ལུས་སེམས་གཉིས་ཀྱི་གནས་ལུགས།
ལུས་སེམས་གཉིས་ཀྱི་གནས་ལུགས་ཞེས་པ་ནི། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་དང་གཉིས་སུ་གསུངས། །ལུས་དངོས་པོའི་གནས་ལུགས་མ་ཤེས་ན། །སྒོམ་པ་ཡུལ་གནད་མི་ཤེས་པས། །རྐུན་མ་ནགས་ལ་བཏང་ནས་ནི། །རྗེས་ནི་བྲག་སར་གཅོད་དང་མཚུངས། །དེའི་གནས་ལུགས་ཤེས་བྱ་སྟེ། །ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེའི་གནས་ཐབས་ཤེས་པར་བྱ། །སེམས་དངོས་པོའི་གནས་ཐབས་མ་ཤེས་ན། །བསྒོམ་རྒྱུ་ངོ་བོ་མི་ཤེས་པས། །མུན་པར་མདའ་ འཕེན ་དག་དང་མཚུངས། །སེམས་ཉིད་དངོས་པོའི་གནས་ཐབས་ནི། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང༌། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཡང་ནི་རྗེ་བཙུན་ཏཻ་ལོ་པས། །ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལས་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་པ་མེད། །རང་རིག་ཉིད་ལ་མཁྱེན་ཏེ་ཤེས་པར་བྱོས། །དེས་ནི་སེམས་ཀྱི་གནས་ཐབས་ཤེས་པར་བྱ། །ལམ་གྱིས་ཉམས་སུ་བླང་ཞེས་པས། །བསྐྱེད་རྫོགས་གེགས་སེལ་དུ་བཞེད་དེ། །དེ་ལ་དང་པོའི་རིམ་པ་ནི། །སྒྲུབ་པ་བྱེད་པའི་གང་ཟག་གིས། །དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། །འཇིག་རྟེན་བྱ་བ་ཐག་བསྲིང་སྟེ། །མཐུན་རྐྱེན་ཐམས་ཅད་ཚོགས་པ་དང༌། །བདེ་བའི་སྟན་ལ་འདུག་ནས་ནི། །ཐེག་དམན་གོལ་ས་གཅོད་པ་དང༌། །འགྲོ་དོན་དཔག་མེད་འབྱུང་བ་ཡི། །སྦྱོར་བ་ཚོགས་གཉིས་བསགས་པ་དང༌། །བྱང་ཆུབ་མཆོག་སེམས་བསྐྱེད་པར་བྱ། །ཆུ་རྐ་མེད་ཡུར་དུ་མི་འབབ་པས། །རྟེན་འབྲེལ་མི་འཆུག་འགྲིག་པ་དང༌། །དངོས་གྲུབ་རྣམ་གཉིས་འབྱུང་བའོ། །དངོས་དང་བརྒྱུད་པའི་བླ་མ་རྣམས། །ཐུགས་ཐག་ཉེ་ཞིང་བྱིན་གྱིས་རློབས། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སློབ་དཔོན་ཆེན་པོ་འཕགས་པའི་ཞལ་སྔ་ནས། །བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ཀྱིས། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རྡང་བུ་ལྟ་བུར་གསུངས། །ཞེས་པ་དང༌། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