་ནི་བྱེ་བྲག་སོ་སོ་ལ། །རྒྱལ་བས་ཐེག་པ་དཔག་མེད་གསུངས་ན་ཡང༌། །ཁྱད་པར་སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་དང་ཐེག་པ་གསུམ་དུ་གསུངས། །དེ་ལ་གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡིས། །རིང་བརྒྱུད་ཉེ་བརྒྱུད་ཕྱི་ནང་གཉིས་སུ་གཟུང༌། །མུ་སྟེགས་བྱེད་ནི་ལྟ་ལོག་རྟག་ཆད་ལམ། །ཉམས་སུ་བླངས་པས་འབྲས་བུ་སོ་སོར་ཐོབ། །ཉེ་བརྒྱུད་ནང་པ་སངས་རྒྱས་ཐེག་པ་ལ། །ཐེག་གསུམ་སོ་སོར་ཉམས་སུ་བླངས་པ་ལས། །ལ་ལ་ཉན་ཐོས་དགྲ་བཅོམ་རང་སངས་རྒྱས། །གྲུབ་མཐའ་དམན་པས་གང་ཟག་བདག་མེད་རྟོགས། །བདག་མེད་གཉིས་མ་རྟོག་པས་ཐེག་ཆུང་ལམ། །སོ་སོར་ཐར་གྱི་སྡོམ་པ་བསྲུང་བ་དང༌། །འགོག་པར་མ་གྱུར་ཚོགས་བསགས་བརྒྱུད་པའི་རྒྱུས། །འབྲས་བུ་མངོན་སངས་རྒྱས་པ་འཐོབ་པར་འགྱུར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བྱང་ཆུབ་སེམས་གཉིས་དབྱེར་མེད་གཞི་དག་ལ། །ཕ་རོལ་ཕྱིན་དྲུག་ཚོགས་གཉིས་རབ་ཏུ་བསགས། །བདག་མེད་གཉིས་རྟོགས་ཐེག་པ་ཆེན་པོ་ཡིན། །ས་ལམ་མཐར་ཕྱིན་སྒྲིབ་སྤངས་ཡོན་ཏན་རྫོགས། །དེ་ལྟའི་དཔའ་ཆེན་བྱང་ཆུབ་སེམས་དཔའ་ལ། །ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །བཅུད་བསྡུས་འོད་ཟེར་འབྲས་བུའི་དབང་བསྐུར་ནས། །དེ་ནས་འགྲོ་བའི་དོན་དུ་མངོན་སངས་རྒྱས། །མཚན་ཉིད་ཕ་རོལ་ཕྱིན་པའི་ཐེག་པ་ཡིན། །འབྲས་བུ་རྡོ་རྗེ་ཐེག་པའི་ལམ་ཉིད་ནི། །སྨིན་བྱེད་དབང་བཞི་ཚུལ་བཞིན་ཐོབ་བྱས་ནས། །གྲོལ་བྱེད་བསྐྱེད་རྫོགས་གཉིས་ཀྱི་ལམ་ཉིད་ལ། །རང་གི་ལུས་ངག་རླུང་དང་ཡི་གེ་ཡི། །རྡོ་རྗེ་ལུས་ཀྱི་གནས་ལུགས་ཚང་བ་དེར། །ཕྱི་ནང་གནད་ཀྱི་རྟེན་འབྲེལ་འགྲིགས་པ་དང༌། །ཟུང་འཇུག་གཉིས་སུ་མེད་པར་རྟོགས་པ་ཡིས། །བསྒོམས་པས་ས་ལམ་མ་ལུས་རབ་བགྲོད་པས། །སྒྲིབ་པ་བྱང་ཞིང་ཡོན་ཏན་ཐམས་ཅད་རྫོགས། །ས་དེར་གནས་པའི་བྱང་ཆུབ་སེམས་དཔའ་དེ། །འོག་མིན་སྟུག་པོ་ཉམས་དགའི་ཕོ་བྲང་དུ། །ལྷུན་རྫོགས་གོས་དང་བཅས་པར་བརྫུས་སྐྱེས་ལ། །སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱིས། །རིག་མ་ལ་བསྟེན་འབྲས་བུའི་དབང་བསྐུར་བས། །སྐུ་གསུམ་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །དྲུག་པ་རྡོ་རྗེ་འཆང་དུ་མངོན་སངས་རྒྱས། །རིགས་མཐུན་ལ་སོགས་སེམས་ཅན་ཐམས་ཅད་ལ། །རྒྱུད་སྡེ་བཞི་སོགས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་སངས་རྒྱས་བཀའ་ནི་རྒྱས་བསྡུས་ལ། །དགྲ་བཅོམ་ལ་སོགས་མཁས་པ་ཐམས་ཅད་ཀྱིས། །བདེ་གཤེགས་བཀའ་ཡི་དགོངས་པ་བསྡུ་བར་མཛད། །སངས་རྒྱས་གཉིས་པ་ལྟ་བུའི་ཐུགས་རྗེ་ཅན། །རྟོགས་ལྡན་རྣམས་དང་མཁས་པ་པཎྜི་ཏས། །བཀའ་ལ་ཡིན་མིན་རྩོད་པ་སྤོང་བ་དང༌། །བཀའ་དང་བསྟན་བཅོས་ཁྱད་པར་བསྟན་པ་དང༌། །མུ་སྟེགས་བྱེད་དང་ལྟ་ལོག་དགག་པ་དང༌། །བརྗོད་བྱ་རྗོད་བྱེད་ཚིག་དོན་བརྒལ་བ་དང༌། །གང་ཟག་བློ་ཡི་བྱེ་བྲག་གྲུབ་མཐའ་ལ། །གོལ་ས་གཅོད་ཅིང་དོན་ལ་མཁས་པ་ཡིས། །གཞན་གཞུང་དགག་བྱ་རྣམ་པར་གཅོད་པ་དང༌། །རང་གཞུང་བསྒྲུབ་བྱ་ཡོངས་སུ་བསྒྲུབ་པ་ཡི། །འཇལ་བྱེད་མངོན་སུམ་རྗེས་དཔག་ཚད་མ་ཡིས། །བདེ་གཤེགས་བཀའ་ཡི་དོན་དང་ཚིགས་རྣམས་ནི། །མ་ནོར་གཏན་ལ་འབེབས་པར་མཛད་པ་ཡི། །དོན་མཆོག་ལམ་རྣམས་ཉམས་སུ་བླངས་པས་ནི། །ས་ལམ་ནོན་ཅིང་སྒྲིབ་དག་ཚོགས་རྫོགས་པས། །རང་གཞན་དོན་གྲུབ་སངས་རྒྱས་ཐོབ་པ་ཡིས། །སྤྱི་དང་རང་གི་མཚན་ཉིད་སྟོན་མཛད་པའི། །འགྲེལ་པ་དང་ནི་བསྟན་བཅོས་ཊཱི་ཀ་མཛད། །མཁས་པ་ཁྱེད་རྣམས་ལ་ནི་བདག་ཕྱག་འཚལ། །རྟོགས་ལྡན་རྣལ་འབྱོར་ཆེན་པོ་ཀུ་སུ་ལུས། །འགྲོ་བ་མ་ལུས་སེམས་ཅན་ཐམས་ཅད་ལ། །ཚད་མེད་ཐུགས་རྗེ་ཆེན་པོ་སྐྱེས་པ་ཡིས། །བཀའ་དང་བསྟན་བཅོས་རྒྱས་པར་གསུངས་པ་ལས། །དོན་གྱི་གནད་རྣམས་ཉམས་ལེན་མ་ཤེས་དང༌། །ཉུང་ངུ་བསྡུས་པ་བརྡ་ཡི་ཆོས་རྣམས་ལ། །རྒྱུད་དཀྲུག་ལུང་དཀྱུས་མན་ངག་གབ་པ་ཡིས། །མཐའ་དྲུག་དགོངས་པ་གོ་བར་མ་ནུས་དང༌། །དོན་རྣམས་མ་གོ་ཚིག་ལ་མཁས་པ་ཡི། །ཐོས་མང་དོན་ལ་རྨོངས་པ་རྣམས་དང་ནི། །ཐོས་ཆུང་སྒོམ་པས་ཁེངས་པའི་སྟོང་སྦོས་དང༌། །ཚིག་དོན་གཉིས་ལ་རྨོངས་པའི་གང་ཟག་ལ། །བཀའ་དང་བསྟན་བཅོས་གཉིས་ཀྱི་མན་ངག་ནི། །སེམས་ཅན་ལུས་ངག་ཡིད་གསུམ་ཆོས་རྣམས་ལ། །སངས་རྒྱས་སྐུ་གསུང་ཐུགས་སུ་སྟོན་མཛད་པས། །གནད་བཞིའི་རྟེན་འབྲེལ་འགྲིགས་པའི་མན་ངག་གིས། །གཉིས་མེད་རང་རིག་ཡེ་ཤེས་མངོན་སུམ་དུ། །སྐད་ཅིག་གཅིག་གིས་དོན་རྣམས་རྟོགས་པ་ལ། །ལུང་དང་རྗེས་དཔག་མང་པོ་སྤྲོས་མི་དགོས། །འོན་ཀྱང་ལུང་དང་རྗེས་དཔག་རང་སེམས་ཡིན། །གཅིག་ཤེས་ཀུན་ལ་མཁས་པའི་མན་ངག་གིས། །སེམས་རྟོགས་པས་ནི་ཚེ་འདིར་མངོན་སངས་རྒྱས། །བླ་མ་གདམས་ངག་མཁས་པ་བསྟན་ལས་བྱུང༌། །མོས་གུས་བསྐྱེད་ཅིག་ལས་ཅན་སྐལ་ལྡན་རྣམས། །རྟོགས་ལྡན་རྣམས་ལ་བདག་ནི་སྐྱབས་སུ་མཆི། །དེ་ལྟར་བཀའ་དང་བསྟན་བཅོས་མན་ངག་གི། །ཆོས་དང་བྱེ་བྲག་ཟུར་ཙམ་སྨོས་པ་དེ། །ཁྱེད་བཞེད་ཆོས་འདི་བསྟན་ན་ཆོག་ལགས་ཏེ། །མཁས་པ་རྣམས་ནི་ངེས་ཤེས་སྐྱེ་བ་དང༌། །རྨོངས་པ་རྣམས་ནི་ཤེས་རབ་སྐྱེ་བའི་ཕྱིར། །དམ་པ་ཆོས་ཀྱི་བྱུང་ཚུལ་བསྟན་པ་ཡིན། །ཁྱེད་ཀྱིས་ཞུས་པའི་ཆོས་རྣམས་བསྟན་པ་ནི། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་ཙམ་ན། །སྣང་སྲིད་འཁོར་འདས་སེམས་ལས་ལོགས་ན་མེད། །རང་སེམས་སངས་རྒྱས་ཡིན་པར་རྟོགས་པ་ལ། །དེ་ལ་བསྒོམ་ནི་དགོས་སམ་མི་དགོས་དང༌། །བསྒོམས་པའི་ཡོན་ཏན་ཅི་བྱུང་ཞུས་པ་དང༌། །ཡང་ནི་ཆོས་གཅིག་ཞུ་བར་གདའ་བ་ནི། །གཞུང་གཞན་ས་ལམ་ཡོན་ཏན་གསུངས་ན་ཡང༌། །འདིར་ནི་སྒོམ་ཆེན་པ་ཡི་ཉམས་ལེན་ལ། །རྣལ་འབྱོར་བཞི་ཡི་རིམ་པ་གསུངས་པ་སྟེ། །དེས་ན་སྒྲིབ་སྤངས་ཡོན་ཏན་སྐྱེ་ཚུལ་དང༌། །འབྲས་བུ་སངས་རྒྱས་ཅི་ལྟར་ཐོབ་ཚུལ་གསུངས། །དེ་ཡི་ལན་རྣམས་སོ་སོར་བསྟན་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། །བདེ་གཤེགས་སྙིང་པོའི་འགྲོ་བ་ཡོངས་ལ་ཁྱབ། །རང་སེམས་སངས་རྒྱས་ཡིན་པར་ཐུབ་པས་གསུངས། །གཞན་ཡང་རྒྱུད་རྒྱལ་བརྟག་པ་གཉིས་པ་ལས། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་གྲིབ་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད་ཅེས་དང༌། །མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལས་ཀྱང༌། །རིག་ཁམས་རྣམ་དག་ཀུན་ལ་ཡོད་པར་གསུངས། །ཡོད་ཀྱང་རྟོགས་ཤིང་ཉམས་སུ་མ་མྱོང་བས། །སེམས་ཅན་སངས་རྒྱས་མ་ཐོབ་འཁོར་བར་འཁྱམས། །མ་སྒོམ་པ་ལ་སངས་རྒྱས་མི་འབྱུང་སྟེ། །སངས་རྒྱས་ཕལ་པོ་ཆེ་ཡི་མདོ་ལས་ཀྱང༌། །ཇི་ལྟར་འོན་པས་སིལ་སྙན་མཁན། །ཚོང་དུས་དབུས་སུ་དཀྲོལ་བྱེད་ཀྱང༌། །རང་གིས་གཅིག་ཀྱང་ཐོས་པ་མེད། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་དུས་དབུས་སུ་བྲི་བྱེད་ཀྱང༌། །རང་གིས་གཅིག་ཀྱང་མཐོང་བ་མེད། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ་ཞེས་གསུངས། །ནོར་བུ་རིན་ཆེན་མཆིང་བུས་བཏུམ་པ་ལ། །འོད་དང་དགོས་འདོད་ཐམས་ཅད་འབྱུང་མི་འགྱུར། །བྱི་དོར་ཚད་བྱས་རྒྱལ་མཚན་རྩེར་བཏགས་ནས། །འོད་དང་དགོས་འདོད་ཐམས་ཅད་འབྱུང་བ་ཡིན། །རང་སེམས་རྟོགས་པ་བསྒོམས་པས་སངས་རྒྱས་སོ། །མཁའ་འགྲོ་མ་ཡི་རྒྱུད་ལས་ཀྱང༌། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམ་པ་ཡི་སངས་རྒྱས་ཀྱི། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད་ཅེས་གསུངས། །བསྒོམ་ན་གནས་སྐབས་མཐར་ཐུག་ཡོན་ཏན་འབྱུང༌། །དེ་ཡང་ཉམས་སུ་བླངས་ཚུལ་བསྟན་པ་ནི། །གང་ཟག་དད་ཅན་ལས་ནི་དང་པོ་པས། །ཡང་དག་པ་ཡི་བླ་མ་བཙལ་ཞིང་བསྟེན། །སྡོམ་གསུམ་རྩ་བ་ཆོས་ཀྱི་གཞི་བྱས་ནས། །ཐབས་ལམ་ནཱ་རོའི་ཆོས་དྲུག་ཆོས་བཅུ་དང༌། །ལྟ་བ་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཡི། །ཁྲིད་ཀྱི་རིམ་པ་སོ་སོར་སྟོན་པ་ནི། །བླ་མ་མཆོད་ནས་མཎྜལ་དབུལ་བར་བྱ། །དད་པ་གུས་པ་བསྐྱེད་ཅིང་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་བདུད་རྩི་དང༌། །ཡི་གེ་བརྒྱ་པས་སྡིག་སྒྲིབ་སྦྱངས་བྱས་ནས། །ཆོས་རྗེ་མཉམ་མེད་དྭགས་པོ་རིན་ཆེན་གྱིས། །དང་པོར་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་མཛད། །དེ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །རང་སེམས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་མཛད། །ཉམས་དང་རྟོགས་པའི་ཁྱད་པར་ངོས་འཛིན་ལ། །སྐྱོན་དང་གོལ་ས་བར་ཆད་གེགས་བསལ་ནས། །བརྟེན་དང་བོགས་འདོན་ཁྲིད་ཀྱི་རིམ་པ་མཛད། །མཐར་ཐུག་རྟོགས་པ་སྐྱེས་པར་གྱུར་པ་ལ། །ཁྲིད་རིམ་རྫོགས་ནས་ཐོན་ཆོས་བསྔོ་བ་མཛད། །རྗེ་ཡི་ཞལ་སློབ་སངས་རྒྱས་སྒོམ་པ་དང༌། །བླ་མ་རིན་ཆེན་འབའ་རོམ་པ་དང་གཉིས། སྐྱེ་མེད་ཞང་དང་ཆོས་རྗེ་འབྲི་གུང་པ། །གོང་མའི་རྗེས་འབྲང་ཁྲིད་ཀྱི་རིམ་པ་ཡིས། །རང་ལ་ཉམས་རྟོགས་སྐྱེས་པའི་གནད་ཤེས་པས། །གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡི། །ཁམས་དང་ཉོན་མོངས་བག་ལ་ཉལ་སོགས་ཀྱིས། །དེ་དང་དེ་ཡི་གཉེན་པོས་འཆོས་ཤེས་པས། །ཁྲིད་བྱས་པས་ནི་ཉམས་རྟོགས་སྐྱེ་བར་འགྱུར། །དེ་དོན་ཉམས་སུ་བླངས་ལུགས་བསྟན་པ་ནི། །རིམ་སྐྱེས་པ་ལ་བོགས་འདོན་གདམས་ངག་བསྟན། །ཐོད་རྒལ་བ་ལ་མཚམས་སྦྱོར་གདམས་ངག་བསྟན། །གཅིག་ཆར་བ་ལ་ངོ་སྤྲོད་གདམས་ངག་བསྟན། །ལས་དང་པོ་པ་ལ་མཉམ་བཞག་རྗེས་ཐོབ་བསྟན། །སྤྱོད་པ་མཉམ་བཞག་རྗེས་ཐོབ་རོ་བསྙོམ་བྱ། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ། །མཉམ་བཞག་རྗེས་ཐོབ་སྤང་བླང་རིམ་པ་མེད། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །རང་སེམས་མིན་པ་གཞན་ཞིག་གྲུབ་པ་མེད། །སེམས་ཉིད་རྟོགས་ནས་སྒོམ་ཞིག་ལོགས་ན་མེད། །མ་གོམས་དྲན་པས་ཟིན་དང་མ་ཟིན་ཡོད། །གོམས་པར་གྱུར་ན་ཐམས་ཅད་སྒོམ་དུ་འཆར། །ཉམས་སུ་བླངས་ལུགས་གནད་དུ་བསྟན་པ་ནི། །མ་བཅོས་པ་ལ་མ་སླད་པ་ཡི་དོན། །གཉུག་མའི་ཡེ་ཤེས་རྒྱུན་ཆད་མེད་པ་ལ། །བཏང་བཞག་མེད་པར་ངམ་ངམ་ཤུགས་ཀྱིས་གནས། །སྐྱེ་མེད་འོད་གསལ་རྒྱ་མཚོ་དྭངས་པ་ལ། །རྣམ་རྟོག་སྣང་བ་སྣ་ཚོགས་བྱུང་བ་རྣམས། །རྦ་རླབས་དང་ནི་ཆུ་བུར་ཇི་བཞིན་དུ། །གཉིས་མེད་ཐུགས་ཕྲད་རང་གྲོལ་སོ་མར་ཞོག །ཉམས་མྱོང་དང་ནི་རྟོགས་པ་དབྱེར་མེད་འབྱུང༌། །སྤང་བླང་མེད་ཀྱང་སྒྲིབ་པ་ཤུགས་ཀྱིས་འབྱངས། །ཆོས་སྐུ་སྤྲོས་བྲལ་གཉིས་མེད་ཟུང་འཇུག་ལ། །གནས་སྐབས་མཐར་ཐུགས་ཡོན་ཏན་འཆར་བ་ཡིན། །སྟོང་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་འདི། །སྐྱེ་མེད་འོད་གསལ་སྟོང་པ་དངོས་པོའི་ཆོས། །སྣང་བ་དཀར་དམར་སྣ་ཚོགས་སྟོང་ཉིད་གཟུགས། །གཉིས་མེད་ཡེ་ཤེས་ཟུང་འཇུག་ཕྱག་རྒྱ་ཆེ། །དེ་བསྒོམ་པ་ལས་ཡོན་ཏན་ཐམས་ཅད་འབྱུང༌། །ཉི་མ་ཡོད་པས་འོད་ཟེར་ཡོད་བཞིན་དུ། །སྟོང་ཉིད་བསྒོམ་པའི་དགོས་པ་གང་ཡིན་པ། །བློ་ནི་གཞན་དོན་དགའ་བ་སྐྱེ་བར་འགྱུར། །སྒོམ་སྐྱེས་བླ་མའི་བཀའ་དྲིན་ཡིན་པར་གོ། །བླ་མ་སངས་རྒྱས་ཡིན་པའི་དད་གུས་སྐྱེ། །དྭངས་བའི་དད་པ་རུས་པའི་གཏིང་ནས་སྐྱེས། །ཕྱི་ནང་གྲུབ་མཐའ་གཞན་གྱི་ཡོན་ཏན་ལས། །རང་གི་བླ་མ་རིན་ཆེན་ཡོན་ཏན་ལ། །ཡིད་གཉིས་ཐེ་ཚོམ་རེ་དོགས་མི་སྐྱེ་བའི། །འགྱུར་མེད་བརྟན་པ་ཡིད་ཆེས་དད་པ་སྐྱེ། །འཁོར་བའི་རྒྱུ་འབྲས་མྱང་འདས་རྒྱུ་འབྲས་ལ། །གཉིས་མེད་གཉུག་མའི་ཏིང་འཛིན་བསྒོམ་པ་ཡི། །འདོད་པའི་དད་པས་འགོག་པ་མངོན་དུ་བྱེད། །དད་གསུམ་འཁོར་ལོ་རྒྱུན་ཆད་མེད་པ་ཡིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །འགྲོ་བ་རིགས་དྲུག་སེམས་ཅན་མ་རྒན་རྣམས། །འཁོར་བའི་སྡུག་བསྔལ་དཔག་མེད་མྱོང་བ་ལ། །སྙིང་རྗེ་ཆེན་པོ་ངམ་ངམ་ཤུགས་ཀྱིས་སྐྱེ། །འགྲོ་བའི་སྡུག་བསྔལ་སེལ་བར་མཛད་པ་ཡི། སྟོང་ཉིད་སྙིང་རྗེ་རྟག་ཏུ་བསྒོམ་པར་བྱ། །སེམས་ཅན་ལ་དམིགས་སྙིང་རྗེས་གཞན་དོན་བྱེད། །རང་སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་ཡིས། །སེམས་ཅན་རྣམས་ཀྱི་སེམས་དང་རང་གི་སེམས། །སངས་རྒྱས་ཐུགས་དང་འདི་གསུམ་འདྲ་བ་ལ། །རང་སེམས་མ་རྟོག་སེམས་ཅན་ཐམས་ཅད་ལ། །ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེས། །གཞན་སེམས་རྟོགས་པར་བྱེད་པ་གཞན་དོན་ཡིན། །དེ་ལྟར་ཡིན་པར་འཕགས་པ་སྡུད་པ་ལས། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །འཁོར་འདས་གཉིས་མེད་མཐར་ཐུག་ཟུང་འཇུག་རྟོགས། །སེམས་ཅན་རྣམས་དང་སྙིང་རྗེ་སྒོམ་མཁན་གསུམ། །ཡུལ་དང་ཡུལ་ཅན་ཐ་དད་མི་དམིགས་པས། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་ཡིན་ཡང༌། །སྡུག་བསྔལ་ཅན་ལ་སྙིང་རྗེ་ངང་གིས་སྐྱེས། །སེམས་ཅན་ཆོས་དང་དམིགས་མེད་སྙིང་རྗེ་གསུམ། །སྐྱེ་མེད་འོད་གསལ་རང་གཟུགས་སྙིང་རྗེ་ཡིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །དེ་ལྟར་ཡིན་པ་འཕགས་པ་སྡུད་པ་ལས། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །ཞེས་གསུངས་སྐྱེ་མེད་བསྒོམ་པའི་དགོས་པ་གང་ཡིན་པ། །རང་གཞན་དོན་ཀུན་ཤེས་རབ་སྐྱེ་བ་ཡིན། །དུས་གསུམ་སངས་རྒྱས་མཁྱེན་པའི་ཡེ་ཤེས་དེ། །ཤེས་རབ་ཕུན་སུམ་ཚོགས་ལས་འབྱུང་བར་གསུངས། །དོན་དམ་ཀུན་རྫོབ་སྦྱངས་པའི་ཤེས་རབ་གསུམ། །རང་སེམས་གདོད་ནས་རྣམ་དག་སྤྲོས་དང་བྲལ། །རང་སེམས་རྟོགས་པ་དོན་དམ་ཤེས་རབ་ཡིན། །འཁོར་འདས་གཉིས་ཀྱི་རྒྱུ་འབྲས་སོ་སོ་ལ། །མ་འདྲེས་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱིས། །རྒྱུ་མེད་པ་དང་རྒྱུ་འབྲས་འཆོལ་བ་དང༌། །རྟག་ཆད་འཕོ་དང་མ་ངེས་མུ་མཐའ་རྣམས། །གཏི་མུག་མུན་པས་སྒྲིབ་པའི་ལོག་ཤེས་སྤངས། །ཡང་དག་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་བའི། །ལས་འབྲས་དཀར་ནག་ཕྱེད་པ་ཀུན་རྫོབ་ཤེས་རབ་ཀྱིས། །གཞན་རྣམས་དགེ་ལ་བཀོད་པ་གཞན་དོན་ཡིན། །བཀའ་དང་བསྟན་བཅོས་མན་ངག་ཆོས་རྣམས་ལ། །མང་དང་མང་པོ་མང་དུ་ཐོས་པ་ཡིས། །ཡུལ་དང་ཡུལ་ཅན་ཕྱི་ཡི་སྒྲོ་འདོགས་ཆོད། །ཐོས་ལ་བསམ་པས་རྟག་ཏུ་བསྐྱང་པ་ནི། །དགེ་དང་མི་དགེའི་ཆོས་རྣམས་ཡུལ་ལས་བྱུང༌། །ཡུལ་རྣམས་བཀག་པས་སེམས་ཉིད་འགགས་པར་འདོད། །ཆུ་མིག་མགོ་འབུར་ས་ཡིས་ནོན་པ་མེད། །རྣམ་ཤེས་རྣམ་རྟོག་སྣ་ཚོགས་འཕྲོ་བ་དེ། །ཡུལ་སྣང་བཀག་པས་གཅིག་ཀྱང་ཁོག་པ་མེད། །འོན་ཀྱང་དེ་དག་བསམ་བྱུང་ཤེས་རབ་ཀྱིས། །དེ་ཉིད་དོན་ལ་རློམ་ཡང་སྨིག་སྒྱུའི་ཆུ་དང་འདྲ། །དོན་དམ་གཉུག་མ་བསམ་བརྗོད་ཡུལ་ལས་འདས། །རང་སེམས་དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས། །འགྲོ་བ་འདྲེན་པར་བྱེད་པ་གཞན་དོན་ཡིན། །དགོན་པའམ་ནི་ནགས་ཁྲོད་དབེན་པ་རུ། །འཇིག་རྟེན་བྱ་བ་བཏང་ནས་བསྒྲུབ་པ་ནི། །དང་པོ་སེམས་བསྐྱེད་ཡི་དམ་ལྷ་བསྒོམ་ཞིང༌། །བླ་མ་བསྒོམ་ཞིང་མོས་གུས་གསོལ་བ་འདེབས། །རང་སེམས་ཕྱག་རྒྱ་ཆེན་པོ་མ་བཅོས་པ། །སོ་མ་རང་དྭངས་མཉམ་ཉིད་ལྷུག་པར་ཞོག །དེ་ལྟར་བསྒོམས་ན་ཉམས་དང་རྟོགས་པ་འཆར། །ཚད་མ་བཞི་ཡིས་ཉམས་སུ་བླངས་ཐབས་ནི། །རང་རིག་ཡེ་ཤེས་མངོན་གསུམ་ཚད་མ་ཡིས། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་དེ། །རྣལ་འབྱོར་མངོན་སུམ་རང་གི་སེམས་སུ་རྟོགས། །སྣང་མེད་འོད་གསལ་ཆེན་པོའི་ཤེས་རབ་སྟེ། །ཟག་མེད་ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ། །རྟོགས་ཤིང་ཉམས་སུ་མྱོང་བས་རང་རྒྱུད་ཚིམས། །འཁོར་བ་སྡུག་བསྔལ་ཟུག་རྔུའི་གཏིང་ནས་བཏོན། །རང་སེམས་ཡོན་ཏན་རིན་ཆེན་གཏེར་དང་འཕྲད། །མྱ་ངན་འདས་པས་དབུལ་ཞིང་ཕོངས་པ་བསལ། །ཡོན་ཏན་ཐམས་ཅད་རྫོགས་པའི་གླིང་དུ་བརྟོལ། །གནད་བཞིའི་རྟེན་འབྲེལ་བསྒོམས་བྱུང་ཤེས་རབ་ཀྱིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །དེ་ལ་ཕྱག་རྒྱ་ཆེན་པོ་ཇི་ལྟར་བསྒོམ་ཞེ་ན། །རང་སེམས་གདོད་ནས་དག་པ་ཕྱག་རྒྱ་ཆེ། །མ་བཅོས་སོ་མར་འཇོག་པ་གདམས་ངག་ཡིན། །གཞན་ཡང་ཆོས་རྣམས་གཉིས་མེད་ཟུང་འཇུག་ནི། །ལུས་ངག་ཡིད་གསུམ་འཁོར་འདས་ཆོས་རྣམས་ཀུན། །ལྷ་དང་སྔགས་དང་ཏིང་འཛིན་ཡོན་ཏན་དུ། །ཐམས་ཅད་སྒོམ་དུ་འཆར་བའི་མདོ་གནད་འདིས། །ཐམས་ཅད་ཕྱག་རྒྱ་ཆེན་པོར་འཆར་ན་ཡང༌། །རིག་པ་རྐྱང་དེད་བྱེད་པ་མན་ངག་ཡིན། །ཐུག་ཕྲད་གཅེར་མཐོང་གིས་ནི་བྱིང་རྒོད་འཇོམས། །སྐྱོན་ལ་ངོས་འཛིན་བྱེད་པ་གེགས་སེལ་ཡིན། །སྡུག་བསྔལ་བདེ་བར་ཤེས་ན་སྤང་བླང་མེད། །སྐུ་གསུམ་རང་ལས་རྙེད་པས་རེ་དོགས་བྲལ། །རྒྱུ་དང་ལམ་དང་འབྲས་བུའི་ཡོན་ཏན་ཆོས། །རང་སེམས་རིག་པའི་སྟེང་དུ་བསྒོམ་ཤེས་ན། །སྒྲིབ་པ་རྣམ་གཉིས་ཆགས་པའི་གནས་མེད་པས། །ཚོགས་གཉིས་རང་གི་སེམས་ལ་ཡོངས་སུ་རྫོགས། དབང་པོ་ཡང་རབ་ཚེ་འདིར་མངོན་སངས་རྒྱས། །འབྲིང་གིས་བར་མ་དོ་རུ་སངས་རྒྱས་ཐོབ། །དབང་པོ་དམན་པའི་གང་ཟག་ཡིན་ན་ཡང༌། །བླ་མ་ལ་གུས་དམ་ཚིག་མ་ཉམས་དང༌། །ཆོས་འདི་དང་ནི་མཇལ་བའི་ཆེ་བ་ཡིས། །སྐྱེ་བ་བདུན་དུ་མི་ལུས་བརྒྱུད་ཐོབ་ནས། །ཚེ་དེ་ཉིད་ཀྱིས་སྐུ་གསུམ་མངོན་དུ་བྱེད། །དེ་ནི་གསང་སྔགས་ཟབ་མོའི་ཆེ་བ་ཡིན། །བུ་ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས། །རྗེ་དྭགས་པོ་རིན་པོ་ཆེའི་བཞེད་པ་ཡིན། །ལས་དང་པོ་པ་ཡི་གང་ཟག་དད་ཅན་ལ། །བླ་མའི་རྣལ་འབྱོར་མཎྜལ་ཡིག་བརྒྱ་བསྟན། །དེ་ནས་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་བྱེད། །དེ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །ཁྲིད་ཀྱི་རིམ་པར་རྫོགས་པར་མཛད་པ་དང༌། །ངོ་བོ་མཐོང་བས་རྟོགས་པ་ཡིན་པར་བཞེད། །ཉམས་རྟོགས་རིམ་པ་རྣལ་འབྱོར་བཞི་ལ་བརྩི། །ཐབས་ལམ་བསྒོམ་པར་འདོད་པ་རྣམས་ལ་ནི། །རྗེ་ནཱ་རོ་པའི་ཆོས་དྲུག་ཁྲིད་དུ་མཛད། །དེས་ཀྱང་ངོ་བོ་མཐོང་བར་བཞེད་པ་ཡིན། །ད་ལྟ་ཆོས་ལ་འདྲ་མིན་བྱུང་བ་དེ། །གདམས་ངག་སོ་སོའི་རྟོགས་ཚད་བཞེད་གཞུང་ཡིན། །དེ་ལ་ལྷན་ཅིག་སྐྱེས་སྦྱོར་རྐྱེན་བཞི་འདི། །ཕ་རོལ་ཕྱིན་པའི་གཞུང་དང་མཐུན་པ་ཡིན། །ཕ་རོལ་ཕྱིན་དྲུག་བྱང་ཆུབ་ཕྱོགས་ལ་སོགས། །ས་ལམ་རྫོགས་ནས་སངས་རྒྱས་ཐོབ་པར་བཞེད། །ཐེག་ཆེན་གསང་སྔགས་གཞུང་དང་མཐུན་པ་ནི། །ཁྱད་པར་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ལ། །རྣལ་འབྱོར་བཞི་རིམ་རྫོགས་ནས་མངོན་སངས་རྒྱས། །དེ་ལ་དང་པོའི་ལས་ཅན་གང་ཟག་རྣམས། །ཉོན་མོངས་རྣམ་རྟོག་སྣང་བ་བག་ཆགས་དང༌། །མ་རིག་དབང་གིས་འཁྲུལ་པའི་འདམ་དུ་བྱིང༌། །བསྒོམས་ཀྱང་བསྒོམ་འཕྲོ་འཆོར་ཞིང་གཞན་དུ་གཡེངས། །དེ་ལ་བླ་མ་དམ་པའི་བྱིན་རླབས་དགོས། །བར་ཆད་བྱུང་ན་རྟ་མགྲིན་བསྒོམ་པར་བྱ། །ཏིང་ངེ་འཛིན་ལ་གནད་དུ་འགྲོ་ཙམ་ན། །དེ་ལ་རྣལ་འབྱོར་བཞི་རིམ་འཆར་བ་ཡིན། །རྩེ་གཅིག་རྣལ་འབྱོར་སྤྲོས་བྲལ་རྣལ་འབྱོར་དང༌། །རོ་གཅིག་རྣལ་འབྱོར་བསྒོམ་མེད་རྣལ་འབྱོར་རོ། །རྩེ་གཅིག་དུས་སུ་སེམས་ཀྱི་རང་བཞིན་མཐོང༌། །སྤྲོས་བྲལ་དུས་སུ་སེམས་ཀྱི་ངོ་བོ་མཐོང༌། །རོ་གཅིག་དུས་སུ་སེམས་ཀྱི་མཚན་ཉིད་མཐོང༌། །སྒོམ་མེད་དུས་སུ་སེམས་ཀྱི་གཤིས་ཀ་རྟོགས། །རང་སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ། །སྟོང་པར་བསྒོམས་ན་གོལ་དང་ཤོར་ས་མང༌། །བདེ་ལ་ཞེན་ན་འདོད་པའི་ཁམས་སུ་གོལ། །གསལ་ལ་ཞེན་ན་གཟུགས་ཀྱི་ཁམས་སུ་གོལ། །རྟོག་མེད་ཞེན་ན་གཟུགས་མེད་ཁམས་སུ་གོལ། །རྒྱས་འདེབས་གཉེན་པོ་ལམ་དང་གཤིས་སུ་ཤོར། །གཟུང་འཛིན་ལ་སོགས་བློ་ཡི་ཡུལ་དུ་གྱུར་པ་རྣམས། །བློས་བྱས་སྟོང་པ་བསྒོམ་པ་རྒྱས་འདེབས་ཡིན། །ཉོན་མོངས་སྐྱེས་པ་དེ་ཉིད་སྟོང་པར་མི་ཤེས་པར། །སྟོང་པ་སྒྱུ་མ་གཉེན་པོར་ཤོར་བ་ཡིན། །ཆོས་རྣམས་སྟོང་ཉིད་གཞི་རྩ་བྲལ་ཟེར་ཞིང༌། །སྟོང་པར་བསྒོམས་པས་ལམ་དུ་ཤོར་བ་ཡིན། །ཆོས་རྣམས་ནམ་མཁའ་ལྟ་བུར་ཅིར་ཡང་གྲུབ་པ་མེད། །བསྒོམ་དུ་མེད་ཟེར་ཤེས་བྱའི་གཤིས་ལ་ཤོར། །དེ་ལ་སེམས་ཀྱི་བཞག་ཐབས་མ་འཆོལ་ན། །ཉམས་རྟོགས་རིམ་པ་བྱེ་བྲག་སྐྱེ་ཚུལ་ནི། །གཅིག་ཆར་བ་ལ་དང་པོ་རྟོགས་པ་སྐྱེ། །ཐོད་རྒལ་བ་ལ་རིས་ཡོད་རིས་མེད་བྱེད། །རིམ་སྐྱེས་པ་ལ་དང་པོ་རྩེ་གཅིག་སྐྱེས། །བདེ་གསལ་མི་རྟོག་སེང་ངེ་ཡེ་རེ་བ། །ཉམས་ལ་མཐོ་དམན་ཡོད་མེད་བྱུང་དུས་སུ། །བླ་མ་བསྒོམ་ཞིང་མཎྜལ་འབུལ་བར་བྱ། །ཡུལ་དང་ཡུལ་ཅན་ཐམས་ཅད་སྟོང་པར་འཆར། །འོན་ཀྱང་ངེས་ཤེས་མེད་པ་སྟོང་ཉམས་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་དང༌། །རང་སེམས་སྟོང་ཉིད་ནམ་མཁའ་མཐའ་དབུས་མེད། །དེ་ནི་སྣང་བ་བཀག་ནས་སྟོང་པ་བསྒོམ་པ་མིན། །ཡུལ་དུ་སྣང་བ་སྟོང་པ་ཉིད་དུ་སྒོམས། །གསལ་དང་ཕྲ་ལ་སོགས་པའི་ཤེས་རབ་སྐྱེ། །ཆོས་མཆོག་ཆེན་པོའི་ཏིང་འཛིན་འདྲ་བ་ཡིས། །རང་བཞིན་སྟོང་པ་དྲོད་ཀྱི་ཉམས་མྱོང་ཀུན། །རྟོག་པ་མེད་པས་མ་ངེས་བསམ་གཏན་ཡིན། །མོས་གུས་བྱས་ཤིང་གསོལ་བཏབ་ཚོགས་བསགས་ནས། །དེ་ནས་སྤྲོས་བྲལ་རྟོགས་པ་སྐྱེ་བ་ནི། །ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་རྟོགས། །རང་སེམས་གདོད་ནས་དག་ཅིང་སྟོང་པ་ཉིད་དུ་འཆར། །དེ་ཉིད་ལ་ནི་གོམས་ཤིང་སྦྱངས་པ་ལས། །འཁོར་འདས་གཉིས་ཀྱི་སྤྲོས་པ་སྣ་ཚོགས་ཀུན། །སྤྲོས་པ་བཀག་པའི་སྤྲོས་མེད་མ་བསྒོམ་པར། །སྤྲོས་པ་སྤྲོས་པས་སྟོང་པའི་སྤྲོས་མེད་སྒོམ། །ཉམས་སུ་བླངས་ཤིང་བླ་མའི་བྱིན་རླབས་ཀྱིས། །འོད་གསལ་བདེ་ཆེན་སེམས་ཀྱི་ངོ་བོ་རྟོགས། །ཉམས་ཀྱི་བདེ་གསལ་མི་རྟོག་སྲིད་གསུམ་ངོ་བོ་ཡིན། །རྟོགས་པའི་བདེ་གསལ་མི་རྟོག་སྐུ་གསུམ་ངོ་བོ་ཡིན། །སྤྲོས་བྲལ་བདེ་ཆེན་ཟུང་འཇུག་ལམ་ཡིན་ནོ། །དེ་ནས་རོ་གཅིག་རྟོགས་པ་སྐྱེ་བ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀྱི། །མཚན་ཉིད་མ་འདྲེས་སོ་སོར་གསལ་བ་རྣམས། །ཐ་དད་གཉིས་མེད་ཆོས་སྐུར་རོ་གཅིག་པས། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ཡོངས་སུ་རྫོགས། །དེ་ནི་ཅི་ལྟར་ཡོངས་སུ་རྫོགས་ཞེ་ན། །སྒོ་ལྔའི་རྣམ་ཤེས་བྱེད་ལས་ཐ་དད་ཀྱང༌། །རྟོག་བྲལ་མ་འཁྲུལ་རིག་པའི་ངོ་བོར་གཅིག །འཁོར་བའི་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ལ། །རྒྱུ་རྐྱེན་འབྲས་བུ་ཇི་ལྟར་འབྱུང་བ་རྣམས། །ཚུར་རོལ་ཕ་རོལ་མཐོང་བའི་རྟོག་པ་ཡིས། །འཁོར་བ་སྤངས་ཤིང་མྱང་འདས་བསྒྲུབས་པ་ཡིས། །རྒྱུ་འབྲས་མངོན་དུ་འགྲིགས་པར་ནུས་པ་ཡིན། །སྣ་ཚོགས་གཉིས་མེད་དུ་མ་རོ་གཅིག་དེ། །དྲན་པས་མ་ཟིན་ཡུལ་དང་ཡུལ་ཅན་ཀུན། །གཉིས་སྣང་བག་ཆགས་ཡིན་པར་འཆར་ན་ཡང༌། །ལམ་དེ་ཡོངས་སུ་གོམས་པར་བྱས་པ་ལ། །དགག་སྒྲུབ་རེ་དོགས་གཉིས་འཛིན་བག་ཆགས་རྣམས། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པར་གཅིག །སངས་རྒྱས་ཆོས་ཀྱི་ཡོན་ཏན་བྱེ་བྲག་རྣམས། །རྟོགས་ལྡན་སེམས་ལ་ཡོན་ཏན་འཆར་བ་ནི། །མཆོད་པ་རྣམ་བདུན་བྱེད་ལས་སོ་སོ་རྣམས། །འབུལ་མཁན་སེམས་ལ་མ་འདྲེས་ཡོངས་སུ་རྫོགས། །ཡོན་ཆབ་ཕུལ་བས་འདོད་ཆགས་ལ་སོགས་འདག །ཆོས་སྐུ་འཐོབ་དང་འོག་མ་དེ་ཡིས་འགྲེས། །གཞན་ཡང་དགེ་བའི་འབྲས་བུ་སོ་སོ་རྣམས། །ཆོས་རྣམས་རང་སེམས་ཟུང་འཇུག་ངང་དུ་རྫོགས། །དཔེར་ན་སྤོས་ཀྱི་རྒྱ་དང་རྒྱ་ལེན་བཞིན། །རྒྱ་ལ་རི་མོ་སྣ་ཚོགས་ཡོད་པ་ལ། །སྤོས་ཕྱེ་བདལ་དང་རྒྱ་ལེན་བཏབ་པ་ལས། །རྒྱ་ལ་རི་མོ་ཅི་ལྟར་ཡོད་པ་རྣམས། །སྤོས་ལ་རི་མོ་དེ་ལྟར་བྱུང་ན་ཡང༌། །རི་མོ་མ་འདྲེས་སོ་སོར་བཀྲ་བ་རྣམས། །སྤོས་ཕྱེ་མིན་པ་གཞན་ཞིག་བྱུང་བ་མིན། །རིགས་དྲུག་སེམས་ཅན་ཡུལ་ཕྱོགས་ཅི་གནས་པར། །སེམས་ཀྱིས་བྱེད་ལས་ཅི་བྱས་འབྲས་བུ་འབྱུང༌། །བྱུང་ཡང་རང་སེམས་མིན་པ་བྱུང་བ་མེད། །རྒྱུ་དང་ལམ་དང་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཡོན་ཏན་ཇི་ལྟར་གནས་ པ་ལ། །དགེ་བའི་སེམས་ཀྱིས་བྱེད་ལས་གང་བྱས ་པས། །ཡུལ་ལ་ཇི་ལྟར་ཡོད་པའི་ཡོན་ཏན་འབྱུང༌། །བྱུང་ཡང་རང་སེམས་མིན་པ་གཞན་ཞིག་བྱུང་བ་མིན། །འཁོར་འདས་གཉིས་ཀྱི་རྟེན་ཅིང་འབྲེལ་འབྱུང་རྣམས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་དུ་རྫོགས། །སེམས་ཀྱི་གཤིས་ཀ་བསྒོམ་དུ་མེད་པ་ནི། །སངས་རྒྱས་ཐུགས་དང་ཡེ་ནས་ཁྱད་མེད་པས། །བསྒོམས་པས་ལོགས་ནས་བོགས་ཤིག་དབྱུང་དུ་མེད། །འཁོར་འདས་གཉིས་ཀྱི་ཆོས་རྣམས་དུ་མ་ཀུན། །སེམས་ཅན་རྣམས་ཀྱི་སེམས་སྣང་མ་ཡིན་པ། །ཡུལ་དང་ཡུལ་ཅན་ལོགས་སུ་གྲུབ་པ་མེད། །མཐོང་ཐོས་དྲན་རེག་ཤེས་བརྗོད་ཆོས་རྣམས་ཀུན། །ཇི་ལྟར་མཐོང་ཡང་རང་སེམས་མཐོང་བ་ཡིན། །ཐམས་ཅད་རང་སེམས་སྒོམ་དུ་ཤེས་པ་ཡིས། །བསྒོམ་པ་མིན་པ་མེད་པས་སྒོམ་མེད་ཡིན། །སྒོམ་མེད་དུས་སུ་མཐར་ཐུག་རྟེན་འབྲེལ་འགྲིགས། །དབང་ཕྱུག་ལ་སོགས་ཡོངས་སུ་བསྒྱུར་བ་ཡི། །འདོད་རྒུ་ཇི་ལྟར་བསམ་པ་བཞིན་དུ་འགྲུབ། །རྣམ་སྨིན་ལུས་རྒྱ་སྐབས་འདིར་འདག་པ་ཡིན། །གང་ཟག་དེ་ནི་ཚེ་འདིར་མངོན་སངས་རྒྱས། །ཡང་ནི་སྐྱེ་བ་གཅིག་གིས་ཐོགས་པ་མེད། །རྣམ་ཆད་ལས་དབང་འཆི་བ་མ་ཡིན་པར། །ཡོངས་བསྒྱུར་བསམ་གྱིས་མི་ཁྱབ་འཆི་བ་ཡིས། །ལུས་རྒྱ་ཞིག་ནས་བར་དོར་མངོན་སངས་རྒྱས། །རང་སེམས་དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །ཚིག་ཚོགས་བྱ་སོགས་བྱེད་པ་གཉིས་སུ་མེད་ན་ཡང༌། །སྒོམ་མེད་རྟོགས་པ་སྐྱེ་བར་གྱུར་པ་ལ། །རང་སེམས་དྲན་པས་འཛིན་པ་ལ་སོགས་པའི། །ཐབས་ཀྱི་ཆ་ནི་གང་ཡང་བསྒོམ་མི་དགོས། །སངས་རྒྱས་སེམས་ནི་ལོགས་ན་མི་སྲིད་པས། །ལོགས་སུ་བསྒོམ་རྒྱུ་གཅིག་ཀྱང་མེད་ན་ཡང༌། །འོན་ཀྱང་རྟོགས་པའི་ཆོས་དེ་ཉིད་ལ་ཡང༌། །གོམས་ཤིང་འདྲེས་པས་རང་སེམས་རྩལ་སྦྱངས་པས། །མངོན་པར་ཤེས་པ་དྲུག་དང་སྤྱན་ལྔ་དང༌། །ཡེ་ཤེས་དང་ནི་ལུས་ཀྱི་བཀོད་པ་དང༌། །རྫུ་འཕྲུལ་དང་ནི་ཇི་སྙེད་མཁྱེན་པ་ཡི། །སངས་རྒྱས་ཀྱི་ནི་ཡོན་ཏན་ཡར་ལྡན་དུ། །སོང་བ་ཡིན་པས་རྟོགས་པའི་འབྲས་བུ་སྟེ། །དེ་ཡི་དགོངས་པ་དེ་ཡང་ཆོས་ཉིད་རྩལ་སྦྱངས་པས། །ཤེས་པ་ལ་ནི་དབང་ཐོབ་འོང་བ་ཡིན། །ཤེས་བྱའི་ཆ་ནི་ཐམས་ཅད་ཕྲ་ལ་དྭངས། །དེ་ལྟ་བུ་གཅིག་མཁྱེན་པའི་ཡོན་ཏན་འཆར། །བྱམས་དང་སྙིང་རྗེ་གཞན་དོན་འབྱུང་བའི་ཐབས། །རྟོགས་པའི་རྩལ་ཁ་སྦྱོངས་བར་མི་བྱེད་པར། །གཞི་དེ་རང་གི་ཐོག་ཏུ་བཞག་པས་ཆོག་ཟེར་ཞིང༌། །དགེ་བ་བྱ་རྒྱུ་མེད་ཅེས་ཟེར་བ་རྣམས། །ཕན་གནོད་འབྲས་བུ་འབྱིན་པར་མི་ནུས་པས། །དེ་ལ་ཐམས་ཅད་མཁྱེན་པ་མི་འབྱུང་བས། །བསྒོམ་བྱ་སྒོམ་བྱེད་མེད་ཀྱང་རྟོགས་པའི་རྩལ་ཁ་སྦྱངས། །འགྲོ་བའི་དོན་དུ་ཚོགས་གཉིས་བསགས་པ་ཡིས། །མཐར་ཐུག་མི་སློབ་ཟུང་འཇུག་ལ་གནས་ནས། །འབྲས་བུ་སྐུ་གསུམ་མངོན་དུ་བྱས་པ་ཡིན། །གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །ལོངས་སྐུ་སྤྲུལ་སྐུ་གཟུགས་སྐུ་སྣ་ཚོགས་རྣམས། །སངས་རྒྱས་ཀྱི་ནི་ལྷན་ཅིག་སྐྱེས་པའི་རྐྱེན། །དང་པོ་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས། །བར་དུ་རྣལ་འབྱོར་བཞི་དང་ཚོགས་བསགས་ཤིང༌། །རྗེས་ལ་འགྲོ་བའི་དོན་ལ་རྒྱལ་བ་ཡིས། །དགེ་བ་བསྔོ་ཞིང་སྨོན་ལམ་བཏབ་པ་འདི། །གདུལ་བྱ་རྣམས་ཀྱིས་ཉེ་བར་ལེན་པའི་རྒྱུ། །སངས་རྒྱས་སྐུ་གསུམ་སོ་སོར་འཆར་བ་ཡང༌། །དག་པ་རྣམས་ལ་སྐུ་གསུམ་དབྱེར་མེད་འཆར། །དམན་པ་རྣམས་ལ་སྐུ་གསུམ་སོ་སོར་འཆར། །རིགས་དྲུག་རྣམས་ལ་སྟོན་པ་དྲུག་ཏུ་འཆར། །རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་འབྲས་བུ་ཡིན། །སྒྲིབ་པ་སྤོང་ཞིང་ཡོན་ཏན་སྐྱེ་ཚུལ་ནི། །གོང་དུ་ཞོར་ལ་ཞིབ་པར་བསྟན་ན་ཡང༌། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་སོགས། །རང་སེམས་སངས་རྒྱས་མ་མཐོང་སྒྲིབ་པ་ཡིན། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །དགེ་དང་མི་དགེ་ལུང་མ་བསྟན་དུ་གནས། །མ་རིག་དབང་གིས་ཉོན་མོངས་དུག་ལྔ་ཡི། །མི་དགེ་སྤྱོད་པ་རྣམ་སྨིན་སྒྲིབ་པ་ཡིན། །དེ་ཡི་གཉེན་པོར་དགེ་སྤྱོད་མཚན་མར་བཟུང༌། །ཡོན་ཏན་ལ་ཞེན་ཤེས་བྱའི་སྒྲིབ་པ་ཡིན། །ཉོན་མོངས་པ་དང་ཉོན་མོངས་སྒྲིབ་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་མ་ལུས་རྣམས། །མ་རིག་ཉོན་མོངས་མི་དགེའི་ལས་དབང་གིས། །འཁོར་བའི་རྒྱ་མཚོར་ཐོག་མ་མེད་ནས་འཁྱམས། །མི་དགེའི་དབང་གིས་ཉོན་མོངས་སྒྲིབ་པས་གོས། །ལམ་རྣམས་ཉམས་སུ་བླངས་པས་སྒྲིབ་པ་འདག །དང་པོ་ཆོས་ལ་ཞུགས་པའི་གང་ཟག་རྣམས། །རིགས་དྲུག་འཁོར་བའི་སྡུག་བསྔལ་མུན་ནག་ཏུ། །མུན་པའི་དཀྱིལ་དུ་ཉི་མ་ཤར་བ་ལྟར། །སངས་རྒྱས་བསྟན་པའི་འོད་ཟེར་ཤར་བ་ཡིས། །སྒྲིབ་པའི་ཚོགས་རྣམས་མ་ལུས་སེལ་བར་བྱེད། །བླ་མས་བསྟན་པའི་ཆོས་ལ་ཞུགས་པ་རྣམས། །དང་པོ་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །རྩེ་གཅིག་དང་པོའི་ཏིང་འཛིན་སྐྱེས་པ་དེས། །མར་མེས་མུན་པ་སེལ་ཚོད་ཅི་ལྟ་བར། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེས་པ་ཡིས། །ཉོན་མོངས་རྣམ་རྟོག་ཚང་ཚིང་སེལ་བར་བྱེད། །རྩེ་གཅིག་གཉིས་པའི་ཏིང་འཛིན་སྐྱེས་པ་ཡིས། །ཉོན་མོངས་ཕྲ་བའི་ཕྲ་བ་མགོ་ནོན་ནས། །སྐྱ་རེངས་ཤར་ནས་མུན་པ་སེལ་བ་ལྟར། །ཡུལ་དང་ཡུལ་ཅན་རྟོག་མེད་བསྒོམས་པ་ཡིས། །ཡུལ་ལ་བདེན་པར་འཛིན་པའི་ཞེན་པ་དག །རྩེ་གཅིག་གསུམ་པའི་ཏིང་འཛིན་སྐྱེས་པ་ནི། །འཁོར་འདས་རང་སེམས་སྟོང་པར་བསྒོམས་པ་ཡིས། །ནམ་ལངས་པས་ནི་མུན་པ་དྭངས་བ་ལྟར། །ཡུལ་ཅན་རྟག་པར་འཛིན་པའི་ཞེན་པ་དག །ཉི་མ་ཤར་བས་མུན་པ་ཐམས་ཅད་བསལ་བ་ལྟར། །སྤྲོས་བྲལ་དང་པོའི་རྟོགས་པ་སྐྱེས་པ་ཡིས། །སྒྲིབ་གཉིས་ལ་སོགས་མུན་པ་སེལ་བར་བྱེད། །སངས་རྒྱས་ཉི་མའི་དཀྱིལ་འཁོར་ཤར་བ་ཡིས། །རིགས་དྲུག་འཁོར་བའི་སྡུག་བསྔལ་སེལ་བར་བྱེད། །སྤྲོས་བྲལ་གཉིས་པ་སྐྱེས་པའི་ཏིང་འཛིན་གྱིས། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་སོགས། །ལམ་རིམ་ངང་དུ་འདག་ཅིང་ཡོན་ཏན་སྐྱེས། །གསུམ་པ་ནས་བཟུང་སྒོམ་མེད་བར་དུ་ནི། །ཉོན་མོངས་པ་དང་ཉོན་མོངས་སྒྲིབ་པ་རྣམས། །ཆུང་ངུ་སྔོན་དང་ཆེན་པོ་ཕྱིས་ནས་འདག །ཤེས་རབ་དང་ནི་ཤེས་བྱའི་སྒྲིབ་པ་ནི། །ཆེན་པོ་སྔོན་དང་ཆུང་ངུ་ཕྱི་ནས་འདག །ཀུན་གཞིའི་ཡེ་ཤེས་ཉོན་མོངས་རང་གིས་སྒྲིབ། །ཉོན་མོངས་དུག་ལྔ་དུག་གསུམ་སྦྱང་བྱ་རྣམས། །ཡེ་ཤེས་ལྔ་དང་སྐུ་གསུམ་ཡོན་ཏན་ཆོས། །ཉོན་མོངས་སངས་ནས་ཡེ་ཤེས་སྐུ་གསུམ་པོ། །དེ་དག་མ་གཏོགས་ལོག་ནས་གྲུབ་པ་མེད། །ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་དང༌། །གཏི་མུག་ལ་སོགས་ཉོན་མོངས་སྒྲིབ་པ་ཀུན། །ཆོས་རྣམས་དེ་དག་སོ་སོར་རང་གིས་སྟོང༌། །ཉོན་མོངས་སྒྲིབ་པ་དེ་དག་ཉིད་ཀྱིས་འདག །ཉོན་མོངས་སྒྲིབ་པ་ཐོག་མེད་བསགས་པ་ནི། །ལས་དང་བག་ཆགས་ཀུན་ལྡང་རྣམ་པར་སྨིན། །མ་རིག་ལྟ་ལོག་ཐེ་ཚོམ་ཡིད་གཉིས་ཀུན། །ལམ་རྣམས་ཉམས་སུ་བླངས་པས་ཐད་སོར་འདག །ཉོན་མོངས་བདུད་དང་ཉོན་མོངས་རྟོག་རྒྱ་ཆོད། །ཆོས་རྣམས་རང་སེམས་གཅིག་ཏུ་རྟོགས་པ་ཡིས། །བསྒོམ་བྱ་སྒོམ་བྱེད་སྒོམ་མཁན་བསྒོམ་རྒྱུ་རྣམས། །འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས། །ཤེས་བྱའི་སྒྲིབ་པ་ཆེན་པོ་འདག་པར་བྱེད། །སྒོམ་རོ་གཅིག་སྐྱེས་པའི་གང་ཟག་ལ། །ཡོན་ཏན་སྐྱེ་དང་སྒྲིབ་པ་སྤོང་ཚུལ་རྣམས། །ལམ་གྱི་སྐབས་སུ་ཞིབ་ཏུ་བསྟན་ན་ཡང༌། །ཉོན་མོངས་ཤེས་བྱ་གཉིས་ཀའི་འབྲིང་པོ་འདག །དེ་ཡི་ཡོན་ཏན་རིམ་པ་སྐྱེ་ཚུལ་ནི། །གོང་དུ་ལམ་གྱི་སྐབས་སུ་ཞིབ་པར་བསྟན། །ཀུན་ཏུ་བཏགས་པའི་མ་རིག་མན་ཆད་ཀྱི། །ཉོན་མོངས་སྒྲིབ་པ་ཕྲ་རགས་ཐམས་ཅད་དང༌། །གཉིས་སྣང་བག་ཆགས་ཡན་ཆད་ཐམས་ཅད་འདག །ཤེས་བྱའི་སྒྲིབ་པ་ཆུང་ངུའི་རགས་པ་འདག །སྒོམ་མེད་སྐྱེས་པའི་རྟེན་གྱི་གང་ཟག་ལ། །ཡོན་ཏན་སྐྱེ་ཚུལ་ལམ་གྱི་སྐབས་སུ་བསྟན། །ཉོན་མོངས་ཆེན་པོ་ཤེས་བྱ་ཆུང་ངུ་ནི། །རང་སེམས་གཉིས་མེད་ཡེ་ཤེས་རྟོགས་པ་ཡིས། །བསྒོམ་པ་མིན་པ་ལོགས་སུ་གྲུབ་པ་མེད། །ཐམས་ཅད་སྒོམ་དུ་ཤར་བའི་ཤེས་རབ་ཀྱིས། །ལྷན་ཅིག་སྐྱེས་པའི་མ་རིག་ཀུན་གཞི་དང༌། །ཉོན་མོངས་རྩ་བའི་སྒྲིབ་པ་ཆེན་པོ་འདག །དེ་ཡི་ཉོན་མོངས་སྒྲིབ་པ་འདག་ཚུལ་ནི། །རང་སེམས་ཆོས་སྐུར་རིག་པས་མ་རིག་འདག །ཀུན་གཞི་རང་བཞིན་རྣམ་པར་དག་པ་ཡིས། །ཉོན་མོངས་སྒྲིབ་པ་ཆགས་པའི་གཞི་རྩ་བྲལ། །དེ་ཡི་ཉོན་མོངས་གཞི་རྩའི་སྒྲིབ་པ་ཐམས་ཅད་འདག །ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བ་ནི། །གཉིས་འཛིན་གཉིས་སྣང་བག་ཆགས་མ་ཡིན་ཡང༌། །དེ་ཡིས་བཞག་པའི་སྒྲིབ་པ་ཆུང་ངུ་ནི། །སྐུ་དང་ཡེ་ཤེས་ཐ་དད་སྣང་བ་ཡིན། །རིགས་ལྔ་རོ་གཅིག་དྲུག་པ་རྡོ་རྗེ་འཆང༌། །ཡེ་ཤེས་ལྔ་དང་ཆོས་སྐུ་རོ་གཅིག་པས། །སྐུ་ལྔ་དབྱེར་མེད་གཅིག་ཏུ་གྱུར་པ་ཡི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་དུས་སུ། །ཤེས་བྱའི་སྒྲིབ་པ་རིག་མ་ལ་བསྟེན་ནས། །སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་བསྡུས་ཀྱིས། །མཐར་ཐུག་འབྲས་བུའི་དུས་སུ་དབང་བསྐུར་བས། །ཤེས་བྱའི་སྒྲིབ་པ་འདག་ཅིང་མངོན་སངས་རྒྱས། །དེ་དག་སྒྲིབ་པ་འདག་ཚུལ་སོ་སོ་རྣམས། །ལམ་གྱི་ཐད་སོར་སྦྱར་ནས་ཤེས་པར་བྱ། །ཆོས་ཞུ་པོ་དང་འགྲོ་བའི་དོན་དུ་ནི། །སྙན་བརྒྱུད་ཟབ་མོ་ཡི་གེར་བྲིས་པ་ལ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྣམས། །མི་མཉེས་གྱུར་པ་ཐམས་ཅད་བཟོད་པར་གསོལ། །ཆོས་འདི་བརྩམས་པའི་དགེ་བ་དྲི་མེད་དེས། །ཞུ་བ་པོ་དང་འགྲོ་བ་སེམས་ཅན་རྣམས། །མཆོག་དང་ཐུན་མོང་དངོས་གྲུབ་རབ་བརྙེས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཐོབ་པར་ཤོག །ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཡོན་ཏན་དང༌། །རྣལ་འབྱོར་བཞི་ཡི་ལམ་གྱི་རིམ་པ་གཉིས། །དད་ལྡན་དབོན་པོ་ཤེས་རབ་དབང་ཕྱུག་གིས། །འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་ཞུས། །ཡུལ་ལ་མཚན་གསོལ་རྩི་ཀླུང་ཀོ་མཛོ་རུ། །ཟབ་ཆོས་ཡོན་ཏན་རིན་ཆེན་ཀུན་ཏུ་འོད། །ཏི་ཤྲཱི་རས་པས་འགྲོ་བའི་དོན་དུ་བཀོད། །བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་ཤོག །ཅེས་གསུངས་སོ། ༈ །རྗེ་གསང་བ་རས་པ་དཀར་པོ་ནི། འཁྲུངས་ཡུལ་མི་ཉག་འགའ། གདུང་ཕྱར་ཆུ། ས་ཕོ་རྟ་ཡི་ལོ་ལ་སྐུ་བལྟམས་ཤིང༌། སྐྱེ་བ་སྔོན་གྱི་སྨོན་ལམ་གྱི་མཐུས་བླ་མ་ཏི་ཤྲཱི་དང་མཇལ། གཞན་རྐྱེན་གྱིས་མི་བཟློག་པའི་ཆོས་ཀྱི་བག་ཆགས་སད། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཤེས་རབ་བྱང་ཆུབ་བཏགས། འདུལ་མདོ་དང་གསང་སྔགས་ཆོས་སྐོར་གདམས་པ་མ་ལུས་གསན། གྲོལ་ལམ་ཕྱག་ཆེན་དང༌། ཐབས་ལམ་གཏུམ་མོ་རྩ་ཐིག་རླུང་གསུམ་ལ་རང་དབང་ཐོབ། ཐིག་ལེ་ཡར་ཁྲེམ་པས་ཞལ་རས་བཅོ་ལྔའི་ཟླ་བ་ལྟར་གྱུར། སྐྱོ་ལྡག་ལ་ཁ་ནས་ཕེབས་དུས་ཞལ་རས་ཟླ་བ་ཤར་བ་བཞིན་མཐོང་བས་མཚན་གསང་བ་རས་པ་དཀར་པོ་ཞེས་སུ་གྲགས། རྗེ་བླ་མའི་གཤེགས་རྫོངས་ཀྱི་སྐུ་གསུང་ཐུགས་རྟེན་སོགས་གྲུབ་ནས་ལུང་བསྟན་བཞིན་སྐུ་འབུམ་ཆེན་མོ་བཞེངས། དེ་ནས་ཧོར་གྱི་རྒྱལ་པོ་གོ་བེ་ལར་གྲགས་པས་གཙུག་གིས་བཏུད། གནས་དྲུག་ཁྲི་སྐོར་ཆབ་འབངས་སུ་ཕུལ། ཕོ་བྲང་ནང་སོ་ཆེན་པོ་ཞེས་པའི་ལྷ་ཁང་ཀ་བ་ཉི་ཤུ་རྩ་ལྔ་ཐོག་གསུམ་པ། ཕྱི་ཡི་ཁྱམས་བསྐོར་ཁང་གསེར་གྱི་བྱ་འདབས་རྒྱ་ཕིབས་བཅས་བཞེངས། བསྟན་དགོན་གྱི་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་མཛད། སེམས་ཅན་རྣམས་སྨིན་གྲོལ་ལམ་ལ་བཀོད། དགུང་ལོ་རེ་ལྔ་ཧོར་ཟླ་དང་པོའི་ཚེས་བཅོ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་བཅས་སྐུ་མྱ་ངན་ལས་འདས། གདུང་ཞུགས་སུ་ཕུལ་བ་རིང་བསྲེལ་གྱི་ཕུང་པོར་གྱུར། སློབ་ཚོགས་མང་པོ་ཡོད་པའི་ནང་ནས་ཁྱད་པར་དུ་འཕགས་པ་སྤྱན་སྔ་ལུས་མེད་རྡོ་རྗེ་ཡིན། དམ་པ་དེ་ཉིད་ཀྱི་རྡོ་རྗེའི་གླུ་མགུར་འདི་ལྟ་སྟེ། ན་མོ་གུ་རུ། མཚན་དཔེའི་རབ་འབར་མི་འགྱུར་རྡོ་རྗེའི་སྐུ། །ཟླ་བ་ཡོངས་རྫོགས་ལྟ་བུའི་བླ་མ་བཞུགས། །སྙན་པ་ཕྱོགས་བཅུར་ཁྱབ་པའི་དྲི་མེད་གསུང༌། །རྒྱུན་མི་འཆད་པར་སྟོང་ཉིད་ཆོས་སྒྲ་སྒྲོགས། །འོད་གསལ་གླིང་ལ་བཞུགས་པའི་རིན་པོ་ཆེ། །མི་ཟད་རྒྱན་གྱི་འཁོར་ལོས་རྣམ་པར་བརྒྱན། །གསོལ་བ་འདེབས་སོ་རས་པ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་འགྲོ་མགོན་ཐུགས་རྗེ་ཅན། །ཕ་རས་པས་མི་འབྲལ་ཐུགས་རྗེས་བཟུང་དུ་གསོལ། །ཅེས་གསུངས་སོ། ༈ །སྤྱན་སྔ་ལུས་མེད་རྡོ་རྗེའི་རྣམ་ཐར་མདོ་ཙམ་ནི། དེའང་སྐུ་འཁྲུངས་ཡུལ་མཚོ་ཀེ་མདོ། རུས་རྒ། ཡབ་ཀྱེ་ལ་དགེ་བཤེས་ཀྱི་སྲས་སུ་མེ་མོ་ཕག་ལོར་འཁྲུངས། ལས་འཕྲོ་སད། ཡོན་ཏན་རྣམས་མ་བསླབ་པར་ཀློང་ནས་རྡོལ། ཚུལ་ཁང་སྣར་རྗེ་བླ་མས་ཆིབས་པའི་གོང་ནས་གནས་དྲུག་ཁྲོམ་ལ་ཞབས་དབང་གནང་སྐབས། ཁོང་ལ་སྣོད་ལྡན་གྱི་སློབ་མར་གཟིགས་ཏེ་ཕྱག་བཞག་ནས་བུ་ཚ་ཁྱོད་ཆོས་བསྒྲུབ་ནུས་སམ་གསུངས་པས། ཁོང་སྔོན་གྱི་སྨོན་ལམ་མཐུས་ལུས་གཡོས་མཆི་མ་འཁྲུགས་ཏེ། ཅེས་ཀྱང་ཐུགས་རྗེས་འཛིན་པར་ཞུ་ཞུས་པས་བླ་མ་དགྱེས་པར་གྱུར། གྲོགས་རྣམས་ཕར་བཏང་ནས་ཁོང་བཞུགས། རས་པ་དཀར་པོའི་མདུན་ནས་རབ་བྱུང་བསྙེན་རྫོགས་ཞུས། མཚན་བྱང་ཆུབ་དཔལ་ཞེས་བྱ་བ་བཏགས། འདུལ་བ་སོགས་སློབ་གཉེར་རྣམས་བསམ་གྱིས་མི་ཁྱབ་པ་མཛད། ཀྱཻ་རྡོར་མ་ཡ་སོགས་ཀྱི་དབང་ཞུས་སྐབས་གསང་མཚན་མི་བསྐྱོད་རྡོ་རྗེར་བཏགས། ཆོས་དྲུག་དང་ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་ནས་བསྒོམས་པས་ཉམས་རྟོགས་འཆར་སྒོ་དཔག་མེད་འགྲན་ཟླ་བྲལ། གཞན་ཡང་མར་ཁུ་གསོལ་བ་བ་སྤུའི་རྒྱུད་ནས་སྔོ་སིབ་སིབ་ཐོན་པ་ངོ་མཚར་དུ་གྱུར་པ་སོགས། མངོན་ཤེས་ལམ་རྟགས་ཀྱི་ཡོན་ཏན་རྒྱ་ཆེན་མངའ་ཞིང་ཉི་ཟླ་མར་མེའི་འོད་དུ་འབྱོན་ཚེ་སྐུ་ལུས་ལ་གྲིབ་མ་མེད་པར་ཤེལ་སྒོང་ལྟ་བུར་བཞུགས་པས་མཚན་ལུས་མེད་རྡོ་རྗེར་གྲགས། རེས་ཤིག་དབུས་སུ་བྱོན་ནས་གྲུབ་ཐོབ་འདོ་རས་ལས་རྫོགས་ཆེན་དང༌། རྗེ་རི་གོང་པ་ལས་ནི་གུ་ཆོས་དྲུག རྔོག་གཟི་བརྗིད་གྲགས་པ་ལས་རྔོག་གི་ཆོས་སྐོར་དང་ལྷ་མོ་དུད་སོལ་མ་སོགས་གསན་ནས་སྒྲུབ་པའི་ཚེ་ལྷ་མོ་ཞལ་གཟིགས་ནས་མི་རབས་བཅུ་གསུམ་ཚུན་བསྟན་པ་སྲུང་བར་ཁས་བླངས། ཚོགས་བདག་བསྒྲུབས་པས་དངོས་གྲུབ་འབད་མེད་དུ་བསྩལ། དགུང་གྲངས་སོ་དགུ་ཤིང་མོ་གླང་གི་ལོ་ལ་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་ཕེབས། ལོ་ཉི་ཤུ་རྩ་བརྒྱད་ལ་བསྟན་དགོན་གྱི་འཛིན་སྐྱོང་དང༌། གདུལ་བྱ་རང་རང་གི་སྤྱོད་ཡུལ་དང་འཚམས་པའི་ཆོས་འཁོར་བསྐོར་ནས་སྨིན་གྲོལ་ལམ་ལ་བཀོད། དགུང་ལོ་དྲུག་ཅུ་རྩ་དྲུག་ཆུ་ཕོ་འབྲུག་ལོའི་རོག་ཉ་ཟླ་བའི་ཚེས་བཅོ་བརྒྱད་ལ་སྐུ་མྱ་ངན་ལས་འདས། གདུང་མཆོད་རབ་འབྱམས་ཕུལ། གདུང་ཞུགས་ལ་ཕུལ་ནས་ཟླ་བ་གཅིག་གི་བར་དུ་ནམ་མཁར་འཇའ་དང་མེ་ཏོག་གི་ཆར་རྒྱུན་ཆད་མེད་བབས། རིང་བསྲེལ་དང་དུང་དཀར་གཡས་འཁྱིལ་བཅུ་གསུམ་དད་པའི་རྟེན་ལ་བཞག བཀའ་བབ་སློབ་བཞི་སོགས་མང་དུ་བྱོན་པའི་ནང་ནས་ཁྱད་པར་འཕགས་པ་བྱང་ཆུབ་གཞོན་ནུར་གྲགས་སོ། །ལུས་མེད་རྡོ་རྗེའི་ཞལ་ནས་རྟོག་པ་བྲལ་བའི་རྡོ་རྗེའི་མགུར་འདི་ལྟ་སྟེ། ཐབས་མཁས་ཐུགས་རྗེའི་བདག་ཉིད་ཡོན་ཏན་ཀུན་གྱི་གཏེར། །མ་དག་རྟེན་འབྲེལ་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ། །དེ་ཉིད་ཡང་དག་རྟེན་འབྲེལ་མྱང་འདས་བདེ་ཆེན་དུ། །སྟོན་མཛད་བླ་མ་རྗེ་བཙུན་དེ་ལ་གུས་པས་འདུད། །ཁྱེད་འདོད་ཆོས་ནི་ཟབ་ཅིང་ཤིན་ཏུ་དཔག་པར་དཀའ། །སྲིད་དང་ཞི་བ་འབྲས་བུའི་ཆོས་རྣམས་ཀྱི། །བརྗོད་བྱ་རྗོད་བྱེད་སྟོན་པའི་ནུས་པ་བདག་ལ་མེད། །འོན་ཀྱང་བླ་མའི་དྲིན་གྱིས་ཕྱོགས་ཙམ་མཚོན་པར་བྱ། །འཁོར་བའི་གནས་ལུགས་བསྟན་པ་ནི། །དབང་པོ་འབྲས་བུ་ལས་གྲུབ་པའི། །འཁོར་བའི་ཚང་ཚིང་གཡང་ས་ཆེ། །རིགས་དྲུག་གྲོང་ཁྱེར་རྒྱལ་ཁམས་ན། །ཀུན་གཞིའི་རྒྱལ་པོ་བསྒྱུར་ཁ་ཡང༌། །མ་རིག་གཉིས་ཀྱི་བཙུན་མོ་དང༌། །ཡིད་ཤེས་ཕྱི་འཁོར་ངན་དབང་ཆེ། །རང་རིག་བློན་པོ་བཟང་དབང་ཆུང༌། །དབང་ཤེས་ཀྱི་རྒྱལ་བུ་ཤེད་མ་བྱེ། །འདུ་བྱེད་ལྔ་བཅུ་བྱ་བྱེད་རྒོད། །རང་བཞིན་བརྒྱད་ཅུ་ཕྱོགས་ཆ་དམ། །ངན་སོང་དམག་ཚོགས་གྲངས་རེ་མང༌། །ལས་ངན་རྣམ་སྨིན་ཁྲིམས་ལ་གནས། །དུས་དང་གནས་སྐབས་དེ་ཙམ་ན། །རྒྱལ་པོ་བཏང་སྙོམས་ངང་ལ་ལུས། །རྒྱལ་བུ་ལྔ་པོ་ན་སོ་ཆུང༌། །ངན་ལ་དབང་ཆེའིེ་འཁོར་རྣམས་ཀྱིས། །ཕྲག་དོག་བསམ་པ་མི་བཟོད་པས། །བློན་པོ་བཟང་དེ་བཙོན་དུ་བཟུང༌། །ངར་འཛིན་ཨན་ཆེན་སྐེ་ལ་བསྐོན། །གཟུང་འཛིན་ལྕགས་སྒྲོག་དམ་དུ་བཅུག །ཐར་མེད་འཁོར་བའི་དོང་དུ་བསྐྱུར། །ཁྲི་མུན་འཇིགས་སུ་རུང་བ་དེར། །སངས་རྒྱས་རྒན་པོ་འོ་རེ་བརྒྱལ། །རྒྱུ་མཐུན་གྱི་སྡུག་བསྔལ་བཟོད་རླག་མེད། །ཆུ་བོ་བཞི་ཡི་རྦ་ལ་གཡེངས། །མཛེ་ཡི་ཐོག་ཏུ་ཕོལ་མིག་བྱུང༌། །ལིང་ཏོག་སྟེང་དུ་ས་རྡུལ་བཏབ། །སྦྲང་རྩི་དུག་ཏུ་བབ་པ་ཟོས། །དེ་ནང་གི་བཙོན་བུ་ཉམ་ཆུང་དེ། །རྣམ་མཁྱེན་ཡངས་པའི་ཞིང་ཁམས་སུ། །འབྲོས་པའི་བསམ་པ་ཡོད་ན་ཡང༌། །དབང་འབྲས་ཀྱི་ལུང་པ་བགྲོད་པར་དཀའ། །འདོད་ཆགས་ཀྱི་ཆུ་བོ་འཐུང་ཞིང་སྐོམ། །ཞེ་སྡང་མེ་ཆེན་ཁ་རེ་ཚ། །ང་རྒྱལ་གྱི་རི་བོ་མཐོ་ལ་གཟར། །ཕྲག་དོག་གི་བྲག་རི་འཇིགས་ཤིང་ལྷུང༌། །རང་སྣང་གི་གཤེད་མས་རྟག་ཏུ་བསྲུངས། །གཟུང་འཛིན་ལྕགས་སྒྲོག་ཕྱིར་ཕྱིར་དམ། །ཐབས་ལ་རྨོངས་པའི་གནད་ཀ་དེས། །འབྲོས་པའི་བསམ་པ་ཡོད་ན་ཡང༌། ཡིད་སྨོན་རྐྱང་པའི་ཐོག་ཏུ་ལུས། །དེ་ཡི་སྡུག་བསྔལ་སྣ་ཚོགས་པ། །ལོགས་ན་ཡོད་པ་མ་ཡིན་ཏེ། །མེད་ལ་ཡོད་འཛིན་འཁྲུལ་པ་ལས། །རང་སྣང་བག་ཆགས་དེ་ལྟར་སྣང༌། །ཤནྟ་དཱེ་བའི་ཞལ་ནས་ཀྱང༌། །ལྕགས་སྲེག་གི་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ནས་བྱུང༌། །བུད་མེད་ཚོགས་དེ་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། ཞེས་སོགས་རྒྱས་པར་གསུངས་སོ། ༈ །དེའི་རིགས་དབོན་བྱང་ཆུབ་གཞོན་ནུ་ནི་ལུས་མེད་རྡོ་རྗེ་ལ་རབ་ཏུ་བྱུང༌། བྱང་ཆུབ་གཞོན་ནུར་བཏགས། དབང་དང་གདམས་ངག་མ་ལུས་གསན། མགོ་རུའི་ཡེབ་ཏི་ཕུག་ཏུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། །ཉམས་རྟོགས་མཐའ་ཡས་པ་སྐྱེས། གདན་ས་སྐུ་འབུམ་དུ་ཚངས་མང་གསར་པ་བྲང་ཁང་ཆེན་མོ་བཅས་དང༌། ལྷ་ལུང་འབུམ་ཆུང་སོགས་མཛད་ཆབ་རྒྱས། སྐུ་ཆེ་བའི་ཡོན་ཏན་འགྲན་ཟླ་བྲལ་བར་བྱུང༌། སློབ་བརྒྱུད་དབོན་གྲགས་བྱང་བ། སྟོང་ནག་རས་པ་སོགས་མང་དུ་བྱོན། དགོངས་པའི་རྟོགས་ཚད་དོ་ཧ་རྡོ་རྗེའི་མགུར་འདི་ལྟ་སྟེ། སྤྱན་སྔ་བྱང་གཞོན་པའི་ཞལ་ནས། །སྣང་སྲིད་འཁོར་འདས་ཆོས་རྣམས་འདི། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་མིན་པ་བསྒོམ་མེད་པས། །ཐམས་ཅད་སྒོམ་དུ་ཤེས་པ་ཡིས། །བསྒྲིབ་བྱ་མེད་ཅིང་སྒྲིབ་མཁན་མེད། །སྤང་བྱ་མེད་ཅིང་གཉེན་པོ་མེད། །སེམས་ཉིད་ཆོས་སྐུ་རྣམ་དག་ལ། །སྒྲིབ་པའི་བག་ཆགས་གནས་པ་མེད། །གཉེན་པོ་སོ་མས་བཅོས་སུ་མེད། །ཡང་དག་དོན་གྱི་ངོ་བོ་ལ། །འཁོར་དང་མྱང་ངན་འདས་པ་མེད། །གཞན་ཡང་དམིགས་པ་ཐམས་ཅད་དང༌། །སྦྱང་གཞི་སྦྱོང་བྱེད་ག་ལ་ཡོད། ཅེས་གསུངས་སོ། ༈ །བྱང་ཆུབ་གཞོན་ནུའི་སློབ་མ་སྟོང་ནག་རས་པའི་གདུང་ནི་ཚབ་ཤི། ཡབ་སེངྒེ་དཔལ་གྱི་སྲས་སུ་འཁྲུངས། བྱང་ཆུབ་གཞོན་ནུ་ལ་རབ་ཏུ་བྱུང༌། མཚན་བློ་གྲོས་རྡོ་རྗེར་བཏགས། ཆོས་དྲུག་དང་གདམས་ངག་མ་ལུས་པ་གསན། བྲང་ཁང་ཆེན་མོར་ལོ་བདུན་དུ་བསྒོམས་པས་གཏུམ་མོའི་དྲོད་ཆེན་འབར། རྡོ་རྗེ་ཕག་མོ་ཞལ་གཟིགས། ཇོ་མོ་གཡུ་སྒྲོན་ཇབ་དང་ཀུ་སྐྱོ་རྣམས་སུ་རི་འགྲིམ་དང༌། འགྲོ་དོན་རྒྱ་ཆེན་པོ་མཛད། ཟླ་ཉིན་ལ་ཆིང་གི་དགོན་བཏབ། མཐར་དེར་སྐུ་མྱ་ངན་ལས་འདས། གདུང་ཞུགས་ལ་ཕུལ་བས་འཇའ་མི་འདྲ་བ་དུ་མ་དང་རིང་བསྲེལ་གྲངས་མེད་བྱོན། དེའི་སློབ་མ་མང་དུ་ཡོད་པའི་ནང་ནས་ཁྱད་པར་འཕགས་པ་ལྷ་རས་པ་དང་རླངས་རས་པ་གྲགས་པ་རྒྱལ་མཚན་གཉིས་ཡིན་ནོ། །སྟོང་ནག་རས་པའི་རྡོ་རྗེའི་མགུར་འདི་ལྟ་སྟེ། མི་བསམ་མི་མནོ་བསམ་དུ་མེད། །སྙེམས་བྲལ་ལྷན་ཅིག་སྐྱེས་པ་ཡི། །ཆོས་ཉིད་དེ་ལ་གུས་པས་འདུད། །མི་བལྟ་མི་བསྒོམ་བསྒོམ་དུ་མེད། །མི་སྤྱོད་མི་བསྲུང་གཏན་བྲལ་ལ། །མི་རེ་མི་དོགས་རྣམ་པར་དག །ཆོས་ཉིད་མཐའ་དང་བྲལ་བ་ལ། །བལྟ་བྱ་ལྟ་བྱེད་མ་གྲུབ་ཀྱང༌། །བལྟ་རུ་མེད་པའི་ངང་དུ་བལྟ། །གཉུག་མ་རྒྱུན་ཆད་མེད་པ་ལ། །བསྒོམ་བྱ་སྒོམ་བྱེད་མ་གྲུབ་ཀྱང༌། །བསྒོམ་དུ་མེད་པའི་ངང་ལ་བསྒོམ། །གནས་ལུགས་རྣམ་པར་དག་པ་ལ། །སྤྱད་བྱ་སྤྱོད་བྱེད་མ་གྲུབ་ཀྱང༌། །སྤྱོད་དུ་མེད་པའི་ཚུལ་གྱིས་སྤྱོད། །སེམས་ཉིད་མཁའ་ལྟར་དག་པ་ལ། །བསྲུང་བྱ་སྲུང་བྱེད་མ་གྲུབ་ཀྱང༌། །བསྲུང་དུ་མེད་པའི་ཚུལ་གྱིས་བསྲུང༌། །རང་བཞིན་ལྷུན་གྱིས་གྲུབ་པ་ལ། །བསྒྲུབ་བྱ་སྒྲུབ་བྱེད་མ་གྲུབ་ཀྱང༌། །གཉིས་སུ་མེད་པའི་ངང་དུ་བསྒྲུབ། །ཐ་མལ་ཤེས་པ་རང་ངོ་ཤེས། །འཁོར་བའི་རང་བཞིན་སྒོམ་པར་གདའ། །སྤང་བླང་བྱེད་ན་སྒོམ་པ་མིན། །དུས་གསུམ་གཉུག་མ་སྒོམ་པར་གདའ། །ཐུན་དུ་སྤྱད་ནས་སྒོམ་པ་མིན། །སྣང་བ་སྣ་ཚོགས་སྒོམ་པར་གདའ། །བསྲུང་བྱ་མེད་པའི་གནས་ལུགས་ལ། །ཆེད་དུ་བསྲུང་ན་སྒོམ་པ་མིན། །ངོ་བོ་ཉིད་ཀྱང་སྒོམ་པར་གདའ། །རེ་དོགས་བྱེད་ན་སྒོམ་པ་མིན། །གནས་ལུགས་ངོ་བོ་ཉིད་ཀྱི་གླུ། །སེམས་ལ་ཤར་ནས་བླངས་པ་ལགས། །འགྲོ་ཀུན་གཉིས་མེད་དོན་རྟོགས་ནས། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག ཅེས་གསུངས་སོ། ༈ །སྟོང་ནག་རས་པའི་སློབ་མ་ལྷ་རས་པ་ནི། སྐུ་འཁྲུངས་ཡུལ་ལྕི་རྒྱུད། གདུང་མཆོག་པོའམ། ལྷ་ཡི་གདུང༌། བློ་གྲོས་རྡོ་རྗེ་ལ་རབ་ཏུ་བྱུང༌། མཚན་བརྩོན་འགྲུས་དཔལ། གྲུབ་བརྙེས་ཀྱི་བླ་མ་མང་དུ་མཇལ་ཞིང་ཟབ་རྒྱས་ཀྱི་གདམས་པ་ཐུགས་སུ་ཆུད་པར་མཛད་ཅིང༌། ཁྱད་པར་སྟོང་ནག་རས་པ་ལས། ཕྱག་ཆེན་གྱི་དགོངས་བརྒྱུད་བརྙེས་པས་བརྒྱུད་འཛིན་གྱི་མཆོག་ཏུ་གྱུར། སྐྱོ་ཁོ་ཉིན་ཕུག་ཏུ་སྒྲུབ་པ་ལ་མི་ཚེ་བསྐྱལ། ཕྱག་རྒྱ་ཆེན་པོ་ཉིན་མཚན་དབྱེར་མེད་ཀྱི་རྟོགས་པ་འཁྲུངས། མཐར་དེ་ཉིད་དུ་སྐུ་གཤེགས་པའི་གདུང་རྟེན་རིང་བསྲེལ་བསམ་ལས་འདས་པ་བྱོན་ཞིང༌། གདུང་འབུམ་ཡང་དེར་གྲུབ་པར་མཛད། སློབ་ཚོགས་མང་དུ་བྱོན་པའི་གཙོ་བོ་རླངས་རས་གྲགས་པ་རྒྱལ་མཚན་ནོ། རྗེ་དེ་ཉིད་ཀྱི་གསུང་རྡོ་རྗེའི་མགུར་བཞེངས་པ་ནི། ཡང་གཅིག་མཐའ་བྲལ་གཉུག་མའི་སེམས། །རྟག་ཆད་མེད་པར་རང་སར་གྲོལ། །བྱིང་རྒོད་མེད་པར་རང་སར་གྲོལ། །སྤང་བླང་མེད་པར་རང་སར་གྲོལ། །དགག་སྒྲུབ་མེད་པར་རང་སར་གྲོལ། །རེ་དོགས་མེད་པར་རང་སར་གྲོལ། །གྲུབ་མཐའི་ཆོས་རྣམས་རང་སར་གྲོལ། །སྣང་བ་གང་ཤར་ཐད་ཀར་གྲོལ། །སྒོ་ལྔའི་རྟོག་པ་ལམ་དུ་གྲོལ། །ཉོན་མོངས་གཉེན་པོ་གཅིག་ཏུ་གྲོལ། །སེམས་ལ་བཅིང་གྲོལ་ག་ལ་སྲིད། །སེམས་ལ་རྒྱུན་ཆད་ག་ལ་སྲིད། །སེམས་ལ་འཕེལ་འགྲིབ་ག་ལ་སྲིད། །སེམས་ལ་འགྱུར་བ་ག་ལ་སྲིད། །སེམས་ལ་དངོས་འཛིན་ག་ལ་སྲིད། །ཡོད་མཐའ་མེད་མཐའ་གཉིས་དང་བྲལ། །ཡང་དག་གི་དོན་ལ་གྲུབ་མཐའ་མེད། །ཐ་སྙད་ཚིག་ཏུ་བརྟག་པ་ལ། རྟོགས་ལྡན་བསྙེལ་བ་མི་མཛད་ཞུ། ཞེས་གདམས་པར་མཛད་དོ། ༈ །དེའང་སྐྱོ་བྲག་གྲགས་པ་རྒྱལ་མཚན་ནི་སྟག་ཤམ་ལུང་བསྟན་ལས། ས་ར་ཧ་སྤྲུལ་རྒྱལ་མཚན་མིང་ཅན་དང་༔ ཡེ་ཤེས་སྙིང་པོའི་སྤྲུལ་པ་སྐྱོ་བྲག་པ༔ འབྲེལ་ཚད་དོན་ལྡན་ཐར་པའི་ཞིང་དུ་འདྲེན༔ ཞེས་འབྱུང་བའི་རྒྱས་པར་དྲན་པའི་ཁ་བྱང་དུ་གསལ་ཞིང་མདོར་བསྡུས་ཅུང་ཟད་བཀོད་པའོ། །དང་པོ་དགོན་པ་ཆགས་ལ་བཏབ་ཚུལ་ནི། རླངས་རས་པ་གྲགས་པ་རྒྱལ་མཚན་དེ་ཉིད་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་ཞིང༌། སྐུ་འཁྲུངས་ཡུལ་ལྕི་རྒྱུད་ཤེལ་པ། རླངས་རིན་ཆེན་བླ་མའི་སྲས་སུ་སྟག་གི་ལོ་ལ་སྐུ་བལྟམས། སློབ་དཔོན་རས་ནག་པ་དང༌། ཀརྨ་པ་རོལ་པའི་རྡོ་རྗེ་ལ་སོགས་ལས་བསྐྱེད་རྫོགས་ཀྱི་སྒྲུབ་སྐོར་མང་པོ་དང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་སོགས་མང་དུ་ཞུས་ཤིང༌། ཁྱད་པར་དུ་ཡང་ལྷ་རས་པ་ལས་གདམས་ངག་ཐམས་ཅད་རྫོགས་པར་གསན་ནས་རབ་བྱུང་མཛད། ལ་ཕུག་དབྱི་རོག་ཕུག་པ། ཤེལ་ཁྲོམ་རྒྱམ་རྒྱལ་སྐྱོ་ཁོ་ཉིན་ཕུག་སོགས་ལ་ལོ་ཉི་ཤུར་བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་ངོ་མཚར་ཅན་བྱུང་སྟེ། མཁའ་འགྲོ་མ་ཝ་ལ་སྤྲུལ་ནས་ཆའུ་ཁྱེར་སོང་བའི་རྗེས་བཙལ་བས། མགོ་ཡི་བྲག་ཐོག་ཏུ་བཞག་འདུག་པ་གཟིགས་ནས། མཁའ་འགྲོ་མའི་དགོན་པར་ཞབས་ཀྱིས་བཅག་པའི་རྟེན་འབྲེལ་དུ་གོ་ནས་སྐྱོ་བྲག་མགོ་ཡི་དགོན་བཏབ། སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས། ཕྱག་ཆེན་གྱི་ཁྲིད་དང་རྡོ་རྗེའི་མགུར་ལ་སོགས་མང་དུ་མཛད། བདུན་ཅུ་དོན་གསུམ་སྟག་གི་ལོ་ལ་སྐུ་གཤེགས། རྟེན་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་མཐའ་ཡས། དེའི་སློབ་མ་བསོད་ནམས་དབང་ཕྱུག་དང་རིན་ཆེན་བཟང་པོ་སོགས་མང་དུ་བྱོན། རྟོགས་ཚད་གསུངས་པའི་ཉམས་མགུར་འདི་ལྟ་སྟེ། རྗེ་བླ་མ་རྣམས་ལ་གུས་པས་འདུད། །བཀའ་བརྒྱུད་པ་རྣམས་ཀྱིས་བྱིན་གྱིས་རློབས། །མ་དང་མཁའ་འགྲོས་དངོས་གྲུབ་སྩོལ། །བར་ཆད་བདུད་འདུལ་ཆོས་སྐྱོང་མཁྱེན། །རི་ཁྲོད་དབེན་པའི་གནས་མཆོག་འདི། །ཉམས་ཏིང་འཛིན་འཕེལ་བའི་ཕོ་བྲང་ཡིན། །སེམས་གསལ་སྟོང་འཛིན་བྲལ་ངོ་བོ་འདི། །རང་གཅིག་པུར་འདུག་པའི་སྐྱོ་རོགས་ཡིན། །ཉམས་ཏིང་འཛིན་རྒྱུན་ཆད་མེད་པ་འདི། །མི་ཚེ་སྐྱེལ་བའི་ཡིད་རྟེན་ཡིན། །ཆོས་ཉིད་རང་གཤིས་ཤར་བ་འདི། །གཅིག་པུར་འདུག་པའི་རྩེ་རོགས་ཡིན། །བྱ་བྱེད་ཡིད་ལ་བྲལ་བ་འདི། །ནམ་རྩ་བ་གཅོད་པའི་སྐྱེལ་ཐག་ཡིན། །སྟོང་ཉིད་མངོན་དུ་གྱུར་པ་འདི། །སྣང་བ་གཅོད་པའི་རལ་གྲི་ཡིན། །སྣང་སེམས་གཉིས་སུ་མེད་པ་འདི། །ཅིར་སྣང་གྲོགས་སུ་ཤར་བ་ཡིན། །ཉམས་མྱོང་ནང་ནས་ཤར་བ་འདི། །རྟོགས་པ་མངོན་དུ་གྱུར་པ་ཡིན། །ཅིར་སྣང་ཆོས་སྐུར་ཤར་བ་འདི། །འཁོར་འདས་ཤན་ཐར་ཕྱེད་པ་ཡིན། །གསལ་སྟོང་རྒྱུན་ཆད་མེད་པ་འདི། །འཁོར་འདས་གཅིག་ཏུ་དྲིལ་བ་ཡིན། །སྣང་སྟོང་དབྱེ་རུ་མེད་པ་འདི། །ཟུང་འཇུག་ནང་ནས་ཤར་བ་ཡིན། །ཕྲ་རགས་སྤུན་ཆ་དག་པ་འདི། ཆོས་སྐུ་མངོན་དུ་གྱུར་པ་ཡིན། །འགྲོ་འོང་འཕོ་འགྱུར་མེད་པ་འདི། །ཕྲིན་ལས་རྒྱུན་ཆད་མེད་པ་ཡིན། །ཅལ་ཅོལ་ཚིག་གི་ན་ཡམ་ལ། །འགལ་བ་མཆིས་ན་བཟོད་པར་གསོལ། །དགེ་བས་སེམས་ཅན་ཐམས་ཅད་ཀྱིས། །ཆོས་ཉིད་མངོན་དུ་རྟོགས་པར་ཤོག །ཅེས་སོ། ༈ །རྡོ་རྗེ་འཆང་སོགས་བཀའ་བརྒྱུད་གོང་མ་རིན་པོ་ཆེའི་ཟབ་གསང་དྲི་མ་མེད་པ་བུམ་པ་གང་བྱོས་ཚུལ་དུ་འཛིན་པ་འཕགས་ཡུལ་གྲུབ་བརྒྱའི་གཙོ་བོ་དཔལ་ས་ར་ཧའི་རྣམ་འཕྲུལ་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོའི་སྐུ་འཁྲུངས་པའི་ཡུལ་ནི་ཀོ་རོག་དར་ལུང༌། གདུང་འདན་མ། ཡབ་དཀོན་མཆོག་སྐྱབས། ཡུམ་རག་ནམ་བཟའ་མགོན་མོ། ཆུ་ཕོ་བྱི་བའི་ལོ་ལ་སྐུ་བལྟམས། །རླངས་རས་པའི་མདུན་ནས་རབ་ཏུ་བྱུང༌། ཀརྨ་པ་དེ་བཞིན་གཤེགས་པ་ལས་ཆོས་མང་དུ་ཞུས་སྒོམ་རོ་གཅིག་མངོན་དུ་བྱུང་ཞིང༌། ས་བརྒྱད་པ་མི་གཡོ་བའི་རྟོགས་པ་བརྙེས་ཏེ་ཕྱིན་ཆད་ཉམས་ལེན་གྱི་སྒོམ་ཐག་ཆོད་པ་ཡིན་གསུངས། པདྨ་འབྱུང་གནས། རྡོ་རྗེ་འཇིགས་བྱེད། འཁོར་ལོ་བདེ་མཆོག་སོགས་བླ་མ་ཡི་དམ་མང་པོ་དང༌། ཡེ་ཤེས་མགོན་པོ་སོགས་ཆོས་སྐྱོང་མང་པོ་ཞལ་གཟིགས། གཏོར་མ་བདུད་རྩིར་བབས། སྐྱོ་བྲག་མགོ་ནས་ཆབ་ཏི་གསེར་ཕུག་ཏུ་འཕུར་བ་སྐྱེ་བོ་ཕོ་མོ་ཀུན་གྱིས་མཐོང་བའི་རྫུ་འཕྲུལ་ལན་མང༌། རྡོ་རྗེའི་གླུ་མཛོད་རྡོལ། འགྲོ་དོན་རྒྱ་ཆེན་མཛད། །བདུན་ཅུ་དོན་བརྒྱད་ཧོར་ཟླ་བཞི་པའི་ཚེས་བཞི་ལ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ། ལྟས་དང་ཆོ་འཕྲུལ་དཔག་ཏུ་མེད། སྐུ་གདུང་ཤ་རི་རམ་དུ་གྱུར། དེ་ལྟ་བུའི་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་གནས་ཆེན་སྐྱོ་ཁོ་ཉིན་ཕུག སེང་གེའི་བྲག ཟླ་སྤྱི་འབྱམས་ཉི་ཟླ་ཕུག ཆབ་ཏི་གསེར་ཕུག མཁའ་འགྲོ་ཤུགས་ཁྲི་སོགས་སུ་བཞུགས་སྐབས་རྡོ་རྗེའི་མགུར་དབྱངས་བཞེངས་པ་འདི་ལྟ་སྟེ། བུདྡྷ་དྷརྨ་སངྒྷ་བྷྱཿ ཁྱེད་གྲོགས་གོང་མ་ཐམས་ཅད་ཚུར་གསོན་དང༌། །བྱིན་རླབས་ཞུགས་རུང་མ་ཞུགས་རུང༌། །ཀེ་རུ་གཱིརྟི་མ་གཏོགས་པ། །བླ་མ་གཞན་ནས་ངས་མི་འཚོལ། །དངོས་གྲུབ་སྟེར་རུང་མ་སྟེར་རུང༌། །རྡོ་རྗེ་འཇིགས་བྱེད་མ་གཏོགས་པ། །ཡི་དམ་གཞན་ནས་ངས་མི་འཚོལ། །བར་ཆད་སེལ་རུང་མ་སེལ་རུང༌། །རྡོ་རྗེ་གུར་མགོན་མ་གཏོགས་པ། །ཆོས་སྐྱོང་གཞན་ནས་ངས་མི་འཚོལ། །ལྟ་བ་རྟོགས་རུང་མ་རྟོག་རུང༌། །བར་སྣང་འདུག་ལུགས་མ་གཏོགས་པ། །རྒྱུད་སྡེ་གཞན་ནས་ངས་མི་འཚོལ། །སྒོམ་པ་ཤར་རུང་མ་ཤར་རུང༌། །འཁོར་འདས་ལམ་ཁྱེར་མ་གཏོགས་པ། །ཐབས་ལམ་གཞན་ནས་ངས་མི་འཚོལ། །སྤྱོད་པ་གྲོལ་རུང་མ་གྲོལ་རུང༌། །ཡུལ་སྣང་ལམ་ཁྱེར་མ་གཏོགས་པ། །གཉེན་པོ་གཞན་ནས་ངས་མི་འཚོལ། །འབྲས་བུ་ཐོབ་རུང་མ་ཐོབ་རུང༌། །རེ་དོགས་བྲལ་བ་མ་གཏོགས་པ། །སྤང་ཐོབ་བསྒྲུབ་རྒྱུ་ངས་མི་འཚོལ། །གཞན་སྣང་ཚིམས་རུང་མ་ཚིམས་རུང༌། །རང་དོན་སྤངས་བ་མ་གཏོགས་པ། །བཅོས་མའི་འཕྲིན་ལས་ངས་མི་འཚོལ། །བར་སྣང་འདི་ལ་གོ་གཅིག་གཡར། །ལྷོ་སྤྲིན་འདི་ལ་འཁྲུགས་པ་རྒྱག །སྐྱི་བསེར་འདི་ཡི་མཚོན་གྱིས་འདེབས། །ཁྲི་གདུག་མདངས་འདི་མནང་དུ་ལེན། །མུན་པའི་ནང་ནས་སྒྲོན་མེ་བལྟམས། །ཨེ་མ་ཡ་མཚན་མི་ཆེའམ། དེ་འདྲ་སྨྲ་བ་ཞེ་རེ་ཁྲེལ། །ཁྱེད་གྲོགས་པོ་རྣམ་པས་འདི་སྐད་གསུངས། །ཆགས་སྡང་དཔོན་པོ་ཁྱེད་གྱིས་ལ། །བདག་འཛིན་སེལ་སྣའི་ནང་དུ་སྡོད། །དུག་གསུམ་དུག་ལྔ་ཁྱེད་ཀྱིས་སྤྱོད། །ལྷ་ངོ་བསྐྱུར་ལ་མི་ངོ་བསྲུང༌། །འདུ་འཛི་བྱེད་རྒྱུ་ཨེ་འོང་ལྟོས། །ཕར་ཕར་སྲུང་ཙ་ཕྱིར་ཕྱིར་གྱོང༌། །མི་རང་གཉིས་ཀ་གཡང་ལ་བསྐྱུར། །ལར་བསམ་ཞིང་སྤྲང་པོ་ཡི་རེ་མུག །དེ་ཕྱིར་ཡི་གེར་བྲིས་པ་ལགས། །འགལ་བ་མཆིས་ན་བཟོད་པར་གསོལ། །དགེ་བས་ངེད་རང་གྲོགས་མཆེད་ཀུན། །ཕ་ཡི་དྲུང་དུ་འཛོམ་པར་ཤོག །ཅེས་སོ། ༈ །རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་སེངྒེ་ནི། རུས་ཆེན་སྨུག་པོ་གདུང༌། ཡབ་རྡོ་རྗེ་རྒྱལ་པོའི་སྲས་སུ་འཁྲུངས། ཆུང་ནས་ལྷ་ཆོས་ལ་ཤེས་བརྩོན་ལྡན་ཞིང་རི་མོའི་གནས་ལ་ཕུལ་དུ་སོན། ལུས་མེད་རྡོ་རྗེ་ལ་རབ་ཏུ་བྱུང་ཞིང་བསྙེན་རྫོགས་མཛད། མཚན་ཚུལ་ཁྲིམས་སེངྒེ། གསང་སྔགས་དབང་བསྐུར་ཐབས་གྲོལ་གདམས་པ་མ་ལུས་གསན། གསང་མཚན་བདེ་བའི་རྡོ་རྗེར་གསོལ། གདན་ས་སྐུ་འབུམ་དུ་ཕྱི་རྟེན་ཇོ་སྐུ། ནང་རྟེན་གསེར་འབུམ། ལྷ་ལུང་འབུམ་ཆུང་སོགས་བཞེངས་པའི་ལྷ་རིས་སོགས་བདག་རྐྱེན་དང་ཞབས་ཏོག་ཕུལ། ཀིལ་སྣ་རྡོ་གོང༌། སྡོམ་ཡེ་བྲག་ཉིན་དགོན་རྟ་རྫོང་ཡེ་གངས། སྟག་རྫོང༌། ཀོ་མཛོ་ལྷ་བཟང་སོགས་སུ་རི་ཁྲོད་མཛད། ལམ་རྟགས་མངོན་མཁྱེན་རྫུ་འཕྲུལ་བརྗོད་ལས་འདས། སྤྲིང་ཡིག་ཅལ་ཅོལ་རིང་མོ་ཕྱག་ཆེན་དོན་གླུ་སོགས་མཛད། མཐར་དོན་བདུན་ལ་ཉིན་དགོན་དུ་སྐུ་གཤེགས། གདུང་སྦྱངས་པས་འཇའ་འོད་མེ་ཏོག་རིང་བསྲེལ་ངོ་མཚར་བ་བྱུང༌། སློབ་ཚོགས་མང་དུ་མཆིས་པའི་གཙོ་བོ་སློབ་དཔོན་ཕུག་པ་ཚུལ་ཁྲིམས་ཡེ་ཤེས་སོ། །གསུང་རྡོ་རྗེའི་གླུར་བཞེངས་པ་ནི་འདི་ལྟ་སྟེ། ཨེ་མ་དཔལ་ལྡན་ཁྲག་འཐུང་གསང་སྔགས་གསང་བ་ནི། །ཨེ་ཝྃ་ལ་གནས་ཕྱག་རྒྱ་ཆེན་པོའི་དོན། །སྣང་དང་མི་སྣང་གཉིས་དང་གཉིས་སུ་མེད། །ངོ་བོ་ལས་གྲོལ་དབུ་མར་མི་དམིགས་སོ། །དབང་གིས་མ་སྨིན་གང་ཟག་ཕལ་པ་ཡིས། །མཐའ་དྲུག་དགོངས་པར་སྦས་དང་གབ་པའི་དོན། །མེ་ཏོག་ལ་གནས་དྲི་ནུས་མི་ཤེས་བཞིན། །རྨོངས་པ་རྣམས་ལ་མངོན་དུ་གསང་བའོ། །ཡིད་བཞིན་ནོར་བུ་འདམ་དུ་ཚུད་པ་བཞིན། །སྐུ་གསུམ་ཡེ་ཤེས་ཉོན་མོངས་སྦུབས་སུ་ཚུད། །འགྲོ་བ་མ་དག་རྫུན་པ་དུ་མས་བཅིངས། །དེ་ཡི་དབང་གིས་ལོག་རྟོག་རྒྱུན་མར་འཕེལ། །བཅིངས་པའི་སྟེང་དུ་བསྡམས་པའི་གང་ཟག་འགའ། །བསྒྲིལ་ཤིང་བཞིན་དུ་རང་གཞན་གཉིས་ཀ་བཅིངས། །གྲོལ་བར་འགྱུར་ཞེས་སུས་ཀྱང་མ་གསུངས་སོ། །འཁོར་གསུམ་རྟོག་པའི་ཆོས་ཀུན་དེ་བཞིན་ནོ། །ཡེ་ནས་རྣམ་དག་ཀུན་འབྱུང་མཉམ་པ་ཉིད། །ཟབ་ཅིང་ཡངས་ལ་རྒྱ་ཆེ་ཀུན་གྱི་གཞི། །མ་བྱུང་མ་སྐྱེས་རང་བཞིན་ལྷུན་གྱིས་གྲུབ། །ཡོད་མེད་རྟག་ཆད་སྒྲོ་སྐུར་མཐའ་དང་བྲལ། །དེ་ཉིད་མ་རྟོག་ཇི་ལྟར་སྤྱད་ཀྱང་འཆིང༌། །དཔེར་ན་སྤྲིན་ཚོགས་དཀར་ནག་ལ་སོགས་པ། །ཇི་ལྟར་སྣང་ཡང་ཉི་མའི་དཀྱིལ་འཁོར་སྒྲིབ། །རང་བཞིན་མ་ཤེས་རྣམ་རྟོག་བཟང་ངན་མེད། །དགེ་སྡིག་གཉིས་ཀས་རང་རིག་ཡེ་ཤེས་སྒྲིབ། །ཡེ་འབྱམས་དབང་མཆོག་བསྐུར་མེད་དུ་རྫོགས་ཀྱང༌། །བླུན་པོ་འགའ་ཞིག་རྫས་ཀྱི་དབང་ལ་རེ། །དབང་བསྐུར་ཕལ་ཆེར་སྤེལ་བའི་ཤོག་ཚགས་སམ། །དཔེར་ན་ནེ་ཚོའི་འདོན་པ་ཇི་བཞིན་དུ། །རང་ཚིག་རང་གིས་མ་གོ་ཡུས་པོ་ཆེ། །ཡེ་ཤེས་མ་མཐོང་བཞི་གསུམ་ཇི་ལྟར་སྟོན། །རང་གིས་མ་མཐོང་གཞན་ལ་སྟོན་བྱེད་པ། །དམུས་ལོང་ཁ་དོག་བཤད་པ་ཇི་བཞིན་དུ། །རྣམ་རྟོག་རབ་རིབ་ནད་ལ་མི་ཕན་པའི། །ཚིག་གི་སྨན་དཔྱད་དབང་གིས་ཅི་ཞིག་བྱ། །དེ་ཉིད་མ་མཐོང་བསྐྱེད་རིམ་ཕལ་ཆེར་ཡང༌། །བློ་རྟོག་བཟང་ངན་གཉིས་ཀྱི་འཕེལ་འགྲིབ་སྟེ། །ལྕགས་དང་གསེར་གྱི་སྒྲོག་གི་ཁྱད་པར་ལྟོས། །བསྡམས་པའི་བཙོན་བཞིན་གཉིས་ཀས་བཅིང་བར་གསུངས། །ཕྲ་ཐིག་ལ་སོགས་མཚན་བཅས་རྫོགས་རིམ་རྣམས། །སེམས་འཛིན་སྒོམ་པ་རྣམ་རྟོག་མང་ཉུང་ཡིན། །ཡིད་བྱེད་མ་བྲལ་དེ་ཉིད་དོན་མི་མཐོང༌། །ཆུ་ཡི་རླབས་བཞིན་རྟོག་ཚོགས་སངས་པ་མིན། །བསྐྱེད་རྫོགས་གཉིས་མེད་ཟུང་འཇུག་མིང་དུ་བཏགས། །ཐམས་ཅད་བསྡུས་ནས་ཐིག་ལེ་ནཱ་དར་དམིགས། །ཅི་ཡང་མེད་པའི་བློ་ཡིས་སྟོང་པར་བསྒོམ། །ཐབས་ལ་སྐུར་འདེབས་ཆད་ལྟ་མངོན་སུམ་པ། །འཛིན་མེད་འཛིན་པའི་བློ་ལ་བློ་བྲལ་བཏགས། །བསམ་ནས་བསམ་མེད་བསམ་མི་ཁྱབ་མིང་འདོགས། །ལོག་སྤྱོད་ཐེ་ཚོམ་སྒྲོ་སྐུར་གཉིས་ཀྱི་མཐའ། །གཟུང་འཛིན་རྒྱ་ལས་དེ་དག་གྲོལ་མི་འགྱུར། །ཨེ་མ་ཧོ། མཐའ་བྲལ་ཕྱག་རྒྱ་ཆེན་པོའི་ལྟ་བ་ལ། །མི་བལྟ་བལྟར་མེད་ཡིད་སྤྱོད་བློ་དང་བྲལ། །འོད་གསལ་ཕྱག་རྒྱ་ཆེན་པོའི་སྒོམ་པ་ལ། །མི་བསྒོམ་མི་བསྒྲུབ་སྒོམ་མེད་ཡེངས་སུ་མེད། །རང་གྲོལ་ཕྱག་རྒྱ་ཆེན་པོའི་སྤྱོད་པ་ལ། །མི་བཅོས་མི་སྤྱོད་བྱ་བྱེད་ཡུལ་ལས་འདས། །གཞིར་གནས་ཕྱག་རྒྱ་ཆེན་པོའི་འབྲས་བུ་ལ། །མི་རེ་མི་དོགས་ཡེ་ནས་ལྷུན་གྱིས་གྲུབ། །དེ་སྐད་གོང་མའི་གདམས་པས་ཟིན་པའི་གླུ། །ཉམས་ལ་ཤར་བཞིན་བླངས་འདིས་བདག་གཞན་ཀུན། །དོན་གྱི་ཕྱག་རྒྱ་ཆེན་པོ་མྱུར་རྟོགས་ཤོག །ཅེས་སོ། ༈ །ཀིལ་སྣའི་རྟོགས་ལྡན་གཞོན་ནུ་འབྱུང་གནས་ནི། ཡུལ་ཀོ་མཛོ། ཡབ་མགྲོན་རྡོག་རྒྱལ་བ་ཡེ་ཤེས། ཡུམ་ལྕོགས་བཟའ་བོ་ཅོག་སྲས་སུ་འཁྲུངས། རྟགས་མཚན་བཟང་དུ་བྱུང༌། སློབ་དཔོན་ཕུག་པ་བ་ལས་རབ་ཏུ་བྱུང་ཞིང་ཆོས་མང་དུ་ཞུས། ཀིལ་སྣའི་རི་ཁྲོད་དུ་སྒྲུབ་པ་རྩེ་གཅིག་མཛད། མ་ཎི་དུང་ཕྱུར་ཕྲག་དྲུག་འགྲུབ། ལམ་རྟགས་ཡོན་ཏན་གོང་འཕེལ་མཐའ་ཡས་སྐྱེས། རྫུ་འཕྲུལ་བཀོད་པ་འཕུར་བ་སོགས་བགྲང་ལས་འདས། ཡི་དམ་ལྷ་རྣམས་ཞལ་གཟིགས། མཆོག་གི་དངོས་གྲུབ་ཐོབ། མི་དང་མི་མ་ཡིན་ལ་ཆོས་ཆར་ཕབ། སྨིན་གྲོལ་ལམ་ལ་བཀོད། དགུང་ལོ་བདུན་ཅུའི་སྟེང་ནས་སྐུ་གཤེགས། ཞུགས་ལ་ཕུལ་ཚེ་སྟེང་ནས་ལྷ་ཡི་བུ་དང་བུ་མོ། འོག་ནས་ཀླུ་ཡི་མཆོད་སྤྲིན། བར་ནས་མིའི་མཆོད་པ་བསམ་བརྗོད་ལས་འདས། འཇའ་འོད་མེ་ཏོག་ཆར་མངོན་སུམ་བབས། རྟེན་རིང་བསྲེལ་དུང་གཡས་འཁྱིལ་སོགས་མང་དུ་བྱོན། རྡོ་རྗེའི་གསུང་མགུར་འདི་ལྟ་སྟེ། ན་མོ་ལོ་ཀི་ཤྭ་ར་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སེམས་སྟོང་ཉིད་ཀྱི་གདངས་ལ་སྣང་བ་ཤར། །དོན་འགགས་མེད་ཀྱི་དབྱིངས་ལ་དངོས་འཛིན་བྲལ། །དེ་དབྱེར་མེད་ངང་ལ་ལྷུན་གྱིས་གྲུབ། །ཕྱི་སྣང་སེམས་རང་ཤར་ཕྱག་རྒྱ་ཆེ། །སེམས་སྐྱེ་མེད་ཀྱི་གདངས་ལ་རང་རིག་ཤར། །དོན་འགགས་མེད་ཀྱི་འགྱུ་བ་ངོ་བོས་སྟོང༌། །དེ་གནས་མེད་ཀྱི་ངང་ལ་ལྷུན་གྱིས་གྲུབ། །ནང་རང་རིག་རང་གྲོལ་ཕྱག་རྒྱ་ཆེ། །དབྱིངས་ཆོས་ཉིད་ཀྱི་གདངས་ལ་ཆོས་ཅན་ཤར། །དེ་མཉམ་ཉིད་ཀྱི་ངང་ལ་མཐའ་དང་བྲལ། །དོན་དབྱེར་མེད་ཀྱི་སྐུ་གསུམ་ལྷུན་གྱིས་གྲུབ། །སེམས་རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེ། །ཆོས་ཕྱག་རྒྱ་ཆེན་པོའི་གསང་སྔགས་འདི། །བུ་བློ་ལྡན་ཁྱོད་ཀྱིས་རྟོགས་པར་མཛོད། ཅེས་སོ། ༈ །སོ་རག་སེང་གེ་འབུམ་པ་ནི། སྐུ་འཁྲུངས་ཡུལ་རྫ་རྒྱུད་མོ་ཐོང་ཐང༌། རུས་འབྲོང་པ། ཡབ་ཁྲ་མོ། ཡུམ་ཉ་སྒྲོན། ལྕགས་མོ་ཡོས་ཀྱི་ལོ་ལ་སྐུ་བལྟམས། རྟོགས་ལྡན་གཞོན་ནུ་འབྱུང་གནས་ལས་གདམས་པའི་ཕུ་ཐག་བཅད། གྲུབ་པའི་སར་གཤེགས། །མི་མ་ཡིན་མང་པོས་ཆོས་ཞུས། ལྕགས་འབྲུག་ལོར་སོ་རག་གི་དགོན་བཏབ། སློབ་ཚོགས་མང་དུ་རྒྱས། ལྔ་བཅུ་རྩ་དྲུག་མེ་ཁྱི་ལོར་གཤེགས། རྟེན་རིང་བསྲེལ་སྐུ་བརྙེན་སོགས་མང་དུ་བྱོན། རྡོ་རྗེའི་གསུང་མགུར་ནི་འདི་ལྟ་སྟེ། ཨེ་མ་དུས་གསུམ་སངས་རྒྱས་ཀྱི། དགོངས་པ་ཁྱད་འཕགས་ཟབ་མོའི་དོན། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །གདོད་མའི་ཤེས་པ་མ་བཅོས་པ། །ཡང་དག་དོན་གྱི་ངོ་བོ་ཉིད༌། །ཐ་མལ་ཤེས་པ་རང་ག་མ། །འཁོར་འདས་མིང་ནས་མི་སྲིད་ཀྱང༌། །རྩ་བྲལ་གདོད་ནས་མཁའ་ལྟར་དག །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དབྱིངས། །སྒྲོ་སྐུར་མཚན་མའི་ཡུལ་ལས་འདས། །བརྗོད་པ་དུ་མའི་ཚིག་གིས་དབེན། །གནས་ལུགས་ལྷུན་གྲུབ་ཆོས་ཀྱི་དབྱིངས། །དེ་ཉིད་མ་འགག་རོལ་པ་ལས། །འཁོར་འདས་སྣང་སྲིད་ཤེས་བྱའི་ཆོས། །དག་དང་མ་དག་བྱེ་བྲག་ལས། །སྣ་ཚོགས་ཇི་ལྟར་སྣང་ན་ཡང༌། །རང་སེམས་ཉིད་ལས་གཞན་ན་མེད། །དུ་མར་སྣང་ཡང་གཅིག་གི་ངང༌། །སྤང་བླང་དགག་སྒྲུབ་བྲལ་བ་ཡི། །སྣང་སྲིད་ཕྱག་རྒྱ་ཆེན་པོར་ཤར། །དབྱེར་མེད་ཟུང་འཇུག་ཆེན་པོའི་དོན། །སྤྲོས་བྲལ་མཁའ་ལྟར་དག་པའི་དབྱིངས། །ཅིར་མིན་ཅིར་ཡང་སྣང་བའི་དཔལ། །ཕྱི་ནང་གཞན་གསུམ་དམ་པའི་ཆོས། །ཐེག་པའི་བྱེ་བྲག་མང་ན་ཡང༌། །ཡང་དག་དོན་གྱི་ངོ་བོ་ལ། །འདི་ལས་གཞན་དུ་མེད་དོ་ཞེས། །བྲམ་ཟེ་ཆེན་པོ་ས་ར་ཧ། །ནཱ་རོ་མཻ་ཏྲི་མར་པ་དང༌། །མི་ལ་དྭགས་པོ་བཀའ་བརྒྱུད་ཀྱི། །གྲུབ་ཐོབ་བརྒྱུད་པའི་མན་ངག་ཡིན། །ཁྱེད་འདིར་བཞུགས་ཞལ་ཏ་དེ་ལ་མཛོད། །ང་སྐྱེ་མེད་ནམ་མཁའི་རྣལ་འབྱོར་པ། །འོད་གསལ་ཕྱག་རྒྱ་ཆེན་པོའི་དབྱིངས། །གཟུང་འཛིན་མཁའ་ལྟར་དག་པའི་དོན། །གཉུག་མ་ངོས་བཟུང་བྲལ་བའི་ངང༌། །ལྷུན་གྲུབ་རྒྱལ་བའི་དགོངས་པ་མཆོག །དོན་དམ་ཟབ་མོའི་ཀློང་ན་བཞུད། །ཅེས་གསུངས་སོ། ༈ །རྗེ་རས་ཆུང་པའི་སྤྲུལ་པ་ཕུག་པ་བསོད་ནམས་དབང་ཕྱུག་དེ་ཉིད་ཀྱིས་སྐྱོ་བྲག་ཆོས་རྗེའི་དྲུང་ནས་གདམས་པ་ཐམས་ཅད་གསན། ཀརྨ་པ་མཐོང་བ་དོན་ལྡན་དབུས་གཙང་དུ་མཇལ། དབང་ཆོས་མང་དུ་ཞུས། འབུལ་བ་རྔམས་ཆེན་ཕུལ། དགོན་པའི་ཆོས་ཁྲིམས་བསྟན་པ་ཚུལ་བཞིན་བསྐྱངས། །མཐར་རོ་སྙོམས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད། དྲུག་ཅུ་རེ་གཅིག་ལ་སྐུ་གཤེགས། དད་པའི་རྟེན་ལ་ཐུགས་ལྗགས་སྤྱན་གསུམ་དང་རྐང་གི་ཕུག་ཏུ་རྡོ་རྗེ་ཕག་མོའི་སྐུ་རང་བྱོན་བྱུང༌། སྐྱེས་རྒྱུད་རྣམ་ཐར་གེལ་དུ་གསལ། རྡོ་རྗེའི་མགུར་ནི་འདི་ལྟ་སྟེ། གཙུག་རྒྱན་བླ་མའི་ཞབས་ལ་འདུད། །གནས་བཀྲ་ཤིས་ཕུན་ཚོགས་སྐྱོ་བྲག་འདི། །སྟེང་ན་ལྷོ་སྤྲིན་ཁྲལ་མ་ཁྲེལ། །འོག་ན་གཙང་ཆབ་གྱ་མ་གྱུ། །བར་དུ་ན་བུན་སྨུག་པ་འཁྲིགས། །སྟེང་ན་སྦྲང་ཆར་སིལ་མ་འབབ། །འོག་ན་རྩི་ཐོག་འབྲས་དྲུག་སྨིན། །དེ་འདྲའི་གནས་མཆོག་དམ་པ་འདིར། །ང་རྣལ་འབྱོར་ཤེས་པ་བག་ཡངས་སྤྱོད། །ཀུན་གཞི་མ་བཅོས་ཆོས་ཉིད་ངང༌། །འཁོར་འདས་ཐམས་ཅད་སེམས་སུ་ཤར། །ནང་ནས་ཆོས་ཉིད་མཐའ་དང་བྲལ། །ཕྱི་ནས་ཡུལ་སྣང་སྒྱུ་མར་ཤར། །བར་དུ་དྲན་འབྱུང་ཤེས་པ་འཕྱོ། །སྣང་བ་སྣ་ཚོགས་རྒྱན་དུ་ཤར། །སྒོམ་ཉམས་སུ་ལེན་པའི་ཐུན་མཚམས་སུ། །ལྟ་བ་སྟོང་ཉིད་ངོས་བཟུང་བྲལ། །སྒོམ་པ་འོད་གསལ་ཉིན་མཚན་མེད། །སྤྱོད་པ་ངེས་མེད་ཆལ་མ་ཆོལ། །འབྲས་བུ་རེ་དོགས་མཚན་མ་ཟད། །དེ་ལྟར་ལགས་སོ་རིན་བཟང་བ། །ལྟ་བ་ལ་བལྟ་རྒྱུ་མ་མཆིས་ཏེ། །ནམ་མཁའ་གོས་སུ་གྱོན་པ་ཡིན། །སྒོམ་པ་ལ་བསྒོམ་རྒྱུ་མ་མཆིས་ཏེ། །ཉི་ཟླ་གདན་ལ་བཏིང་བ་ཡིན། །སྤྱོད་པ་ལ་སྤྱོད་རྒྱུ་མ་མཆིས་ཏེ། །སྐྱི་སེར་རང་གྲོལ་བྱེད་པ་ཡིན། །འབྲས་བུ་ལ་བསྒྲུབ་རྒྱུ་མ་མཆིས་ཏེ། །ཚ་ཟེར་མུན་པ་དག་པ་ཡིན། ཅེས་སོ། ༈ །ཆོས་རྗེ་རིན་ཆེན་བཟང་པོ་ནི། སྐུ་འཁྲུངས་ཡུལ་ལྕི་རྒྱུད་དབྱིངས་ནེ་གསེར་ཁང༌། ཡབ་འབའ་རེ་དཔོན་རྒོད་ཀྱི་སྲས་གཡུང་དྲུང་སྐྱབས། དེ་ལ་སྲས་གསུམ་བྱོན་པའི་ཆེ་བ་ཡིན་ཞིང༌། མི་ལ་རས་པའི་སྤྲུལ་པར་གྲགས། སྐྱོ་བྲག་ཆོས་རྗེའི་དྲུང་ནས་གདམས་པ་ཐམས་ཅད་རྫོགས་པར་གསན། སྒོམ་རོ་གཅིག་རྟོགས་པ་འཁྲུངས། རྫ་དགོན་བཏབ་ནས་དགེ་འདུན་སྡེ་རྒྱས་འགྲོ་དོན་རྒྱ་ཆེན་མཛད། སྐྱེ་འགྲོ་དཔག་མེད་ཐར་ལམ་དུ་བཀོད། བདུན་ཅུ་ཐམ་པ་ལ་སྐུ་གཤེགས། རིང་བསྲེལ་ཁ་དོག་ལྔ་ལྡན་དད་པའི་རྟེན་དུ་བཞག གདུང་རུས་མཐུན་ཟེར་བ་འགའ་རེ་བྱུང་ཡང་ཁོང་ལ་རུས་མཐུན་མེད་པ་གསུངས་ནས། འབའ་རེ་བའི་བྱུང་ཁུངས་གདུང་རྒྱུད་ཡིན་ལུགས་རྣམ་ཐར་ཟུར་དུ་ཡོད་པའི་ནང་ནས་གསལ། གསུངས་ཚངས་པའི་མགུར་དབྱངས་འདི་ལྟར་རོ། དལ་འབྱོར་རིན་ཆེན་རྒྱན་གྱིས་མཛེས། །བཟང་པོ་བླ་མའི་བཀའ་བཞིན་བསྒྲུབས། །ཐོས་བསམ་སྒོམ་གསུམ་གཏན་ལ་ཕེབས། །གཞི་ལམ་འབྲས་གསུམ་གནད་དུ་བསྣུན། །འཁོར་འདས་ཆོས་རྣམས་ལམ་དུ་ཁྱེར། །གནས་ལུགས་གཞི་ཡི་སྟེང་དུ་བསྐྱལ། །གྲོགས་ཡིད་གཅགས་སོ་མཁྱེན་པ་ཅན། །བདག་དང་བའི་ཡིད་ཀྱིས་གུས་པས་འདུད། །ཁྱེད་ཀྱི་བདུག་སྤོས་ན་བཟའ་འཕྲོད། །ཅི་ལྟར་གསུངས་བཞིན་འགྲུབ་པར་བྱས། །ནམ་མཁའི་ཀློང་དེར་མདུང་བཞིན་བསྐོར། །ལྷོ་སྤྲིན་འདི་དག་རྩད་ནས་གཅོད། །སྐྱི་བསེལ་འདི་ཡི་རྩལ་ཁ་སྦྱོངས། །ཁྲི་གདུགས་མདངས་འདི་ཕྱི་བརྡར་གྱིས། །ཚ་ཟེར་འཁོར་བའི་མཐའ་དང་མཉམ། །མཁྱེན་པ་ཅན་གྱི་ཐུགས་ལ་མངའ། །ཕ་ཡི་བསྟན་པའི་ཤེད་བསྐྱེད་ཕྱིར། ཞུ་ལེན་བགྲོ་གླེང་ཤིན་ཏུ་སྤྲོ། །ཤེས་པ་ཆུང་བའི་གཏམ་ཡིན་ཏེ། །ཡུལ་རྐྱེན་ཉིད་དང་བསྟུན་ཞིང་བསྒྲུབས། ཞེས་སོ། ༈ །སྐྱོ་བྲག་ཆོས་རྗེའི་སློབ་མ་གྲུབ་ཐོབ་དམར་མོ་བསོད་ནམས་དོན་གྲུབ་ཀྱི་གསུང་མགུར་འདི་ལྟ་སྟེ། ཨེ་མ་ཧོ། ངོ་མཚར་རྨད་བྱུང་རྣམ་དག་ཆོས་ཀྱི་སྐུ། །འཇའ་འོད་མདངས་ཀྱི་གཟུགས་སྟོན་ལོངས་སྤྱོད་སྐུ། །སྣ་ཚོགས་གང་ལ་གང་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །སྐུ་བཞིའི་བདག་ཉིད་སྐྱོ་བྲག་ཆོས་ཀྱི་རྗེ། །བསོད་ནམས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་རྗེས་འགྲོ་ལ་གཟིགས་ཙ་ན། །གཏི་མུག་ཅན་ལ་འཇམ་དཔལ་གཞོན་ནུའི་སྐུ། །འདོད་ཆགས་ཅན་ལ་སྤྱན་རས་གཟིགས་དབང་གསུང༌། །ཞེ་སྡང་ཅན་ལ་ཕྱག་ན་རྡོ་རྗེའི་ཐུགས། །ཡོན་ཏན་སྣ་ཚོགས་དུ་མས་རབ་བརྒྱན་པའི། །འཕྲིན་ལས་རྒྱུན་མི་འཆད་ལ་གསོལ་བ་འདེབས། །དགོངས་པ་ཞིང་ཁམས་གཞན་དུ་གཤེགས་ཁ་རུ། །གསོལ་བ་ཐོབ་དང་འབྲེལ་ཚད་ཐར་པའི་ལམ། །གསུངས་བཞིན་བདག་བློ་གུས་པས་གསོལ་བ་འདེབས། །དད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འདི་བཞེས་ལ། །དམ་ཆོས་བདུད་རྩིའི་ཆར་རྒྱུན་དབབ་ཏུ་གསོལ། །བདག་འཛིན་རྟོག་པའི་ཐ་བ་བརླན་དུ་གསོལ། །མི་རྟོགས་ཡེ་ཤེས་མྱུ་གུ་བསྐྱེད་དུ་གསོལ། །དེ་ལྟར་བསྟོད་དང་གསོལ་བ་བཏབ་པའི་མཐུས། །བདག་སོགས་འགྲོ་དྲུག་འཁོར་བའི་སེམས་ཅན་རྣམས། །ཁྱེད་ཀྱི་ཐུགས་རྗེའི་ཡོན་ཏན་ཕྲིན་ལས་དང༌། །སྙན་བརྒྱུད་ཟབ་མོའི་གཏེར་ལ་སྤྱོད་པར་ཤོག །ཅེས་སོ། ༈ །རྗེ་དེའི་སློབ་མ་དམར་མོ་སྒོམ་པ་བསོད་ནམས་འོད་ཟེར་གྱི་གསུང་མགུར་ནི། ཨེ་མ་ཧོ། བཀའ་བརྒྱུད་རྒྱ་མཚོ་བྱིན་རླབས་ཆེ། །ཡི་དམ་རྒྱ་མཚོ་དངོས་གྲུབ་ཆེ། །ཆོས་སྐྱོང་རྒྱ་མཚོ་མཐུ་རྩལ་ཆེ། །རྩ་བའི་བླ་མ་བཀའ་དྲིན་ཆེ། །མཆེད་དང་ལྕམ་དྲལ་བརྩེ་གདུང་ཆེ། །རྣམ་དག་ལྟ་བ་ཕྱོགས་རིས་བྲལ། །ཡེངས་མེད་སྒོམ་པ་དམིགས་གཏད་བྲལ། །རྟོག་མེད་སྤྱོད་པ་བླང་དོར་བྲལ། །གཉུག་མའི་ཡེ་ཤེས་བསལ་བཞག་བྲལ། །སྐུ་གསུམ་འབྲས་བུ་རེ་དོགས་བྲལ། །ཆེ་བ་ལྔ་དང་བྲལ་བ་ལྔ། །ལྔ་གཉིས་བཅུ་རུ་བསྡེབས་པ་འདི། །སེམས་ལ་ཤར་ནས་ཚིག་ཏུ་བརྗོད། །གཞི་མཐའ་དང་བྲལ་བར་གཏན་ལ་ཕབ། །བདེན་ཞེན་ཕྱོགས་ཆའི་བརྗོད་པ་དེ། །ཐེག་དམན་རྟོག་གེའི་ཚིག་སྐད་ཡིན། །གདོད་ནས་རང་བཞིན་འོད་གསལ་ལ། །ཕྱོགས་རིས་ཡོད་སྐད་མ་གསུངས་སོ། །གཅིག་ཆར་ལམ་མཆོག་ཆེན་པོ་དེར། །འབྲས་བུ་གཞི་རྫོགས་ལྷུན་གྱིས་གྲུབ། །ས་ལམ་གྲངས་རྣམས་བརྩི་བསྒྲང་བ། །དམིགས་གཏད་ཡིན་མིན་བརྗོད་པ་དེ། །ཐ་སྙད་མཁན་གྱི་བསྒྲུབ་བྱ་ཡིན། །གཞི་ཤེས་རྣལ་འབྱོར་ཆེན་པོ་ལ། །རྒྱུ་རྐྱེན་གྱིས་བསྐྱེད་མ་གསུངས་སོ། །སེམས་ཐོག་གཅིག་ཏུ་བརྩི་བ་དེ། །དམིགས་མེད་ཡེངས་མེད་གཏད་མེད་དུ། །བྱུང་རྒྱལ་འོད་གསལ་དབྱིངས་སུ་འཁྱེར། །ཡེངས་མེད་ཆུ་རྒྱུན་ལྟ་བུ་ལ། །བསྒྲུབ་དང་ཐོབ་རྒྱུའི་ས་ལམ་བྲལ། །བྲལ་ཐོབ་མེད་པའི་ལམ་མཆོག་དེས། །ཐོབ་མེད་འབྲས་བུ་གཞི་ལ་སྨིན། །དེ་རྣལ་འབྱོར་གཞི་ཤེས་ལམ་ཡིན་ཏེ། །བླ་མ་མཚན་ཉིད་ལྡན་པ་དང༌། །སློབ་མ་བསྔོ་སྨོན་ལས་འཕྲོ་ཅན། །རྟེན་འབྲེལ་འཛོམ་པའི་བརྗོད་ཚིག་ཡིན། །བློ་དམན་རྣམས་དང་རྟོག་གེ་བ། །དམིགས་ཞེན་ཅན་རྣམས་འདི་ཐོས་ནས། །སྐྲག་སྔངས་སྐྱེ་ཞིང་སྙིང་འཚིག་འགས། །དེ་བས་བརྗོད་པར་བྱ་བ་མིན། །ཕྱག་རྒྱ་ཆེན་པོའི་ལམ་ཆེན་དེ། །གཞི་ཤེས་ཆེན་པོར་གསུངས་མོད་ཀྱང༌། །ད་ལྟ་རྟོག་གེའི་ཚིག་ཕྱིར་འཆོར། །ཉམས་ལེན་གཏད་མེད་དམིགས་མེད་ཀྱི། །ལམ་ཁྱེར་ཕྱོགས་མེད་རྩལ་སྦྱོང་དེ། །ད་ལྟ་འཛིན་བཅས་འཕོ་བར་འཆོལ། །ཐོབ་མེད་སྐུ་གསུམ་རང་ཆས་ཀྱི། །འབྲས་བུ་རེ་མེད་དོགས་མེད་དེ། །ད་ལྟ་རེ་དང་དོགས་པ་ཡིས། །སྤང་འདོད་འགྲུབ་འདོད་འབྲས་བུར་འཆོར། །དེ་བས་ཐ་སྙད་བདེན་ཞེན་གཅོད། །གཅིག་ཤེས་ཀུན་གྲོལ་རྩལ་སྦྱོང་ཞིང༌། །བདེ་སྡུག་ལེགས་ཉེས་ཡིན་མིན་རྣམས། །ཐམས་ཅད་གཏད་མེད་བྱུང་རྒྱལ་དུ། །བཏང་ན་བློ་ཟད་ཆོས་ཟད་དུས། །ཉོན་མོངས་སངས་ཏེ་ཡེ་ཤེས་རྒྱས། །ཡེ་རྒྱས་ཆེན་པོའི་ཡོན་ཏན་ལས། །ཕྲིན་ལས་འཁོར་བའི་མཐའ་དང་མཉམ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཚིག་ཉུང་དོན་འདུས་ནོར་བུའི་ཆོས། །ཉམས་རྟོགས་ལྡན་ལ་རྒྱན་དུ་འབུལ། ཞེས་སོ། ༈ །སྐྱོ་བྲག་ཆོས་འོད་ཟེར་ནི། བསོད་ནམས་བཀྲ་ཤིས་ཀྱི་སྲས་སུ་འཁྲུངས། གྲུབ་ཐོབ་རམ་ནེ་ཆོས་གཡུང་གི་སྤྲུལ་པ་ཡིན་ཞིང་འབྲུག་ཚ་བཀྲ་ཤིས་དབང་ཕྱུག་ལས་གདམས་ངག་ཐམས་ཅད་ཞུས། སྐྱོ་བྲག་མགོར་གཙུག་ལག་ཁང་དང༌། བྱམས་ཆེན་བཀའ་འགྱུར་སོགས་བཞེངས། རྡོ་ཕུ་ན་ལྷ་ཁང་སོགས་ལོགས་བྲིས་རྟེན་མཆོད་ཀྱི་རིམ་པ་འགྲན་ཟླ་བྲལ་བར་མཛད། མངོན་མཁྱེན་དང་གྲུབ་རྟགས་མཐའ་ཡས། དྲུག་ཅུ་རྩ་ལྔ་ལ་གཤེགས། དབུ་བུམ་རིལ་ལ་རྒྱུད་སྡེའི་ལྷ་ཚོགས་ཀྱིས་མཚན་པ་བྱོན། གང་ཤར་ཉམས་ཀྱི་མགུར་དབྱངས་བཞེངས་པ་ནི། ཆབ་ཏི་བྲག་དཀར་བླ་མ་ཡིན། །སྐྱོ་བྲག་དཀར་པོ་སློབ་མ་ཡིན། །རྫ་ཆབ་སིལ་མ་གདམས་ངག་ཡིན། །ཚལ་དང་ནགས་མ་ཕྲ་སྤུན་ཡིན། །སྣས་དང་ཆབ་རོམ་གསོལ་འདེབས་ཡིན། །དེ་ལྟར་འདྲའམ་རྟོགས་ལྡན་པ། །ང་སྐྱིད་དང་སྡུག་དང་སྤུན་པ་གསུམ། །གཏད་མེད་བྱུང་རྒྱལ་ཅི་ལི་ལི། །ངེས་མེད་ཡུལ་ལ་ག་ཐག་ཆད། །སེམས་ལ་སྐྱིད་སྡུག་སྣ་ཚོགས་འཚུབས། །ཉམས་ལ་ཕྲ་སྤུན་ཆལ་མ་ཆིལ། །ཡུལ་ལ་དགའ་བདེ་ཡང་གསུམ་འཛོམས། །དེ་བས་དཔེ་ལ་དྲངས་པ་ཡིན། །ཚིག་དེའི་ཕྱིར་རྗེས་བཤད་པ་ན། །བྲག་དཀར་པོ་འགྱུར་མེད་ལྟ་བའི་དཔེ། །གནས་ལུགས་ཕུན་སུམ་ཚོགས་པ་སྒོམ་པའི་དཔེ། །ཆབ་རྒྱུན་ཆད་མེད་པ་སྤྱོད་པའི་དཔེ། །རྩི་ཤིང་འཕེལ་བ་འབྲས་བུའི་དཔེ། །སྣས་ཆབ་རོམ་མི་རྟག་ཉམས་མྱོང་དཔེ། །དཔེ་དེ་དོན་ལ་ཕབ་པ་ན། །ལུང་མ་བསྟན་དེ་ལྟ་བར་འདོད། །ངོས་བཟུང་བྲལ་བ་སྒོམ་པར་འདོད། །བཅས་བཅོས་མེད་པ་སྤྱོད་པར་འདོད། །འབད་པ་མེད་པ་འབྲས་བུར་འདོད། །རྒྱུད་སྡེ་མཁན་རྣམས་མ་མཉེས་ཀྱང༌། །བླུན་པོའི་ལྟ་སྒོམ་སྤྱོད་འབྲས་ཞིག །གཏད་མེད་བཟོ་མེད་གོ་ཚུལ་འདི། །སྐྱིད་སྡུག་གཅོད་པའི་རལ་གྲི་ཡིན། །སྣང་བ་བྲིད་པའི་ལྡེ་མིག་ཡིན། །བཅས་བཅོས་མེད་པའི་ལམ་ཁྱེར་ཡིན། །དོན་གཉིས་འགྲུབ་པའི་གནས་ཁང་ཡིན། །སྣང་བ་ལང་ལོང་ཕྲ་སྤུན་ལ། །དཔེ་དོན་སྤན་སྤུན་ཚིག་ཕྲེང་འབུལ། །རྗེས་མེད་གཏད་མེད་དངོས་གྲུབ་ཞུ། ཞེས་སོ། ༈ །དེའི་རིག་དབོན་ཀུན་དགའ་སྙིང་པོ་ནི། ཁུ་བོ་བླ་མ་ལས་སྨིན་གྲོལ་མཐར་ཕྱིན་པ་ཞུས། ཀརྨ་པ་མི་སྐྱོད་རྡོ་རྗེ་ལས་གདམས་པའི་ཕུ་ཐག་གཅད། མཐུ་དང་རྫུ་འཕྲུལ་ལ་མངའ་བརྙེས། ཞེ་དགུ་ལ་གཤེགས། ཐུགས་ལྗགས་རིང་བསྲེལ་མང་དུ་བྱོན། རྡོ་རྗེའི་མགུར་ནི། ན་མོ་གུ་རུ། གདོད་ནས་རྣམ་དག་འགྱུར་བ་མེད། །སྤྲོས་པ་ཀུན་གྱི་མཐའ་དང་བྲལ། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །འགྱུར་མེད་ཆོས་ཀྱི་སྐུ་ལ་འདུད། །འོད་གསལ་ནམ་མཁའི་རྣལ་འབྱོར་པས། །རང་རིག་ངང་དུ་བདག་གཞན་གྲོལ། །གཉིས་ནི་ཟུང་འཇུག་ལམ་དུ་འཁྱེར། །སེམས་ཅན་དོན་ལ་དགོངས་པ་ཀུན་རྫོབ་སྟེ། །རང་ཉིད་བདེ་བ་མི་བསྒྲུབ་དོན་དམ་ཡིན། །དེ་གཉིས་སུ་མེད་པ་བྱང་ཆུབ་ལམ། །ལམ་མཆོག་སྒྲུབ་པའི་མི་རེ་སྐྱིད། །སྣང་ལ་གྲུབ་པ་མེད་པ་ཀུན་རྫོབ་སྟེ། །སྟོང་པའི་རང་བཞིན་གསལ་བ་དོན་དམ་ཡིན། །དེ་གཉིས་སུ་མེད་པ་བྱང་ཆུབ་ལམ། །ལམ་མཆོག་སྒྲུབ་པའི་མི་རེ་སྐྱིད། །བདེ་ལ་ཞེན་པ་མེད་པ་ཀུན་རྫོབ་སྟེ། །གསལ་བ་ངོས་བཟུང་མེད་པ་དོན་དམ་ཡིན། །དེ་གཉིས་སུ་མེད་པ་བྱང་ཆུབ་ལམ། །ལམ་མཆོག་སྒྲུབ་པའི་མི་རེ་སྐྱིད། །ཆགས་མེད་སྒྱུ་མར་མཐོང་བ་ཀུན་རྫོབ་སྟེ། །འཛིན་མེད་རང་སར་གྲོལ་བ་དོན་དམ་ཡིན། །དེ་གཉིས་སུ་མེད་པ་བྱང་ཆུབ་ལམ། །ལམ་མཆོག་སྒྲུབ་པའི་མི་རེ་སྐྱིད། །འཁོར་བ་སྤངས་སུ་མེད་པ་ཀུན་རྫོབ་སྟེ། །ཐོབ་མེད་མྱང་ངན་འདས་པ་དོན་དམ་ཡིན། །འགྱུར་མེད་དེ་ལྟར་གནས་པ་ཆོས་སྐུ་ཡིན། །སྐུ་གསུམ་མངོན་དུ་གྱུར་པའི་མི་རེ་སྐྱིད། །འདི་བརྗོད་སེམས་ཅན་ཐམས་ཅད་ཀུན། །བདག་གཞན་བྲལ་བའི་དོན་མཐོང་ནས། །བདག་མེད་མངོན་གྱུར་སངས་རྒྱས་ཤོག ཅེས་སོ། ༈ །མགོན་པོའི་སྤྲུལ་པ་ཀུན་དགའ་རྒྱ་མཚོ་ནི། ཡབ་དབལ་སྲས་སྐྱབས། ཡུམ་ཀླུ་ཁྲི་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། ཀུན་དགའ་སྙིང་པོ་དེ་ལས་གདམས་པ་ཐམས་ཅད་མ་ལུས་པར་རྫོགས་པར་ཞུས། བདེ་མགོན་གཉིས་ལ་ཐུགས་དམ་ཡེངས་མེད་དུ་མཛད། ཕྱག་བཞི་པ་དངོས་སུ་གྲུབ། གྲུབ་རྟགས་ཀྱི་རིམ་པ་མང་དུ་བྱུང་ཞིང་རྟེན་འབྲེལ་གྱི་འཆར་སྒོ་ཚད་མ་མཆིས་པ་མངའ། ཐུགས་དམ་རྟེན་ལ་ཞྭ་དམར་ནག་གཉིས་ཀྱི་ལྡེར་སྐུ་དང་བཀའ་འགྱུར་བཞེངས། བླུགས་མའི་མཆོད་རྟེན་བརྒྱ་དང་བཞི་གྲུབ། ང་གཉིས་ལ་སྐུ་གཤེགས། རྟེན་ཐུགས་ལྗགས་སྤྱན་གསུམ་ཡི་གེ་འབྲུ་གསུམ་དང༌། ཚེམས་ལ་རིང་བསྲེལ་འགའ་བྱོན་པའོ། །གསུང་མགུར་ནི་འདི་ལྟ་སྟེ། ན་མོ་ལོ་ཀི་ཤྭ་ར་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དབྱིངས་མཐའ་མེད་ནམ་མཁའ་གདུགས་སུ་ཕུབ། །སེམས་རང་གསལ་ཉི་ཟླ་ཀླད་ལ་བསྐོར། །ཡུལ་སྣང་བ་ཟ་འོག་གདན་དུ་བཏིང༌། །སེམས་རང་རིག་ཤེལ་སྒོང་དྭངས་པ་བཞག །གནད་ཡེངས་མེད་གཞུ་མོ་རྒྱུད་ཀྱིས་བཀུག །དྲན་ཤེས་བཞིན་གངྒཱ་རྒྱ་མཚོར་བབ། །དེ་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཙམ། །ཚིག་ཀུན་རྫོབ་ཙམ་ལས་སོ་སོ་སྟེ། །དོན་ཆོས་ཉིད་ཀྱི་དབྱིངས་སུ་རྨི་ལམ་སད། །ཡུལ་གྲུབ་མེད་ཀྱི་སྣང་བ་དབྱིངས་སུ་ཤར། །དབྱིངས་རོ་གཅིག་ལ་འཕེལ་འགྲིབ་འཕོ་འགྱུར་མེད། །དེ་བདག་གཞན་ཀུན་གྱིས་རྟོགས་པར་ཤོག །ཅེས་སོ། ༈ །སྐྱོ་བྲག་བསྟན་འཛིན་བཟང་པོ་ནི། ཡབ་དབང་འཕགས་དང་ཡུམ་ཡོབ་བཟའ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཁུ་བོ་བླ་མ་དང། ཀརྨ་པ། སི་ཏུ་ཆོས་ཀྱི་གོ་ཆ་ཟུར་མང་ལེགས་བཤད་སྒྲ་དབྱངས་སོགས་ལས་ཟབ་ཆོས་ཐམས་ཅད་ཀྱི་བཅུད་མ་ལུས་པ་གསན་ནས་གདམས་ངག་གི་ཕུ་ཐག་བཅད་ཕྱག་ཆེན་གྱི་སྒོ་ནས་འགྲོ་བ་ཐམས་ཅད་སྨིན་གྲོལ་དུ་བཀོད། མེ་བྱི་ལ་རྫ་མོ་དགོན་ལ་མ་ཎིའི་བུམ་སྒྲུབ་རྒྱུན་འཛུགས་དང༌། བདེ་མགོན་གཉིས་ལ་ཕུར་ཚུགས་ཀྱིས་ཐུགས་དམ་མཛད། གུ་རུ་ཞི་བའི་སྒྲུབ་པ་མཛད་སྐབས་རྟེན་འབྲེལ་གྱི་སྣང་བ་དཔག་ཏུ་མེད་པ་ཤར། རི་ཕུག་ཀེ་རུ་ན་ཚེ་སྒྲུབ་གསང་འདུས་སྒྲུབ་པའི་དུས་སུ་ཚེ་ལྷ་མཇལ། ཚེ་མདའ་རིང༌། རྟེན་གསུམ་གྱི་རིགས་གྲངས་མེད་རང་གར་ཕྱག་ཏུ་བྱུང༌། བཀའ་འགྱུར་བཅས་གསུངས་ཆོས་འགའ་རེ་བཞེངས། རྫ་མོ་དགོན་དུ་སྒྲུབ་པ་མང་དུ་དར་རྒྱས་མཛད། བརྒྱད་ཅུ་ཐམས་པ་ལ་སྐུ་གཤེགས། རྟེན་དབུ་བུམ་རིལ་དང་རིང་བསྲེལ་མང་དུ་བྱོན། ད་ལྟ་ཡང་བུམ་སྒྲུབ་ཞི་ཁྲོ་རྒྱུན་མ་ཆད་པར་ཡོད་དོ། ཞལ་ནས་གསུང་པའི་མགུར་ནི། ན་མོ་ལོ་ཀི་ཤྭ་ར་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་པའི་ཡེ་ཤེས་ཀྱིས། །འགྲོ་བའི་མ་རིག་མུན་པ་སེལ། །བླ་མེད་བླ་མ་རིན་པོ་ཆེར། །སྒོ་གསུམ་གུས་པས་ཞབས་ལ་འདུད། །རང་སེམས་ངང་གནས་མི་རྟོག་པ། །མཉམ་བཞག་གཡོ་མེད་མཁའ་འདྲ་ཡང༌། །འགྱུ་བྱེད་ཕྲ་བ་དབྱིངས་སུ་གབ། །བག་ཉལ་གབ་བསྐུང་མ་ཕུད་ན། །གནས་པ་མཁའ་ལ་སྤྲིན་ཚོགས་སྲབ་ན་ཡང༌། །གསལ་བྱེད་འོད་ཀྱི་ཚ་རིག་བསྒྲིབ། །སྐྱེ་མེད་འོད་ཀྱི་ངང་ཉིད་ལ། །འགག་མེད་རང་གསལ་རིག་པ་འཕྱོ། །དབྱེར་མེད་སོ་མ་ངར་ཅན་གྱིས། །འགྱུ་བྱེད་ཕྲ་བའི་གབ་བསྐུང་དེ། །རྩ་བྲལ་དབྱིངས་སུ་རྗེན་པར་འཕུད། །སེམས་ཉིད་ནམ་མཁའ་དྭངས་པ་ལ། །མཁྱེན་བརྩེའི་འོད་ཟེར་དབྱིངས་སུ་ཤར། །འཁྲུལ་པའི་མ་རིག་མུན་པ་སངས། །སྟོང་ཉིད་སྙིང་རྗེ་རྒྱུད་ལ་ཤར། །འབྲས་བུ་སྐུ་གཉིས་ལྷུན་གྱིས་གྲུབ། །དོན་གཉིས་མཐར་ཕྱིན་རྒྱུན་ཆད་མེད། །འདི་སྨྲས་དགེ་བས་འགྲོ་བ་རྣམས། །སྒྲིབ་གཉིས་མུན་པ་རང་སངས་ནས། །མཁྱེན་གཉིས་ཡེ་ཤེས་རྒྱས་པར་ཤོག །ཅེས་སོ། ༈ །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྐྱོ་བྲག་ཀརྨ་རྒྱལ་མཚན་ནི། ཁུ་བོ་བླ་མ་དང༌། ཟུར་མང་ལེགས་བཤད་སྒྲ་དབྱངས་ལས། གདམས་པ་ཐམས་ཅད་རྫོགས་པར་ཞུས། དབུས་སུ་བྱོན་ནས་ཀརྨ་པ་དབང་ཕྱུག་རྡོ་རྗེ་མཇལ་ཞིང་འབུལ་བ་སྟོབས་ཆེན་ཕུལ། མ་ཎི་དུང་ཁས་ལེན་བྱས། ཇི་སྐད་དུ། ཀརྨའི་མིང་ཅན་ཁམས་ཀྱི་ཕྱོགས་སུ་འབྱོན། ཡི་གེ་དྲུག་པའི་རང་སྒྲས་སྟོང་གསུམ་འགེངས། ཞེས་པ་དེ་ཡིན་པར་འབོད་ཅིང༌། རི་དྭགས་ལྟ་བུའི་སྤྱོད་པ་གཅིག་པུས་རི་ལ་མི་ཚེ་བསྐྱལ། རྒྱམ་རྒྱལ་མགུལ་དུ་ལོ་མང་དུ་བཞུགས་པས། མ་ཎི་བཛྲ་མཆོད་རྟེན་ལ་སོགས་བྲག་དང་ཕ་བོང་ལ་རང་བྱུང་བྱོན། བརྟུལ་ཞུགས་སྤྱོད་པ་མཛད་ཅིང་འབུས་བཟའ་ལོད་མོ་ཞེས་པ་ཕྱག་རྒྱ་མར་བརྟེན། ཚལ་ཐུལ་ཕྱི་བསྒྱུར་མཛད་ནས་གསོལ་ཞིང༌། རྟ་དང་མདའ་གཞུ་ཐོགས་པ་ལ་སོགས་འཁྲུལ་པ་ཞིག་པའི་སྤྱོད་པ་སྣ་ཚོགས་མཛད། སྐྱོ་ཁོ་བྲག་ལ་ཆིབས་ཀྱིས་ཞབས་རྗེས་ངོ་མཚར་བ་བཞག གཏེར་སྟོན་ཞིག་པོ་གླིང་པ་དང་མཇལ། བར་ཆད་བསལ་ཕྱིར་སྔགས་མདུད་གནང་ནས་དེ་མ་ཆད་པར་མི་འདའ་བའི་ལུང་བསྟན། ཕྱིས་དེ་ཆད་པ་དང་འདས་པ་དུས་གཅིག་བྱུང༌། ཚལ་ཐུལ་གྱི་སྤུ་གྲངས་ཀྱི་འདྲེན་སྟོན་གདའ་ཞིག་པོ་གླིང་པས་གསུངས་སོ། །བདུན་ཅུ་དོན་བརྒྱད་ལ་སྐུ་གཤེགས། སྐུ་གདུང་ལ་འཇའ་ཟུག་པ་དང་རིང་བསྲེལ་བཟང་བར་བྱོན། གདུང་རྒྱབ་བརྟེན་མལ་རྒྱལ་ཐང་ཕ་བོང་ལ་ཕྱིས་ཡི་གེ་ལ་སོགས་མང་དུ་བྱོན། རྟགས་ངོ་མཚར་ཅན་བྱུང་ངོ། རྡོ་རྗེའི་མགུར་བཞེངས་པ་ནི། ན་མོ་ལོ་ཀི་ཤྭ་ར་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དབྱིངས་སྐྱེ་མེད་ནམ་མཁའ་ཀུན་ལ་ཁྱབ། །སེམས་གསལ་སྟོང་རིག་པས་དབྱིངས་མཐའ་འགྲིམ། །བློ་འཁྲུལ་སྣང་ཁུག་སྣ་དབྱིངས་སུ་ཡལ། །ཡུལ་སྣང་སྟོང་མཚོ་ལ་ཟླ་བ་ཤར། །དྲན་ཤེས་བཞིན་བར་སྣང་སྐྱི་སེར་འཕྱོ། །སེམས་སྣང་སྟོང་རིག་པ་ལྷུན་གྱིས་གྲུབ། །ཉམས་སྒྱུ་མའི་སྤྲུལ་བསྒྱུར་ལྟད་མོ་མཚར། །ཡིད་གཟུང་འཛིན་ནམ་མཁའི་པདྨོ་ཡལ། །སེམས་སྟོང་ཉིད་སྙིང་རྗེས་དོན་གཉིས་འགྲུབ། །ཚིག་འདི་སྨྲས་དགེ་བས་འགྲོ་བ་རྣམས། །སེམས་གནས་ལུགས་བརྗོད་མེད་དོན་རྟོགས་ནས། །དོན་སྐུ་གསུམ་མངོན་འགྱུར་སངས་རྒྱས་ཤོག །ཅེས་སོ། ༈ །སྐྱོ་བྲག་ཀརྨ་ཡེ་ཤེས་ནི་དཔོན་ཝེར་ལུ་ཟེར་བ་གསང་སྔགས་ཀྱི་རྣལ་འབྱོར་པ་ཡེ་ཤེས་མགོན་པོ་དངོས་སུ་འགྲུབ་པའི་རྟགས་མཚན་སྣ་ཚོགས་ཅན། ཕ་ཝང་རྡེའུ་ཟན་ལྟར་བཅངས་ནུས་པའི་གྲུབ་རྟགས་ཡོད་པ་དེ་དང༌། ཡུམ་འབྲོང་བཟའ་སྐྱིད་མོ་གཉིས་ལ་སྲས་གཉིས་ཡོད་པའི་ཆེ་བ་ཉིད་ཡིན་ཏེ། རཏྣ་གླིང་པའི་ལུང་བསྟན་ལས། ཕྱག་རྡོར་སྤྲུལ་པས་འགྲོ་བ་ཐམས་ཅད་འདྲེན༔ ཡེ་ཤེས་མིང་ཅན་ཁམས་ཀྱི་ཕྱོགས་སུ་འབྱུང་༔ ཞེས་གསུངས་པ་དེ་དང༌། ཆུང་དབོན་པོ་ཞི་ཁྲོ་རྒྱལ་གཉིས་ཀྱིས་ཀརྨ་པ་དབང་ཕྱུག་རྡོ་རྗེ་དང་མཇལ། འབུལ་བ་དཔེ་མེད་ཕུལ། གསུངས་ཆོས་གདམས་པ་ཡང་ཞུས། ཁུ་བོ་ཏིང་འཛིན་བཟང་པོ་དང༌། འབུས་ཚ་སངས་རྒྱས་སོགས་གྲངས་མེད་ནས་གདམས་པ་ཐམས་ཅད་རྫོགས་པར་གསན། གསང་བ་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། བདེ་མགོན་གཉིས་ཀྱི་སྙིང་པོ་ལ་དུང་ཕྱུར་གྲུབ། ཨོ་རྒྱན་ལུང་བསྟན་ལས། དཔུང་སྨེ་ཅན་གྱིས་སོག་དམག་ལན་གསུམ་བཟློག༔ ཅེས་པ་ལྟར་ནམ་མཁའ་ལ་འཕུར། འབྱུང་བ་ལྔ་ལ་རང་དབང་ཐོབ། བྲག་ལ་གྲུབ་རྟགས་བཞག་པ་སོགས་རྣམ་ཐར་མང་ངོ། ཉམས་མགུར་སེངྒེའི་ང་རོ་འདི་ལྟ་སྟེ། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །དབང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །དེང་རང་བཞིན་ཉམས་ཀྱི་དགའ་བ་ལ། །ཆོས་དབྱིངས་བདེ་ཆེན་ལྷུན་གྱིས་གྲུབ། །སྐྱེ་མེད་གནས་མེད་འགགས་པ་མེད། །སྤྲོས་པ་མེད་པའི་རང་བཞིན་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །ནམ་མཁར་འཇའ་རིས་ཁྱུགས་སེ་ཁྱུག །བར་སྣང་མེ་ཏོག་ཐ་ར་ར། ས་གཞིར་མེ་ཏོག་ལམས་སེ་ལམ། །འདོད་ཡོན་སྣ་ལྔ་ཤིགས་སེ་ཤིག །རོལ་མོའི་སྒྲ་སྙན་ཁྲོ་ལོ་ལོ། །སྤོས་དྲི་ངད་ལྡན་ཐུ་ལུ་ལུ། ལྕགས་སྤྲེལ་མགོ་ཉའི་གནམ་གང་གི། །སྔ་དྲོའི་ཆ་ཡི་ཆོས་ལུང་དུ། །འོད་དཀར་དམར་མཐིང་གསུམ་ཟུག་པ་མཐོང༌། །ཐན་ནམ་ཆོ་འཕྲུལ་ཅི་ཡིན་སྙམ། །བཟང་ངན་གྱི་རྟོག་པ་དུ་མ་ཤར། །དུས་དེ་རིང་སྣང་བ་མངོན་དུ་བྱུང༌། །དབུས་ན་བཞུགས་པའི་སྐྱེས་བུ་ཁྱེད། །སྐུ་མདོག་དཀར་ལ་གཟི་མདངས་ཅན། །རལ་པ་ནག་པོ་སིལ་བུར་གྲོལ། །ཕྱག་ན་ཤེལ་གྱི་ནོར་བུ་བསྣམས། །སྐུ་ལ་དར་དཀར་བེར་ཆེན་གསོལ། །སྐྱོ་བྲག་བྲག་དཀར་ཡིན་པར་གོ། །གཡས་ན་བཞུགས་པའི་སྐྱེས་བུ་ཁྱེད། །སྐུ་མདོག་དམར་ལ་གཟི་མདངས་ཅན། །རལ་པ་ནག་པོ་སིལ་བུར་གྲོལ། །ཕྱག་ན་བྱི་རུའི་ནོར་བུ་བསྣམས། །སྐུ་ལ་དར་དམར་བེར་ཆེན་གསོལ། །རི་དམར་རྒྱལ་པོ་ཡིན་པར་གོ། །གཡོན་ན་བཞུགས་པའི་སྐྱེས་བུ་ཁྱེད། །སྐུ་མདོག་སྔོ་ལ་གཟི་མདངས་ཅན། །རལ་པ་ནག་པོ་སིལ་བུར་གྲོལ། །ཕྱག་ན་བཻཌཱུར་ནོར་བུ་བསྣམས། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྐུ་ལ་ཆུ་དར་སྔོན་པོ་གསོལ། །རྦ་ནག་དགེ་བསྙེན་ཡིན་པར་གོ། །ཁྱེད་གསུམ་གྱི་མདུན་དུ་བུད་མེད་གསུམ། །སྐུ་མདོག་དཀར་དམར་མཐིང་ག་ལ། །དར་ཟབ་སྣ་ཚོགས་ན་བཟའ་གསོལ། །རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན། །ཁྱེད་གསུམ་གྱི་བུ་མོ་ཡིན་པར་གོ ། གཟུགས་བྱད་ཕུན་སུམ་ཚོགས་པ་འདི། །ཐོས་པ་མིན་པ་མཐོང་མ་མྱོང༌། །ལྷ་ཡི་བུ་དང་བུ་མོར་འདུག །བུ་མོ་གསུམ་པོ་འབུལ་བྱས་པས། །ངོ་མཚར་ལས་ཀྱང་ངོ་མཚར་ཆེ། །བླ་མ་ལྔ་བཅུ་པ་ལས་ཀྱང༌། །སྦྱིན་མིན་བུ་དང་ཆུང་མ་དག །རང་སྲོག་གིས་ཀྱང་བརྩེ་བྱས་ན། །ལོངས་སྤྱོད་གཡོག་ནི་སྨོས་ཅི་དགོས། །ཞེས་གསུངས་དོན་དང་མཚུངས་མོད་ཀྱང༌། །བུ་མོ་གསུམ་པོ་མི་ཆུན་ནོ། །ང་གསང་སྔགས་སྤྱོད་པའི་རྣལ་འབྱོར་པ། །བུད་མེད་སྤངས་པ་མ་ཡིན་ཏེ། །བདག་ལ་མི་ཡི་བུད་མེད་ཡོད། །ལྷ་ཡི་བུ་མོ་གཙང་སྦྲ་ཆེ། །བཙན་གྱི་བུ་མོ་རྩེ་རག་ཆེ། །ཀླུ་ཡི་བུ་མོ་ཞེ་སྡང་ནག །སྤྱོད་ལམ་མི་དང་མི་མཐུན་ཕྱིར། །དེ་ཕྱིར་བདག་གིས་མི་ཆུན་ནོ། །ལྷ་ཡང་ལྷ་ཡི་ནང་དུ་མཛེས། །མི་ཡང་མི་ཡི་ནང་དུ་འགྲིགས། །ལོ་གསུམ་གོང་གི་གོང་རོལ་དུ། །ང་སེངྒེ་གནམ་མཆོང་ཕུག་ནང་དུ། །ཞག་བདུན་རྣལ་འབྱོར་སྒྲུབ་པའི་དུས། །རྦ་ནག་དགེ་བསྙེན་ཁྱོད་ཀྱིས་ཀྱང༌། །བུ་མོ་བྱིན་པར་ཁས་ཀྱང་བླངས། །དེ་མ་བྱིན་བསམ་པའི་ལོག་ལྟ་མེད། །ཁྱེད་གསུམ་གྱིས་མི་དགའ་མ་ལྟ་བར། །བུ་མོ་གསུམ་ཁྲིད་ལ་བདེ་བར་བཞུད། །ཀོ་ལོང་དང་ཕྲག་དོག་མ་མཛད་པར། །གཟུང་འཛིན་མེད་པའི་ལྟ་བ་མཛོད། །ཡེངས་བ་མེད་པའི་སྒོམ་པ་མཛོད། །བྱ་རྩོལ་མེད་པའི་སྤྱོད་པ་མཛོད། །རེ་དོགས་མེད་པའི་འབྲས་བུ་མཛོད། །དུས་དང་རྣམ་པ་ཐམས་ཅད་དུ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་སོ། ༈ །རྗེ་མངའ་བདག་མཻ་ཏྲི་པ་དངོས་བྱོན་སྐྱོ་བྲག་དུང་དཀར་རས་ཆེན་གྱི་སྐྱེས་ཕྲེང་ཤྲཱི་བྷ་དྲའི་གསུང་མགུར་ནི། ན་མོ་གུ་རུ་ཙཀྲ་སརྦ་ཡེ། རང་རིག་གདོད་མའི་སངས་རྒྱས་ཆོས་ཉིད་སྐུ། །བདེ་ཆེན་ཁ་སྦྱོར་མི་འགྱུར་ཨེ་ཡིག་དང༌། །དཔལ་མཆོག་དང་པོའི་ཡུམ་མཆོག་ཝྃ་ཡིག་ཟུང༌། །གཉིས་མེད་ཟུང་འཇུག་ལྷན་སྐྱེས་ཙཀྲར་བསྟོད། །དབྱིངས་དང་ཟག་མེད་བདེ་ཆེན་ཕ་རོལ་ཕྱིན། །གདུལ་དཀའི་འགྲོ་བའི་དོན་དུ་སྙིང་རྗེ་བཞིའི། །ཚད་མེད་ཐུགས་རྗེ་ཉི་མའི་དཀྱིལ་འཁོར་རྒྱས། །དྲིན་ཆེན་རྡོ་རྗེ་འཆང་དང་བརྒྱུད་པར་བཅས། །ས་གསུམ་ཡོངས་ཀྱི་འགྲན་ཟླ་མེད་པ་ཡི། །དཔལ་ལྡན་འཁོར་ལོའི་མགོན་པོ་ཤིང་རྟ་མཆོག །བླ་མེད་དབྱིངས་ནས་འབའ་རོམ་བཀའ་བརྒྱུད་དྲན། །བཀའ་བརྒྱུད་ཡོངས་ལས་ཆེས་ཆེར་འཕགས་པའི་སྐུ། །རྒྱལ་བ་མཆོག་གི་གསུང་གི་དབྱངས་སྙན་སྒྲ། །བདག་ཡིད་ཐོས་པས་དད་མོས་དྲག་པོ་སྐྱེས། །ཐུགས་རྗེའི་བྱིན་རླབས་སྤྲིན་ཆེན་འཐིབས་པ་ནས། །བདག་ཉིད་བླུན་རྨོངས་ཐལ་བར་ཆར་ཆེན་ཕོབ། །ཀུན་གཞི་ཨ་འཐས་རྒོག་པོ་བརླན་ནས་ཀྱང༌། །བྱང་ཆུབ་སྨིན་བྱེད་མྱུ་གུ་འཁྲུངས་ནས་ནི། །འབྲས་བུ་སྐུ་བཞིའི་ལོ་ཏོག་འབྲས་སྨིན་ཏེ། །འགྲོ་བ་ཡོངས་ཀུན་ཆོས་ཀྱིས་ཚིམས་པ་དང༌། །ཕྱི་མ་གར་འགྲོ་གཏད་མེད་བདག་སོགས་ཀུན། །བླ་མེད་སངས་རྒྱས་ས་ལ་སྐྱེལ་ནས་ཀྱང༌། །འཁོར་བ་མ་སྟོང་བར་དུ་ཐུགས་རྗེས་ཟུང༌། །དེ་སྔ་སྐྱེ་བ་ཐོག་མཐའ་མེད་པ་ནས། །བག་ཆགས་འཁྲུལ་སྣང་འཛིན་པར་བཟུང་ནས་ཀྱང༌། །ཐར་མེད་འཁོར་བའི་བཙོན་ར་འདིར་ཚུད་པས། །ད་རུང་མི་ཤེས་སྐྱོ་བ་མེད་པ་འདི། །བརྟགས་ཤིང་ཡང་ཡང་བལྟས་པས་བདག་ཉིད་རྣམས། །རང་གིས་རང་ལ་ཤ་ཚ་སྙིང་རེ་རྗེ། །དེ་ལས་མ་ཟད་རིགས་དྲུག་མ་རྒན་ལ། །བཟོད་མེད་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས། །ཡི་མུག་དྲག་པོས་གསོལ་བ་བླ་མར་འདེབས། དྲན་ནོ་རྗེ་བཙུན་དར་མ་དབང་ཕྱུག་དྲན། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །འགྲོ་ཀུན་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རྗེ་བཙུན་ཆེན་པོ་ཏི་ཤྲཱི་རས་པ་དང༌། །རས་པ་དཀར་པོ་ལུས་མེད་རྡོ་རྗེ་སོགས། །དྲིན་ཆེན་རྩ་བའི་བླ་མ་ད་ལྟའི་བར། །བྱོན་པའི་རྩ་བརྒྱུད་བླ་མ་ཡང་ཡང་དྲན། །ཡི་མུག་སྐྱོ་ཤས་དྲག་པོས་གསོལ་བ་འདེབས། །འོ་དོད་གདུང་བས་བླ་མར་བོས་པ་ཡིས། །འོག་མིན་དབྱིངས་ནས་ཐུགས་རྗེའི་སྤྱན་མ་བརྟུལ། །ཡེ་ཤེས་སྤྱན་ལ་གསལ་སྒྲིབ་མེད་པ་ཡིས། །རྗེས་འཇུག་བུ་ལ་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་ཡང་ཡང་མོས་གུས་དྲག་པོའི་མཐུས། །ཕྱི་སྣོད་འབྱུང་བ་སྒྱུ་མའི་འཁྲུལ་འཁོར་འདི། །རྟག་པ་མེད་པ་ན་བུན་བཞིན་དུ་སྣང༌། །ནང་བཅུད་རིགས་དྲུག་གཉེན་ཟླ་རྨི་ལམ་ལྟར། །མཐོང་ཞིང་ནམ་མཁའི་འཇའ་ལྟར་འཛིན་མེད་འདུག །གཅེས་པའི་ལུས་འདི་མེ་ལོང་ཤར་བའི་གཟུགས། །བཟང་ངན་བྱུང་ན་ཆུ་ཡི་ཆུ་རླབས་བཞིན། །གཉེན་འདུན་ཟླ་གྲོགས་མཐོང་ན་སྙིང་རྗེའི་རྒྱུ། །བཟོད་མེད་སྙིང་རྗེ་ཆེན་པོ་ཡང་ཡང་འཁྲུགས། །བླ་མར་འོ་དོད་འབོད་དོ་ཐུགས་རྗེས་གཟིགས། །གཏད་མེད་བྲག་ཕུག་ནང་དུ་སྐྱོ་བ་སྐྱེས། །རྗེ་བཙུན་གོང་མའི་རྗེས་ལམ་སྙོགས་སྙམ་བྱུང༌། །ཡི་མུག་ལྡང་བའི་དགྲ་ལ་བཟོད་པ་ཤར། །སྙིང་རྗེ་འགྱུར་མེད་བློ་ཡི་ཡུལ་ལ་འཁྲུངས། །རྗེ་བཙུན་བླ་མའི་ཞལ་ལུང་ཉམས་བླངས་པས། །ཕྱི་ནང་ཆོས་ཀུན་སྣང་ཙམ་ཡུལ་ལས་འདས། །ནང་གི་རིག་པ་ཕྱི་ཡི་ཡུལ་ལ་འདྲེས། །འདྲེས་པའི་ངོ་བོ་དབྱིངས་ཀྱི་ནམ་མཁའ་ལྟར། །བརྗོད་མེད་བློ་བྲལ་ཆོས་སྐུའི་རང་ཞལ་མཐོང༌། །འདི་བྱ་འདི་བྱེད་བློ་ཡི་ཡུལ་ཐག་ཆོད། །འབྲས་བུ་རྒྱལ་བ་གོང་མའི་ཤུལ་ལམ་ལ། །བར་ཆད་མེད་པར་སྐད་ཅིག་བགྲོད་པར་ཤོག །སྤྱོད་པ་འགགས་མེད་དུར་ཁྲོད་བམ་རོ་བཞིན། །དགའ་སྡུག་འཛིན་བྲལ་རྟོགས་པའི་གདེངས་ཐོབ་ཤོག །ཡང་དག་བཅུ་གསུམ་རྡོ་རྗེ་འཆང་གི་སར། །གཡོ་མེད་རྡོ་རྗེའི་ཏིང་འཛིན་མངའ་བརྙེས་ཤོག །འགྱུར་མེད་རྡོ་རྗེའི་འཇའ་འོད་སྐུ་འགྲུབ་ནས། །མཐར་ཐུག་རང་གཞན་དོན་ཆེན་ལྷུན་གྲུབ་ཤོག །ཅེས་གང་དྲན་སྨྲས་བའི་མགུར་ཆུང་ཞིག་དགོས་ཞེས་བྱང་འདྲེན་ཤྲཱི་ནནྟ་ནས་གསུངས་ངོར༌། བདག་དུས་མཐའི་བླུན་རྨོངས་གཤིས་ལུགས་ཆོས་སྐུ་ངོའི་བོ་མ་མཐོང་ཞིང༌། ཡེ་ཤེས་ཐབས་ཀྱི་རླུང་རིག་སོགས་ལ་དབང་མ་ཐོབ་པས་དེ་ལྟར་སྨྲ་འོས་གང་ལའང་མི་འདུག་ཀྱང༌། གསུང་མ་ལྡོག་ཙམ་དུ་བདག་ཉིད་སྔོན་གྱི་གྲུབ་ཐོབ་ཀྱི་གདན་ས་མཇལ་སྐབས་གཡའ་ཁང་སྒྲུབ་ཁང་མཐོང་ཞིང༌། ཁྱད་པར་ཏི་ཤྲཱི་རས་པའི་མཆོད་རྟེན་ལ་གསོལ་བ་བཏབ་པས། མོས་གུས་དྲག་པོ་འབར་ཞིང་ཉམས་འབར་བ་ལྟ་བུ་བྱུང་ནས། བླ་མ་རིན་པོ་ཆེ་རྣམས་ལ་གསོལ་འདེབས་གང་དྲན། མཁའ་སྤྱོད་ཀྱི་གནས་མེར་ཆེན་གནས་སྒོ་ཕྱེས་སྐབས་༧རྗེ་འབའ་རོམ་པའི་རྗེས་འཇུག་གི་ཐ་ཤལ་པ་སྐྱོ་བྲག་ཤྲཱི་བྷ་དྲའི་མིང་གིས་བྲིས་པ་དགེ་བར་གྱུར་ཅིག །སྣང་སྟོང་མཐའ་དང་བྲལ་བ་ཆོས་ཀྱི་སྐུ། དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་དྲིལ་ཏེ། །ཀ་དག་རང་བྱུང་ཡེ་ཤེས་འདི་ཡིན་ནོ། །འདི་ནི་ཕྱོགས་མེད་མཐའ་བྲལ་ཆེན་མོའོ། །ཐ་མལ་ཤེས་པ་མ་བཅོས་གཉུག་མ་འདི། །འདུས་མ་བྱས་པའི་འོད་གསལ་ཆོས་སྐུ་ཡིན། །ལྟ་བ་མཐའ་བྲལ་ཆེན་པོར་ལྟ་བྱེད་བྲལ། །སྒོམ་པ་མ་བཅོས་སྟོང་གསལ་གཉུག་མའི་ངང༌། །སྤྱོད་པ་དགག་སྒྲུབ་བླང་དོར་རང་གྲོལ་ལམ། །གདོད་ནས་སྐྱེ་མེད་འགག་མེད་ཤུགས་འབྱུང་ངོ་། །འབྲས་བུ་སྐུ་ལྔ་ལྷུན་གྲུབ་རང་རིག་ལ། །ལྟ་སྒོམ་སྤྱོད་འབྲས་དབྱེར་མེད་གཅིག་ཏུ་དྲིལ། །འཁོར་འདས་གཉིས་མེད་ཀ་དག་ཆོས་ཀྱི་སྐུ། །རེ་དོགས་མཐའ་བྲལ་ཡེ་ནས་སངས་རྒྱས་སོ། །ད་ལན་མི་ལུས་རིན་ཆེན་ཐོབ་པའི་ཚེ། །སྡིག་སྡུག་གྲུ་གླས་ལྟོ་རྒྱབ་མི་ཕྱིད་ནས། །བྱ་སྙམ་འདུན་པའི་ངང་ལ་མི་ཚེ་ཟད། །བློ་ཐག་རྦད་ཀྱིས་ཆོད་ལ་ཆོས་ལ་འབུངས། །དྲན་པ་བློ་སྣ་མ་མང་སེམས་ཉིད་འདུལ། །རང་ཚོ་ཐུབ་པར་བྱེད་པ་ཕྱི་མའི་ཆོས། །ནན་ཏན་ད་ལྟ་མ་གཡེལ་ཐུགས་ལ་ཆོངས། །ཆོས་ཀྱི་སྙིང་པོ་ཕྱག་རྫོགས་བདུད་རྩི་འདི། །རང་དབང་ཡོད་ཚེ་སྙིང་གི་པདྨོར་མཆོད། །སེམས་ཉིད་རེ་བ་སྐོང་བའི་གསོས་སུ་གསོལ། །འདི་ནི་ཕྱི་མ་བར་དོ་གསུམ་ཁོ་ནར། །སྐྱབས་གནས་དཀོན་མཆོག་མ་གཏོགས་གཞན་ལ་མེད། །ཐེ་ཚོམ་རྩད་ནས་ཆོད་ཅིག་བློ་ཁེལ་མཛོད། །རླུང་སེམས་དབུ་མར་གཉིས་མེད་འདྲེས་པའི་ཚེ། །རྟོགས་པ་ཉམས་མྱོང་འཆར་སྒོ་སྣ་ཚོགས་པར། །བཟང་ངན་རེ་དོགས་མ་མཛད་ངོ་བོར་གཟིགས། །འཆར་ཚུལ་གཞན་སྨྲ་མ་གསུང་ཐུབ་པར་མཛོད། །གསང་ཞིང་ད་རུང་ཉམས་ལེན་མཛད་པར་ཞུ། །རིམ་གྱིས་ཉམས་རྟོགས་ཡར་ཟླ་བཞིན་དུ་འཕེལ། །ཆོས་བརྒྱད་ཞེན་པ་གཡེང་བའི་ལས་འདི་རྣམས། །བདུད་ཀྱི་བསླུ་བྲིད་མེ་ཏོག་ཚོགས་ཁང་འདི། །མི་རྟག་རྨི་ལམ་ཤེས་པར་མཛད་དུ་གསོལ། །ཞེན་པ་ཆུང་བས་འཁོར་བར་འཇིགས་སྐྲག་ཅིང༌། །བློ་གཏད་ཆོས་ལ་གཏད་པ་འགྱུར་མེད་མཛོད། །ནམ་གུང་སྲོད་དང་དུས་དང་ཐུན་མཚམས་སུ། །འཆི་བ་དྲན་ཞིང་འགྲོ་ལ་བསྔོ་བ་དང༌། །དོན་གཉིས་ལྷུན་གྲུབ་སྨོན་ལམ་རྒྱས་འདེབས་མཛོད། །ནམ་ཞིག་བདེ་ཆེན་ཨོ་རྒྱན་མཁའ་འགྲོའི་ཞིང༌། །དག་པ་རིག་འཛིན་གྲལ་དུ་ཚུད་པར་མཛོད། །ད་ལྟའི་འབྲེལ་ཐོགས་ཀུན་ཀྱང་ལྷ་ཡི་ལུས། །ཐོབ་ནས་བདག་གཞན་སངས་རྒྱས་ཐོབ་པར་ཤོག །རྗེ་གོང་མ་རིན་པོ་ཆེ་རྣམས་ཀྱི་གསུང་གི་སྙིང་པོ་བདུད་རྩིའི་བཅུད་ཀྱི་དྭངས་མ་བཞིན། ཡེ་ཤེས་ཌཱ་ཀིའི་དགྱེས་སྐོང་ཆོས་སྐབས་སུ་༧ཁོ་བོ་ཤྲཱི་བྷ་དྲས་བྲིས་ནས་ཕུལ་བའོ། ༈ །ན་མོ་གུ་རུ། མཆོག་གི་རིག་འཛིན་གྱི་གྲུབ་པའི་རྒྱལ་སར་གཤེགས་པའི་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་དཔལ་འཇིགས་མེད་ཆོས་ཀྱི་སེངྒེ་འཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་སྔོན་འོག་མིན་ཀརྨའི་གདན་སར་བཞུགས་སྐབས། མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་སྙན་བརྒྱུད་ཟབ་མོའི་བརྡ་དབང་དང་གདམས་ཟབ་བསྩལ། ཕྱིས་སུ་བོད་ཡུལ་གནས་ཆེན་ཉེར་ལྔའི་ཡ་གྱལ་སྐྱིད་འབྱམས་སིངྷ་རྫོང་གི་ཀེའུ་ཚང་དུ་ཞབས་པད་འཁོད་པའི་དུས་སུ་རྗེ་འབའ་རོམ་པའི་གྲུབ་བརྙེས་ཀྱི་སྐུ་ཕྲེང་རྣམས་དག་པའི་སྣང་བར་གཟིགས་ཤིང༌། གྲུབ་པའི་དབང་ཕྱུག་ཆོས་རྗེ་བསོད་ནམས་བཟང་པོའི་སྐྱེ་བ་བཞེས་སྐབས་ཀྱི་ཐུགས་བག་སད་དེ་རྗེས་སུ་དྲན་པ་ཚད་མེད་པ་ཐུགས་ཉམས་སུ་འཁྲུངས་ནས་ཟབ་གསང་གདམས་པའི་མཛོད་ཆེན་གྱི་དགོངས་པ་ཀློང་ནས་རྡོལ་བའི་སྐབས་སུ་རྟོགས་པ་ཡེ་ཤེས་ཀྱི་རྡོ་རྗེའི་མགུར་དབྱངས་བཞེངས་པ། ན་མོ་གུ་རུ་བཛྲ་དྷ་ར་ཡེ། དུས་འདི་ནས་བྱང་ཆུབ་མཆོག་གི་བར། །སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ། །དོན་གཅིག་བསྡུས་ཀུན་གཟིགས་རྡོ་རྗེ་འཆང༌། །དཔལ་པདྨ་དབང་ཆེན་ཞབས་ལ་འདུད། །མགོན་དེ་དང་གཉིས་མེད་བཀའ་དྲིན་ཅན། །རྗེ་ཉི་མ་དང་ཟླ་བའི་མཚན་ཅན་གྱིས། །ཕ་བཀའ་བརྒྱུད་ཀྱི་གདམས་པས་རྗེས་སུ་བཟུང༌། །དེ་འཇིག་རྟེན་གྱི་མཐུན་འཇུག་མ་ལགས་པར། །དོན་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མཛད། །དེ་ལན་གཅིག་མ་ཡིན་ཡང་ནས་ཡང༌། །ཐོག་བབ་དང་གང་ཤར་གཅེར་མཐོང་དུ། །དོན་མན་ངག་མཛུབ་ཁྲིད་ཀྱི་གདམས་པ་ཕོག །ཕ་བཀའ་བཞིའི་ཆུ་བོ་ལས་འོང་བ། །མགོན་མི་ཡི་སངས་རྒྱས་ཏཻ་ལོ་པ། །དཔལ་ནཱ་རོ་མཻ་ཏྲི་བྱིན་རླབས་ཅན། །མཆོག་དགྱེས་མཛད་ཀྱི་ལོ་ཙཱ་ཧེ་རུ་ཀ ། དོན་སྒྲུབ་བརྒྱུད་ཀྱི་ཆུ་འགོ་མི་ལ་རྗེ། །བཀའ་དབུ་ཕྱག་གཅིག་འདྲེས་གྲོལ་བའི་ཕུག །མགོན་འཛམ་གླིང་རྒྱན་གཅིག་ལྷ་རྗེའི་མཚན། །ཕ་དེ་ཡི་ཞལ་སྐྱིན་ཐུགས་ཀྱི་སྲས། །དཔལ་འགྲན་ཟླ་བྲལ་བའི་འབའ་རོམ་པ། །རྗེ་དར་མ་དབང་ཕྱུག་མ་ལགས་སམ། །མཆོག་དེ་ཡི་ཆོས་སྲས་བརྒྱུད་པ་འཛིན། །མགོན་ཏི་ཤྲཱི་དང་གསང་བ་རས་པ་དཀར། །དོན་བརྒྱུད་འཛིན་ལུས་མེད་རྡོ་རྗེ་ནས། །བཀའ་ཟབ་གསང་གི་ཆུ་བོ་བདུད་རྩིའི་བཅུད། །དེ་འཛིན་པའི་གསེར་ཕྲེང་ཚར་དུ་དངར། །དཔལ་ཀིརྟཱི་དྷྭ་ཛའི་ནམ་མཁའ་ལ། །མགོན་མ་ཏི་དང་པུཎྱེའི་ཉི་ཟླ་ཤར། །བུ་སློབ་མ་དང་ཡང་སློབ་གཟའ་སྐར་བཀྲ། །གསལ་ཉི་མའི་འོད་ལ་ནུབ་པ་མེད། །ལས་སྔོན་བསགས་པདྨོ་གྲོགས་ལ་བཀུག །བཅུད་རོ་བརྒྱས་རྐང་དྲུག་གཤོག་རྩལ་རྒྱས། །མུན་སེལ་གྱི་ཟླ་བས་གླིང་བཞི་བསྐོར། །ད་དུས་བབ་ཀྱི་རྟེན་འབྲེལ་རི་མོ་དང༌། །འགྱུར་མེད་ཀྱི་བཀའ་རྟགས་རྡོ་རྗེ་མངོན། །མཆོག་རྡོ་རྗེ་བཙུན་མོ་མི་མོའི་ཚུལ། །གནས་འཇིག་རྟེན་འདི་རུ་བྱོན་པ་ཡི། །དབྱིངས་ཌཱ་ཀི་ནམ་མཁའི་རྣལ་འབྱོར་མས། །སྔོན་འོག་མིན་ས་སྤྱོད་ཀྱི་དགོན་པ་རུ། །མི་ཁོ་བོ་རྗེས་སུ་བཟུང་བའི་ཕྱིར། །ཚུལ་དམ་ཚིག་ཌཱ་ཀིའི་ཆ་ལུགས་ཀྱིས། །རྒྱུད་ཟབ་མོའི་དོན་དང་བརྡ་ཡི་དབང༌། །དོན་སྙན་བརྒྱུད་ཀྱི་མན་ངག་ཆིག་རྫོགས་བསྩལ། །ཕ་བཀའ་བརྒྱུད་ཀྱི་རྗེས་ཤུལ་ཟིན་ན་སྙམ། །ཡིད་དད་སྤྲོའི་དགའ་བ་ཚད་མེད་ཐོབ། །གནས་གདོད་ནས་ཡོངས་གྲུབ་མཆོག་གི་ཞིང༌། །དཔལ་ཧེ་རུ་ཀ་དང་མཁའ་འགྲོའི་ཚོགས། །སྤྲིན་བཞིན་དུ་འདུ་དང་གྲུབ་པའི་ཁྱུ། །མགོན་རིག་འཛིན་རྣམས་ཀྱིས་བྱིན་རླབས་ཤིང༌། །གཟུགས་ཅན་དང་གཟུགས་མེད་འདུ་བའི་གནས། །བྲག་སེང་ཆེན་གནམ་དུ་མཆོང་འདྲ་འདིས། །ཕྱོགས་འཇིག་རྟེན་གྱི་སྡེར་ཆགས་ཟིལ་གྱིས་གནོན། །རྫོང་འདིར་བཞུགས་ཀྱི་གྲུབ་ཐོབ་རི་དྭགས་རྒྱལ། །ལུས་གདོང་ལྔའི་མཆེ་སྡེར་གྱིས་དྲེགས་ཚོགས་འདུལ། །རྩལ་དྲུག་གི་ཉམས་རྟོགས་ཁོང་ནས་རྒྱས། །རྒྱན་དུང་མདོག་གཡུ་རལ་ཕྱོགས་བཅུར་ངོམས། །མཐར་སེང་ཕྲུག་གི་ཡང་རྩལ་སྤྲུགས་ཏེ་མཆི། །བཀའ་བརྒྱུད་ཀྱི་བྱིན་རླབས་ཚན་རེ་ཆེ། །མཆོག་གདམས་ངག་གི་ཆུ་བོ་རྒྱུན་མ་ཆད། །དོན་བརྒྱུད་པའི་གྲལ་མཐར་སོན་པར་གདའ། །ནང་ཤེས་རབ་ཀྱི་རྩལ་ཁ་མི་ཆེ་ཡང༌། །གཞི་ལྟ་བའི་ནམ་མཁའ་ལ་ཕྱོགས་ལྷུང་མེད། །ཐབས་སྒོམ་པའི་སྙིང་རུས་ཆུང་ལགས་ཀྱང༌། །ལམ་འོད་གསལ་གྱི་ཉི་ཟླ་ཟུང་དུ་ཆུད། །ཚུལ་བརྟུལ་ཞུགས་ཀྱི་སྙིང་ཁམས་མི་ཆེ་ཡང༌། །ཆོས་ཟུང་འཇུག་གི་ཐབས་ཀྱི་སྤྱོད་པ་བྱས། །མི་གཞན་ཕྱོགས་མགུ་བའི་ཡོན་ཏན་མེད། །དོན་རང་རྒྱུད་ལ་སངས་རྒྱས་འབྲས་བུ་རྙེད། །རྒྱུད་ཆོས་ཀྱི་དུལ་བ་དཀའ་མོད་ཀྱང༌། །ལུས་རྒས་པས་འདོད་ཞེན་གྱི་ཚ་ངད་ཡལ། །སེམས་ཉམས་ཞེན་ཞེ་སྡང་གི་སོ་ཁ་དིག །རྒྱུད་འགྲན་སེམས་ཅན་ལ་རྒྱལ་ཁ་བསྐུར། །མི་ཕྲག་དོག་ཅན་ལ་ཐབས་ཀྱིས་བྱོལ། །ནོར་བརྐམ་ཆགས་ཀྱི་འདོད་བློ་ཧ་ཅང་མེད། ཚུལ་མི་བཟང་ཀྱང་ཚུལ་མིན་ཅི་ནུས་སྤང༌། །མི་རང་རྒྱུད་ཀྱི་རྣམ་ཐར་ཟང་མ་ཡིན། །བདག་རང་རྒྱུས་རང་ལ་ཡོད་པས་ན། །མཚང་ཐེར་ལ་འདོན་བྱ་ཅང་མ་མཆིས་ཏེ། །ངས་སྒྲོ་བཏགས་ཀྱི་ཡོན་ཏན་ཅི་ཏེ་ངོམ། །ད་སླད་ནས་འབྱོན་པའི་བུ་སློབ་ཀུན། །དཔལ་ནཱ་རོ་དང་མཻ་ཏྲིའི་གདམས་ངག་རྒྱུན། །དོན་ཟབ་ཁྱད་གཞན་ལས་འཕགས་པ་ཡིན། །ཆོས་ཟབ་ལམ་མཁའ་འགྲོའི་ལུང་བསྟན་འདི། །དོན་བརྒྱུད་པའི་གྲལ་ཐག་ཉེ་བ་ཡིན། །དུས་ལྔ་བརྒྱ་ཕྲག་གསུམ་མར་གཤམ་འདིར། །ཕྱི་སྣོད་བཅུད་ཀྱི་འགྱུར་བ་དཔྱིད་ཀའི་ཐང༌། །ནང་ལུས་ཅན་གྱི་ཉོན་མོངས་རྡུལ་ལྟར་འཚུབས། །བར་དུས་ངན་གྱི་སྤྱོད་པ་རླུང་བཞིན་གཡོ། །ཚུལ་འདི་ལ་བསམ་བཞིན་མཆི་མ་དཀུ། །ཕ་བཀའ་བརྒྱུད་ཀྱི་རྣམ་ཐར་རྗེས་དྲན་འཚལ། །ཚེ་འདི་ཡི་འདུན་འགྲོས་སྤང་རེ་རན། །དོན་སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་པ་དང༌། །མཆོག་ཕྱག་རྒྱ་ཆེན་པོའི་ཉམས་ལེན་རེམ། །མི་བདག་ལ་ལྟོས་པའི་བུ་སློབ་ཀུན། །ཚེ་ཡལ་ཡོལ་དོན་མེད་དུ་མ་བཏང་བར། །སེམས་ཉམས་ལེན་ལ་གནད་དུ་བསྣུན་པར་ཞུ། །ཆོས་ཕྱི་བཤོལ་མ་བཞག་སྔ་ཚགས་ཚུད། །སླར་ཡང་ཡང་འཛོམ་པའི་རྟེན་འབྲེལ་ཞུ། །ད་དེ་སྐད་བུ་ཡི་དྲིས་ལན་དུ། །ཡུལ་འབྲི་མཚམས་སྐྱིད་འབྱམས་དགའ་བའི་ལྗོངས། །གནས་སེང་ཆེན་གནམ་དུ་མཆོང་འདྲའི་མགུལ། །བྲག་སེང་ཞལ་ལྟ་བུའི་དབྱིངས་ཕུག་ནས། །ཕ་དྭགས་བརྒྱུད་ཀྱི་གྲལ་མཐར་སོན་པའི་བུ། །དཔལ་འཇིགས་མེད་ཆོས་ཀྱི་སེངྒེ་ངས། །ཁྱེད་སློབ་བརྒྱུད་ལ་ཕན་ཕྱིར་སྙིང་གཏམ་སྨྲས། །དོན་སྙིང་པོའི་བསྟན་པ་དར་བར་ཤོག །ཅེས་པའང་ཆོས་རྗེ་འབའ་རོམ་པའི་ཆོས་དང་གང་ཟག་ལ་སྐྱེ་བ་མང་པོར་བག་ཆགས་ནན་གྱིས་གོམས་པ་རྒྱལ་ཁམས་ཕྱོགས་མེད་ཀྱི་རྣལ་འབྱོར་གྲུབ་རིག་འཛིན་པ་དཔལ་༧འཇིགས་མེད་ཆོས་ཀྱི་སེངྒེ་འཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས། བོད་ཆེན་སེངྒེའི་ཀེའུ་ཚང་ནས་སྐལ་པ་མཆོག་ལྡན་གྱི་སློབ་ཚོགས་མང་པོར་སྙན་བརྒྱུད་ཟབ་མོའི་དགའ་སྟོན་ཅི་དགར་སྤེལ་བའི་སྐབས་སུ་གང་ཤར་ཟུང་རྒྱལ་དུ་སྨྲས་པ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །༈ ན་མོ་གུ་རུ་བཛྲ་དྷ་ར་ཡེ། ཕ་དྭགས་པོ་བཀའ་བརྒྱུད་ཀྱི་དགོངས་པའི་བཅུད། །ཆོས་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ། །སངས་རྒྱས་དང་སེམས་ཅན་རིས་སུ་མེད། །བདེ་གཤེགས་ཀྱི་སྙིང་པོས་ཀུན་ལ་ཁྱབ། །གནས་ཚུལ་ལ་བསམ་ན་སྤྲོ་བ་སྐྱེས། །སེམས་ཅན་ཀུན་བདག་འཛིན་རྟོག་པས་བསླུས། །འཁྲུལ་ཚུལ་འདི་བསམ་ན་ཡི་མུག་ལྡང༌། །རྗེ་བླ་མས་རིག་པའི་རང་ངོ་སྤྲད། །གྲོལ་ལུགས་ལ་བསམ་ན་ངོ་མཚར་སྐྱེས། །སངས་རྒྱས་ཉག་གཅིག་ཏུ་སྐད་པ་དེ། །རྒྱང་རིང་དུ་མི་འདུག་དྲུང་ན་གདའ། །དུས་ད་ལྟའི་ཤེས་པ་རྗེན་པ་འདི། །རང་བྱུང་གི་སངས་རྒྱས་ཡིན་པ་ལ། །ཡང་སངས་ཤིག་རྒྱ་རྒྱུ་ཡོད་མ་སྙམ། །རྗེ་ཏི་ཤྲཱི་རས་པའི་བཀའ་བརྒྱུད་དང༌། །ཕ་སྐྱོ་བྲག་ཆོས་རྗེའིེ་སློབ་བརྒྱུད་ལ། །ཉམས་ལེན་ལ་མུ་གེ་ན་མ་མྱོང༌། །ཡིན་སྙམས་དང་མིན་སྙམས་ཀྱི་དྲྭ་བ་ལ། །རིག་སྟོང་རྗེན་པ་འདི་འཐུམ་མ་མྱོང༌། །བསྒོམ་བྱ་དང་སྒོམ་བྱེད་ཀྱི་འཛིན་སྟངས་ཀྱི། །སྲད་བུ་ཡིས་རང་རྒྱུད་བསྡམས་མ་མྱོང༌། །ད་སླད་ནས་འབྱོན་པའི་བུ་སློབ་རྣམས། །ཉམས་མྱོང་ཞིག་སྙིང་ནས་སྐྱེས་པར་རེམ། །སྐྱེས་རྟགས་སུ་རང་རྒྱུད་གྲོལ་བ་གནད། །དོན་དེ་ཕྱིར་དྲན་སེམས་འབྲལ་མེད་བརྟེན། །ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །གནད་གཅིག་ཏུ་དྲིལ་ནས་ཉམས་ལེན་གཅེས། །སེམས་གཉུག་མའི་རང་ས་བྱིན་པ་ན། །མཆོག་ཆོས་སྐུའི་གཏན་སྲིད་ཟིན་པ་ཡིན། །འབྲས་བུ་ལ་ཡིད་སྨོན་བྱ་མི་དགོས། །སེམས་སྤྲོ་བ་སྐྱེས་སམ་རྡོ་རྗེའི་མཆེད། །དེང་དུས་སྙིགས་མའི་མར་གཤམ་འདིར། །ཆོས་བརྗོད་བྲལ་ལྷན་ཅིག་སྐྱེས་པ་འདི། །ངས་རྟོགས་དང་ཁོས་རྟོགས་ཁས་ལེན་ཀྱང༌། །ཡིད་བྱེད་ཀྱི་བློ་དང་བྲལ་བ་དཀོན། །བསྒོམ་འདོད་ཀྱི་རྩོལ་བ་ཡོད་ཀྱང་རུང༌། །ཉམས་མྱོང་གི་སྤུ་རིས་མ་ཕྱེས་ན། །ཕྱོགས་ཙམ་ཞིག་གོ་བས་གྲོལ་མི་ཐུབ། །དོན་མ་མཐོང་བ་ལ་ཅི་ཆ་ཡོད། །ལྟ་བ་ཡི་ཕུ་ཐག་བཅད་པ་དང༌། །ཉམས་ལེན་ལ་ཞུན་ཐར་ཡང་ཡང་མཛོད། ཅེས་སྙིང་པོའི་དོན་ལ་མོས་པས་རྗེས་སུ་ཕྱོགས་པའི་ཚུལ་ཅུང་ཟད་འདི་བླ་མ་རྡོ་རྗེ་འཆང་གི་བཀའ་དྲིན་ལས་བྱུང་བའི་ངེས་ཤེས་ཀྱིས་ཐོལ་བྱུང་དུ་བརྗོད་པ་པོ་ཆོས་ལྟར་བཅོས་པའི་འདུ་གསུམ་པ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་སྤེལ་བའོ། ༈ །ཨེ་མ་གསོན་དང་སྐལ་པར་ལྡན་པ་རྣམས། །བྱང་ཆུབ་ལམ་བགྲོད་མྱུར་ལམ་ཐབས་ཟབ་པ། །རང་སེམས་གཡོ་མེད་འདི་ནི་གཞི་ཡི་ལམ། །མ་བཅོས་རང་གར་བཞག་པ་ལམ་གྱི་མཆོག །དེ་དང་ཆེད་འཛིན་བྲལ་བ་འབྲས་བུ་སྟེ། །མཐར་ཐུག་བྲལ་འབྲས་མེད་པར་མངོན་སངས་རྒྱས། །དེ་ཉིད་མ་རྟོགས་སངས་རྒྱས་བཙལ་བ་ཡང༌། །བྱིས་པས་འཇའ་དེད་བུང་བས་མེ་ཏོག་ལ། །ཆགས་ཞེན་འཛིན་བཅིང་འཁོར་བར་འཁྱམས་པའི་རྒྱུ། །རེ་དོགས་ཀུན་བྲལ་རྫོགས་སངས་རྒྱས་པ་ཡི། །ལམ་དོན་མ་ནོར་བརྩོན་འགྲུས་མཐར་ཕྱིན་ན། །རང་གཞན་དོན་འགྲུབ་ཡིད་བཞིན་ནོར་བུ་རྙེད། །སྤོབ་པ་མ་ཆུང་རང་ཞལ་ངོ་བོར་ཞོག །དེ་སྐད་སྨྲ་བ་གོང་མའི་སྐྱེ་སྲིད་པ། །ཀརྨ་འཇིགས་མེད་བསྟན་པའི་ཉི་མ་ཡིས། །བྲག་དཀར་སེངྒེ་གནམ་མཆོང་མདུན་རོལ་དང༌། །ཟླ་ཆབ་དྭངས་མའི་གཡས་ཟུར་དང་འབྲེལ་བའི། །སྐྱིད་འབྱམས་ཐུབ་བསྟན་དར་རྒྱས་དགོན་གླིང་ནས། །ཁ་བོ་ཆེན་པོའི་འཁྱལ་གཏམ་དེ་ལྟར་ཕུལ། ཞེས་རང་སློབ་ཀརྨ་ཡེ་ཤེས་རྒྱ་མཚོའི་འདོད་ངོར་གང་ཤར་སྨྲས་པའོ། ༈ །ན་མོ་གུ་རུ། མཆོག་གི་རིག་འཛིན་རྣམས་དང་དབྱེར་མེད་པ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་འཇིགས་བྲལ་ཧེ་རུ་ཀ་ཆེན་པོ་དེ་ཝ་རཀྵ་ཛ་ཡ་ནི། ནང་པ་ཚངས་གསར་པའི་གདུང་རིགས་ལས་སོན་ཞིང་ཡབ་ཆོས་བདེ་མགོན་གཉིས་ཀྱི་སྒོ་ནས་གྲུབ་པ་བརྙེས་ནས་རྣམ་སྨིན་གྱི་ལུས་འོད་དུ་དེངས་ནས་དྭངས་མའི་སྐུ་ལས་ཀྱི་མགོན་པོར་བཞེངས་པར་མཛད་པ་སྟེ། དེ་ཉིད་ཀྱི་ཞལ་གདམས་རྡོ་རྗེའི་མགུར་ནི། དཔལ་རྡོ་རྗེ་འཆང་དང་འབའ་རོམ་པ། །རྗེ་རྩ་བའི་བླ་མའི་ཞབས་ལ་འདུད། །ཀྱེ་གསོན་དང་ཆོས་མཛད་དད་ལྡན་རྣམས། །ཁྱེད་ལྷ་ཆོས་ཐོབ་ཆོག་མི་མཛད་པར། །ཞེ་གདེང་ནས་ཆོས་གཅིག་བྱ་བསམ་ན། །མི་ཁོ་བོས་ཁ་མཚར་མ་ཡིན་ཏེ། །ཁྱོད་རང་རྩིས་ཞེ་འདོད་མ་ཆེ་བར། །དགྲ་བདག་འཛིན་རྒྱལ་འགོང་དབང་རེ་ཆེ། །བདུད་འདོད་ཡོན་གྱི་བཙུན་མོ་བསླུ་བྲིད་མཁས། །དགེ་ཆོས་བརྒྱད་ཀྱི་སློབ་དཔོན་ཟློས་སློབ་མཁན། །ཁྱོད་མི་ཆོས་ཀྱི་འདུན་མ་རྒྱབ་ཏུ་བོར། །བློ་ཆོས་བརྒྱད་ཀྱི་ཞེན་པ་ནང་ནས་ལྡོག །སྤྱིར་འཁོར་བའི་ཆོས་ལ་ཞེན་པ་སློངས། །སྒོས་མི་རྟག་ཆོས་ལ་ངེས་ཤེས་མཛོད། །ང་ཤི་རུང་གསོན་རུང་ཅི་ཡོང་དང༌། །ལར་སྐྱིད་རུང་སྡུག་རུང་ཅི་བྱུང་ཡང༌། །སྒྲུབ་ཡུན་ཤི་དང་མི་མཉམ་རེ། །སྐྱིད་འདོད་ཀྱི་བྱ་བ་མི་བཏང་རེ། །གྲགས་འདོད་ཀྱི་རློམ་སེམས་བྱེད་རེ་ཀན། །དེ་སེམས་ཞིང་རང་ཐག་རང་གིས་གཅོད། །ཕ་བླ་མའི་བཀའ་དེ་མ་གྲོལ་བར། །གཞན་ཀྱལ་སྒྲོགས་འཆལ་གཏམ་བསླུ་བྲིད་ཀྱི། །དེ་རྗེས་སུ་འབྲང་ན་ཆོས་སྐྱོང་གིས། །སྲོག་རྩ་ཆོད་ཅིག་དཔང་དུ་བཙུགས། །ང་སྒྲུབ་ཁང་འདི་རུ་ཤི་ནུས་པའི། །སེམས་ལ་དམ་བཅའ་དྲག་པོ་བྱས། །ལམ་རྩ་དང་རླུང་ལས་མྱུར་བ་མེད། །རླུང་སྲོག་རྩོལ་རྟེན་འབྲེལ་ལུས་ལ་བསྣུན། །སེམས་རྣམ་གཡེང་དབང་དུ་མི་གཏོང་ཨཾ། །ཁྱོད་རང་སེམས་ཁུག་ལ་རང་མགོ་ཐོན། །ཆོས་ཕྱི་བཤོལ་མེད་པར་བསྒྲུབ་རེ་རན། །བློ་འགྱུར་མེད་མཛོད་ཅིག་སྐལ་ལྡན་རྣམས། ཞེས་གདམས་པ་མཛད་དོ། ༈ །གྲུབ་པའི་དབང་ཕྱུག་ངག་དབང་ཕྲིན་ལས་ཀྱི་སྐུ་ཕྲེང་གསུམ་པ་ཡེ་ཤེས་རོལ་པ་རྩལ་དེ་ཉིད་མཆོག་དངོས་མངོན་དུ་གྱུར་པའི་སྐབས། ཉམས་དང་རྨི་ལམ་ཚད་མེད་པ་ཐུགས་སུ་འཁྲུངས་པ་རྣམས་རྡོ་རྗེའི་མགུར་རྟ་ལ་དྲངས་ཏེ་བཞེངས་པ་ནི། ན་མོ་མ་ཧཱ་གུ་རུ་པདྨ་ཀཱ་ར་ཡེ། པདྨ་ལས་འཁྲུངས་བརྫུས་སྐྱེས་སྤྲུལ་པའི་སྐུ། །སྐྱེ་འཆི་གཉིས་སྤངས་རྡོ་རྗེ་ཐོད་ཕྲེང་རྩལ། །འདྲེ་སྲིན་དམ་བཏགས་བོད་ཁམས་བདེ་ལ་བཀོད། །དྲིན་ཅན་པདྨ་འབྱུང་གནས་ཞབས་ལ་འདུད། །སློབ་དཔོན་རྒྱལ་ཚབ་སྙིགས་དུས་འགྲོ་བའི་མགོན། །གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ཡིས། །རཱ་ཛ་རྫོང་དུ་སྒྲུབ་པ་གྱིས་གསུངས་པའི། །བཀའ་སྩལ་ས་རྟའི་ལོ་མཚམས་སྤྱི་བོར་ཕེབས། །ཅུང་ཟད་ལུས་པས་ནད་ཀྱིས་ཁོ་བོ་མནར། །དེ་ནས་དྭངས་མཚམས་བཀའ་སྩལ་རྗེས་དྲན་ཏེ། །གནས་ཆེན་ཉིད་དུ་སྒྲུབ་པ་བྱེད་པར་སོང༌། །ལུག་ལོ་ཟླ་བ་གཉིས་པའི་ཉེར་ཐམ་ལ། །གཟའ་སྐར་བཟང་པོར་རྟེན་འབྲེལ་འགྲིགས་ཏེ་སླེབ། །དེ་ནས་ཁོ་བོ་ངག་འཕྲིན་སྤྲུལ་མིང་པ། །ཀརྨ་ཚེ་དབང་ལྷ་རྒྱལ་ཞེས་བྱའམ། །མིང་གཞན་གསང་མཚན་ཡེ་ཤེས་རོལ་པ་རྩལ། །བླ་མ་བསོད་མཆོག་དཀོན་མཆོག་དར་རྒྱས་དང༌། །ཆོས་ཀྱི་དབང་ཕྱུག་དཀོན་མཆོག་དཔལ་བཟང་སོགས། །དཔོན་སློབ་ལྔ་པོ་ལེགས་པར་མཚམས་བསྡམས་ནས། །རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །སྒྲུབ་པ་ཞག་པོ་བཅུ་བཞིར་མཛད་པ་ལ། །ཟླ་བ་གསུམ་པའི་ཚེས་བཅུར་མཚམས་གྲོལ་ནས། །དངོས་གྲུབ་ལེན་ཆོག་བཀྲ་ཤིས་བསྔོ་སྨོན་བྱས། །སྒྲུབ་པའི་ཚེ་རུ་སྒྲུབ་ཁང་ཐད་ཀ་ཡི། །ནམ་མཁར་འཇའ་ཚོན་འཁྱིལ་སོགས་རྟགས་མཚན་བྱུང༌། །དེ་ནས་ཞག་འགར་གླིང་ལ་བསྐོར་བ་སོགས། །རང་བཞིན་བག་ཡངས་གནས་པའི་ཚེས་བཅུ་དྲུག །མནལ་ལམ་རྟོགས་ལྡན་སྤྲུལ་པའི་རྣལ་འབྱོར་པས། །གཏེར་ཐོན་གསུངས་ནས་ཁ་བྱང་ཤོག་སེར་གནང༌། །བར་ཆད་ཟློག་བྱེད་རྡོ་རྗེ་གཞོན་ནུ་ཡི། །སྒྲུབ་སྐོར་སྐུ་དང་བཅས་པ་ཐོན་པ་དང༌། །བླ་མ་དགོངས་འདུས་གཤིན་རྗེ་ཁྲོ་ཆུ་སོགས། །སྒྲུབ་སྐོར་དཔག་མེད་གཏེར་ཐོན་དགའ་སྤྲོ་ཡིས། །རྟོགས་ལྡན་དེ་ལ་བཀྲ་ཤིས་སྨྲས་པ་རྨིང༌། །དེ་ནས་ནམ་མཁའ་གསལ་དྭངས་དུས་མཚུངས་སོ། །ཚེས་པ་བཅུ་བདུན་ནུབ་མོར་རྨི་ལམ་དུ། །རཱ་ཛ་རྫོང་གི་རི་ཡི་རྩེ་མོ་རུ། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་ཉིད་དུ་ཕྱིན། །རི་ཡི་རྩེ་མོ་ཤེལ་ལས་གྲུབ་པ་ལ། །འཇའ་དང་འོད་ཟེར་སྣ་ཚོགས་འཕྲོ་བ་དང༌། །ཤེལ་གྱི་ཁང་བཟང་དག་གི་སྒོ་དྲུང་ཕྱིན། །བདེ་མཆོག་དང་ནི་ཕག་མོའི་མཚན་བརྗོད་ནས། །ཕྱག་འགའ་འཚལ་བས་ཞབས་རྗེས་རྡོ་ལ་དོད། །ཀུན་གྱིས་བལྟ་ཞིང་བདག་ལ་དད་གུས་བྱེད། །དེ་ནས་རི་རྩེར་འཕུར་ནས་གཡས་བསྐོར་བྱས། །གཤོག་པ་མེད་དེ་རིག་པའི་རྩལ་གྱིས་ཞིང༌། །ད་ནི་བདེ་བ་ཅན་དུ་ཕྱིན་ནོ་ཞེས། །སྒྲ་ཞིག་བར་སྣང་ཁམས་ནས་གྲགས་པ་ཐོས། །དེ་ནས་བླ་མ་དཀོན་དར་ན་བཟའི་ནང༌། །ངོ་མཚར་ཤེལ་དམར་རྙེད་ནས་ཚག་བྱས་མཚམས། མནལ་སད་ནམ་མཁའ་གསལ་དང་དུས་མཚུངས་སུ། །སྔ་ཕྱིར་རྨི་ལམ་རྟགས་མཚན་གསལ་བའི་ཕྱིར། །དག་པ་ཤེལ་རི་དངོས་དང་འདྲའོ་སྙམ། །ཚེས་པ་བཅོ་བརྒྱད་ནུབ་མོར་རྨི་ལམ་དུ། །རོ་ལངས་ཞིག་གིས་དད་པས་ནམ་མཁར་འཕུར། །བར་ཆད་གཡུལ་ལས་རྒྱལ་འདྲའི་རྟགས་ཡིན་སྙམ། །བཅུ་དགུའི་ནུབ་མོར་མཆོད་རྟེན་བཟང་པོ་ལ། །བསྐོར་བ་བསགས་པས་ལྔ་བཅུ་འགྲུབ་སྣང་དང༌། །སྟོན་པའི་སྐུ་ཞིག་ན་བཟའ་དམར་སེར་གཉིས། །གསོལ་ནས་ཁྲི་ཁ་ཞིག་ལ་བཞག་པ་ལ། །ཕྱག་ན་ལྷུང་བཟེད་ཚེ་བུམ་ཡོད་པ་མཇལ། །ཉེར་ཐམ་ནུབ་མོར་རྨི་ལམ་སྒྲུབ་ཁང་རྩེར། །བ་དན་གཉིས་བཙུགས་ལྷ་ཁང་སྟོང་ཕྲག་བྱས། །རྟ་བཟང་སྔོན་པོ་སྒ་སྲབ་བྱས་པ་དང༌། །མི་གྲགས་མང་པོས་བསྐོར་བ་བྱས་པ་རྨིང། །སྔ་ཕྱིར་རྨི་ལམ་བཟང་པོ་རྨིས་པ་ཡི། །རྟགས་མཚན་ཡི་གེར་བྲིས་པ་མངྒ་ལམ། ཞེས་གསུངས་སོ། ༈ །མཆོག་དངོས་བརྙེས་པ་བསོད་ནམས་ཡེ་ཤེས་ཀྱི་སྐྱེས་རབས་གསུམ་པ་ཀརྨ་ཡེ་ཤེས་སྙིང་པོའི་གསུང་མགུར་ནི། ཨ་ཧོ་ཡེ། ཆོས་རྣམས་ཆོས་སྐུའི་ཡོ་ལང་ལྷུན་གྲུབ་ཀྱི་རང་སྣང༌། །དྭངས་གསལ་མ་འགག་རིག་པའི་རང་རྩལ་དུ་ཤར་བས། །དབྱིངས་ཡེ་ཟུང་འཇུག་སྐུ་གསུམ་ཁྱབ་གདལ་གྱི་ཞིང་ཁམས། །སུས་ཀྱང་མ་བྱས་རང་བྱུང་ཡེ་རྫོགས་འདི་ངོ་མཚར། །ལྟ་སྒོམ་བློ་ལས་འདས་པའི་རིག་པ་ཁ་ཡན་དུ་གློད་པས། །གཤིས་ལུགས་གཉུག་མའི་མཁའ་ལས་འདས་པ་རང་མི་འདུག །དེ་ལྟ་ནའང་རྩེ་གཅིག་དྲན་པ་ནི་གཡོ་མེད། །རིག་པའི་ཀློང་ནས་རིག་པ་སད་པ་ལྟར་ལྷང་ངེ༌། །གཟུང་འཛིན་སེམས་ནི་སྲིད་པའི་འཁོར་ལོ་རུ་འདུག་པས། །འཛིན་མེད་རིག་སྟོང་རྗེན་པ་རྟོགས་བྱ་ཡི་མཐར་ཐུགས། །ཐད་ཀར་རྩིས་གདབ་མེད་པར་ལྷུག་པ་རུ་སྐྱོང་བས། །ད་ལྟའི་ཤེས་པ་བཟོ་མེད་ཧ་རེ་བ་ཕྱག་ཆེན། །སྤང་བླང་གཉེན་པོས་ཕན་གནོད་མེད་པ་ནི་གཉུག་མ། །འདི་ཞེས་བསམ་བརྗོད་བྲལ་བ་སྤྲོས་བྲལ་གྱི་གནས་ལུགས། །རྟོག་ཚོགས་རང་གྲོལ་ཡེ་ཤེས་ཆེན་པོ་ཡི་དགོངས་པ། །ཨ་ལ་ལ་སྟེ་གུ་ཡངས་རྟོགས་ལྡན་ཚོ་སྐྱིད་དོ། ཅེས་གསུངས་སོ། ༈ །བརྟུལ་ཞུགས་གྲུབ་པ་རྗེ་དབོན་ཆོས་ཀྱི་དབང་པོའི་གང་ཤར་ཉམས་ཀྱི་མགུར་དབྱངས་ནི། རྗེ་བཀའ་དྲིན་ཅན་གྱི་བླ་མར། །ཡིད་གདུང་བས་གསོལ་བ་འདེབས་སོ། །མི་བདག་གི་འདི་ཕྱི་བར་གསུམ། །ཕ་བླ་མ་ཁྱེད་རང་མཁྱེན་ནོ། །སྐྱབས་ཐུགས་རྗེས་འབྲལ་མེད་སྐྱོངས་དང༌། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ། །དུས་ད་ལྟ་ཉིད་དུ་སྩོལ་ཅིག །སྐྱབས་ཀུན་འདུས་དཔལ་ལྡན་བླ་མ། །སྐུའི་མཛད་སྤྱོད་རྗེས་སུ་དྲན་ན། །ལུས་ཤ་རུས་ཞིག་སྙམ་འདུག་གོ། །བདག་ལུས་ཀྱི་སྒྲིབ་པ་སྦྱོངས་ནས། །སྐུ་རྡོ་རྗེར་བྱིན་གྱིས་རློབས་ཤིག །གསུང་གསང་བའི་ཆོས་སྒྲ་ཐོས་ན། །མིག་མཆི་མ་དབང་མེད་འཁྲུག་གོ ། མི་བདག་གི་ངག་སྒྲིབ་སྦྱངས་ནས། །གསུང་རྡོ་རྗེའི་གསང་མཛོད་སྩོལ་ཅིག །ཐུགས་མཁྱེན་བརྩེའི་ཡེ་ཤེས་གཏད་ན། །སེམས་བདེ་སྟོང་ཡེ་ཤེས་འཆར་རོ། །ཡིད་འཁྲུལ་རྟོག་སྒྲིབ་པ་བྱང་ནས། །ཐུགས་རྡོ་རྗེའི་ཡེ་ཤེས་བསྐྱེད་ཅིག །ཅེས་གསུངས་པ་དང༌། རང་གང་མོས་བླ་མ་དྲན་ཙ་ན། །ཡིད་བཟོད་མེད་མོས་གུས་དྲག་པོ་སྐྱེས། །ཐུགས་ཡིད་གཉིས་མེད་ཀྱི་ངོ་བོ་སྐྱོང༌། །གསོལ་བ་འོ་དོད་ཆེན་པོས་འདེབས། །ཚུལ་འཆོས་འདི་ཤྭ་བའི་རྭ་དང་འདྲ། །ནམ་ཞིག་ལ་ལྷུང་རྒྱུ་ཡིན་ནོ་ཨཾ། །བཙན་ཚོད་མེད་མུན་ནང་མདའ་བརྒྱང་འདྲ། །སྲ་བྲག་ལ་འཕོག་གོ་ཡིད་ལ་ཞོག །རང་མཐོང་དེ་གནམ་ལ་བྱ་འཕུར་འདྲ། །དམའ་ས་ལ་འབབ་བོ་ཡིད་ལ་ཞོག །སྡེ་མངའ་རིས་འདི་བོན་པོའི་ཡས་སྟགས་འདྲ། །འབུང་འབུང་ལ་ནོར་ཉེན་མེད་དོ་ཨཾ། །འཕྱོར་ལེགས་འདོད་བར་སྣང་གི་འཇའ་རིས་འདྲ། །དེ་ཡར་ལ་འགྲོ་བས་ཡིད་ལ་ཡོད། །ཁྲིམས་སྡོམ་པ་ལྐོག་ཏུ་གཏོང་བ་དེ། །སྟབས་ལེགས་ཀྱང་རྨ་ནང་གི་བཙན་དུག་ཡིན། །བདག་དེ་ཕྱིར་དགོས་མེད་དྲན་པ་བརྟེན། ཞེས་སོ། ༈ །འཇམས་དབྱངས་བློ་གྲོས་རིན་ཆེན་གྱི་ཞལ་ཏ་གྲོས་འདེབས་རྐང་དྲུག་གླུ་དབྱངས་བཞུགས། ན་མོ་གུ་རུ། ཐུགས་དགོངས་རྒྱལ་བ་ཀུན་དང་མཉམ་གྱུར་ཀྱང༌། །མཛད་སྤྱོད་ཐ་མལ་འགྲོ་ངོར་མི་ཡི་གཟུགས། །བཀའ་དྲིན་གཞལ་མེད་ནམ་མཁའི་རྗེས་སོང་བའི། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་ཞལ་ལས་བྱུང་བའི་དམ་ཆོས་ཀྱི། །གདམས་ཟབ་བདུད་རྩིའི་ཆུ་ཀླུང་མང་མནོས་ཀྱང༌། །དམན་པ་བདག་འདྲ་རྒྱ་མཚོའི་རྡོ་བ་བཞིན། །ཆོས་དྲེད་ཆོས་ཀྱིས་ཕོངས་ལས་གཞན་སུ་ཞིག །འོན་ཀྱང་རྒྱུད་ལ་ངེས་པར་འབྱོར་མིན་རུང༌། །མིག་དང་རྣ་བ་ཚོགས་བསགས་ཆོས་གྲལ་འགར། །ཕྱིན་པའི་སྐལ་ཅན་ལྡན་འདི་སྔོན་རབས་སུ། །སྦྱངས་བརྩོན་སྨོན་ལམ་ཅུང་ཟད་བགྱིས་པའི་འབྲས། །བྱང་ཆུབ་ལམ་དང་མཐུན་པའི་ལྟ་སྤྱོད་ཚུལ། །གང་ནས་བསྟུན་ཀྱང་བདག་ལ་ཡིད་གཏད་མེད། །མདོ་མེད་བདག་འདྲར་ལེགས་བཤད་འདོད་པ་ནི། །འོ་མ་མེད་པའི་བ་ལས་ཞོ་འདོད་འདྲ། །དེ་ལྟ་ན་ཡང་ལང་ཚོ་རྒས་གྱུར་སྟབས། །ཤེས་བྱའི་ཆོས་ཚུལ་སྣ་ཚོགས་མཐོང་གྱུར་པའི། །འདུན་མ་གཏན་ལེགས་གཏན་ཉེས་སྐད་ཅིག་ཙམ། །གྲོས་དེ་དྲི་ན་བློ་ཉེས་བུར་དྲིས་དཔེ། །དེ་ཕྱིར་གཞན་ཕན་ཞལ་ཏ་མེད་མོད་ཀྱང༌། །རང་གིས་རང་ལ་གྲོས་འདེབས་ཚུལ་ཉིད་དུ། །དྲིན་ཅན་བླ་མའི་ཞལ་ལུང་བདུད་རྩི་ལས། །ཅུང་ཟད་སྐྲ་རྩེའི་ཟེག་མ་ཙམ་ཞིག་བརྗོད། །འཁོར་བ་འཇིགས་རུང་དུག་སྦྲུལ་གཟེབ་འདྲ་ཞིང༌། །བསླུ་བྲིད་མི་སྡུག་སྲིན་མོའི་འཛུམ་དཀར་བཞིན། །འདོད་ཡོན་རྩེ་འཇོ་སྤུ་གྲིའི་སྦྲང་རྩི་ལྟར། །འཁོར་བར་ཞེན་པ་ལོག་པ་ཞལ་ཏ་ཡིན། །འདི་དང་གཏན་གྱི་བདེ་བ་ལེགས་པ་ཀུན། །ཐར་པ་བྱང་ཆུབ་བསྒྲུབས་ལས་འབྱུང་ཤེས་ཤིང༌། །དེ་ཡང་བླ་མའི་མཐུ་ལ་རག་ལས་ཕྱིར། །དམ་པའི་བཤེས་གཉེན་བསྟེན་པ་ཞལ་ཏ་ཡིན། །མངའ་ཐང་སྟོབས་འབྱོར་ནམ་མཁའི་འཇའ་འདྲ་བ། །ཟླ་གྲོགས་གཉེན་འདུན་ཚོང་འདུས་མགྲོན་པོ་སྟེ། །སྒྱུ་ལུས་ཚེ་སྲོག་འདིས་ཀྱང་བསླུ་འགྱུར་བས། །ཅིས་ཀྱང་དགོས་མེད་བརྟེན་པ་ཞལ་ཏ་ཡིན། །སྟོན་དང་བསྟན་པར་འཕྲད་འདི་སྔོན་བསགས་འབྲས། །ཐོབ་དཀའི་རྟེན་བཟང་དུས་འདིར་ཡལ་བོར་ན། །ཕྱིས་ནས་རྙེད་པར་མི་འགྱུར་རིགས་ཀྱི་བུ། །བློ་ཕུག་ཆོས་ལ་གཏོད་ཅིག་ཞལ་ཏ་ཡིན། །གཏན་གྱི་སྐྱབས་དེ་དཀོན་མཆོག་གསུམ་ལ་ཞུས། །ཕུག་གི་བློ་དེ་དཔལ་ལྡན་བླ་མར་གཏོད། །འཕྲལ་གྱི་གྲོས་དེ་དམ་པའི་གསུང་ལ་དྲིས། །ནམ་ཡང་མི་བསླུ་ངེས་པ་ཞལ་ཏ་ཡིན། །བསྒྲུབ་རྒྱུ་གལ་ཆེན་གཏན་གྱི་བྱང་ཆུབ་ཡིན། །སྤང་བྱ་གནད་ཆེན་ཚེ་འདིའི་བྱ་བཞག་ཡིན། །དེ་གཉིས་གདམས་ག་མ་ནོར་ཁྲ་སྤྱང་པོ། །དལ་འབྱོར་སྟོང་ལོག་ཡོང་ངེས་ཞལ་ཏ་ཡིན། །ད་རེས་འདུན་མ་གཏན་ལེགས་གཏན་ཉེས་དེ། །ཅི་བྱེད་རང་ལག་ཚུད་འདིར་སྡོག་འདྲེད་ན། །ཐར་མེད་ངན་འགྲོའི་གཏིང་རྡོར་བྱིང་ངེས་པས། །བསྐལ་བརྒྱའི་དུས་གཅིག་ཡིན་ནོ་ཞལ་ཏ་ཡིན། །ཚེ་ལ་ངེས་མེད་གློ་བུར་འཆི་བས་གཏུག །སྒྲུབ་ལ་བར་ཆད་བདུད་ཀྱི་གཡེང་བས་ཁྱེར། །ཀུན་ལ་འབྲས་མེད་འདུས་བྱས་ཆོས་ཀྱིས་བསླུས། །ལོང་མེད་བློ་སྣ་བསྟུངས་ཤིག་ཞལ་ཏ་ཡིན། །ད་ནི་ཚེ་འདིའི་བྱ་གཞག་ལིང་གིས་བོར། །བློ་སྣ་འཕྲལ་ཆོད་བླ་མའི་རྗེས་སུ་སྙེགས། །གཏན་བདེ་ཐར་པའི་དོན་ཆེན་རྙེད་པ་ཡིན། །འཁྱུགས་མེད་དེ་ལྟར་གྱིས་ཤིག་ཞལ་ཏ་ཡིན། །གསུམ་ལ་སྐྱབས་སོང་ནང་པའི་གྲལ་ཚུད་ཅིང༌། །བྱང་ཆུབ་སེམས་བསྐྱེད་ཐེག་ཆེན་རིགས་སུ་སྐྱེ། །སྐྱབས་སོང་སེམས་བསྐྱེད་ཕན་ཡོན་བརྗོད་མཐའ་ཀླས། །སྐྱབས་འགྲོ་སེམས་བསྐྱེད་འབད་པ་ཞལ་ཏ་ཡིན། །ཅི་ཡོད་ཚོགས་བསགས་གནས་ལ་འགྲོ་བ་དང༌། །ནུས་མེད་ཉམ་ཆུང་དམན་ལ་སྦྱིན་གཏོང་ཞིང༌། །ལྟོ་གོས་ངན་ངོན་ཙམ་གྱིས་ཚེ་ཕྱིད་པའི། །བྱ་བྲལ་ཆོག་ཤེས་བརྟེན་པ་ཞལ་ཏ་ཡིན། །མཁའ་ཁྱབ་སེམས་ཅན་ཕ་མར་མ་གྱུར་མེད། །དྲིན་ལན་འཇལ་ཕྱིར་འཕགས་པ་ཐུགས་རྗེ་ཆེའི། །བསྐྱེད་རིམ་ལ་གནས་སྟོང་ཉིད་སྙིང་རྗེའི་ངང༌། །ཡི་གེ་དྲུག་མ་བསྒྲང་བ་ཞལ་ཏ་ཡིན། །སྔོན་ཆད་བདེ་སྡུག་མདངས་གསུམ་རྨི་ལམ་འདྲ། །ཕྱི་ཚེའི་བྱ་བཞག་གྲོག་སྟོང་ཉ་རྒྱ་བཞིན། །འཕྲལ་སྣང་རྣམ་རྟོག་བར་སྣང་སྤྲིན་གློག་ཚུལ། །དམིགས་མེད་རང་ངོ་སྐྱོང་བ་ཞལ་ཏ་ཡིན། །དུག་ལྔ་རང་གར་སྤྱོད་པ་འཁོར་བའི་རྒྱུ། །དུག་ལྔ་སྟོང་པར་རྟོགས་ན་ཡེ་ཤེས་ལྔ། །གཉེན་པོ་ལྡོག་སྒོམ་འབད་པ་ཉམས་ལེན་མཐིལ། །ཉོན་མོངས་དགྲ་བོ་འདུལ་བ་ཞལ་ཏ་ཡིན། །དུས་ཀུན་བདེ་སྡུག་མཐོ་དམན་གང་བྱུང་ཡང༌། །བློ་གཏད་འགྱུར་མེད་ཡིད་གཉིས་ཀུན་བྲལ་བས། །རེ་ལྟོས་དཔལ་ལྡན་བླ་མར་ཁྱེད་ཤེས་ཀྱིས། །རྩེ་གཅིག་གསོལ་འདེབས་འབད་ པ་ཞལ་ཏ་ཡིན། །འདུས་བྱས་འདུས་མ་བྱས་ཀྱི་དགེ་བ་གང ༌། །བདག་གཞན་འགྲོ་ཀུན་བདེ་བ་ཅན་ཉིད་དུ། །སྐྱེ་ཕྱིར་རྣམ་དག་བསྔོ་བས་ཡོངས་བསྔོ་ཞིང༌། །སྨོན་ལམ་རྒྱུན་དུ་འདེབས་པ་ཞལ་ཏ་ཡིན། །གར་གནས་གར་འགྲོ་གང་དང་འགྲོགས་པ་ལ། །བཟི་རེ་ཀུན་དང་འཁོན་པ་མི་བྱེད་པར། །དམན་ས་བཟུང་ཞིང་བཟོད་བསྲན་ཆེ་བ་ཡིས། །ཐམས་ཅད་གོང་དུ་ཁུར་ཅིག་ཞལ་ཏ་ཡིན། །མདོ་དོན་ཧྲིལ་གྱིས་དྲིལ་ན་རྣམ་པ་ཀུན། །ལྷག་བསམ་གངས་ཀྱི་རི་ལྟར་རབ་དཀར་བའི། །བྱམས་པའི་ལས་དང་ངག་དང་སེམས་ཀྱིས་ནི། །ཀུན་ལ་རང་མཁོས་དང་བསྟུན་སྲིད་ཞུར་བཅས། །ཕན་སེམས་བསམ་བཟང་བྱེད་པ་ཞལ་ཏ་ཡིན། །དེ་ལྟར་རང་ལ་མེད་པའི་ཆོས་ཀྱི་གཏམ། །འབྲེལ་མེད་ནེ་ཙོའི་ཟློས་གར་ཇི་བཞིན་འདི། །སྙིགས་མའི་མཚན་མུན་སྤྲིན་ནག་འཁྲིགས་རུམ་ནས། །སྐད་ཅིག་བར་སྣང་གློག་གི་ཕྲེང་བ་ཡིན། །སྐལ་མེད་སྲིན་བྱ་ཕ་ཝཾ་རིགས་སོགས་ལ། །འདི་ཡིས་ཕན་པ་ཨ་ཅང་ཡང་ཆེ་སྟེ། །སྔོན་འབྲེལ་ལྡན་པ་ངང་ངུར་འཇོལ་བྱིས་ཚོགས། །ཐར་ལམ་སྣང་བྱེད་ཅུང་ཟད་གོ་འབྱེད་སྙམ། །ལེགས་བཤད་རྒྱ་མཚོའི་ཆུ་གཏེར་ལས་མང་ཡང༌། །མདོ་དོན་བསྡུས་པ་ཞལ་ཏ་བཅོ་བརྒྱད་གྲངས། །མི་མང་མི་ཉུང་བསླབ་བྱ་གནད་ཆེ་བ། །རང་གི་རང་ལ་གྲོས་འདེབས་ཚུལ་དུ་བྱས། །ཞལ་ཏ་གྲོས་འདེབས་རྐང་དྲུག་གླུ་དབྱངས་ཞེས། །རྒྱལ་བའི་ཕྲིན་ལས་འགོག་མེད་སྣང་བའི་ཕྱིར། །ཐ་ཤལ་རང་འདྲའི་བསྟན་ཞབས་སྐྱེས་པ་འགར། །ཕན་པར་འགྱུར་སྙམ་འོན་ཏེ་ཅི་ཆ་ཡོད། །དགེ་འདིས་དམ་ཆོས་རིན་ཆེན་ཆེར་རྒྱས་ཏེ། །འགྲོ་བ་གཏན་བདེའི་ཕོངས་ལས་རབ་གྲོལ་ཕྱིར། །དཀོན་མཆོག་གསུམ་གྱི་མཚན་གྱི་དབྱར་རྔའི་སྒྲས། །བྱང་ཆུབ་ཆེན་པོའི་ས་བོན་བསྐྲུན་གྱུར་ཅིག །སརྦ་མངྒ་ལཾ། སྤྲང་པོ་འདུ་གསུམ་པ་རཏྣས་སོ། །སླར་སྨྲས་པ། དགེྃ་བར་རྒྱལྃ་བའི་ས་ཡི་ཕྱོགས། །ལེྃགས་པར་བྱསྃ་པའི་ཆོས་ཀྱི་གཏམ། །ཕུནྃ་སུམ་ཚོྃགས་པའི་དགའ་སྟོན་འདིས། །སྐལྃ་བཟངྃ་གཞོན་ནུ་རྒྱལྃ་གྱུརྃ་ཅིགྃ ། ཤུ་བྷཾ་ཛ་ཡ། །གང་ཤར་ཉམས་གྱི་རྒྱང་གླུ་རྫ་ཆབ་སིལ་མའི་སྙན་དབྱངས། ཕ་དྲན་ནོ་དྭགས་པོ་བཀའ་བརྒྱུད་དྲན། །སྒོས་མཚུངས་མེད་འབའ་རོམ་བཀའ་བརྒྱུད་དྲན། །སྐྱབས་གཅིག་ཆོག་རྩ་བའི་བླ་མ་དྲན། །དྲིན་འཁོར་མེད་རྡོ་རྗེ་འཆང་དངོས་མཁྱེན། །བདག་ཆོས་མེད་འཁོར་བར་འཁྱམས་པ་བདག །སང་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །ད་བདག་ལ་ལྟོས་པ་ཡོད་སྲིད་ན། །མི་མར་འགྲན་གྱི་ཚུལ་ལ་མ་གཟིགས་པར། །སྔོན་བཀའ་བརྒྱུད་གོང་མའི་མཛད་སྤྱོད་ལ། །དཔེ་མིག་ལྟོས་ཡར་ལྟའི་ཉམས་ལེན་མཛོད། །འཕྲལ་དུས་ངན་གྱི་གཡེང་བར་མགོ་མ་འཁོར། །ཕུག་གཏན་བདེའི་འདུན་མ་སྙིང་ལ་ཆོངས། །བློ་ལང་ཤོར་དུ་མ་བཏང་རང་རྒྱུད་ཐུལ། །གནས་གོང་མའི་གདན་ས་དབེན་རི་བརྟེན། །རྒྱུད་སྡོམ་པ་གསུམ་དང་ལྡན་པར་མཛོད། །སྐྱབས་མི་བསླུ་ངེས་པའི་མཆོག་གསུམ་ལ། །དོན་བློ་གཏད་ཁེལ་བའི་སྐྱབས་འགྲོར་འབད། །མ་འགྲོ་དྲུག་སྡུག་བསྔལ་སྙིང་བརྩེ་བའི། །སྨོན་འཇུག་གི་སེམས་བསྐྱེད་འབྲལ་མི་རུང༌། །རྒྱུ་ཚོགས་བསགས་སྒྲིབ་སྦྱངས་ལ་འབད་ན། །ས་ལམ་གྱི་ཡོན་ཏན་རབ་རྫོགས་འགྱུར། །རྟེན་ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོ། །ཡོངས་གྲུབ་གདན་གསུམ་གྱི་ལྷར་རྫོགས་པའི། །ལུས་ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ། །ངག་བཟླས་བརྗོད་སྔགས་ཀྱི་རང་བཞིན་དང༌། །རྒྱུ་བ་ཡི་འབྱུང་འཇུག་གནས་གསུམ་པོ། །འབྲུ་གསུམ་རྡོ་རྗེའི་བཟླས་པར་དམིགས། །གནད་བཞི་ལྡན་སྲོག་རྩོལ་ཁ་སྦྱོར་གྱིས། །ལས་རླུང་འཕོ་བཅས་ཀྱི་རྒྱུ་བ་དྷུ་ཏིར་འགོག །རྟོག་མེད་ཀྱི་ཉམས་མྱོང་བསམ་མི་ཁྱབ། །ཐབས་བདེ་ཆེན་གྱི་རོ་གར་ཅིར་ཡང་རྩེན། །ཕ་དུས་གསུམ་སངས་རྒྱས་བླ་མ་རྗེར། །བཅོས་མིན་མོས་གུས་ཀྱིས་རབ་བསྐུལ་ན། །ཐུགས་རྒྱུད་ཀྱི་དགོངས་པའི་དྲོད་ཚད་ཕེབས། །འོད་གསལ་གྱི་ཉི་མ་ཁོང་ནས་ཤར། །བདེ་གསལ་གྱི་ཉམས་རྩལ་མེ་ལྟར་འབར། །ཉོན་མོངས་ཀྱི་སྒྲིབ་ཚོགས་སྦུན་ལྟར་བསྲེགས། །གུ་ཡངས་བློ་བདེའི་སྐྱིད་གླུ་བརྡོལ། །ལར་དམ་ཚིག་ལ་མངོན་ལྐོག་མེད་པ་གནད། །དྲོད་རྟགས་ལ་རློམས་སེམས་མི་བྱ་ཞིང༌། །རྒྱུ་འབྲས་ལ་ཞིབ་མོར་བརྩི་བཞག་མཛོད། །ཉིན་རེ་བཞིན་སྦྱོར་བ་སེམས་བསྐྱེད་དང༌། །དངོས་གཞི་དམིགས་མེད་ཀྱི་སྟོང་ཉིད་སྒོམས། །ཐུན་མཇུག་ཏུ་དགེ་བ་གཞན་དོན་དུ། །བསྔོ་བ་སྨོན་ལམ་རྒྱ་ཆེར་བྱ། །དེ་སྐད་གང་ཤར་ཚིག་གི་ཕྲེང༌། །ཁྱེད་མཆེད་གྲོགས་དམ་པའི་སྙན་དུ་འབུལ། །དོན་འབྲེལ་མེད་ཟློས་སྐྱོན་མཆིས་པ་རྣམས། །ཐུགས་བརྩེ་བས་བཟོད་བཞེས་འཆོས་མཛད་གསོལ། ཞེས་གང་ཤར་ཉམས་ཀྱི་གླུ་རྫ་ཆབ་སིལ་མའི་སྙན་དབྱངས་ཞེས་པ་༧མ་ཏི་རཏྣས་བླང་པའོ། ༈ །ཆོས་རྗེ་བསོད་ནམས་བཟང་པོས་བཀའ་བརྒྱུད་བླ་མའི་གསོལ་འདེབས་མགུར་དབྱངས་སུ་བཞེངས་པ་འདི་ལྟར་རོ། དཔལ་ཆོས་དབྱིངས་ནམ་མཁའ་ཡངས་པ་ལ། །ཆོས་མཐའ་དབུས་མེད་པ་ཀུན་ལ་ཁྱབ། །ཡབ་རྡོ་རྗེ་འཆང་ཆེན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་བྱ་ཧོར་ཡུལ་དུ་ལྷོ་སྤྲིན་འཁྲིགས། །བྱིན་རླབས་ཀྱི་བན་མ་བུན་མ་བྱུང༌། །རྗེ་ཏཻ་ལོ་སངས་རྒྱས་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་པཱུ་ལ་ཧ་རིར་གློག་དམར་འཁྱུགས། །ཆོས་ཕྱིར་དཀའ་བ་བཅུ་གཉིས་སྤྱད། །རྗེ་ནཱ་རོ་པཎ་ཆེན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ལྷོ་གྲོ་བོ་ལུང་དུ་འབྲུག་སྒྲ་སྒྲོགས། །ཆོས་སུམ་བརྒྱུད་གདམས་པ་བོད་ལ་བསྒྱུར། །རྗེ་མར་པ་ལོ་ཙཱ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །འབྲོག་ལ་ཕྱི་གངས་སུ་སྦྲང་ཆར་བབས། །སྙན་བརྒྱུད་ཀྱི་གདམས་ངག་མཚོ་ལྟར་འཁྱིལ། །རྗེ་མི་ལ་རས་པ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་དྭགས་ལ་སྒམ་པོར་དོག་ས་བརླན། །འོད་གསལ་གྱི་ཆར་ལ་རྒྱུན་ཆད་མེད། །རྗེ་སྨན་པའི་རྒྱལ་པོ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །དཔལ་ཕག་མོ་གྲུ་རུ་མྱུ་གུ་འཁྲུངས། །ཆོས་གསང་སྔགས་ཟབ་མོའི་གཏེར་ཁ་ཕྱེས། །རྗེ་རང་བྱུང་སངས་རྒྱས་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་འབྲི་གུང་གི་མཐིལ་དུ་འབྲས་དྲུག་སྨིན། །འབྲས་དྲུག་གིས་འགྲོ་དྲུག་ཡོངས་ལ་ཁྱབ། །རྗེ་ཆོས་རྗེ་ཁུ་དབོན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་འབའ་རོམ་དུ་སྨིན་གྲོལ་ཟབ་བཅུད་རྒྱས། །བཅུད་བདུད་རྩིས་འགྲོ་ཀུན་མ་ལུས་ཚིམས། །རྗེ་དར་མ་དབང་ཕྱུག་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་འགའ་ཡི་ཡུལ་དུ་ཆོས་ཆར་ཕབ། །བླ་མའི་སྐུ་ཚད་གསེར་གྱིས་བཞེངས། །རྗེ་ཏི་ཤྲཱི་རས་པ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་སྐྱོ་ལྡག་མཐིལ་དུ་སྐུ་འབུམ་བཞེངས། །རས་པའི་བསྟན་པ་རྒྱས་པར་མཛད། །རྗེ་རས་པ་དཀར་པོ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྙན་བརྒྱུད་གནད་ཀྱི་མན་ངག་གིས། །འབྱུང་བཞིའི་ལུས་ལ་འཇའ་འོད་གྲུབ། །རྗེ་ལུས་མེད་རྡོ་རྗེ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བརྒྱུད་པའི་བྱིན་རླབས་བཀའ་ཆེན་བབ། །ལྟ་བ་མཐའ་བྲལ་མངོན་དུ་གྱུར། །རྗེ་བྱང་ཆུབ་གཞོན་ནུ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྒོམ་པ་ཡེངས་མེད་རང་གྲོལ་བ། །འོད་གསལ་འཛིན་མེད་བློ་ལས་འདས། །རྗེ་བློ་གྲོས་རྡོ་རྗེ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྤྱོད་པ་འགགས་མེད་ཤུགས་འབྱུང་གིས། །ཐོ་ཅོ་དང་ཚུལ་འཆོས་ཟིལ་གྱིས་མནན། །རྗེ་བརྩོན་འགྲུས་དཔལ་བ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གཡོ་རྒྱུ་ཟོལ་ཟོག་རང་སར་གྲོལ། །དམ་ཚིག་བསྲུང་སོགས་ཁས་ལེན་བྲལ། །རྗེ་གྲགས་པ་རྒྱལ་མཚན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ས་ལམ་དགོངས་པ་མཐར་ཕྱིན་ནས། །འབྲས་བུ་སྐུ་བཞི་མངོན་དུ་གྱུར། །རྗེ་པུཎྱེ་བྷ་དྲ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཕྲིན་ལས་ཆོས་ཀྱི་ཆེ་བ་དེས། །བྱེད་ལས་གཞན་སྣང་དབང་པོ་ཚིམས། །རྗེ་རཏྣའི་མཚན་ཅན་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྙན་བརྒྱུད་ཟབ་མོའི་སྒྲོན་མེ་བལྟམས། །འགྲོ་དྲུག་སྒྲིབ་གཡོགས་མུན་པ་བསལ། །རྗེ་པུཎྱེ་ཤྭ་ར་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །རྗེ་རྩ་བའི་བླ་མ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གནས་དག་པ་བདེ་ཆེན་གྱི་ཕོ་བྲང་ནས། །མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བསྟན་པའི་རུ་ཊ་སྒྲོལ་མཛད་པའི། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡང་ཡང་དྲན། །སེམས་རྩེ་གཅིག་མི་འབྲལ་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བདག་གསོལ་འདེབས་དང་འགྲོ་དྲུག་བྱིན་གྱིས་རློབས། །རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །རྐྱེན་ཕྱི་ནང་གི་བར་ཆད་མི་འབྱུང་ཞིང༌། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ༈ །ན་མོ་གུ་རུ། བྲམ་ཟེ་ཆེན་པོ་ས་ར་ཧ་པ་ལ་མཁའ་འགྲོ་མས་ལུང་བསྟན་རྡོ་རྗེ་སྙིང་པོས་བྱིན་གྱིས་བརླབས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐར་ཕྱིན། རྟོགས་པའི་ཡེ་ཤེས་མགུར་དུ་བཞེངས་པ། ཨེ་མ་ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་དབྱིངས༌། །ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་གསང༌། །སངས་རྒྱས་སེམས་ཅན་དབྱེར་མེད་པ། །མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ། །གཉིས་མེད་རང་བཞིན་ཕྱག་རྒྱ་ཆེ། །རང་རིག་ཡེ་ནས་དག་པ་དང༌། །སྣང་བའི་རང་བཞིན་སྟོང་པ་ཉིད། །དབྱེར་མེད་ཟུང་དུ་འཇུག་པ་སྟེ། །བློ་ལས་འདས་པ་ལྟ་བ་ཡིན། །མ་ཡེངས་དྲན་པ་བྱར་མེད་ཅིང༌། །བསྒོམ་བྱ་སྒོམ་བྱེད་བྲལ་བ་སྟེ། །ཉམས་མྱོང་ཡོན་ཏན་ཞེན་པ་མེད། །རྒྱུན་ཆད་མེད་པ་སྒོམ་པའི་མཆོག །ཉམས་རྟོགས་ཡེ་ནས་འབྲལ་མེད་ཅིང༌། །ཚོགས་དྲུག་རང་སར་གྲོལ་བ་ལ། །སྤྱོད་པ་ངེས་པ་མེད་པ་ཡིན། །བླང་དོར་སྤངས་བ་སྤྱོད་པའི་མཆོག །ཡེ་ནས་ཐམས་ཅད་ཆོས་དབྱིངས་ལ། །གཞི་ལམ་འབྲས་བུ་གྲུབ་པ་མེད། །སྐུ་དང་ཡེ་ཤེས་ཡེ་ནས་དག །སེམས་ཅན་ཁམས་ནི་ཡེ་ནས་གྲོལ། །དེ་ཡང་མ་དམིགས་དམིགས་མི་འགྱུར། །འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ། །འཁོར་འདས་གདོད་ནས་བདེ་བ་ཆེ། །ཐེག་ཆེན་ཆོས་སྤྱོད་རྨད་དུ་བྱུང༌། །གཉུག་མའི་ཡེ་ཤེས་བསྒོམ་དུ་མེད། །སྙིང་རྗེའི་ཡུལ་མེད་ཟུང་དུ་འཇུག །དཔའ་བོ་རྣམས་ཀྱི་མགྲིན་གཅིག་གླུ། །ས་ནི་འདག་ཡིན་ཁུར་དང་བྲལ། །ཆུ་ནི་དངོས་པོ་བཅང་དུ་མེད། །མེ་རླུང་ངོ་བོ་ཉིད་ཀྱིས་སྟོང༌། །ནམ་མཁའི་རང་བཞིན་དག་པ་ཉིད། །གང་ཡང་དྲི་མེད་གང་བ་མེད། །རང་བཞིན་སྐྱོངས་ཤིག་རྣལ་འབྱོར་པ། །གང་ལ་སྐྱོན་དང་ཡོན་ཏན་མེད། །ཟུག་རྔུ་བྱུང་ན་དེ་ལ་བལྟ། །རང་བཞིན་མེད་པར་ངོ་ཤེས་ནས། །གཉུག་མ་ཉིད་ལ་གོམས་པར་བྱ། །ཨེ་མ་ཧོ། སྣ་ཚོགས་སྣང་བའི་དངོས་པོ་འདི། །ཡོད་དོ་བྱས་ཀྱང་ངོ་བོས་སྟོང༌། །མེད་དོ་བྱས་ན་རང་བཞིན་གསལ། །སྣང་སྟོང་དབྱེར་མེད་ཨ་རེ་མཚར། ཅེས་གསུངས་ནས་དུར་ཁྲོད་དུ་གཤེགས་སོ། ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་གླུ་རྫོགས་སོ། ༈ །ན་མོ་གུ་རུ། གནས་དང་གང་ཟག་གཉིས་ཀ་རྒྱལ་བས་ལུང་བསྟན་པ། རི་བྲག་ཚང་ཚིང་ཅན་དྭགས་ལྷ་སྒམ་པོར། དགེ་སློང་འཚོ་བྱེད་ཅེས་བྱ་བ་མཉམ་མེད་དྭགས་པོ་ལྷ་རྗེ་དེ་ཉིད་ལ། འཁོར་དབུས་གཙང་ཁམས་སོགས་ནས་འདུས་པའི་ལས་ཅན་གྱི་སློབ་མ་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང༌། གཞན་ཡང་ཕྱི་འདུལ་ཁྲིམས་དང། ནང་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བ་ལྔ་ཁྲི་ཆིག་སྟོང་དྲུག་བརྒྱ་འདུས་པའི་ནང་ནས་ཆེས་མཆོག་ཏུ་གྱུར་པའི་གྲུབ་ཐོབ་ཁམས་པ་མི་གསུམ་ཕ་ཝང་རྟ་འདྲ་གཡག་འདྲར་བཞུགས་དུས། གསལ་སྟོང་ཤོ་སྒོམ་ན་རེ། འོ་སྐོལ་ནཱ་རོ་པའི་བརྒྱུད་པ་འདི་ཚེས་བཅུ་ལ་བརྩོན་དགོས་པ་ཡིན། རྡོ་རྗེ་ཕག་མོའི་ཚོགས་འཁོར་ཞིག་བྱས་པ་དྲག་གམ་གསུངས་པ་ལ། ཁམས་པ་རྡོ་རྒྱལ་ན་རེ། འདིར་ཆང་ཁྲིམས་དམ་པ་དང་བཅས་ཆོས་ཁྲིམས་པས་ཚོར་ན་ཆད་པ་འོང་གསུངས་ཀྱང་ཤོ་སྒོམ་མ་ཉན། དེར་དབྱར་ཟླ་ར་བའི་ཚེས་བཅུ་མཛད་པར་བགྲོས་ཏེ། བླ་མ་རིན་པོ་ཆེ་ལ་ནས་ཀ་པཱ་ལ་གསུམ་གྱི་ཚོགས་ཆང་ཞིག་བྱས་ཆོག་པའི་དགོངས་པ་རེ་རེ་ནས་ཞུས་པས་ནས་ཀ་པཱ་ལ་དགུ་བྱུང་བ་དེས་ཆང་བཙོས། རྡོར་རྒྱལ་གྱིས་སྒམ་པོ་རྒྱབ་ནས་ཤིང་སྣ་ཚོགས་འུར་དེད་བྱས། དབུ་སེས་དྲྭ་བའི་ནང་དུ་ཆུ་བླངས། ཤོ་སྒོམ་གྱིས་རླུང་ལག་སོར་ལ་དྲངས་ཏེ་མེ་བུས། ཚོགས་ཀྱི་ཡོ་བྱད་གཞན་ཡང་བཙལ་ཏེ་རྡོ་རྗེ་ཕག་མོའི་སྒྲུབ་མཆོད་བྱས་པའི་ནུབ་མོ་ཐུགས་ཉམས་འབར་ཏེ་གླུ་གར་གྱི་མཆོད་པ་མང་དུ་ཕུལ་ཞིང་གཞན་ཡང་བཀའ་བརྒྱུད་བྲོ་མོ་ཆེ་ཞེས་ཡོངས་སུ་གྲགས་པའི་གསུང་མགུར་གསོལ་འདེབས་བཀའ་རྒྱ་མ་ནི་འདི་ལྟ་སྟེ། ༈ སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན། །གསོལ་བ་གཤའ་མ་ཞིག་ཐོབ་དང་བྱིན་རླབས་འཇུག །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །ཏཻ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །བྱང་པུཥྤ་ཧ་རིའི་དགོན་པ་ན། །མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་་བ་འདེབས། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །སྒྲ་བསྒྱུར་མར་པ་ལོ་ཙཱ་་ལ་གསོལ་བ་འདེབས། །འབྲོག་ལ་ཕྱི་གངས་ཀྱི་ར་བ་ན། །དབང་ཕྱུག་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །ཤར་དྭགས་ལ་དཔལ་གྱི་སྒམ་པོ་ན། །ཆོས་རྒྱལ་དྭགས་པོ་ལྷ་རྗེ་ལ་གསོལ་བ་འདེབས། །གནས་ནུབ་ཕྱོགས་ཨོ་རྒྱན་གྱི་གཞལ་ཡས་ན། །ཡུམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །རྐྱེན་ཕྱི་ནང་གི་བར་ཆད་མི་འབྱུང་ཞིང༌། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་བ་བཏབ་ཅིང་ཞབས་བྲོ་མང་དུ་འཁྲབ་པ་ཆོས་ཁྲིམས་རྟགས་བརྒྱད་ཀྱིས་ཚོར་ནས་འོང་སྟེ། ཁྱེད་གསུམ་གྱི་དགེ་འདུན་སྤྱིའི་བྱ་བ་དང་མི་མཐུན་པའི་ལས་གླུ་བླངས་ཤིང་བྲོ་འཁྲབས་པ་འདི་ཀུན་གྱི་མིག་སྲོལ་ལ་གནོད་ཅིང་ཆོས་ཀྱི་ཁྲིམས་དང་འགལ་བས་གནས་འདིར་མ་འདུག་པར་ད་ལྟ་རང་སོང་ཞིག་ཟེར་དབྱུག་པས་བརྡུངས། རྡོར་རྒྱལ་གྱིས། གཞི་མཉམ་པ་ཉིད་ཀྱི་ཞིང་ས་ལ། ཞེས་སོགས་ཆང་འཐུང་ལུགས་ཀྱི་མགུར་གསུངས་ཀྱང་མ་ཉན། དོ་ནུབ་ཞོག་ཟེར་པས་འོ་ན་ནངས་པར་ལམ་མཐོང་མ་ཁད་རྒྱུག་ཅིག་ཟེར། ནངས་པར་ཁོང་གསུམ་བླ་མ་ལ་ཕྱག་འབུལ་བ་དང་དགོངས་པ་ཞུ་བའི་ལོང་སྐབས་ཀྱང་མེད་པར་རང་རང་གི་ཀ་ཆ་ཕྲན་བུ་ཡོད་པ་བསྣམས་ནས་སྤང་ལུང་ན་རྒྱུག་པ་ཟིང་ངེ་འགྲོ་བའི་ཚེ། ཡང་དགོན་སེ་བ་ཕུག་ན་རྗེ་སྒམ་པོ་བཞུགས་པའི་བཀའ་ལས། མདང་གླིང་གསེབ་འདི་ན་ལྟས་དང་ཆོ་འཕྲུལ་ཆེ། དཔའ་བོ་མཁའ་འགྲོ་རྣམས་ཀྱང་ད་ནང་འགྲོ་བའི་ཆས་བྱེད་འདུག །སྒོམ་ཚུལ་ལ་ལྟ་རྟོག་གྱིས་གསུངས། རྗེ་སྒོམ་ཚུལ་གྱིས་གཟིགས་པས། བྱ་བྱིའུ་རྣམས་ཀྱང་སྔར་བས་ཅ་ཅོ་ཆེ་ཞིང་ཐུར་དུ་འཕུར་བ་དང༌། ཤིང་གི་རྩེ་མོ་རྣམས་ཀྱང་ལྷོར་བསྟན་པ་འདྲ་བ་ཞིག་བྱས། ཁམས་པ་མི་གསུམ་ཕྱག་འཚལ་སྒང་ནས་ཕྱག་རེ་འཚལ། གསོལ་བ་རེ་འདེབས་ཀྱིན་ཐུར་དུ་འགྲོ་བ་མཐོང་ནས་བླ་མ་རིན་པོ་ཆེ་ལ་དེ་ལྟར་གདའ་ཞུས་པས། བླ་མའི་ཞལ་ནས་དེ་མ་བཟང༌། ཁམས་པ་མི་གསུམ་པོ་དེ་ལ་ཆད་ལས་ཞིག་ཕོག་ཡོད་པར་འདུག དེ་གཙུག་བྱེད་དགོས་པ་མིན། ཁོང་གསུམ་གྱིས་བསྐལ་པ་མང་པོར་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་ཡིན་པས་དགེ་སྦྱོར་གྱི་ཉམས་མཐོ་དམན་དང༌། སྤྱོད་ལམ་གྱིས་བྱ་བ་སྣ་ཚོགས་ལ་སུ་ཡིན་གྱིས་དཔག་པར་དཀའ། ཁོང་གསུམ་རེ་ཞིག་འདིར་སྡོད་དགོས་རྒྱུ་ལ་ཆོས་ཁྲིམས་པས་ཕུད་འདུག་ན་ཁོ་བོ་ཡང་མཉམ་དུ་འགྲོ་འདོད་དེ། འོན་ཀྱང་ཁོང་རྣམས་ཡར་ལ་སློག་པའི་རྗེས་བསྙགས་པ་ལ་འགྲོ་གསུངས། ཡང་དགོན་སེ་བ་ཕུག་ནས་མར་ལ་བྱོན། དེའུ་ནུབ་ཀྱི་རྒྱབ་སྤང་ལུང་མདོའི་ཕྱི་ཟུར་ཤར་ལྷོའི་ངོས་སུ་བྱོན་པ་དང༌། ཁོང་གསུམ་ཀྱང་དེ་འོག་གི་བྲག་རང་རོང་ཅན་ན་འདུག་པ་གཟིགས་སོ། །དེར་བླ་མས་ཀྱང་ཕེབས་ས་དེར་ཕ་ཝང་ཞིག་འདུག་པའི་སྟེང་དུ་བྱོན། ན་བཟའ་ཆོས་གོས་ཀྱི་གྲྭ་ནས་ཕྱག་གིས་བཟུང་སྟེ་ཡར་ལ་ལོག་ཤོག་པའི་བརྡ་མཛད་ཅིང་ཤོ་མོ་ཡར་ཤོག་ཏུ་གྲགས་པའི་མགུར་འདི་གསུངས་སོ། ཀྭ་ཡེ་ཉོན་དང་སྙིང་གི་བུ་མཆོག་གསུམ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །སྔོན་སྐྱེ་བ་མང་པོའི་གོང་རོལ་ནས། །ལས་འབྲེལ་པ་ཟབ་མོ་འདི་ལྟར་ཡོད། །རྗེ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །མགོན་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བདག་ཟླ་འོད་གཞོན་ནུར་གྱུར་པའི་ཚེ། །མདོ་ཏིང་འཛིན་རྒྱལ་པོ་ཞུས་ཤིང་གནང༌། །ཁྱེད་རྡོ་རྗེ་སྤུན་གྱིས་གཙོར་བྱས་པའི། །འཁོར་ཁྲི་ཕྲག་མང་པོ་འདུས་རྣམས་ལ། །ཁོང་དེ་བཞིན་གཤེགས་པས་འདི་སྐད་གསུངས། །དུས་མ་འོངས་སྙིགས་མར་གྱུར་པའི་ཚེ། །ཆོས་ཟབ་མོ་ཏིང་འཛིན་རྒྱལ་པོ་འདི། །དོན་རྒྱས་པར་བྱེད་པ་སུ་ཞིག་ཡོད། །དེ་དུས་གསུམ་སངས་རྒྱས་ཀུན་གྱི་སྲས། །ནད་ཉོན་མོངས་ཀུན་སེལ་སྨན་པའི་མཆོག །ཡོང་རྒྱལ་བའི་བསྔགས་པ་བརྗོད་མི་ལང༌། །ཞེས་ཀུན་ལ་ཡང་ཡང་བཀའ་སྩལ་ཚེ། །མི་ཁོ་བོས་སྤེལ་བར་ཁས་བླངས་པས། །དེར་འདུས་པའི་འཁོར་རྣམས་ཀུན་གྱིས་ཀྱང༌། །གྲོགས་བགྱིས་པ་དམ་བཅས་སྨོན་ལམ་བཏབ། །སྔོན་སྨོན་ལམ་བཟང་པོའི་དུས་འདིར་འཛོམས། །དེ་ལས་དང་བསོད་ནམས་སྐལ་པར་ལྡན། །ཆོས་ཟབ་མོའི་གནས་རྣམས་ལེགས་པར་བསྟན། །ད་ཕྱིར་མི་ལྡོག་པའི་ས་ལ་བཀོད། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །གནས་བཟང་པོ་ལྷ་རི་སྒམ་པོ་འདི། །ལྷ་ཡི་དམ་རྒྱ་མཚོའི་ཕོ་བྲང་ཡིན། །གནས་འདི་རུ་སྒོམ་པའི་སྒོམ་ཆེན་ལ། །མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ཕ་བླ་མ་སྙི་བ་སྒོམ་ཆེན་ང༌། །དོན་བློ་གཏད་ཐུབ་པའི་བཤེས་གཉེན་ཡིན། །མི་བདག་ལ་བསྟེན་པའི་བུ་སློབ་རྣམས། །ཆོས་ཕྱག་རྒྱ་ཆེན་པོ་མྱུར་དུ་རྟོགས། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །བཀའ་ཚུལ་བཞིན་སྒྲུབ་པའི་སློབ་འབངས་ལ། །ཚེ་འདི་ཕྱིའི་དོན་ཆེན་འབྱུང་བར་ངེས། །བློ་ཐེ་ཚོམ་མི་དགོས་གདེངས་དང་ལྡན། །སེམས་ཡིད་ཆེས་སྐྱེ་འོ་སྐལ་ལྡན་ཀུན། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །གྲོགས་བཟང་པོ་གསང་སྤྱོད་བརྟུལ་ཞུགས་དང༌། །དུས་ཐུན་བཞིར་ཉམས་ལེན་སྐྱོང་བཞིན་དུ། །ཡིད་མོས་གུས་ཀྱི་གདུང་ཤུགས་བྱེད་པ་འདི། །ལམ་མྱུར་དུ་བགྲོད་པའི་གྲོགས་མཆོག་ཡིན། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ལར་རྡོ་རྗེའི་སྤུན་གྱི་གྲོགས་འདི་རྣམས། །ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ཡིན། །དོན་ཐེག་ཆེན་ཉམས་སུ་ལེན་པ་ལ། །གྲོགས་འདི་ལས་བཟང་བ་གང་ལའང་མེད། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ཆོས་ཟབ་མོ་ཕྱག་ཆེན་ཆོས་དྲུག་འདི། །བཀའ་མདོ་རྒྱུད་ཡོངས་ཀྱི་སྙིང་པོ་ཡིན། །གནད་འདི་ལས་ལྷག་པའི་གདམས་པ་ཞིག །གཞན་ཐར་འདོད་ཡོངས་ལ་ཡོད་མི་སྲིད། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །དོན་མ་ནོར་ཉམས་སུ་ལེན་ཤེས་ན། །འདིས་ས་ལམ་ཐམས་ཅད་ཅིག་ཅར་བགྲོད། །ཚེ་འདི་ལ་འབྲས་བུ་མངོན་སུམ་སྟོན། །དུས་ཕྱི་མར་མི་འགྱང་བློ་རེ་བདེ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ཁྱོད་གནས་དང་བཤེས་གཉེན་གྲོགས་བཟང་པོ། །ལམ་མྱུར་དུ་བགྲོད་པའི་ཆོས་དང་བཞི། །ཡོང་འདི་ལས་ཁྱད་པར་འཕགས་པ་ཞིག །ཕྱོགས་གང་དུ་ཕྱིན་ཀྱང་རྙེད་མི་འགྱུར། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ལམ་འདི་བཞི་བོར་ནས་གང་དུ་འགྲོ། ད་རྟེན་འབྲེལ་བཟང་ཞིང་འཛོམས་དུས་འདིར། །ཡིད་རེ་དོགས་བསམ་མནོ་མ་མང་བར། །གནས་འདི་རུ་སྒོམ་ཡུན་སྲིངས་དང་དགེ །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་གྱི་བཀའ་ཡོད་ཡར་ཡར་ཤོག །ཅེས་གསུངས་ཤིང་ཕ་ཝང་དེའི་སྟེང་དུ་ཞབས་ཟུང་དང་ཕྱག་འཁར་གྱི་རྗེས་བཞག མ་འོངས་ལུང་བསྟན་ཀྱང་མཛད་དོ། ༈ །དེ་ནས་ཁམས་པ་མི་གསུམ་གྱིས་བླ་མ་བྱོན་ནས་ཕྱག་གིས་བརྡ་མཛད་པ་མཐོང་ཞིང་མགུར་གསུངས་པ་རྣམས་གསལ་བར་ཐོས་པས་ཤིན་ཏུ་དགའ་ཆེས་ནས་ཕྱག་མང་དུ་བཙལ། ཕ་ཝང་རང་རོང་རྣམས་ཀྱི་སྟེང་ནས་དགའ་སྐྱིད་ཀྱི་གླུ་གར་ཤོ་མོ་ཡར་འགྲོ་རུ་གྲགས་པ་འདི་མཆོད་པར་ཕུལ་ལོ། གནས་འོག་མིན་ཆོས་ཀྱི་ཕོ་བྲང་ན། །གནས་དེ་ན་བཞུགས་པ་རྡོ་རྗེ་འཆང་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེ་སྤུན་ཚོ། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །གནས་དེ་ན་བཞུགས་པ་ཏཻ་ལོ་ཡི་ཤེར་བཟང༌། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེ་སྤུན་ཚོ། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །བྱང་པུཥྤ་ཧ་རིའི་དགོན་པ་ན། །གནས་དེ་ན་བཞུགས་པའི་ནཱ་རོ་པཎ་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན་ཚོ། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །གནས་དེ་ན་བཞུགས་པའི་མར་པ་ལོ་ཙཱ། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན་ཚོ། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །འབྲོག་ལ་ཕྱི་གངས་ཀྱི་ར་བ་ན། །གནས་དེ་ན་བཞུགས་པ་མི་ལ་རས་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེ་སྤུན་ཚོ། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །གནས་དེ་ན་བཞུགས་པ་དྭགས་པོ་ཡི་ལྷ་རྗེ། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེ་སྤུན་ཚོ། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། ཞེས་གསུངས་ཤིང་ཞབས་བྲོ་མང་དུ་འཁྲབས་པས་ཞབས་རྗེས་ཀྱང་དཔག་ཏུ་མེད་པ་བྱུང་ངོ༌། །དེ་ནས་དཔོན་སློབ་ལྷན་དུ་ཡར་ཕེབས། རྗེ་སྒམ་པོ་པ་ཡང་དགོན་སེ་བ་ཕུག་ཏུ་བཞུགས། ཁམས་པ་རྡོར་རྒྱལ་ཁྱུང་ལྡིང་ཕུག་ཏུ་བཞུགས། དབུ་སེ་ཡང་རྩེ་དཀར་ཕུག་ཏུ་བཞུགས། གསལ་སྟོང་ཤོ་སྒོམ་ཆུ་མིག་ནག་པོར་བཞུགས། རྣལ་འབྱོར་ཆོས་གཡུང་སོགས་གྲུབ་ཐོབ་རྣམས་དང་གྲུབ་རྟགས་ཀྱི་རྩལ་འགྲན་པར་མཛད་པ་སོགས་སྒྲུབ་རྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །བདག་སོགས་དགེ་བ་འདིས་མཚོན་འཁོར་འདས་དུས་གསུམ་བསགས་ཡོད་ཀྱི་དགེ་བ་འདི་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྫོགས་པའི་སངས་རྒྱས་ཆོས་རྗེ་བསོད་ནམས་བཟང་པོ་ལ་སོགས་པ་ཕྱོགས་བཅུ་དང༌། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བཞེད་པ་ཇི་ལྟ་བ་དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྔོ་བས་མྱུར་དུ་ཐོབ་པར་གྱུར་ཅིག །།༈ཚོགས་གཉིས་བྱེ་བས་སྐྲུན་པའི་ཤཀྱཱའི་གཙོ། །གང་གི་ཞལ་གསུངས་དམ་ཆོས་བདུད་བརྩིའི་བཅུད། །འགྲོ་རྣམས་ཕན་བདེའི་རྩ་ལགས་རིན་ཆེན་འདི། །མི་ནུབ་དར་རྒྱས་དགེ་བའི་ཤིས་པ་སྩོལ། །༧ སེ་མཁན་མིང་འཇིག་དགའ་ནས། ༧རྩེས་འཕྲུལ་ལག་བསྟར་དང་ཕྱོགས་སྒྲིག་འབའ་རོམ་པ་སེ་ཚོགས་གཉིས་རིན་་པོ་ཆེ་ནས།