ཡེ་ཤེས་ཀྱི་ཡུལ་དྲུག་སྤྱིར་ངོ་སྤྲད་པ།
བཞི་པ་ཀུན་གཞིའི་ཡེ་ཤེས་ངོ་སྤྲད་པ་ལ་གསུམ་སྟེ། །ཡེ་ཤེས་ཀྱི་ཡུལ་དྲུག་ངོ་སྤྲད་པ་དང་། སྒོ་གསུམ་གྱི་ཉམས་མྱོང་ངོ་སྤྲད་པ་དང་། འོད་གསལ་ལ་སོགས་པར་ངོ་སྤྲད་པའོ། །
དང་པོ་ཡེ་ཤེས་ཀྱི་ཡུལ་དྲུག་ངོ་སྤྲད་པ་ལ་གཉིས་ཏེ། ཡེ་ཤེས་ཀྱི་ཡུལ་དྲུག་སྤྱིར་ངོ་སྤྲད་པ་དང་། ཡེ་ཤེས་ཀྱི་ཡུལ་དྲུག་སོ་སོར་ངོ་སྤྲད་པའོ། །
དང་པོ་ཡེ་ཤེས་ཀྱི་ཡུལ་དྲུག་སྤྱིར་ངོ་སྤྲད་པ་ནི། ཀུན་གཞི་ཡེ་ཤེས་ཀྱི་མིག་པའི་སྙིང་པོས་ཀུན་གཞི་ཡེ་ཤེས་ཀྱི་ཡུལ་གཟུགས་རྡོ་རྗེ་མ་བལྟ་བ་དང་། དེ་བཞིན་དུ་རྣ་བ་ཕྱག་ན་རྡོ་རྗེས་སྒྲ་རྡོ་རྗེ་མ་ཐོས་པ་དང་། སྣ་ནམ་མཁའ་སྙིང་པོས་དྲི་རྡོ་རྗེ་མ་འཛིན་པ་དང་། ལྕེ་འཇིག་རྟེན་དབང་པོས་རོ་རྡོ་རྗེ་མ་མྱང་པ་དང་། ལུས་སྒྲིབ་པ་རྣམ་སེལ་གྱིས་རེག་བྱ་རྡོ་རྗེ་མ་ཡིད་ཀུན་ནས་འཕྲོག་པ་ལ་རེག་པ་དང་། ཡིད་ཀུན་ཏུ་བཟང་པོས་ཐབས་ཤེས་འདུས་པའི་ཆོས་ཁམས་རྡོ་རྗེ་མའི་བདེ་བ་མཉམ་པ་ཉིད་ལ་འཇུག་པ་ཡིན་ཏེ། །དཔལ་ལྡན་རྒྱུད་ལས། མཐོང་དང་མ་མཐོང་གཟུགས་ནི་ཡིད་དང་ནམ་མཁའ་ལ་ཡང་བལྟ་བར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་རབ་ཏུ་གསལ་བ་གཞན་དུ་སྒྲ་ནི་ཐོས་པ་འདི་ནི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའི་དྲི་རྣམས་ཐམས་ཅད་འཛིན་པ་དེ་ནི་ཁྱབ་བདག་གི་ནི་སྣ་བཟང་པོ། །རང་གི་ཟླ་བའི་བདུད་རྩི་བདེ་སྟེར་དག་ཀྱང་རྟག་ཏུ་མྱང་བར་བྱེད་པ་གང་ཡང་ཡིན་དེ་ནི་ལྕེ། རྡོ་རྗེའི་རེག་བྱ་ཀུན་ནས་འཕྲོག་པ་གང་ཡིན་དེ་ནི་རྟག་ཏུ་རྡོ་རྗེའི་ལུས་ཀྱི་དབང་པོ་སྟེ། ཐབས་དང་ཤེས་རབ་འདུས་པ་འདི་ཡི་ཆོས་ཏེ་བདེ་ཉམས་ལ་འཇུག་གང་ཡིན་དེ་ནི་ཡིད། དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་འདི་དག་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་པ་རྣམས། སྣ་ཚོགས་གཟུགས་ལ་སུགས་པ་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་པ་དྲུག་སྟེ་ཀུན་ནས་ནི། དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་དགོས་པ་མེད་ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། ཞེས་པ་དང་། དེ་བཞིན་དུ་རྒྱུད་བླ་མ་ལས། དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུད། །འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་ གཙང ་སྣོཾ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་ངེ་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་འགྱུར་ཞིབ་མོར་བསམས་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། ཞེས་པ་དང་། དེ་བཞིན་དུ། འཕགས་པ་ཀུན་ནས་སྒོའི་མདོ་ལས། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྒྲ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དྲི་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རེག་བྱ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཆོས་ཀྱི་ཁམས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། བུད་མེད་དང་༴ སྐྱེས་པ་དང་༴ ཁྱེའུ་དང་༴ བུ་མོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྷ་དང༴ ཀླུ་དང་༴ གནོད་སྦྱིན་དང་༴ དྲི་ཟ་དང་༴ ལྷ་མ་ཡིན་དང་༴ ནམ་མཁའ་ལྡིང་དང་༴ མིའམ་ཅི་དང་༴ ལྟོ་འཕྱེ་ཆེན་པོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སེམས་ཅན་དམྱལ་བའི་གཟུགས་དང་། དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་དང་། གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པ་དང་། དེ་བཞིན་དུ་བརྟག་གཉིས་ལས། གཟུགས་སྒྲ་དེ་བཞིན་དྲི་དང་ནི། རོ་དང་དེ་བཞིན་རེག་བྱ་ཉིད། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་། ཤེས་རབ་ཀྱིས་ནི་སྤྱད་པར་བྱ། དེདི་ལྷན་གཅིག་སྐྱེས་པའི་གཟུགས། ཞེས་པ་འདི་ཐམས་ཅད་རྣལ་འབྱོར་པའི་སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་དུ་གྱུར་པ་ཀུན་གཞི་ཡེ་ཤེས་ཤེར་ཕྱིན་ཟབ་མོ་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཉམས་མྱོང་དུ་གྱུར་བའི་ཡུལ་དང་། དབང་པོ་འབའ་ཞིག་ཡིན་ནོ། །རྫོགས་རིམ་གྱི་དོན་ནི། ཡན་ལག་དྲུག་གིས་འཁོར་འདས་ཀྱི་རྣམ་པའི་འོད་གསལ་སྣ་ཚང་པ་རྫོགས་པར་མངོན་དུ་གྱུར་བཞིན་པའི་ངང་ནས་ཀུན་གཞི་ཡེ་ཤེས་ཆོས་སྐུའི་ངོ་བོར་གྱུར་པའི་དུ་བ་ལ་སོགས་པའི་མཚན་མ་དང་། རྣམ་པར་མི་རྟོག་པའི་སེམས་དང་། གཟུགས་རིམས་ཀྱིས་རྫོགས་པ་ཡིན་ཏེ། དྲི་མེད་འོད་ལས། འཇིག་རྟེན་ལས་འདས་པའི་བདེན་པ་ནི་དུ་བ་ལ་སོགས་པའི་མཚན་མ་དང་། རྣམ་པར་མི་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །ཞེས་པ་དང་། དུ་བ་ལ་སོགས་པ་གཟུགས་རྫོགས་པ་རྫོགས་པའི་རིམ་པས་སོ། །ཞེས་པའོ། །མཚན་མ་ཡང་ལམ་དང་འབྲས་བུའི་གནས་སྐབས་ཀྱི་ཀུན་གཞི་ཡེ་ཤེས་ཆོས་སྐུའི་ངོ་བོ་ཕྱག་རྒྱ་ཆེན་པོ་ཁོ་ན་ཡིན་ཏེ། དྲི་མེད་འོད་ལས། མཚན་མ་ཡང་རྣམ་པ་གསུམ་ཏེ། དང་པོའི་མཚན་མ་དང་། བར་པའི་མཚན་མ་དང་། ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་སྦྱོར་བ་ཡན་ལག་དྲག་གིས་གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐད་ཅིག་ཐོབ་པའོ། །བར་པའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང་། མངོན་པར་ཤེས་པ་ལྔ་དང་མ་མཐོང་པའི་དོན་ཡང་དག་པར་མཐོང་པ་དང་། འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །ཐ་མའི་མཚན་མ་ནི། སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་དེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་རོ། །ཞེས་གསུངས་པའི་དོན་ཏོ།། །།