་བྱེད། །ཅེས་པ་དང༌། ལས་ཚོགས་ཕྲིན་ལས་ཐམས་ཅད་འགྲུབ་པ་དང༌། །མཐར་ཐུག་རྒྱལ་བའི་སྐུ་ཐོབ་འགྱུར། །དེ་ཕྱིར་བསྐྱེད་རིམ་བརྟན་པར་བསྒོམ། །གཉིས་པ་རྫོགས་པའི་རིམ་པ་ནི། །རྒྱལ་བའི་བཀའ་ཡི་དགོངས་པ་དང༌། །གྲུབ་ཐོབ་རྣམས་དང་པཎྚི་ཏས། །རྫོགས་རིམ་དཔག་མེད་གསུངས་ན་ཡང༌། །ནཱ་རོ་མེ་ཏྲཻའི་བཀའ་སྲོལ་འཛིན། །མཚན་བཅས་མཚན་མེད་གཉིས་སུ་བཞེད། །དངོས་པོའི་གནས་སྐབས་གོང་དུ་གསུངས། །གནད་བཞིའི་རྟེན་འབྲེལ་འགྲིག་ཅེས་པ། །མཚན་བཅས་རྫོགས་རིམ་སྒོམ་དུས་སུ། །དེ་ལ་དུས་ཀྱི་གནད་བཤད་པ། །རྣམ་རྟོག་ཕྱོགས་མེད་འཕྲོ་དུས་སུ། །སེམས་ཀྱི་རྒྱལ་པོ་ལྟེ་བར་ཨ་ལ་གནས། །རླུང་གི་རྟ་ལ་སེམས་ཉིད་ཞོན་ནས་ནི། །འཁོར་འདས་གཉིས་ཀྱི་ལས་རྣམས་བྱེད་པར་འགྱུར། །རླུང་ནང་དུ་བཟུང་བས་རྣམ་རྟོག་འགགས། །དེ་ཡིས་ཡོན་ཏན་སྐྱེ་བ་ཡིན། །དེ་ཡི་དུས་གནད་བསྟན་པ་ནི། །ནང་ནུབ་གུང་གཉིས་སྤང་བ་དང༌། །ཉི་ཟླ་གཟས་བཟུང་སྐྱུག་པའམ། །གཡོན་ན་རྒྱུ་ན་གཡོན་རྩ་མནན། །གཡས་ན་རྒྱུ་ན་གཡས་རྩ་མནན། །ཡང་ན་གོ་བཟློག་སྦྱོར་བ་བྱ། །དེ་ཡིས་དྷུ་ཏིར་ཚུད་པ་ཡིན། །ཕོ་རླུང་རྡུལ་དང་མོ་རླུང་སྦྱང༌། །མ་ནིང་རླུང་ནི་རྟག་ཏུ་སྦྱང༌། །རྩུབ་འཇམ་མེད་པར་སྙོམས་པའོ། །ད་ནི་ལུས་ཀྱི་གནད་བཤད་པ། །བཞིའམ་དྲུག་ཏུ་ཤེས་པར་བྱ། །གཡས་གཡོན་སོ་སོར་རྒྱུ་བྱེད་ན། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །སྒོ་ལྔ་རྣམ་གྲོལ་ཕྱག་རྒྱས་བཅིང༌། །འོག་རླུང་དྲང་ཞིང་སྟེང་རླུང་མནན། །བུམ་པ་ཅན་གྱི་སྣ་བུག་གཉིས་ནས་རྒྱུ། །ལུས་ཀྱི་གནད་ཀྱིས་དྷུ་ཏིར་གཞུག །ཡུལ་གནད་ལྟེ་འོག་གསང་གནས་སུ། །སེམས་ཀྱི་རྒྱལ་པོ་གནས་པའི་ཡུལ། །འབེན་ནུབ་ཏུ་བཞག་ནས་མདའ་ཤར་དུ་མི་འཕང་པས། །དན་ཐོག་ཏུ་ནི་དན་བཞག་ལྟར། །ཤེས་པའི་གནད་ཀྱིས་དབབ་པ་ནི། །སྐྱེ་མེད་སྟོང་པ་ཨ་ལ་གཏད། །རྩ་ཁ་འབྱེད་པ་མེ་ལ་གཏད། །བདེ་དྲོད་རྟོག་མེད་འབར་འཛག་བསྒོམ། །གཞན་ཡང་དམིགས་པ་གང་གསལ་བསྒོམ། །རླུང་སྦྱོར་བཞི་ལྡན་ཞེས་པ་ནི། །དབུགས་ཀྱི་བཞི་ལྡན་མ་ཤེས་ན། །ཡོན་ཏན་ཐམས་ཅད་འབྱུང་བར་དཀའ། །དེ་ལ་སྦྱོར་བ་བཞི་ལྡན་ནི། །རྔུབ་དང་དགང་དང་གཞིལ་དང་མདའ་ལྟར་འཕང༌། །རྔུབ་པ་ཡིས་ནི་ནང་དུ་གཞུག །དགང་བ་ཡིས་ནི་རྒྱས་པར་བྱེད། །གཞིལ་བ་ཡིས་ནི་ཞི་བར་བྱེད། །མདའ་ལྟར་འཕང་བས་སྐྱོན་རྣམས་སེལ། །སྲོག་དང་རྩོལ་བ་ལ་བརྟེན་ནས། །རླུང་གི་བྱེ་བྲག་དབུ་མར་ཚུད། །སྐད་ཅིག་དེ་ལ་གཏུམ་མོ་འབར། །ཡེ་ཤེས་བཙན་ཐབས་སྐྱེ་བའི་གནད། །ཉམས་དང་རྟོགས་པ་གཅིག་ཆར་སྐྱེས། །དེ་ཡི་མཚན་བཅས་རྫོགས་རིམ་བཤད། །མཚན་མ་མེད་པའི་རྫོགས་རིམ་ནི། །རྗེ་བཙུན་མར་པའི་ཞལ་སྔ་ནས། །ནཱ་རོ་མཻ་ཏྲཻའི་ཞབས་ལ་བཏུད། །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །དེ་ལ་རྫོགས་རིམ་བཞེད་པ་ཡིན། །རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་ཆོས་དྲུག་ནི། མི་མནོ། མི་བསམ། མི་དཔྱད། མི་སེམས། མི་སྒོམ་པ། སེམས་རང་བཞིན་དག་ཏུ་གནས་པའོ། །བླ་མ་རྣམས་ཀྱིས་ཉམས་སུ་བླངས། །བདག་གི་བླ་མའི་ཞལ་སྔ་ནས། །རྫོགས་རིམ་དཔག་མེད་གསུངས་ན་ཡང༌། །ཕྱག་རྒྱ་ཆེན་པོ་མཆོག་ཡིན་གསུངས། །རང་སེམས་ཕྱག་རྒྱ་ཆེན་པོ་དེ། །འཁོར་འདས་གཉིས་མེད་ཟུང་དུ་འཇུག །གདོད་ནས་རྣམ་དག་མངོན་དུ་འགྱུར། །སེམས་ཅན་སངས་རྒྱས་ཡིན་ན་ཡང༌། །སངས་རྒྱས་ཉིད་དུ་མ་མྱོང་བས། །སངས་རྒྱས་སེམས་ཅན་གཉིས་སུ་སྣང༌། །རྟོགས་ནས་ཉམས་སུ་མྱོང་བ་རྣམས། །རང་ཉིད་རྫོགས་པའི་སངས་རྒྱས་སུ། །འགྲོ་བའི་དོན་དུ་མངོན་སངས་རྒྱས། །མྱོང་རྟོགས་ཟུང་འཇུག་ལམ་གྱི་མཆོག །བསྒོམས་པས་ཡོན་ཏན་སྐྱེ་བ་ཡིན། །ཉམས་དང་ཡོན་ཏན་སྐྱེ་ཚུལ་ནི། །སྒོམ་ཆེན་རྣམས་ཀྱི་ཐུགས་ལ་འཆར། །དེ་ནི་ཇི་ལྟར་བསྒོམ་ཞེ་ན། །ཡུལ་ལ་བརྟེན་ཏེ་སྣང་སྟོང་བསྒོམ། །སྣང་བ་ལ་བརྟེན་སྣང་མེད་བསྒོམ། །ལུས་ལ་བརྟེན་ཏེ་བདེ་སྟོང་བསྒོམ། །ངག་ལ་བརྟེན་ཏེ་གྲགས་སྟོང་བསྒོམ། སེམས་ལ་བརྟེན་ཏེ་རིག་སྟོང་བསྒོམ། རྣམ་རྟོག་ལ་བརྟེན་རྟོག་མེད་བསྒོམ། སྤྲོས་པ་ལ་བརྟེན་ཏེ་སྤྲོས་མེད་བསྒོམ། གཉིས་པ་ལ་བརྟེན་ཏེ་གཉིས་མེད་བསྒོམ། གཟུང་འཛིན་ལ་བརྟེན་ཏེ་འཛིན་མེད་བསྒོམ། སྤང་བྱ་ལ་བརྟེན་གཉེན་པོ་བསྒོམ། གཉེན་པོ་ལ་བརྟེན་ཏེ་སྤང་བྱ་བསྒོམ། ཐོས་ཆུང་སྤང་བླང་མེད་པར་བསྒོམ། བསྒྲུབ་བྱ་སྒྲུབ་བྱེད་ལ་བརྟེན་ནས། །གདོད་ནས་ལྷུན་གྱིས་གྲུབ་པར་བསྒོམ། །དངོས་དང་དངོས་མེད་ལ་བརྟེན་ནས། །གཉིས་མེད་ཟུང་འཇུག་ཆེན་པོར