Nitartha Digital Library
Tibetan
 
previousགཉིས་པོའི་སྣང་ལུགས་ཕྱེ་བ། next

གཉིས་པོའི་སྣང་ལུགས་ཕྱེ་བ།

གཉིས་པ་གཉིས་པའི་སྣང་ལུགས་ཕྱེ་བ་ནི། །རྣམ་ཤེས་ལ་ཡེ་ཤེས་ཀྱི་སྣང་པ་མི་འཆར་ཞིང་། ཡེ་ཤེས་ལ་རྣམ་ཤེས་ཀྱི་སྣང་པ་མི་འཆར་བས། དེ་གཉིས་ཀྱི་སྣང་པ་གཅིག་པ་མི་སྲིད་དེ། རྣམ་ཤེས་ཀྱི་སྣང་པ་ནི་འཁྲུལ་སྣང་དང་། མ་དག་པའི་སྣང་པ་དང་། ཕྱིན་ཅི་ལོག་གི་སྣང་པ་དང་། མ་རིག་པའི་སྣང་པ་དང་། བཟུང་འཛིན་གྱི་སྣང་པ་དང་། སྤྲོས་པའི་སྣང་པ་དང་། ཆགས་སྡང་གི་སྣང་པ་དང་། བརྫུན་པའི་སྣང་པ་དང་། སྡུག་བསྔལ་གྱི་སྣང་པ་དང་། བཀྲེ་སྐོམ་དབུལ་ཕོངས་སྣ་ཚོགས་པའི་སྣང་པ་ཡིན་ལ། ཡེ་ཤེས་ཀྱི་སྣང་པ་ནི་མ་འཁྲུལ་བའི་སྣང་པ་དང་། དག་པའི་སྣང་པ་དང་། བདེན་པ་ཆེན་པོའི་སྣང་པ་དང་། ཕུན་སུམ་ཚོགས་པའི་སྣང་པ་ལ་སོགས་པ་རྣམ་ཤེས་ཀྱི་སྣང་པ་ལས་ཟློག་པའི་སྣང་པའོ། །དེ་ལ་རྣམ་ཤེས་ཀྱི་སྣང་པ་ནི། འཕགས་པ་ལས། ཡོད་ལ་མེད་པར་འཁྲུལ་དང་མི་རྟག་ཉིད་ལ་འཁྲུལ། མེད་ལ་ཡོད་པར་འཁྲུལ་དང་རྟག་པ་ཉིད་དུ་འཁྲུལ། འཁྲུལ་པས་འཁྲུལ་པ་བསླུ་ཞིང་བསླུས་པས་འཁྲུལ་པ་འགྲུབ། འཁྲུལ་པའི་དབང་གིས་ཡང་དག་དོན་ལ་སེམས་ཅན་འཁྲུལ། རྒྱུ་ལ་འཁྲུལ་ཏེ་འབྲས་བུ་ངན་སོང་གསུམ་དུ་འཁྲུལ། ཞེས་པ་དང་། རྣམ་ཤེས་ཀུན་རྫོབ་ཀྱི་སྣང་པ་ཡེ་ཤེས་ལ་མི་སྣང་པ་ཡང་། འབུམ་གྱི་རྒྱ་ཆེར་འགྲེལ་དུ། དེ་ལ་རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་པའི་ཚེ་དེ་ལྟར་མི་སྣང་བ་བཞིན་དུ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ཀུན་བཏགས་པའི་ཆོས་རྣམས་ཀྱང་མ་རིག་པའི་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས་མ་རིག་པ་སངས་ཏེ། འཕགས་པའི་ཤེས་རབ་ཐོབ་པའི་ཚེ་དེ་ལྟར་མི་སྣང་བའི་ཕྱེར་རོ། །ཞེས་པ་དང་། མ་རིག་པའི་གཉིད་སད་པའི་ཡེ་ཤེས་ལ། མ་རིག་པ་རྣམ་ཤེས་ཀྱི་སྣང་བ་ཅི་ཡང་མི་སྣང་བ་ནི། འཕགས་པ་ལྷས། འཕགས་པ་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་ལས། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལགས། །སྐྲ་དང་སྦྲང་བུ་ཟླ་ཉམ་དང་། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང་། །ཡང་དག་མཁྱེན་ཅན་དྲི་མེད་ལའང་། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཞིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །ཞེས་པ་དང་། ཆོས་ཅན་སྣང་བའི་རྣམ་ཤེས་ལའང་ཆོས་ཉིད་མི་སྣང་བ་དང་། ཆོས་ཉིད་སྣང་པའི་ཡེ་ཤེས་ལ་ཆོས་ཅན་མི་སྣང་བ་ཡང་། ཆོས་དང་ཆོས་ཉིད་རྣམ་བྱེད་ལས། དེ་སྣང་ཆོས་ཉིད་མི་སྣང་ཞིང་། དེ་མི་སྣང་བས་ཆོས་ཉིད་སྣང་། ཞེས་པ་དང་། སོ་སྐྱེས་ལ་སྣང་བ་འཕགས་པ་ལ་མི་སྣང་བ་དང་། འཕགས་པ་ལ་སྣང་པ་སོ་སྐྱེས་ལ་མི་སྣང་བ་ཡང་། མདོ་སྡེ་རྒྱན་ལས། བྱིས་པ་ཡང་དག་ཉིད་སྒྲིབས་ནས། །ཡང་དག་མིན་པ་ཀུན་དུ་སྣང་། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། ཡང་དག་ཉིད་ནི་ཀུན་ཏུ་སྣང་། ཞེས་པ་དང་། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་པ་ཉིད་ཤེས་བྱ། ཞེས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མ་སྒོམ་རིམ་དུ། ཇི་ལྟར་གནས་པའི་དངོས་པོ་ནི། །དེ་ལྟར་འཕགས་པའི་སྤྱོད་ཡུལ་ཡིན། །ཇི་ལྟར་བྱིས་ལ་མི་སྣང་པ། །དེ་ལྟར་མཁས་མ་སྣང་པ་ཡིན། ཞེས་པ་དང་། དཔལ་ཆེན་བིར་ཝ་པས་ཀྱང་། སེམས་ཅན་ལ་ཉོན་མོངས་པ་མ་དག་པ་དང་། །རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ཉམས་ཀྱི་སྣང་པ་དང་། བདེ་བར་གཤེགས་པ་ལ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དག་པའི་སྣང་བའོ། །ཞེས་གཞི་ལམ་འབྲས་བུའི་སྣང་པ་མི་འདྲ་བ་གསུམ་གསུངས་པའི་ཕྱིར་སེམས་ངོ་སྤྲོད་པ་ལ་འཁྲུལ་པའི་ལས་སྣང་དང་། འོད་གསལ་གྱི་སྣང་པ་སོ་སོར་ཕྱེད་པ་ཤིན་ཏུ་གཅེས་སོ། །བྱང་ཆུབ་སེམས་དཔའ་ཀུན་གཞི་རྣམ་ཤེས་ཀྱི་ཕུང་པོ་ལྔ་མ་མཐོང་པ་ཉིད་ཀུན་གཞི་ཡེ་ཤེས་ཀྱི་ཆོས་ཀུན་མཐོང་པ་དང་། རྣམ་ཤེས་ཀྱིས་གང་ལ་ཡང་མི་གནས་པ་ཉིད་ཡེ་ཤེས་ཀྱི་ཆོས་ཉིད་ལ་གནས་པ་ཡིན་ཞེས་བསྡུད་པ་ལ་སོགས་པའི་གསུང་རབས་ཡིད་ཆེས་སུ་རུང་པ་རྣམས་སུ་གསུངས་པ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ཕྱིར་ཀུན་གཞི་རྣམ་ཤེས་ཀྱི་སྣང་པ་ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། མེད་པ་སྣང་ཕྱིར་འཁྲུལ་པ་ནི། །ཀུན་ནས་ཉོན་མོངས་རྒྱུ་ཡིན་ཏེ། །སྒྱུ་མའི་གླང་ཆེན་སོགས་སྣང་བཞིན། །ཡོད་པའང་སྣང་པ་མིན་ཕྱིར་རོ། །ཀུན་གཞི་ཡེ་ཤེས་ཀྱི་སྣང་ལུགས་མཚན་བརྗོད་ལས། སྣང་བ་ཆེན་པོ་གསལ་བ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡི་ཤེས་སྣང་པ་ལམ་མེ་བ། །གཟུགས་རྣམས་ཐམས་ཅད་སྣང་པའི་དཔལ། །ལག་ན་འོད་འབར་སྣང་བ་པོ། ཞེས་སོགས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་རང་བཞིན་གསུམ་བསྟན་པར། ཆོས་ཀྱི་དབྱིངས་ལ་དམིགས་པ་ཡིས། །ཕུན་སུམ་ཚོགས་པ་ཉེར་དམིགས་འགྱུར། །ཕུན་སུམ་ཚོགས་ ་ཉེར་དམིགས་པས། །སྐུ་གསུམ་བདགིད་བླ་མེད་པའི། །བྱང་ཆུབ་བློ་ལྡན་གྱིས་ཐོབ་ནས། །བདག next hit་གཞན་དོན་ནི་རབ་སྒྲུབས་འགྱུར། ཞེས་པའོ།། །།


previousགཉིས་པོའི་སྣང་ལུགས་ཕྱེ་བ། next