་བསྒོམ། །འཐོབ་བྱ་ཐོབ་བྱེད་ལ་བརྟེན་ནས། །འབྲས་བུ་ལྷུན་གྱིས་གྲུབ་པར་བསྒོམ། །དེ་ནི་ཕྱི་ཡི་སྒོམ་ལུགས་ཡིན། །བསྒོམས་པས་ཉམས་རྟོགས་སྐྱེས་པ་དང༌། །ནང་གི་ཉམས་སུ་བླང་ལུགས་ནི། །རྟོག་མེད་ཉམས་སུ་མྱོང་དུས་སུ། །འགོག་པའི་སྙོམས་འཇུག་བཞིན་དུ་བསྒོམ། །གསལ་བ་ཉམས་སུ་མྱོང་དུས་སུ། །ལག་པའི་མཐིལ་གྱི་གཏེར་བཞིན་བསྒོམ། །བདེ་བ་ཉམས་སུ་མྱོང་དུས་སུ། །གཞོན་ནུའི་བདེ་བ་བཞིན་དུ་བསྒོམ། །རྣམ་རྟོག་ཉམས་སུ་མྱོང་དུས་སུ། །ཆུ་ཉིད་ཆབ་རོམ་བཞིན་དུ་བསྒོམ། །གཡོ་བ་ཉམས་སུ་མྱོང་དུས་སུ། །རྒྱལ་པོའི་གཏིང་ཆུ་བཞིན་དུ་བསྒོམ། །སྣང་བ་ཉམས་སུ་མྱོང་དུས་སུ། །ནམ་མཁའི་འཇའ་ཚོན་བཞིན་དུ་བསྒོམ། །སྟོང་པ་ཉམས་སུ་མྱོང་དུས་སུ། །གཡའ་མེད་མེ་ལོང་བཞིན་དུ་བསྒོམ། །འོད་གསལ་ཉམས་སུ་མྱོང་དུས་སུ། །ཤེལ་གོང་དྲི་མེད་བཞིན་དུ་བསྒོམ། །ཟུང་འཇུག་ཉམས་སུ་མྱོང་དུས་སུ། །ཆུ་ཡི་ཟླ་བ་བཞིན་དུ་བསྒོམ། །ཕུང་པོ་ཉམས་སུ་མྱོང་དུས་སུ། །རྒྱལ་བ་རིགས་ལྔ་བཞིན་དུ་བསྒོམ། །ཡུལ་ལྔ་ཉམས་སུ་མྱོང་དུས་སུ། །འཁར་གཞོང་ནང་གི་ཆུ་བཞིན་བསྒོམ། །སྒོ་ལྔ་ཉམས་སུ་མྱོང་དུས་སུ། །ཤིང་ལ་དྲི་མ་བཞིན་དུ་བསྒོམ། །ཉོན་མོངས་ཉམས་སུ་མྱོང་དུས་སུ། །དུག་ལ་སྔགས་བཏབ་བཞིན་དུ་བསྒོམ། །བདེ་སྡུག་ཉམས་སུ་མྱོང་དུས་སུ། །ཆུ་ཡི་ལྦུ་བ་བཞིན་དུ་བསྒོམ། །ཡོན་ཏན་ཉམས་སུ་མྱོང་དུས་སུ། །དབུལ་མོའི་ཁྱིམ་གྱི་གཏེར་བཞིན་བསྒོམ། །སྤང་བླང་ཉམས་སུ་མྱོང་དུས་སུ། །ནགས་ཚལ་མེ་ཆེན་བཞིན་དུ་བསྒོམ། །ལྟ་བ་ཉམས་སུ་མྱོང་དུས་སུ། །སྤྲིན་མེད་ནམ་མཁའ་བཞིན་དུ་བསྒོམ། །རྟོགས་པ་ཉམས་སུ་མྱོང་དུས་སུ། །བསམ་གཏན་རྡོ་རྗེ་བཞིན་དུ་བསྒོམ། །སྒོམ་པ་ཉམས་སུ་མྱོང་དུས་སུ། །ནོར་བུ་རིན་ཆེན་བཞིན་དུ་བསྒོམ། །སྤྱོད་པ་ཉམས་སུ་མྱོང་དུས་སུ། །རྒྱ་འབག་མིག་འཕྲུལ་བཞིན་དུ་བསྒོམ། །རྒྱུ་འབྲས་ཉམས་སུ་མྱོང་དུས་སུ། །བསླུ་བྱེད་ཐབས་ཤེས་བཞིན་དུ་བསྒོམ། །འབྲས་བུ་ཉམས་སུ་མྱོང་དུས་སུ། །རྫོགས་པའི་སངས་རྒྱས་བཞིན་དུ་བསྒོམ། །མདོར་ན་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་ཉམས་ཀྱི་སྣང་བར་བསྒོམ། །རྟོགས་པའི་ཡེ་ཤེས་བརྟན་ཙམ་ན། །ཐམས་ཅད་དག་པའི་སྣང་བར་བསྒོམ། །དེ་ལྟར་བསྒོམས་ན་ཐམས་ཅད་སྒོམ་དུ་འཆར། །འབྲས་བུ་མངོན་དུ་བྱེད་པ་ཡིན། །དེས་ན་མཚན་མ་མེད་པའི་རྫོགས་རིམ་བསྟན། །གསུམ་པ་གེགས་སེལ་བསྟན་པ་ནི། འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །གཟུང་འཛིན་གཉིས་སྣང་འཁྲུལ་པ་ཡིས། །ཐར་པའི་ལམ་ལ་སྒྲིབ་པར་བྱེད། །དེ་ཡི་བསལ་ཐབས་བསྟན་པ་ནི། །ཆོས་རྣམས་ཕྱི་ཡི་བྱ་བས་སེལ། །ལམ་ལ་ཞུགས་པའི་གེགས་རྣམས་ནི། །སྤང་བླང་གཉིས་སུ་འཛིན་པ་ནི། །ལྟ་སྒོམ་གཉིས་ཀྱིས་སེལ་བར་བྱེད། །ཕྱི་ཡི་མི་དང་མི་མ་ཡིན། །ནང་གི་ཉོན་མོངས་རྣམ་རྟོག་བདུད། །ལྟ་སྒོམ་སྤྱོད་འབྲས་གཉིས་ཀྱིས་སེལ། །རྩ་རླུང་སྒོམ་པའི་གེགས་རྣམས་ནི། །འབྱུང་བཞི་སོ་སོ་རང་གིས་སེལ། །གང་གིས་གཉེན་པོར་གང་འགྲོས་སེལ། །སྐྱོན་དང་གེགས་རྣམས་གང་བྱུང་ངོ༌། །དེ་རང་ཉིད་ལ་བརྟགས་ལ་སྒོམས། །གཞན་ཡང་གཟེར་ལྔ་ཉོན་མོངས་གེགས་སེལ་དང༌། །ལམ་འབྲས་ནང་དུ་གསུངས་པས་ཆོག །དེ་དག་གིས་ནི་ལམ་གྱི་ཉམས་སུ་བླང་ཚུལ་བསྟན། །ཞི་དྲག་རླུང་གི་བྱེ་བྲག་ཅེས་པ་ནི། །དྲག་པོ་རྩུབ་རླུང་ཉོན་མོངས་སྐྱེད། །ཟག་བཅས་རླུང་གིས་ལས་རྣམས་བྱེད། །ཞི་བ་ཟག་མེད་རླུང་གིས་ནི། །མྱ་ངན་འདས་པའི་ལས་རྣམས་བྱེད། །ཕྱེ་ན་ཉི་ཁྲི་ཆིག་སྟོང་དང༌། །རྩ་བའི་རླུང་དང་ཡན་ལག་རླུང༌། །ཟག་བཅས་ཟག་མེད་ཡེ་ཤེས་རླུང༌། །རླུང་གི་བྱེ་བྲག་དུ་མ་རྣམས། །དབུ་མའི་ནང་དུ་ཚུད་ཙམ་ན། །ལས་ཀྱི་རླུང་དང་ཟག་བཅས་འགགས། །ཟག་མེད་རླུང་གིས་ཡོན་ཏན་སྐྱེ། །ཡེ་ཤེས་རླུང་གིས་འབྲས་བུའི་ཡོན་ཏན་སྐྱེ། །གནས་སྐབས་མཐར་ཐུག་འབྲས་བུ་ཡོན་ཏན་སྐྱེ། །ཞེས་པ་ནི། །འབྲས་བུ་སྐྱེ་བའི་རིམ་པ་ཡིན། །གནས་སྐབས་ཀྱི་ནི་འབྲས་བུ་ལ། །རྔུབ་པའི་སྦྱོར་བས་ཞི་བའི་ལས་རྣམས་འགྲུབ། །དགང་བའི་སྦྱོར་བས་རྒྱས་པའི་ལས་རྣམས་འགྲུབ། །གཞིལ་བའི་སྦྱོར་བས་དབང་གི་ལས་རྣམས་འགྲུབ། །མདའ་ལྟར་འཕང་བས་མངོན་སྤྱོད་ལས་རྣམས་འགྲུབ། །དང་པོ་ཐ་མལ་དུས་སུ་ནི། །རྣམ་རྟོག་ཕྱོགས་མེད་འཕྲོ་དུས་སུ། །ཕོ་རླུང་དྲག་ཅིང་རྩུབ་པ་ལས་ཀྱི་རླུང༌། ཉམ་པ་རྣམ་རྟོག་སྐྱེས་པ་སེམས་ཀྱི་བརྡ། དལ་རྒྱུ་རིང་དུ་ནང་དུ་རྔུབ་ཙམ་ན། །ཉོན་མོངས་རྣམ་རྟོག་ཕྱོགས་མེད་འགས། །ཐ་མལ་ལས་ཀྱི་རླུང་ནི་ཤ་ཤ་བོ། །ཕོ་རླུང་དྲག་ཅིང་རྩུབ་པ་རྣམས། །མོ་རླུང་བཞིན་དུ་ཐུལ་ཙམ་ན། །མ་ནིང་རླུང་གིས་སྙོམས་པར་སྦྱངས། །དེ་ཡིས་ཉོན་མོངས་རྣམ་རྟོག་ཞི། །བུ་ག་དགུ་ནས་རྒྱུ་བ་ཡི། །སྙིགས་མ་ཡི་ནི་རླུང་རྣམས་འགགས། །ཁམས་དགུ་དང་སྙིགས་སེལ་ནས་ཡོང༌། །སེམས་ཉིད་བདེ་གསལ་མི་རྟོག་སྐྱེ། །ཐ་མལ་དངོས་འཛིན་ཐམས་ཅད་འགགས། །རྩ་རླུང་གཉིས་ཀྱི་རྟེན་འབྲེལ་གྱིས། །ལུས་ལ་བདེ་དྲོད་སྐྱེ་བ་ཡིན། །སྐྱོན་དང་གེགས་རྣམས་ཕྲ་བ་ཞི། །ཡེ་ཤེས་མྱུ་གུ་སྐྱེ་བ་ཡིན། །རླུང་གིས་རྩ་གནས་ཁེངས་ཙམ་ན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རྒྱས། །སྐུ་ཡི་སྒོ་དགུ་འགགས་ཞེས་བྱ། །ཟག་བཅས་རླུང་རྣམས་ཞི་བ་དང༌། །ཟག་མེད་བདེ་སྟོང་ཆེན་པོ་སྐྱེ། །ལུས་སེམས་གཉིས་ལ་བདེ་བ་རྒྱས། །སྣང་བ་ཐམས་ཅད་བདེ་བར་འཆར། །ཡོན་ཏན་ཆོས་རྣམས་རྒྱས་པར་འོང༌། །གཞིལ་བ་ཡི་ནི་སྦྱོར་བ་ཡི། །རླུང་མི་ཐུབ་ཕྱིར་ལ་གཞིལ་བ་ཡིས། །དབུ་མའི་ནང་དུ་ཚུད་ཙམ་ན། །རྐྱེན་དང་གེགས་དང་མི་མཐུན་སོགས། །བདེ་སྟོང་ལྷན་ཅིག་སྐྱེས་པ་ཡིས། །ཐམས་ཅད་ཡོན་ཏན་ཕྱོགས་སུ་བསྡུས། །མདའ་ལྟར་འཕང་བའི་སྦྱོར་བ་ཡིས། །རླུང་གི་སྐྱོན་རྣམས་སེལ་བར་བྱེད། །དཔེར་ན་དབྱར་ཁ་ཚད་པ་ལ། །རླུང་བྱུང་བས་ནི་ཕན་པ་ལྟར། །ཟག་མེད་རླུང་གི་སྦྱོར་བ་ཡིས། །སྐྱོན་དང་གེགས་རྣམས་དེ་ཡིས་སེལ། །དེ་ཡིས་མངོན་སྤྱོད་ཕྲིན་ལས་འགྲུབ། །རླུང་སྦྱོར་ནུས་པ་འགྲིག་པ་ཡི། །ཡི་གེའི་གནས་སུ་རླུང་སེམས་འདུས། །རིགས་དྲུག་འཁོར་བའི་ཡི་གེ་དང༌། །ཡི་གེའི་སྐྱོན་རྣམས་འདག་པ་ཡིན། །འབྱུང་བཞི་རླུང་གིས་དྭངས་སྙིགས་འབྱེད། །རླུང་གི་སྐྱོན་རྣམས་དག་ཙམ་ན། །གསུང་གི་སྒོ་བཞི་འགག་ཅེས་བྱ། །སོ་སོ་ཡང་དག་རིག་པ་བཞི། །ངག་གི་དབང་ཕྱུག་འགྲུབ་པ་ཡིན། །ཨ་ལི་ཀ་ལི་མངའ་བརྙེས་པ། །རིགས་དྲུག་སོ་སོའི་སྐད་དུ་ནི། །གསུང་དབྱངས་དྲུག་ཅུ་ཆོས་ཀྱི་སྒྲ། །ཐམས་ཅད་སྐད་དུ་ཆོས་གསུང་ནུས། །རླུང་སེམས་གཉིས་ལ་དབང་ཐོབ་པས། །གཟུང་འཛིན་གཉིས་སྤང་བག་ཆགས་འགགས། །ཡེ་ཤེས་ལྔ་དང་ལྡན་པ་དང༌། །ཐུགས་ཀྱི་སྒོ་གཉིས་བྱེ་བ་ཡི། །ཡེ་ཤེས་གཉིས་ཀྱིས་ཐམས་ཅད་མཁྱེན། །ཐུགས་ལ་དཔལ་བེའུ་དང་ལྡན་ཞིང༌། །ཞལ་ལ་མཛོད་སྤུས་བརྒྱན་པ་ཡི། །ཐུགས་ཀྱི་སྒོ་གཉིས་དབྱེ་ཞེས་བྱ། །ཐིག་ལེའི་གནས་སུ་རླུང་སེམས་འདུས། །ཐིག་ལེའི་དྭངས་སྙིགས་འབྱེད་པ་དང༌། །ཐིག་ལེའི་སྐྱོན་རྣམས་དག་པ་དང༌། །ཟག་མེད་བདེ་བ་རྒྱས་པ་དང༌། །འོད་གསལ་ཆོས་སྐུ་མངོན་དུ་བྱེད། །ཀུན་གཞི་རང་བཞིན་རྣམ་དག་པས། །དབུ་ཡི་གཙུག་ཏོར་ཐིག་ལེ་བརྟན། །ལམ་གྱི་དུས་ཀྱི་ཡོན་ཏན་རྣམས། །གནས་སྐབས་འདི་ཡི་འབྲས་བུར་བཞེད། །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །རང་ཉིད་རྫོགས་པའི་སངས་རྒྱས་སུ། །འགྲོ་བའི་དོན་དུ་མངོན་སངས་རྒྱས། །དེ་ནི་མཐར་ཐུག་འབྲས་བུ་ཡིན། །རྗེས་ལ་བཟོད་གསོལ་ཞེས་པ་ནི། །གསང་སྔགས་ཟབ་མོའི་ཚིག་དོན་རྣམས། །འགྲོ་བའི་དོན་དུ་ཡི་གེར་བཀོད། །སྣོད་མིན་གསང་བ་བསྒྲགས་པ་དང༌། །ཚེ་འདིའི་འཁྲི་བ་མེད་ན་ཡང༌། །གོང་འོག་སྒྲ་དོན་འགལ་བ་དང༌། །ཉེས་པའི་ཚོགས་རྣམས་ཅི་མཆིས་པ། །བླ་མ་ཡི་དམ་དཔའ་བོ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས། །མི་མཉེས་གྱུར་པ་བཟོད་པར་གསོལ། །དུས་གསུམ་བསགས་ཡོད་དགེ་བ་རྣམས། །འཁོར་འདས་གཉིས་ཀྱི་དགེ་བ་དང༌། །ཆོས་འདི་བརྩམས་པའི་དགེ་བ་ཡིས། །བདག་གཞན་སངས་རྒྱས་ཐོབ་པར་ཤོག །སྨོན་ལམ་བཀྲ་ཤིས་ཞེས་པ་ནི། །བདག་གང་དུ་སྐྱེས་པའི་གནས་རྣམས་སུ། །ཕྱི་ནང་འཚེ་བ་མེད་པ་དང༌། །སངས་རྒྱས་བསྟན་པ་དར་བ་དང༌། །དགོས་འདོད་ཕུན་སུམ་ཚོགས་པར་ཤོག །དལ་འབྱོར་མི་ལུས་ཐོབ་པ་དང༌། །དགེ་བའི་བཤེས་དང་མཇལ་བ་དང༌། །དམ་ཆོས་ཚུལ་བཞིན་སྤྱད་ནས་ཀྱང༌། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བདག་གང་དུ་འདུག་པའི་གནས་རྣམས་སུ། །ལོངས་སྤྱོད་ཆོས་དང་མཐུན་པ་དང༌། །དག་པའི་འཁོར་གྱིས་བསྐོར་བ་དང༌། །འགྲོ་བ་རྣམས་ཀྱི་དཔལ་དུ་ཤོག །བདག་ལ་བསྟེན་པའི་སེམས་ཅན་རྣམས། །ཐེག་པ་ཆུང་ངུའི་སྒོར་ཞུགས་ནས། །སྡོམ་པ་ཚུལ་བཞིན་བསྲུང་བ་དང༌། །དམ་ཆོས་ཚུལ་བཞིན་སྤྱད་པ་ཡིས། །ཟག་མེད་འབྲས་བུ་ཐོབ་པར་ཤོག །ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །བྱང་ཆུབ་སེམས་མཆོག་སྤྱད་པ་དང༌། །བདག་མེད་གཉིས་ཀྱི་དོན་རྟོགས་ནས། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །ཚེ་འདིར་སངས་རྒྱས་ཐོབ་པར་ཤོག །བདག་མཐོང་ཐོས་དྲན་དང་རེག་པ་དང༌། །བདག་གིས་མཐོང་ཐོས་དྲན་པ་དང༌། །བདག་ལ་ཞབས་ཏོག་བྱས་པ་རྣམས། །ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཞིང་ཁམས་རྣམ་པར་དག་པ་རུ། །འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས། །ཆོས་ཀྱི་འཁོར་ལོ་བསྐོར་བྱས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཤོག །བདག་དང་མཐའ་ཡས་སེམས་ཅན་གྱིས། །ལུས་ངག་ཡིད་གསུམ་ཆོས་རྣམས་ལ། །འཁོར་འདས་གཉིས་ཀྱི་ཡོན་ཏན་རྣམས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཞི། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་དང༌། །མཁའ་འགྲོ་ཆོས་སྐྱོང་མཐུ་ལྡན་གྱིས། །ལུས་ངག་ཡིད་གསུམ་བྱ་བ་གང༌། །བཀྲ་ཤིས་བདེ་ལེགས་བྱིན་གྱིས་རློབས། །ཞིང་ཁམས་རྣམ་པར་དག་པ་དང༌། །འཁོར་དང་ལོངས་སྤྱོད་འཕེལ་བ་དང༌། །དགྲ་བགེགས་རྩུབ་འཁྲུགས་མེད་པ་དང༌། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ལུས་མཚན་དང་དཔེ་བྱད་ཀྱི་བཀྲ་ཤིས་ཤོག །ངག་གསུང་དབྱངས་དྲུག་ཅུའི་བཀྲ་ཤིས་ཤོག །སེམས་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག །རྩ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །རླུང་སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག །ཐིག་ལེ་ངོ་བོ་ཉིད་སྐུའི་བཀྲ་ཤིས་ཤོག །རྒྱུད་ཟག་མེད་བདེ་བའི་བཀྲ་ཤིས་ཤོག །འབྲས་བུ་སངས་རྒྱས་ཀྱི་བཀྲ་ཤིས་ཤོག །ཡུལ་ལ་མཚན་གསོལ་ཟླ་ཀླུང་དུ། །དུས་ཁོམ་དུས་བྲིས་པའི་གཏམ་སྡོམ་དུ། །དགོས་འདོད་ཐམས་ཅད་འབྱུང་བའི་གནས། །དོན་ནོར་བུ་རིན་ཆེན་ལྟ་བུ་ཡི། །སྐྱེ་མེད་ཨ་ཐུང་གཏུམ་མོའི་གནད། །རང་བཞིན་བདེ་སྐྱིད་འབྱུང་བ་ཡི། །ཆོས་འདི་ཇི་སྲིད་འཁོར་བ་ཡི། །རྒྱ་མཚོ་ཆེན་པོ་སྟོང་པར་མ་གྱུར་གྱི། །བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་ནས་ཀྱང༌། །ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བླ་མ་རིན་པོ་ཆེའི་མཆོག་གི་གཏུམ་མོའི་ལམ་གསལ་བར་སྟོན་པ་སྒྲོན་གསལ་ཞེས་བྱ་བ་ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །