Nitartha Digital Library
Tibetan
 
previousཆོ་གའི་གོ་དོན་གབ་པ་མངོན་ཕྱུངས་རྡོ་རྗེའི་མདུད་འགྲོལ།next

ཆོ་གའི་གོ་དོན་གབ་པ་མངོན་ཕྱུངས་རྡོ་རྗེའི་མདུད་འགྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་གའི་གོ་དོན་གབ་པ་མངོན་ཕྱུངས་རྡོ་རྗེའི་མདུད་འགྲོལ་ཞེས་བྱ་བ་བཞུགས་སོ། །

ཡོ་ག་གསུམ་གྱི་ཟབ་གནད་བསྡུས་པའི་ཆོས། །སྒྱུ་འཕྲུལ་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས། །དུས་གསུམ་མཁྱེན་པའི་ཟབས་གཏེར་ཕྱག་རྒྱའི་སྒོ། །འབྱེད་མཛད་ཆོས་ཀྱི་རྒྱལ་པོ་ཀརྨ་གླིང་། །མགོན་དེའི་གདུང་འཚོབ་སྐྱེས་མཆོག་ཉི་ཟླ་ཟུང་། །བཀའ་བབས་ཆོས་ཀྱི་རྒྱ་མཚོ་བརྒྱུད་པར་བཅས། །ལམ་འདིའི་ཤིང་རྟ་མཚུངས་མེད་རིག་འཛིན་རྣམས། །ཐུགས་རྗེའི་ཆར་གྱིས་འགྲོ་འདིའི་ཞིང་གཤིན་མཛོད། །རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བའི་ཆོས། །རྣལ་འབྱོར་སྤྱི་ཁྲུས་ངན་སོང་དོང་སྤྲུགས་ལམ། །འབྲེལ་ཚད་དོན་ལྡན་ཐར་བའི་ཐེམས་སྐས་ཏེ། །འདི་བཟུང་བྱང་ཆུབ་བར་དུ་མི་གཏོང་བསྒྲུབ། །ཁམས་གསུམ་འཁོར་བ་དོང་ནས་ཆོས་འདིས་དཀྲུགས། །སྐལ་ལྡན་བྱང་ཆུབ་བཙན་ས་ཆོས་འདིས་ཟིན། །སྐལ་མེད་ཐར་བའི་ལམ་སྣ་ཆོས་འདིས་འདྲེན། །སྔ་འགྱུར་བསྟན་པའི་རང་རྐང་ཆོས་འདིས་ཚུགས། །འོན་ཀྱང་གནས་མདོ་རྫོགས་ཆེན་སྟག་བུ་ལུགས། །ཀཿཐོག་ལྕགས་མདུད་ཤིས་ཉལ་བ་གནས་ལུགས། །གསེར་བའི་ལུགས་དང་མི་འདྲའི་ལུགས་འདི་བརྒྱད། །མོག་རོའི་སྤུ་བཞིན་འཐབས་པས་འབྱེད་དཀའ་ཡང་། །སེང་གེའི་ཡ་ཐོད་ཕག་གི་མ་མགལ་དང་། །གླང་ར་ཁྱི་མཇུག་བསྡུས་པ་རྡོགས་བཅོས་ཀྱི། །ཆོ་གའི་ཤར་ཟླ་དཀར་པོས་གླིང་འདིར་ཁྱབ། །དེ་ཕྱིར་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །

ལམ་འདི་ཕྱི་དོར་འབད་ལ་མོས་ཆེ་ཡང་། །ཟད་པ་གསུམ་དང་རྒས་པའི་ཆོས་དྲུག་གིས། །རང་དབང་མ་འདུས་བསམ་པ་ལམ་དུ་ལུས། །འོན་ཀྱང་སྔ་འགྱུར་བསྟན་འཛིན་བླ་མ་རྣམས། །ཕྱོགས་འདིར་དགོངས་པའི་དྲན་གསོ་ཞབས་རིམས་སུ། །ཨོས་ཡང་རེ་བའི་གཅོས་གཏམ་ཉུང་ངུ་ཞིག །བྲི་འདོད་སླར་ཡང་དྲན་པ་གསར་དུ་སྐྱེས། །ཆུ་གསུམ་རྒྱ་མདོར་བབས་ཀྱང་ལག་པས་ཕྱིས། །མཐོང་སྒོ་ཀླད་ནས་སྡིབ་ཀྱང་ཐུར་མས་བཀར། །བྱང་རྨུག་ན་བུན་འཐིབས་ཀྱང་དྲན་པ་གསོས། །རོ་སྒོག་བེད་ལ་ཅི་ཆོད་སྙམ་ནས་བྲིས། །དེ་ཡང་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག །བསྐྱེད་རྫོགས་ཟུང་འཇུག་གི་ཐེག་པ། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་ཆོས་སྡེ། ཨོ་རྒྱན་དུས་གསུམ་མཁྱེན་པའི་བཀའ་ལུང་དྲི་མ་མེད་པ། བརྒྱུད་གསུམ་རིག་འཛིན་བླ་མའི་གསེར་ཟམ་མ་ཆད་པ། ཟབ་གཏེར་ཌཱཀྐིའི་ཞལ་རླངས་དྲོད་མ་ཡལ་བ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་དུ་གྲགས་པ་འདི་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་སྤྱན་དྲངས་པར་བཤད་ལ། རི་འདི་རྗེ་མི་ལས་དྭགས་པོ་དབུས་བཞུད་ཀྱི་སྐབས། ཤར་སྒམ་པོ་གདར་གྱི་རི་བོ་དེ། །རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རི་ཕྲན་བློན་པོས་བསྐོར་བ་འདྲ། །རྒྱབ་རི་དར་དཀར་ཕྱར་བ་འདྲ། །ཞེས་སོགས་ཀྱིས་བསྔགས་པ་བརྗོད་ཅིང་། དྭགས་པོའི་ཡུལ་གྱི་ཟོ་དོར་གཉན་པོ་ཡིན་པས། དྭགས་ལྷ་སྒམ་པོ་རུ་གྲགས་ལ། གཏེར་གནས་འདི་དང་གཅིག་པར་ཐོས་སོ། །གཏེར་སྟོན་གྱིས་ལོ་གསུམ་དུ་རླུང་ཕྱོགས་ཙམ་དུ་མ་བསྒྲག་པར། ལོ་གསུམ་ནས་གསང་བརྟོལ་ཏེ་ཐུགས་ཀྱི་སྲས་ཉི་ཟླ་ཆོས་རྗེ་ལ་ཆིག་བརྒྱུད་དུ་བུམ་པ་གང་བྱོས་སུ་གནང་། རྗེ་དེས་ཀྱང་ལོ་གསུམ་ནས་རྩི་དཀར་བ་འགྲོ་མགོན་ཉི་ཟླ་འོད་ཟེར་ལ་གནང་། དེས་ཀྱང་

ལོ་གསུམ་ནས་རྒྱ་ར་བ་ཆོས་ཀྱི་རྒྱ་མཚོ་ལ་གནང་། དེས་ཀྱང་ལོ་གསུམ་ནས་ཆིག་བརྒྱུད་ཀྱི་བཀའ་རྒྱ་བཀྲོལ་ཏེ་བརྒྱུད་པའི་རྣམ་གྲངས་མང་དུ་གྱེས་པར་བཤད། དེ་ཡང་། ཀརྨ་གླིང་པའི་འགྲོ་དོན་བྱང་ཕྱོགས་རྒྱས། །ཞེས་ལུང་བསྟན་པ་ལྟར་རྙིང་མའི་ཟབ་ཆོས་གཅིག་ལ། དགོངས་པ་རང་གྲོལ་འདི་བས་འགྲོ་དོན་དང་ཁྱབ་རྒྱ་ཆེ་བ་མ་བྱུང་བར་བཤད། འོན་ཀྱང་ཆོས་འདིའི་བཀའ་བབས་རྒྱ་གར་ཆུ་བོ་གངྒཱ་ཚུན་ཆད་དུ་ཉི་ཟླ་ལྟར་གྲགས་པ་རྒྱ་ར་བ་ཆོས་ཀྱི་རྒྱ་མཚོ་ནས་བརྒྱུད་སྲོལ་སོ་སོའི་རྒྱུན་ལ། མཁས་གྲུབ་ཀརྨ་ཆགས་མེད་ནས་གནས་མདོ་ལུགས་དང་། སྟག་བླ་པདྨ་མ་ཏི་ནས་སྟག་བུ་ལུགས་དང་། ཧེ་པ་ཆོས་འབྱུང་ནས་ཀཿཐོག་ལུགས་དང་། ལྕགས་མདུད་ཤེས་རབ་རྒྱལ་མཚན་ནས་ཉག་ལུགས་དང་། ཤེས་ཉལ་དཀོན་མཆོག་སེང་གེ་ནས་ཅམ་ལ་ལུགས་དང་། གསེར་པ་ཡེ་ཤེས་སེངྒེ་ནས་གསེར་པའི་ལུགས་སོགས་བྱང་འབྲོག་འདིར་ཐམས་ཅད་སྣང་མོད། དེ་ཡང་ངག་དུ་བསྡུས་པའི་གོས་ལྟར་བཞད་གད་ཀྱི་རྒྱུ་ལས་རང་རྐྱ་ཐུབ་པ་ནི་གཅིག་ཀྱང་མ་མཐོང་ངོ་། །རང་ལུགས་རྫོགས་ཆེན་པ་ཡང་རྗེ་བླ་མ་རྡོ་རྗེ་འཆང་གིས་སྐུ་ཚེའི་སྟོད་ཡན་ཆད་གནས་མདོ་ལུགས་དང་། བར་སྐབས་ཞིག་ཕྲི་བསྣན་འགའ་ཞིག་སོགས་མི་འདྲ་བ་རང་ལུགས་ཞིག་དང་། ད་ལྟ་ནི་བླ་མ་དབོན་རྒན་ལུགས་ཞེས་ཁས་ལེན་པར་སྣང་ངོ་། །དེ་ལྟ་མོད་ཀྱང་། ཆོས་འདི་བརྗོད་བྱའི་དོན་ཟབ་ལ་རྒྱ་ཆེ་བ། རྗོད་བྱེད་རྡོ་རྗེའི་ཚིག་སྦྲམ་ལ་རྟོགས་དཀའ་བ་འབའ་ཞིག་དུ་སྣང་བས་འདིས་དགོངས་པ་འཁྲུལ་མེད་དུ་སྟོན་པ་ལ་དུས་གསུམ་མཁྱེན་པ་སླར་བྱོན་ན་མ་གཏོགས། སུས་ཀྱང་བློ་དང་སྤོབས་པས་དཔོག་ཐུབ་པ་ཞིག་མི་ཡོངས་འདྲ་ལ། འོན་ཀྱང་རྣམ་དཔྱོད་ཀྱི་བློ་དང་ལྡན་པའི་གང་ཟག་གིས་ཆོས་འདིའི་ལྟ་སྒོམ་སྤྱོད་གསུམ་ཆོ་ག་ལམ་ཁྱེར་གང་ཡང་།

བསྐྱེད་རྫོགས་མ་ཧཱ་ཨ་ཏི་ཟུང་འཇུག་ཉམས་སུ་བླང་ན། དགོངས་པ་འཁྲུག་མི་དགོས་པ་འདྲ་ཡང་། རང་གཞུང་ན་ཡོད་པ་དེ་བོར། རྒྱུད་སྡེ་མི་མཐུན་པ་དང་། གཏེར་ཁ་སོ་སོ་ནས་ཚིག་རིས་ལེགས་ལེགས་འདྲ་བ་དག་གིས་བསྲེ་བསླད་བསྒྱུར་བཀོད་མང་པོ་བྱས་ནས་ཚོང་དུས་ཀྱི་འོ་མ་ལྟར་བསམ་བཞིན་དུ་བཏང་བ་འདི་ལ་ཁུངས་བཙུན་པ་ཞིག་སུས་རྙེད། ད་ལྟ་ཤར་ཟླའི་རྒྱུན་དུ་བརྟེན་པ་ཕལ་ཆེར་རྫོགས་ཆེན་ཆོས་བརྒྱུད་འཛིན་པས་དེ་ཡི་ཕྱག་ལེན་ལ་བསླབ་དགོས་པ་ནི་ཨ་ཕས་ཁ་ཕོར་གཙང་མའི་དཔེ་ལས་བདག་ལ་རིག་པའི་གཏམ་གསར་པ་ནི་ཅི་ཡང་མེད་ལ། འདིར་ཟབ་ཆོས་འདིའི་རྗོད་བྱེད་ཀྱི་ཚིག་ཁ་སྲ་ཞིང་གཏིང་ཟབ་པས་དཔྱད་དཀའ་ལ། གཞན་ལྟ་གྲུབ་ཀྱི་དབང་གིས་དཀྱིལ་འཁོར་དང་གནས་འདྲེན་སོགས་ལ་བརྗོད་གཞི་ཆེར་མེད་ཀྱང་། ཀླན་ག་མང་བ་དང་། རྫོགས་ཆེན་པའི་རྗེས་འཇུག་རྣམས་ཀྱང་གོ་དོན་ལམ་འཁྱེར་འདི་དང་འདིའོ་ཞེས་སྨྲ་དཀའ་བ་ཞིག་ཏུ་སྣང་བས་བླུན་པོ་རང་གི་གོ་རྒྱའི་ཁབ་མིག་ཏུ་གཞུང་ལུགས་ཟབ་མོའི་རི་བོ་བསྒྲིལ་བར་སྣང་ཡང་། མཁས་པའི་ཡིག་ཚངས་སུ། དམ་པ་རྣམས་ནི་ལེགས་བཤད་སྐྱེས་ཀྱིས་མཆོད། །དམན་རྣམས་ཟང་ཟིང་ནོར་གྱིས་དེ་ལྟ་མིན། །དངོས་པོ་དམན་ཡང་བསམ་པ་དག་པ་ཡིས། །རྒྱལ་བ་མཆོད་པའི་ཡོན་ནི་གཞལ་དུ་མེད། །ཅེས་པ་ལྟར། བསྟན་པ་དང་བསྟན་འཛིན་གྱི་ཞབས་རིམ་དུ་བསམ་ནས་གོ་ཡུལ་གྱི་རྟོགས་པ་ཅུང་ཟད་ཅིག་བྲིས་ན། ཟབ་ཆོས་འདིའི་བསྙེན་བསྒྲུབ་ལས་གསུམ་ལ་མེད་མི་རུང་གི་ལས་བྱང་རྩར་ཕྲེང་ཆེན་མོ་གང་ཟག་སྤྲོས་པ་ལ་དགའ་བའི་དོན་དུ་རྗོད་བྱེད་ཀྱི་ཚིག་མང་ལ་བརྗོད་བྱའི་དོན་རྒྱ་ཆེ་བ་སྤྱི་དོན་བཅོ་བརྒྱད་དུ་བསྟན་པ་འདི་ཉིད་ནི། ཇི་སྐད་དུ། འདི་ལ་

སྤྱི་དོན་བཅོ་བརྒྱད་བསྟན། །བཀའ་བསྒོ་མཚམས་གཅོད་ཕྱག་རྒྱ་བཟུང་། །སྔོན་འགྲོ་ཡན་ལག་བཅུ་པ་དང་། །སྨན་རཀ་གཏོར་གསུམ་བྱིན་རླབས་དང་། །གཞལ་ཡས་ཁོག་འབུབ་ལྷ་བསྐྱེད་དང་། །སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ཞིང་། །མཆོད་བསྟོད་ནོངས་བཤགས་ཚོགས་ལས་བྱ། །བསྐུལ་དང་ཆད་ཐོ་སྒོ་དབྱེ་དང་། །གཏོར་སྐྱོང་གཏོར་བྲོ་སྨོན་ལམ་གདབ། །ལེའུ་བཅོ་བརྒྱད་ལས་བྱང་གྲངས། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །ཞེས་པས། སྡོམ་དང་པོ་བགེགས་ལ་བཀའ་བསྒོ་བ་ནི། ལུས་ཅན་རྣམས་ཀྱི་སྙིང་ལ་ང་དང་ང་ཡིར་འཛིན་པའི་འཆིང་བ་དམ་པོ་ཞིག་ཡོད་པ་དེ་ཡིས་ཁམས་གསུམ་འཁོར་བར་ལྟུང་བའི་རྒྱུ་བྱེད་དེ་ལ་ང་ཡི་ང་རྒྱལ་ཞེས་མདོ་ལས་བཤད་དེ། དབུ་མ་རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལས་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་ཉིད་ནི་འཁོར་བར་འགྱུར། །ཞེས་གསུངས་པས་མ་དག་པའི་ང་རྒྱལ་དེ་ཉིད་དག་པ་ལྷ་ཡི་ང་རྒྱལ་དུ་བསྒྱུར་ནས་བསྒོམས་པས་རིགས་མཐུན་པའི་གཉེན་པོར་འགྲོ་བ་ཡིན་ཏེ། རྒྱུད་མུ་ཏིག་ཕྲེང་བ་ལས། དྲི་མས་དྲི་མ་འཁྲུད་པ་བཞིན། །དེ་བཞིན་དག་པས་དག་པ་གྲོལ། །དུག་གིས་དུག་རྣམས་འཇོམས་པ་དང་། །ལྕག་གིས་ལྕག་རྣམས་གཅོད་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་དང་། །ཤིང་གིས་ཤིང་རྣམས་བསྲེགས་པ་ལྟར། །རང་རང་དགྲ་ནི་རང་གིས་བྱེད། །རིགས་མི་མཐུན་པས་གྲོལ་བ་མིན། །ཞེས་པ་ལྟར། རང་གི་རིག་པའི་ངོ་བོ་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མའི་སྐུར་ལམ་གྱིས་བསྐྱེད་པའི་ཐུགས་ཀ་

ནས་འོད་ཟེར་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱིས་གོ་མཚམས་མེད་པར་གཏམས་པས། དེ་ཐམས་ཅད་རང་རིག་པའི་ཡེ་ཤེས་སྟོང་གསལ་འོད་ལྔའི་མདངས་ལས་ཤར་བའི་ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ་རིགས་ལྔ། སེམས་དཔའ་ལྕམ་དྲལ། ཐུབ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་སོགས་རྡོ་རྗེ་དབྱིངས་ཀྱི་ལྷ་དང་། སྟེང་གི་ནམ་མཁར་མེ་རི་འབར་བའི་དབུས་ཁྲག་འཐུང་ཁྲོ་བོའི་ཚོགས་སྤྲུལ་པ་དང་ཡང་སྤྲུལ་ཕྱག་བརྙན་བཀའ་སྡོད་དང་བཅས་པ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་གསལ་བས། འཁོར་བ་ཐོག་མེད་ནས་ལྷན་སྐྱེས་ཀྱི་མ་རིག་པའི་རྒྱུ་ལས་བྱུང་བའི། དུག་ལྔ་དུག་གསུམ་གྱི་རང་གཟུགས་ཕྱི་རོལ་གྱི་གདོན་བགེགས་སུ་ཤར་བ། སྒྲུབ་པ་པོའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་གླག་ལྟ་ཞིང་། བསྒྲུབ་པའི་དཀྱིལ་འཁོར་གཉན་པོའི་ཡོ་བྱད་མཆོད་པའི་རྫས་རྣམས་ཀྱི་བཀྲག་དང་མདངས་ཕྲོག་པའི་ལོག་པར་འདྲེན་པ་གང་དག །བལྟ་བའི་དབང་དང་འདུག་པའི་གནས་མེད་པ་རང་དེངས་སུ་འགྲོ་བ་ཆོས་ཉིད་དེ། བཀའ་བརྒྱད་བདེར་འདུས་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་པ་ལྟར་རོ། །དེ་ནི་ལྟ་བས་མཚམས་བཅད་པ་སྟེ། སྣོད་གཞལ་ཡས་ཁང་། བཅུད་ཡི་དམ་ལྷ། རྟོག་ཚོགས་ཆོས་ཉིད་ཀྱི་རོལ་བར་ཤར་བས། མ་རིག་པ་ཡུལ་ཕྱུང་། དུག་ལྔའི་སྐྱེ་རྒྱུད་བཅད། འགྲོ་བ་དྲུག་གི་གཞི་རྩ་བཅད་པ་ཡིན་པས་བསྐྲད་བྱའི་འདྲེ་དང་། སྐྲོད་བྱེད་ཀྱི་དྲག་པོའི་བརྟུལ་ཞུགས་སོགས་མི་དམིགས་པ་ཉིད་དོ། །སྤྱི་དོན་གཉིས་པ་མཚམས་གཅོད་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་

གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣམ་འཕྲུལ་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱི་ཐུགས་ཀ་ནས་གདུལ་བྱ་གདུག་ཅིང་གཏུམ་པའི་གཉེན་པོར་དྲག་པོའི་རིག་རྩལ་ལས་གསང་བའི་བདག་པོ་མཐིང་ནག་ཁྲོས་པ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀུན་རྫོགས་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། དེའི་ཐུགས་ཀ་ནས་ཧཱུྃ་ཡིག་མཐིང་ནག་གཅིག་སྐར་མདའ་ཆད་པ་ལྟར་འཕྲོས་ཏེ་ཤར་དབུས་དྲང་པོར་བབས་པ། དེ་ཉིད་རྡོ་རྗེ་སྔོན་པོ་རྩེ་དགུ་པ། མར་གྱི་རྭ་རྩེ་རྡོ་རྗེ་ས་གཞི་ལ་ཐུག་ཅིང་། ཡར་རྩེ་བློས་ཁྱབ་ཚད་ཙམ་དུ་བསྒོམ་ཞིང་། དེ་ལས་དེ་འདྲ་བ་གཅིག་ལས་གཅིག་མཆེད་དུ་གཡས་སྐོར་དུ་རྡོ་རྗེ་རྭ་བ་ཟླུམ་པོས་ཁྲིག་གེ་འཁོར་བར་བསམ། ཕྱོགས་མཚམས་ཀྱི་རྡོ་རྗེ་རྣམས་ལ་རང་འདྲ་བ་གྲངས་མེད་པ་སྟེང་དང་འོག་དུ་འཕྲོས་པ། རྡོ་རྗེ་གྱེན་བསྒྲེང་གི་གུར་ཟླུམ་པོ་དབུས་གྱེན་དུ་མཐོ་བ་ལ་རྡོ་རྗེ་ཕྱེད་པའི་ཏོག་ཅན། མཐའ་བག་གྱིས་གཞོལ་བས་རྭ་གུར་སྤྲད་པ། འོག་གི་ས་གཞི་རྡོ་རྗེ་རྡུལ་ཕྲ་མོས་གོ་མཚམས་མེད་པར་གཏམ་པར་བསྒོམ་མོ། །དེ་བཞིན་དུ་ནང་ནས་ཕྱིར་རིམ་པ་བཞིན་དུ་གསང་བདག་གི་ཐུགས་ཀའི་ཏྲཾ་སེར་པོ་ཞིག་ལྷོ་དབུས་སུ་ཆད་པ་ལས་རིན་པོ་ཆེ་ཟུར་བརྒྱད་པ་འོད་ཟེར་འབར་བའི་རྣམ་པ་གཡས་སྐོར་དུ་མཆེད་པ་རིན་པོ་ཆེའི་རྭ་གུར་ཟླུམ་པོ་སྔ་མ་བཞིན། ཧྲཱི་དམར་པོ་ཆད་པ་ལས། པདྨ་དམར་པོའི་རྭ་བ་གུར་སྔ་མ་ལྟར་ཨ་ལྗང་ཁུ་ཆད་པ་ལས་རྡོ་རྗེ་རྒྱ་གྲམ་གྱེན་དུ་བསླང་བའི་རྭ་གུར་ཟླུམ་པོ། ༀ་དཀར་པོ་སྟེང་ཕྱོགས་སུ་འཕྲོས་པ་ལས། འཁོར་ལོ་རྩིབས་སྟོང་གི་གུར་ཁང་སྟེང་ནས་ཕུབས་ཅིང་། རྩིབས་བརྒྱད་ཀྱི་ར་བ་ཟླུམ་པོ་སྔ་མ་ལྟར་རམ། འདི་ཀཿཐོག་སྤྲུལ་སྐུ་རིན་པོ་ཆེ་ཞིང་སྐྱོང་། རྒྱ་བླ་མ་བསོད་ནམས་ཆོས་ཀྱི་དབང་ཕྱུག །རྒྱལ་སྲས་

བསྟན་འཕེལ་གསུམ་ཀའི་བཞེད་པ་ཞལ་མཐུན་དྲུང་རིན་པོ་ཆེའི་གསུངས་ཡིན་ཞེས་སྐྱེས་བུ་དམ་པ་དེ་དག་གི་གསུངས་ལ་སོམ་ཉི་ཅི་ཡོད་ཀྱང་། གཞུང་འདི་ལ་སྒོམ་ཐབས་ཀྱི་གསལ་ཁ་མ་བྱུང་ཡང་། བདག་གིས་བླུན་ཚོད་ལ་བཀའ་བརྒྱད་ལྟར་ན། ཧཱུྃ་སྣང་སྲིད་འཁོར་ལོ་རྩིབས་བཅུ་འབར། །སོགས་གསུངས་པས། སྔར་ཀྱི་གུར་ཁང་བཞི་ག་འཁོར་ལོའི་ལྟོ་བའི་ནང་དུ་ཆུད་པ་སྟེང་འོག་གའུ་ཁ་སྦྱོར་གྱི་རྣམ་པ་ཡངས་ཤིང་རྒྱ་ཆེ་བ་མཐོ་བར་བསྒོམ་པའི་སྟེང་འོག་གཉིས་དང་། ཕྱོགས་མཚམས་ཀྱི་རྩིབས་བརྒྱད་རྩ་བ་སྦུབས་སྟོང་། མདུང་སོ་ཕྱིར་བསྟན་གྱི་རྣམ་པས་རྩིབས་རྩེ་ཕྱིར་བསྟན་པ། རྩ་རྩེའི་སྦུབས་ལ་སྲུངས་ཟློག་གི་ཁྲོ་བོ་རྣམས་ཞལ་ཕྱི་ནང་དུ་གཟིགས་པ་བསྒོམ་ན་འགལ་བ་ཡོད་དམ་སྐྱེས་མཆོག་རྣམས་ཀྱིས་དཔྱད་པར་ཞུ། ཡང་བླ་མ་ལ་ལས། རྡོ་རྗེ་ལ་སོགས་པ་སྤྲོས་ཏེ་ཤར་ཕྱོགས་སོགས་གཏམ་པར་བཤད། གུར་རིམ་པ་མང་པོ་མ་བཤད་པས་སྤྲོས་ཐལ་དུ་མ་སོང་ངམ་གསུངས། དེ་ཅུང་ཟད་ཐུགས་དགོངས་རྩིངས་པ་ཡིན་ཏེ། དེ་དག་ཀྱང་ནང་ནས་རིམ་པ་བཞིན་དུ། རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་འཁོར་ལོ་མེ་རིའི་གུར། །རིམ་པ་དྲུག་གི་ཚུལ་དུ་བསྐོར། །ཞེས་པ་འདི་ཐུགས་ཉམས་སུ་མ་བཞགས་པར་སྣང་། གང་ལྟར་འཁོར་ལོའི་གུར་ཁང་གི་ཕྱི་རོལ། ཡེ་ཤེས་ལྔ་ཡི་རང་འོད་མེ་ཡི་རྩ་བ་གྱེན་དུ་འབར་བའི་རཾ་དམར་པོ་འཕྲོས་ཏེ་ཕྱི་ནས་རིམ་པ་བཞིན་དུ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ་དཔུང་མཐའ་མེད་དུ་འབར་བ་དང་བཅས་པ་རྭ་བ་ལྟ་བུ་དང་། མེ་ལྕེ་སྟེང་ནས་འཛིངས་སྟབས་སུ་གུར་དུ་འཁྲིག་པའི་རྣམ་པར་བསྒོམ་པའོ། །ཁྲོ་བོ་བཅུ་བསྒོམ་པར་འདོད་ན། ཤར་དུ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ། ཤར་ལྷོ་དབྱུག་སྔོན། ལྷོ་ནུབ་དུ་མི་གཡོ་ མགོནཔོ། ནུབ་བྱང next hit་གཞན་གྱིས་མི་ཐུབ་པ།

བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། སྟེང་དུ་ཧཱུྃ་མཛད། འོག་ཏུ་སྟོབས་པོ་ཆེ་རྣམས་སྐུ་སྨད་ཕུར་བུ་འབར་བའི་རྣམ་པ། སྟོད་ཞལ་གསུམ་ཕྱག་དྲུག་རང་རྟགས་མཚོན་ཆའམ། ཡང་ན་གསང་བདག་དགོངས་རྒྱན་སོགས་ལྟར་གང་བདེ། ཕྱོགས་སྐྱོང་བཅུ་ཡི་གདན་ལ་བཞུགས་པར་བསྐྱེད། འདི་ཡང་ཁྲོ་བཅུ་ཡིན་པའི་གསལ་ཁ་མེད་སྙམ་ན། རང་གཞུང་དུ། ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས། །རབ་ཏུ་གཏམས་ཤིང་མཚམས་བཅད་དོ། །གསུངས་པས་གསང་བདག་གི་སྤྲུལ་པའི་ཁྲོ་ཚོགས་བསྒོམ་ཀྱང་ངོ་བོ་གཅིག་ལས་མེད་དོ། །ཡང་བླ་མ་ཕལ། ཐོག་མར་རྡོ་རྗེ་སོགས་ཀྱིས་རྭ་གུར་རྒྱས་པར་བཤད་རྗེས། ཡང་རྡོ་རྗེ་རིན་ཆེན་པདྨ་དང་། །སོགས་ལན་གཉིས་ཟློས་པ་འདི་མི་མཛེས་ཟེར། གསང་བ་སྤྱི་ཡི་འགྲོས་ལ། དང་པོ་གུར་ཁང་རིམ་པར་སྤྲོས་ཏེ། སླར་དེ་ལྟར་དུ་གསལ་བཏབ་ནས་བསྒོམ་པ་ཡིན་པས་དུས་གསུམ་མཁྱེན་པ་ལ་ཟློས་པའི་གནས་མེད་དམ། སྲུང་འཁོར་འདི་རྣམས་ཡེ་ཤེས་ལྔ་ཡི་རང་མདངས་རྒྱལ་བ་རིགས་ལྔའི་ཕྱག་རྒྱར་ཤར་བའི་ངོ་བོའི་ནུས་པས་བར་ཆད་སྲུང་བ་ལས། མཚོན་ཆའི་རྣམ་པས་མི་བསམ་པ་གནད་དོ། །དེ་ལྟར་བསྲུང་བའི་བྱ་བྱེད་ལས་གསུམ་ཀ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་སྲུང་བ་ཀུན་ཀྱི་མཆོག་ཡིན་ནོ། །སྤྱི་དོན་གསུམ་པ་ཕྱག་རྒྱ་བཟུང་བ་ནི། རང་རྡོ་རྗེ་སེམས་དཔའི་ང་རྒྱལ་ལ་གནས་པས་གདོད་ནས་ལྷན་ཅིག་སྐྱེས་པའི་མ་རིག་པའི་རྒྱ་འདྲལ་ཞིང་། ཉོན་མོངས་པའི་གཉིད་ལས་བསླངས་པའི་བརྡས་རྡོ་རྗེ་གསོར་བ་དང་། དྲིལ་བུ་དཀྲོལ་བ་སྟེ། རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུ་སྟེ་དམ་ཚིག་གསུམ་དྲན་པར་བྱ་ལ། གདོད་མ་ནས་ཆོས་ཉིད་མཁའ་ལྟར་དག་པ་སྐྱེ་བ་མེད་པའི་ངང་ལས། འགག་མེད་སྒྱུ་མའི་

རྣམ་རོལ་ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྡོ་རྗེ་དང་དྲིལ་བུས་འགྲོ་བ་སེམས་ཅན་ཐམས་ཅད་རྣམ་གྲོལ་ལམ་དུ་སད་པར་བྱེད་པའི་བརྡའ་བསྟན་ཏེ་ཐབས་ཤེས་ཟུང་འཇུག་གི་ལམ་ལ་འཇུག་པར་བྱའོ། །ཞེས། ཧཱུྃ་ཆོས་ཉིད་སྐྱེ་བ་མེད་སོགས། སྤྱི་དོན་བཞི་པ་ཡན་ལག་བཅུ་པ་ལ། དང་པོ་ནི། ནམ་མཁས་གར་ཁྱབ་རྒྱལ་བའི་ཞིང་ཁམས་ཀྱིས་ཁྱབ་ཅིང་། ཞིང་ཁམས་ཐམས་ཅད་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་སྐུ་དང་ཡེ་ཤེས་ཀྱིས་ཁྱབ་པ་སྟེ། སྡོང་པོ་བཀོད་པའི་མདོ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཅན་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཞེས་སོ། །གཞན་ཡང་དཀོན་མཆོག་གསུམ་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པ་སྤྲིན་ཕུང་འཐིབ་པ་ལྟར་བཞུགས་པའི་སྤྱན་སྔར་ལུས་ངག་ཡིད་གསུམ་དད་པས་གདུང་ཤུགས་དྲག་པོ་མི་འབྲལ་བར། དེ་རིང་ནས་བཟུང་བྱང་ཆུབ་མ་ཐོབ་བར་སྐྱབས་སུ་མཆིའོ། །ཞེས་སྐྱབས་སུ་འགྲོ་བའི་ཡན་ལག་སྟེ། ནང་པ་སངས་རྒྱས་པའི་བསླུ་མེད་ཀྱི་སྐྱབས་གནས་ངོས་བཟུང་ནས། རྟག་ཆད་དུ་འཛིན་པའི་ལམ་ལོག་པའི་གཉེན་པོ་བྱེད། ཡང་དག་པའི་ལམ་གྱི་གཞི་བཏིང་བ་བྱང་ཆུབ་ལམ་གྱི་ཡན་ལག་དང་པོའོ། །དེ་ཡང་སྐྱབས་འགྲོ་བདུན་ཅུ་པ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོག་པའི། །ཡོན་གྱི་གནས་ནི་འགའ་མེད་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་སོ། །གཉིས་པ་ནི། གདོད་མ་ནས་ཆོས་ཉིད་མཁའ་ལྟར་དག་པ་སྐྱེ་བ་མེད་པའི་དབྱིངས་ལས་ཤེས་རབ་སྟོང་པ་ཉིད་དང་། སྣང་བ་ཐབས་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་

ཐུགས་རྗེས་འགྲོ་བ་གང་འདུལ་གྱི་མོས་ངོར་སྐུར་སྤྲུལ་པ། ཕྱོགས་བཅུའི་ཞིང་རབས་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་འདས་མ་འོངས་ད་ལྟ་དུས་གསུམ་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དུས་དང་བཞིར་བྱོན་པའི་བདེ་བར་གཤེགས་པ་ཐམས་ཅད་རང་སྣང་དག་པའི་གནས་འདིར་སྤྱན་འདྲེན་ན། འགྲོ་བ་སེམས་ཅན་གྱི་དོན་དུ་གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ་ཅིང་སྤྱན་དྲངས་པའི་མོས་པའི་ངོར་འབྱོན་པ་ནི་ཆོས་ཉིད་དེ། འཇམ་དཔལ་སངས་རྒྱས་ཞིང་གི་བཀོད་པར། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་ཚུལ་དུ་འགྲུབ་པར་འགྱུར། །ཞེས་སྤྱན་དྲངས་པའི་ཡན་ལག་སྟེ། འདིས་བསོད་ནམས་མ་ཡིན་པ་བསྐྱེད་པའི་གཉེན་པོ་བྱེད། ཞིང་ཁྱད་པར་ཅན་གྱི་ཐུགས་རྗེས་བསྐུལ་བ་བྱང་ཆུབ་ལམ་གྱི་ཡན་ལག་གཉིས་པའོ། །གསུམ་པ་ནི། འདི་ལྟར་སྣང་ཞིང་སྲིད་པའི་དངོས་པོ་འདི་ཐམས་ཅད་མ་དག་པའི་འཁྲུལ་སྣང་དབྱིངས་སུ་ནུབ་ནས། དག་པ་ཡེ་ཤེས་འཁོར་ལོ་འབའ་ཞིག་དུ་ཤར་བའི་དབྱིངས་སུ་རིན་པོ་ཆེ་དང་། སེང་གེ་ལ་སོགས་ཁྲི་རྐང་ཐབས་ཤེས་དྲི་མ་མེད་པ་ཉི་ཟླ་པདྨ་ལ་སོགས་པའི་གདན་མཐོ་ཞིང་ཡངས་པ་བཀོད་པ་འདིར། ཟག་མེད་རྡོ་རྗེའི་སྐུ་སྣང་སྟོང་འོད་ཀྱི་ཕུང་པོར་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཞེས་གསོལ་བ་བཏབ་པས་མཐར་ཐུག་འཇིག་མེད་རྡོ་རྗེའི་གདན་ལ་མངོན་པར་བྱང་ཆུབ་པའི་དགོས་པ་ཡོད་དོ། །འདིས་ང་རྒྱལ་དང་ཁེངས་སེམས་ཀྱི་གཉེན་པོ་བྱེད། སྒོ་གསུམ་ལས་རུང་དུ་བསྒྲུབས་པ་བྱང་ཆུབ་ལམ་གྱི་ཡན་ལག་གསུམ་པའོ། །བཞི་པ་ནི། ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ། །སོགས་འབྱུང་བ་ཆོས་

ཀྱི་ཁམས་རྣམ་པར་དག་པའི་དབྱིངས་ཤེས་རབ་སྟོང་པ་ཉིད་ཀུན་ཏུ་བཟང་མོ་ཡུམ་གྱི་བརྡ་དང་། དེ་ཡི་མཁའ་དབྱིངས་བྷ་ག་ཞེས་པའི་བརྡའ་དང་། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀུན་ཏུ་བཟང་པོ་ཡབ་ཀྱི་རོལ་བར་བསྟན་ཞིང་། དོན་ལ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྒྱུ་འཕྲུལ་དྲྭ་བའི་ལྷར་ཤར་བ་ལ་གུས་པས་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བའི་ཡན་ལག་སྟེ། འདིས་སྒོ་གསུམ་བག་མེད་པའི་གཉེན་པོར་བྱེད། ཡུལ་ཁྱད་པར་ཅན་ལ་སྲི་ཞུ་བླ་ན་མེད་པ་སྒྲུབ་པ་བྱང་ཆུབ་ལམ་གྱི་ཡན་ལག་བཞི་པའོ། །ལྔ་པ་ནི། དེ་ལྟར་སྣང་སྟོང་སྒྱུ་མའི་རྣམ་རོལ་དུ་ཤར་བའི་བདེར་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་སྤྱན་སྔར། ཕྱི་ཡི་མཆོད་པ་ཉེར་སྤྱོད་བདུན། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྟགས་རྫས་བཅུ་དྲུག །ནོར་བུ་ཆ་བདུན། ཉེ་བའི་ཆས་ལྔ། ནང་གཟུགས་སྒྲ་དྲི་རོ་རེག་བྱ། སྨན་གཏོར་རཀྟ། གསང་བ་བདེ་ཆེན་རྡོ་རྗེ་རིག་མ་བཅུ་དྲུག །སྦྱོར་སྒྲོལ། གླུ་གར་བྲོ། མཐར་ཐུག་དེ་ཁོ་ན་ཉིད་ལ་སོགས་དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་མཆོད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་སྤྲིན་ཕུང་རྒྱ་ནམ་མཁའི་དབྱིངས་དང་མཉམ་པ་རྒྱུན་འཁོར་བ་མ་སྟོང་བར་འབྱུང་ཞིང་རྒྱས་པར་དབུལ་ལོ། །འདིས་ཉོན་མོངས་པ་སེར་སྣའི་གཉེན་པོ་བྱེད་ཅིང་ཆགས་མེད་གཏོང་བའི་ཐབས་ཀྱི་སྒོ་བྱང་ཆུབ་ལམ་གྱི་ཡན་ལག་ལྔ་པའོ། །དྲུག་པ་ནི། འཁོར་བ་ཐོག་མེད་ཀྱི་དུས་ནས་ཉོན་མོངས་པ་དུག་གསུམ་གྱི་དབང་དུ་གྱུར་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ཚོགས་ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་རབ་ཏུ་གནོང་འགྱོད་དྲག་པོའི་སེམས་ཀྱིས་མཐོལ་ལོ་

བཤགས་སོ། །འདིས་ཞེ་སྡང་གི་གཉེན་པོ་བྱེད་ཅིང་སྡིག་ལྟུང་རྩ་བ་ནས་འདག་པའི་བྱང་ཆུབ་ཀྱི་ལམ་ཡན་ལག་དྲུག་པའོ། །བདུན་པ་ནི། ཀུན་ཁྱབ་བདེ་བ་ཆེན་པོའི་ཆོས་ཀྱི་དབྱིངས་ན་ཆགས་ཐོགས་མེད་པའི་ཐུགས་རྗེས་འགྲོ་བའི་དོན་མཛད་པའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་བསྐྱེད་པའི་རྣམ་དཀར་གྱི་དགེ་ཚོགས་ཇི་སྙེད་པ་རྣམས་ལ་སྙིང་ནས་སྤྲོ་བའི་ཡི་རང་ངོ་། །འདིས་གཞན་གྱི་དགེ་བ་སོགས་གྲགས་པ་ལ་ཕྲག་དོག་པའི་གཉེན་པོ་བྱེད། རང་གཞན་གྱི་བསོད་ནམས་མཉམ་དུ་ཐོབ་པ་བྱང་ཆུབ་ཀྱི་ཡན་ལག་བདུན་པའོ། །བརྒྱད་པ་ནི། ཕྱོགས་བཅུའི་ཞིང་རབ་འབྱམས་ན་འཚོ་ཞིང་གཞེས་པའི་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་འགྲོ་བའི་མགོན་པོ་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་དེ་དག་ལ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་རྗེས་ཐུགས་དམ་གྱིས་རྒྱུད་བསྐུལ་ནས། ནམ་མཁའི་མཐར་ཐུག་པའི་དབྱིངས་དང་མཉམ་པར་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བའི་གསོལ་བ་འདེབས་པ་སྟེ། འདིས་གཏི་མུག་གི་གཉེན་པོ་བྱེད་ཅིང་། འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱང་ཆུབ་ལམ་གྱི་ཡན་ལག་བརྒྱད་པའོ། །དགུ་པ་ནི། ཁམས་གསུམ་འཁོར་བའི་འཇིག་རྟེན་འདི་མ་སྟོང་གི་བར་དེ་སྲིད་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་སྟེ། བྱང་ཆུབ་ཀྱི་ལམ་ཡན་ལག་དགུ་པའོ། །བཅུ་པ་ནི། བདག་གཞན་གྱིས་འཁོར་འདས་དུས་གསུམ་དུ་བསགས་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྣོད་དུ་གྱུར་

ནས། ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །འདིས་ཐེག་དམན་གྱི་གཉེན་པོ་བྱེད་ཅིང་འཁོར་གསུམ་ཡོངས་སུ་དག་པ་བྱང་ཆུབ་ཀྱི་ལམ་ཡན་ལག་བཅུ་པའོ། །སྤྱི་དོན་ལྔ་པ། སྨན་གཏོར་རཀྟ་བྱིན་གྱིས་བརླབས་པ་ནི། འདི་ལྟར་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོར་འཛིན་པ་ཐམས་ཅད། དམིགས་པའི་ཡུལ་དང་། བསམ་པའི་མཐའ། བརྗོད་པའི་ཚིག་གང་དང་ཡང་བྲལ་བ་སྟོང་ཉིད་ནམ་མཁའི་རང་བཞིན་ལས་རང་གི་རིག་པའི་ཡེ་ཤེས་ཀྱི་རང་རྩལ་རཾ་ཡཾ་ཁཾ་གི་ཡི་གེ་སྤྲོས་པ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་རྟོག་པ་ཐམས་ཅད་བསྲེག་གཏོར་སྦྱངས་ནས་སྟོང་པར་གྱུར། སླར་ཡང་དེ་གསུམ་སྨན་གཏོར་རཀྟའི་དངོས་པོར་གྱུར་པ་ནི། སྨན་ཨཿལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་ཤ་ལྔ་བདུད་རྩི་ལྔ། ཡི་གེ་བཅུ་ལས་རིགས་ལྔ་ཡབ་ཡུམ་བཅུ་སོགས་རྒྱུ་རྐྱེན་སུམ་ཅུའི་སྦྱོར་བ་འཚོགས་པ་ལས་དམ་ཡེ་གཉིས་མེད་ཀྱི་བདུད་རྩིའི་སྣོད་གང་བར་བསམ་ལ། ཧཱུྃ། དམིགས་བསམ་བརྗོད་བྲལ་ངང་ཉིད་ལས། །སོགས་ཨཱ་ཱཧཱུྃཿབར་རོ། །རཀྟའི་སྣོད་ཡུམ་གྱི་མཁའ་དབྱིངས་སུ་ཉི་མ་ལ་གནས་པའི། ར་ཡིག་དམར་པོ་ལས། ཁམས་གསུམ་ཀྱི་ཉོན་མོངས་པ་དུག་གསུམ་བསྡུས་ནས་བསྟིམ་པ་དེ་ཉིད་ཡབ་ཡུམ་ཐབས་ཤེས་ཀྱི་སྦྱོར་བས་བདེ་སྟོང་ཟག་མེད་དབྱིངས་སུ་བསྒྲལ་བ། ཡབ་ཀྱི་རྒྱུ་བཞི་དང་། ཡུམ་གྱི་རྐྱེན་བཞི་རོ་གཅིག་དུ་འདྲེས་པའི་ཆགས་མེད་རཀྟའི་རྒྱ་མཚོ་རྦ་ཀླུང་འཁྲུགས་པའི་སྣོད་གང་བར་གྱུར། ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་སྟེ༔ སོགས། ཧྲཱིཥྛ༔ གཏོར་མའི་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་རྒྱུ་ཉོན་མོངས་པ་དུག་ལྔ་རྟོག་མེད་ཡེ་ཤེས་ལྔར་བསྒྲལ་བའི་བརྡའ་བསྟན་པའི་རྫས་ཤ་ཆེན་ལྔ་སོགས་དམ་རྫས་གཏོར་མའི་ཕུང་པོ་འདོད་པའི་

ཡོན་ཏན་བསམ་གྱིས་མི་ཁྱབ་པར་གྱུར། ཧཱུྃ༔ དུག་ལྔ་རྣམ་དག་ཡེ་ཤེས་སོགས། ཨཿཧཱུྃ༔ མཆོད་པ་ཡང་། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཟུགས་སྒྲ་དྲི་རོ་སོགས་ཡུལ་ལྔ་མིག་གི་རྣམ་ཤེས་སོགས་གནས་ལྔ་སྟེ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་ཀ་རྟོག་མེད་ཡེ་ཤེས་ཆེན་པོར་རྣམ་པར་དག་པ། མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔ་ངོ་པོ་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་དེ་དང་དེ། བྱེད་ལས་རྒྱལ་བའི་ཐུགས་དམ་བསྐངས་བའི་རྫས་སུ་གྱུར། ༀ་ཨཱཿཧཱུྃ་གཟུགས་སྒྲ་དྲི་རོ་སོགས། སྤྱི་དོན་དྲུག་པ་གཞལ་ཡས་ཁོག་དབུབ་པ་ལ། འཕྲོས་དོན་དང་གཞུང་དོན་གཉིས་ལས། དགེ་རྙིང་གི་བླ་མ་ཐ་སྙད་ལ་མཁས་པ་དག་གིས་འདི་སྐད་དུ། ཞི་ཁྲོའི་དཀྱིལ་འཁོར་འོག་གཞི་ཞི་བ་དང་། ཁྲོ་བོ་སྟེང་དུ་བསྒོམ་པ་ཡིན་ཟེར། མར་འབུབ་ཀྱི་ཙཀ་གདུག་ཞི་བ་སྟེང་དང་ཁྲོ་བོ་འོག་ཏུ་བཞི་བསྣོལ་དུ་བྱུང་བས། རྒྱུད་ལུང་དང་མཐུན་པའི་ཕྱག་བཞེས་མིན་པས། ཐ་མལ་མིག་འབྲིད་ཙམ་དུ་ཟད་ཟེར་མོད། འདི་ལ་གནའ་རབས་རྒན་པོའི་ངག་སྒྲོས་ལྟར་ན། ཟབ་ཆོས་འདིའི་གཏེར་གནས་དྭགས་ལྷ་སྒམ་པོ་ཡིན་པའི་སྟབས་ཀྱིས། དྭག་ཀོང་ཉང་གསུམ་དུ་དགོངས་པ་རང་གྲོལ་གྱི་འགྲོ་དོན་ཁྱབ་རྒྱ་ཤིན་ཏུ་ཆེ་བས། སྐྱེས་མཆོག་བླ་མ་རྣམས་ཀྱིས་བསྒྲུབ་མཆོད་ཆེན་མོ་དང་འབྲེལ་བའི་བསྐང་བཤགས་ཀྱི་ཆོ་ག་རྒྱས་པ་ཟླ་བ་རེ་ཙམ་ལ་བཏང་ནས། མཐར་དབང་ཆེན་བསྐུར་བའི་སྲོལ་ཟུག་ཅིང་ཚོགས་ཐ་མའི་སྐབས་བསྒྲལ་འཆམས་དང་། དབང་གི་སྔོན་འགྲོར་མེ་ཐུན་ཆུ་ཐུན་གྱི་སྐབས་གང་དཀར་ནག་རྒྱུག་པ་སོགས་ཁྲོམ་སྡུད་ཀྱི་སྤྲོས་བཅས་ཆེན་མོ་མཛད་པ་བྱུང་ལ། དེ་དུས་བརྒྱ་ཕྱག་སོགས་ཀྱི་སྐབས་བླ་མ་རྡོ་རྗེ་སློབ་དཔོན་རེས་བྱང་དྲངས་ནས། ཁྲོམ་

རྣམས་ཀྱིས་རྗེས་ཟློས་བྱེད་ཅིང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བར་གྲགས་ལ། དེ་དག་ལ་དམ་པ་རིགས་བརྒྱའི་ལྷ་ཡི་ཞལ་བསྟན་པའི་ཆེད་དུ། མར་འབུབས་ཀྱི་ཙཀ་གདུག་འདི་བྱུང་ཞེས་ལྷོ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་གསུངས་ལས་ཐོས། དེ་ཡང་རྩི་དཀར་བ་ཉི་ཟླ་འོད་ཟེར་དང་། བཀའ་བབས་ཆོས་ཀྱི་རྒྱ་མཚོ་དང་། ཆགས་མེད་རིན་པོ་ཆེ་སོགས་སོ་སོའི་དག་སྣང་ལས་བྱུང་ཟེར་བའང་འདུག །གང་ལྟར་འདི་ཚོགས་ཞིང་གི་ལྷ་ཡིན་ཞིང་དཀྱིལ་འཁོར་ལྷའི་སྒོམ་དོན་དུ་བསམ་པ་མི་འཐད་དེ། ཟབ་ཆོས་འདི་ཉིད་ཀྱི་ཆོས་སྤྱོད་བག་ཆགས་རང་གྲོལ་ལས། སྐྱབས་ཡུལ་དཀོན་མཆོག་གསུམ་དང་རིགས་བརྒྱའི་ལྷ། །མདུན་གྱི་ནམ་མཁར་དམིགས་ནས་འདི་སྐད་དོ། །ཞེས་གསུངས་ཤིང་། ཚོགས་ཞིང་བསྒོམ་པར་བཤད་ན་དེའི་དམིགས་རྟེན་གྱི་བྲིས་སྐུ་བཀྲམ་པ་ལ་སྐྱོན་ཅི་ཡང་མེད་དེ། རྡོ་རྗེ་ཐེག་པའི་བསྙེན་བསྒྲུབ་ལས་གསུམ་དབང་རབ་གནས་གང་གི་སྐབས་ཡང་། བྲིས་སྐུ་རབ་གནས་ཅན་བཀྲམ་པའི་མདུན་དུ་དཀྱིལ་འཁོར་བཤམས་པར་བཤད་མོད། རིག་པས་དཔྱད་ཀྱང་སྐྱོན་དུ་འགྲོ་བ་ཕར་ཞོག །སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་མཆོག་གཉིས་ཀ་ཚང་པས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དང་ལྡན་པའོ། །དེ་ལ་འདི་སྐད་དུ། ཚོགས་ཞིང་ཡིན་ན། ལྷ་ཐམས་ཅད་རང་ལ་ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས་དགོས་ན། འདིར་ལྷ་ཐམས་ཅད་ཞལ་ཕྱོགས་སོ་སོར་བལྟ་བས། ཚོགས་ཞིང་དུ་མི་རུང་ཞེ་ན། དེ་སྐྱོན་མེད་དེ་ཕྱོགས་བཅུའི་ནམ་མཁས་གར་ཁྱབ་གདུལ་བྱའི་སེམས་ཅན་གྱིས་ཁྱབ་པས། དེ་ཐམས་ཅད་ལ་རིས་སུ་མ་ཆད་པའི་ཐུགས་རྗེའི་སྤྱན་གྱིས་གཟིགས་པའི་བརྡའ་དང་། ཡེ་ཤེས་རང་སྣང་གི་ལྷ་དྭངས་གསལ་འོད་ཀྱི་ལུས་ལ་མདུན་རྒྱབ་ཀྱི་སྒྲིབ་

གཡོག་མེད་པ་དང་། གདུལ་བྱ་སོ་སོའི་མོས་པའི་ངོར་རང་ལ་ཐུགས་རྗེས་བརྩེ་བའི་གཟིགས་པར་བསམ་པ། དེ་ལྟར་སྣང་བ་ཡིན་ཏེ། རྒྱུད་གསང་བ་སྙིང་པོ་ལས། སྐུ་མདུན་དང་རྒྱབ་མེད་པ། ཞལ་ཕྱོགས་ཀུན་ཏུ་ཐ་ལེར་གསལ་བ་ཞེས་དང་། སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གསལ། །ཀུན་གཟིགས་ཀུན་སྣང་སྐུ་ལ་མདུན་རྒྱབ་མེད། །ནམ་མཁའ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །ཞེས་གསུངས་པས་སོ། །གཉིས་པ་དངོས་དོན་ལ། ཐོག་མར་ཏིང་འཛིན་རྣམ་གསུམ་བསྒོམ་པའི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། འདི་ལྟར་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་ཀའདས་མ་འོངས་ད་ལྟ་དུས་གསུམ་གྱི་རྟོག་པའི་འཕྲོ་འདུ་ཐམས་ཅད་དམིགས་བསམ་བརྗོད་པ་དང་བྲལ་བ་སྟོང་ཉིད་ནམ་མཁའི་རང་བཞིན་གཅིག་ཏུ་བལྟ་བ་ནི། ལུས་ཅན་རྣམས་ཀྱི་གཞི་དེ་བཞིན་དུ་བསྒོམ་པ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ། ཆོས་སྐུའི་ས་བོན་ཡི་གེ་ༀ་གྱིས་མགོ་དྲངས་ཏེ། ༀ༔ རྣམ་པར་རྟོག་གསུམ་བྲལ་བ་ཡི༔ སོགས། ཏི་ཧཱུྃ༔ འདིས་འཆི་སྲིད་སྦྱོངས། འཆི་བ་ཆོས་སྐུ་ལམ་དུ་འཁྱེར། ཆོས་སྐུའི་ས་བོན་མངོན་དུ་བྱས། སྟོང་པ་ཆེན་པོའི་རྣལ་འབྱོར་ལ་རང་བྱན་ཚུད་པར་གསུངས། གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། གནས་ལུགས་དེ་མ་རྟོགས་པས་འཁྲུལ་སྣང་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ལ་བཅོས་མིན་གྱི་སྙིང་རྗེ་ཆེན་པོའི་རང་མདངས་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་ནམ་མཁའ་དང་འཇའ་ཚོན་ལྟར་བསྒོམ་པ་ནི། ལོངས་སྐུའི་ཡི་གེ་ཨཿཡིས་དྲངས་ཏེ། ཨ༔ རྟོག་བྲལ་ངང་ལས་རང་བྱུང་རྩལ༔ སོགས། ཨཱཿའདིས་བར་སྲིད་ཀྱི་ཡིད་ལུས་སྦྱོངས། སྣང་སྟོང་ལོངས་སྐུ་ལམ་དུ་འཁྱེར།

མཐར་ཐུག་ལོངས་སྐུའི་ས་བོན་མངོན་དུ་བྱས། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ལ་གོམ་གསུངས། གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་ནི། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་མདངས་ལས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རིག་རྩལ་རྒྱུའི་ཡི་གེ་ཨཱཿམཐིང་ནག་གཅིག་ནམ་མཁའ་ལ་རང་བབས་ཀྱིས་ཤར། སྤྲུལ་སྐུའི་ཡི་གེ་ཧཱུྃ་གིས་མགོ་དྲངས་ཏེ། ཧཱུྃ༔ གསལ་སྟོང་སྙིང་རྗེའི་སོགས། ཧཱུྃ་ཨཱཿའདིས་སྐྱེ་སྲིད་ཀྱི་བག་ཆགས་སྦྱོངས། སྐྱེ་བ་སྤྲུལ་སྐུ་ལམ་དུ་འཁྱེར། མཐར་ཐུག་སྤྲུལ་སྐུའི་ས་བོན་མངོན་དུ་བྱས། ཕྱག་རྒྱ་གཅིག་པ་ཕྲ་མོའི་རྣལ་འབྱོར་ལ་དབང་བྱེད་པར་གསུངས་སོ། །མདོ་སྔགས་ཐུན་མོང་དུ་བཤད་པའི། རྡོ་རྗེ་ལྟ་བུ། སྒྱུ་མ་ལྟ་བུ། དཔའ་བར་འགྲོ་བའི་ཏིང་འཛིན་གསུམ་དུ་བཤད་དོ། །བཞི་པ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི། ནམ་མཁའ་སྟོང་གསལ་སྒྲིབ་མེད་ཀྱི་དབྱིངས་ལས། ནམ་མཁའི་གཟུགས་ཅན་ཞེས་པ་མཐིང་ནག་འོད་དུ་འབར་བ་སྣང་ལ་རང་བཞིན་མེད་པ་འོད་ཟེར་ཨེ་དང་བཅས་པ་འོག་ཕྱོགས་སུ་ཆད་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་ཟུར་དྲུག་པ་ནམ་མཁའ་རྣམ་པར་དག་པའི་ངོ་བོ་ཡངས་ཤིང་རྒྱ་ཆེ་བ། གདེངས་ཀ་གྱེན་དུ་བསྟན་ཞིང་རྩ་བ་ཐུར་དུ་ཟུག་པའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་དབྱིབས་ཡེ་ཤེས་ལྔ་ཡི་རང་འོད་འཕྲོ་བ་སྲ་ཞིང་འཐས་པ། བར་འདིར་མེ་ཡི་དཀྱིལ་འཁོར་མ་བྱུང་བས་ཆད་ཟེར་ལྟ་བ་མཐོ་བ་དག་གསུངས་མོད། འདི་ལ་འབྱུང་བ་བཞི་བརྩེགས་དང་། ལྔ་བརྩེགས་ལུགས་གཉིས་བཤད། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ལ་མེ་དཀྱིལ་དངོས་སུ་གྲུབ་པ་ཞིག་མ་བཤད་དེ། མདོ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་སེམས་ཅན་བརྟེན། །

སེམས་ཅན་ཁམས་ལ་སྤྱོད་པའི་རྒྱུ་ནི་འདི་འདྲ་སྟེ། །ཞེས་པ་ལྟར་མེ་དཀྱིལ་མེད་པ་འདི་ལྟར་དང་། ཕྱི་ནང་གི་ཁམས་ལྔ་ཡུམ་ལྔའི་དག་པ་སྦྱར་བ་ན། མེ་ཁམས་དྲོད་དང་གོས་དཀར་མོ་དག་པ་སྦྱར་དུས། ཆུ་རླུང་གཉིས་ཀྱི་བར་དུ་མེ་དཀྱིལ་བཤད་པ་མན་ངག་ལུགས་སུ་སྣང་བ་གཞུང་ཕལ་ཆེ་བར་ལྔ་བརྩེགས་སུ་བཤད། དེ་ལྟར་ན་སྦྱང་གཞི་མེ་མེད་ན་སུ་ལ་སྦྱར་ཞེ་ན། ས་ཆུ་རླུང་གསུམ་གའི་ཁྲོད་ན་མེ་ཡི་ལས་བྱེད་པའི་རྫས་ཡོད་པ་དང་སྦྱར་བ་ལགས། ཨོ་རྒྱན་དུས་གསུམ་མཁྱེན་པ་དུས་གསུམ་དུ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ཅན། སོ་སོ་ཡང་དག་རིག་པ་བཞི་བརྙེས་ནས་མི་འཇིགས་རྣམ་བཞིའི་ཆོས་སྟོན་པ་བརྗེད་ངེས་སོགས་སྒྲིབ་པའི་ཆད་ལྷག་མི་འབྱུང་སྙམས། དེ་དང་མཚུངས་པར་ལས་བྱང་ཆུང་བར་ཆེ་མཆོག་ཆད་པ་ཁ་སྐོང་དགོས་ཟེར། ཕ་བསད་རྒྱལ་རྔ་བརྡུང་མཁན་ཡང་སྣང་མོད། བོད་འདིར་ཁོ་ནར་གཏེར་ཁ་བྱེ་བ་དགུ་ཁྲི་སྦས་པར་བཤད་ན་རང་རེས་དེ་ཡི་ཆད་འཛུད་སོགས་ཞུ་དག་ག་ལ་ནུས། གང་ཟག་དབང་པོ་རབ་འབྲིང་གི་ངོར་ལས་བྱང་རྒྱས་འབྲིང་བསྡུས་གསུམ་མངོན་རྟོགས་སྤྲོ་བསྡུས་ཡིན་པ་ལ་གོ་བར་སྣང་། མངོན་རྟོགས་ཁྱད་མེད་ན་ལས་བྱང་རྒྱས་བསྡུས་གཉིས་ཅི་ལ་མཁོ་སོམས། སླར་ཡང་རྒྱུ་ཡི་ཨ་ལས་བཾ་ཡིག་དཀར་པོ་ཆད་པ་ལས་རྒྱ་རླུང་དཀྱིལ་དང་མཉམ་པའི་ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་མ་ངེས་པའི་རྒྱ་མཚོ་མཛེས་ཤིང་ལྟ་ན་སྡུག་པ་རོ་བཅུད་ནུས་པ་དང་ལྡན་པ། འདི་ཡང་ཆུ་རང་མཚན་པའི་མདོག་ལྔ་གར་མ་ངེས་དགོངས་སམ། རླུང་ལྟར་ཡེ་ཤེས་ལྔ་ཡི་རང་འོད་ངེས་མེད་དུ་འཆར་དཔྱད། ཡང་ལཱཾ་སེར་པོ་ལས་རིན་པོ་ཆེའི་ས་གཞི་བརྡལ་བར་བཤད་པ་ནི། གསེར་ཀྱི་ས་གཞི་ལས་འོས་ཅི་ཡོད་ཀྱང་། འདི་དག་འཇིག་རྟེན་ན་དཀོན་ཞིང་རིན་ཐང་ཆེ་བའི་གསེར་སོགས་རིན་ཆེན་སྣ་ལྔ་ལ་

དཔེར་བྱས། དོན་ཡེ་ཤེས་ལྔ་ཡི་རང་མདངས། རྟགས་ཁ་དོག་ལྔ་ལྡན་ཡིན་གྱི། འབྱུང་བ་རང་མཚན་པའི་རིན་པོ་ཆེ་དངོས་མ་ཡིན་ཏེ། དྭངས་གསལ་སྒྲིབ་མེད་སྣང་སྟོང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་། འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན་གྱི་ལྷ་ལ་དངོས་པོའི་རྒྱན་ཡོད་པར་བསམ་པ་ནི་མཚངས་ཆེ་སྙམས་མོད། གཞུང་འདིར་ཡང་། ཡེ་ཤེས་རིན་ཆེན་སྣ་ཚོགས་དང་། ཉི་ཟླ་པདྨའི་གདན་ལ་བཞུགས། །ཞེས་དང་། དེར་མ་ཟད་སྒྱུ་འཕྲུལ་དྲ་བར་ཡང་བཤད་དོ། །དེ་ཡི་ཁར་རིན་ཆེན་སྣ་ལྔའི་མདངས་ཅན་གྱི་ཡེ་ཤེས་ཀྱི་རི་རབ་བརྩེགས་པའི་ཁར། ཨ་ལས་བྷྲཱུཾ་ཡིག་ཁ་དོག་ལྔ་དང་ལྡན་པའི་གཞལ་ཡས་ཁང་བསྒོམ་པ་ནི། བརྡ་དོན་རྟགས་ཀྱི་དག་པ་དང་སྦྱར་ཏེ་བཤད་ན། ཉོན་མོངས་པ་དུག་ལྔ་གནས་སུ་དག་ཅིང་ཡེ་ཤེས་ལྔ་ཡི་རང་འོད་འབར་བའི་ནང་ནས་རིམ་པ་བཞིན། མཐིང་དཀར་སེར་དམར་ལྗང་བའི་རྩིགས་པ་རིམ་པ་ལྔ། ཡོན་ཏན་རིན་པོ་ཆེ་རྒྱས་པའི་གྲུ་བཞི་པ། ཚད་མེད་བཞི་དང་ལྡན་པའི་སྒོ་ཁྱུད་བཞི། རྣམ་པར་ཐར་པའི་སྒོ་བཞི། དྲན་པ་ཉེ་བར་བཞག་པ་བཞི་ཡི་ཟུར་བཞི། ཡང་དག་སྤོངས་པ་བཞི་ཡི་ལོག་བཞི། སྒོ་ཡི་ནང་དུ་འབབ་ཞོན་གྱི་སྟེགས་རྟ་བབས་བརྒྱད་ནི་རྣམ་པར་ཐར་པ་བརྒྱད། རྩིགས་པའི་ཁར་ཕ་གུ་སེར་པོ་ཕྱར་ཐབས། དེ་ཡི་ཁར་དྲ་བ་དང་། དྲ་བ་ཕྱེད་པ་དང་། མུ་ཏིག་དམར་པོའི་འོད་ཕྲེང་། རླུང་གིས་བསྐྱོད་པ་ལྟ་བུའི་མེ་ལོང་དང་། རྔ་ཡབ། གཡེར་ཁ་དང་དྲིལ་བུ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། ཕྱི་ངོས་སུ་བྱ་འདབས་ལ་འཕྱངས་པའི་རིིན་པོ་ཆེའི་ཤར་བུ་སྔོན་པོ་སྤྱི་བླུག་མགོ་ཐུར་བསྟན་གྱི་རྣམ་པ་བསྒྲིགས་པའི་ཁར་མདའ་ཡབ་དཀར་པོ་པདྨ་འདབས་མ་ཕྱེད་པའི་དབྱིབས་ཅན། ཕ་གུ་ནས་འདིའི་བར་སྟོབས་ལྔ། པུ་ཤུའི་སྟེང་གི་འཁོར་ཡུག་དུ་ཚ་གདུང་སྐྱོབས་པའི་གདུགས་དང་། བསྟན་པ་མི་ནུབ་བའི་

རྒྱལ་མཚན་བཅུ། འདི་ལ་བཤད་སྲོལ་སྣང་ཡང་མ་བྲིས། སྙན་པ་གཡོ་བའི་བ་དན་ལ་སོགས་པ་བསྒྲེངས་པ། རྩིགས་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་དགའ་བ་བཅུ་དྲུག་གི་རིག་མ་བཅུ་དྲུག་མཆོད་རྫས་དུ་མ་ཐོགས་ནས་གར་བྱེད་པ། གཞལ་ཡས་ཁང་དེ་ཡི་ཕྱོགས་བཞིའི་སྒོ་བཞིར་སྟོང་ཉིད་བཅུ་དྲུག་མཚོན་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་བཞི་ནི་འཕགས་ལམ་ཡན་ལག་བརྒྱད། གདུང་བ་སྐྱོབས་པའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་རེ་རེ། སེམས་དཔའ་བརྒྱད་ཀྱི་ངོ་བོ་རི་དྭགས། མ་ཆགས་པའི་པདྨ། ས་ལམ་བགྲོད་པའི་ཆོས་འཁོར་དང་བཅས་པ། གཞལ་ཡས་ཁང་དེ་ཡི་ནང་དུ། གདུག་པ་དམངས་སུ་འབེབས་པའི་ཀླུ་ཆེན་བརྒྱད་ཀྱི་གདུང་མ། དྲེགས་པ་ལས་ལ་འཁོལ་བའི་ལྷ་ཆེན་བརྒྱད་ཀྱི་ཀ་བ། དྲེགས་པ་ཟིལ་གྱིས་གནོན་པའི་གཟའ་ཆེན་བརྒྱད་ཀྱི་ཀ་ཞུ། ཕོ་ཉ་ལས་ལ་འཁོལ་བའི་རྒྱུ་སྐར་ཉེར་བརྒྱད་ཀྱི་བད་བཏིང་བ། འཁོར་བ་ཐུགས་རྗེས་སྒྲོལ་བའི་ཞིང་གི་བླ་རེ། ཚངས་པ་ཕོ་མོའི་གདུང་ཕྱིས་སོགས་དང་། ལྟ་བ་ཡས་འབུབས་ཀྱི་དབུས་ཕྱུར་བུའི་རྩེ་མོ་རིན་པོ་ཆེའི་ཏོག་གིས་སྤྲས་པ། ཞི་ཁྲོ་དབྱེར་མེད་ཀྱི་ཕོ་བྲང་དེ་ཡི་རྒྱ་ཁྱོན་ནི་ནམ་མཁའི་མཐའ་ཀླས་པར་གྱུར་པ་འོད་ཟེར་ཉི་མ་སྤྲིན་བྲལ་འབུམ་ལས་ལྷག་པ། ཕྱི་ནང་མེད་པ་ཀུན་ཏུ་ཟང་ཐལ་བ། དེ་ཡི་ཕྱི་རོལ་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པས་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ར་བ་སྟེ། ཤར་དུ་གཏུམ་དྲག །ལྷོར་གད་རྒྱང་སྒྲོགས་པ། ནུབ་དུ་པདྨ་འཁྱིལ་པ། བྱང་དུ་ཀཱི་ལ་ཡ་ཡི་དུར་ཁྲོད། ཤར་ལྷོ་རབ་འཇིགས། ལྷོ་ནུབ་གཏུམ་པོ། ནུབ་བྱང་རབ་ཏུ་རྒྱུ་བ། བྱང་ཤར་དྲག་ཤུལ། དུར་ཁྲོད་དེ་རྣམས་སུ། ཤིང་བརྒྱད། མེ་བརྒྱད། ཆུ་བརྒྱད། མཆོད་རྟེན་བརྒྱད། གྲུབ་ཐོབ་བརྒྱད། ཕྱོགས་སྐྱོང་བརྒྱད། ཞིང་སྐྱོང་བརྒྱད། སྤྲིན་

ཆེན་བརྒྱད། མཆོད་པའི་ལྷ་མོ་བརྒྱད། ཀླུ་ཆེན་བརྒྱད། མ་མོ་བརྒྱད། ཕྲ་མེན་བརྒྱད་ལ་སོགས་པའོ། །དེ་ཡི་ཕྱི་རོལ་འཁོར་བའི་སྐྱོན་གྱི་མ་གོས་པ་པདྨའི་ར་བ། དེ་ཡི་ཕྱི་རོལ་རྣམ་པར་རྟོག་པའི་བར་ཆད་བསྲུང་བའི་རྡོ་རྗེའི་ར་བ། དེ་ཡི་ཕྱི་རོལ་འཁོར་བའི་བག་ཆགས་བསྲེགས་པའི་མེ་ཡི་ར་བ་རྣམས་སོ། །གཡག་ཟེ་གཏེར་སྟོན་གྱིས། གཞལ་ཡས་ཁང་མཚན་ཉིད་ཡོངས་རྫོགས་གཅིག་གི་ནང་དུ་འོག་ཏུ་ཞི་བ་དང་། དེའི་རང་མདངས་སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་ཉི་མ་དང་ཟེར་ལྟར་མ་བསྐྱེད་རྫོགས་པའི་ཚུལ་དུ་གསལ་བར་གསུངས་པ་དང་། ཡང་ཕྱི་དཀྱིལ་སྟེང་འོག་ཏུ་འདོད་པ་ཡང་། རིག་པ་རང་རྩལ་ཆེན་པོའི་རྒྱུད་ལས། འོག་ཏུ་ཞི་བའི་དཀྱིལ་འཁོར་འདོད། །སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་འདོད། །ཅེས་དང་། དྲི་མེད་འོད་ཟེར་གྱིས། ཞི་བའི་མདངས་ལས་སྟེང་དུ་ཁྲོ་བོའི་ལྷ་ཚོགས་མར་མེ་དང་མདངས་ཀྱི་ཚུལ། ཞེས་དང་། ཡང་ཞི་བ་ལ་ཁྲོ་བོའི་འོད་ཟེར་དུ་ཡོད་པས་བུམ་པ་དང་ཁ་རྒྱན་ཅེས་གསུངས་པ་དང་། གྲུབ་ཆེན་མེ་ལོང་རྡོ་རྗེས། འོག་ཏུ་ཞི་བའི་མདངས་ལས་སྟེང་དུ་ཁྲོ་བོའི་ལྷ་ཚོགས་མར་མེ་དང་མདངས་ཀྱི་ལྟར། ཞེས་དང་། གྲུབ་ཆེན་ཉི་ཟླ་འོད་ཟེར་གྱིས་འོག་ཏུ་ཞི་བའི་དཀྱིལ་འཁོར་དང་སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་སྐད་ཅིག་གིས་བྱོན་ཏེ་བཞུགས་པར་བསམ་མོ། །ཞེས་སོ། །ཚུལ་དེ་དག་ནི་གཞལ་ཡས་ཁང་ཉིས་བརྩེགས་ཡོད་པ་དང་། གཞལ་ཡས་ཁང་གཅིག་ཏུ་ལྷ་ཞི་ཁྲོ་འདྲེས་པར་འདོད་པ་དང་། ཞི་བ་སྟེང་དུ་བཏེགས་ནས་འོག་ཏུ་ཁྲོ་བོ་བཀོད་པར་འདོད་པ་རྣམས་ལུང་དང་མན་ངག་འདིས་ཁེགས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་གསལ་འདེབས་པ་ནི། ཧཱུྃ་སྟོང་གསལ་རང་བབས་གདོས་བཅས་བྲལ༔ སོགས། བཞུགས་གནས་སོ༔ བྷྲཱུཾ་བྷི་ཤྭ་བི་ཤུདྡྷེ་སོགས་སོ། །དེ་དག་ནི་རྟེན་གཞལ་ཡས་ཁང་བསྒོམ་པའི་རིམ་པའོ། །ལྔ་པ་བརྟེན་པ་ལྷ་བསྐྱེད་པ་ལ། གཞན་གྱི་འདོད་པ་བརྗོད་པ་དང་། རང་གི་ཚུལ་བཤད་པ་གཉིས་ལས། དང་པོ་ནི། ཀ་སྟག །་ཕྱོགས་ཀྱི་བླ་མ་མཁས་པ་དག །ཞི་བའི་སྒོམ་རིམ་ཚར་ནས། སྐད་ཅིག་དྲན་རྫོགས་ཡིན་པས་དེ་ཡི་གོ་སར་ཁྲག་འཐུང་གི་

ལྷ་བསྐྱེད་པ་འཐད་ཟེར་ཡང་ངེས་པ་མ་མཐོང་སྟེ། དེ་ཉིད་ལས། རང་བྱུང་རང་ཤར་དཀྱིལ་འཁོར་དབུས༔ ཀུན་བཟང་ཡབ་ཡུམ་ཐུགས་ལས་ཧཱུྃ༔ ཞེས་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་དང་། དེ་ཡི་ཐུགས་གར་ཡེ་ཤེས་སེམས་དཔའི་ཚུལ་ལམ། སྤྱི་བོར་རིགས་བདག་གང་རུང་དུ་བསྒོམ་པའི་ཀུན་བཟང་ཡབ་ཡུམ་སྤྲུལ་གཞིའི་ལྷ་དེའི་གདངས་ལས་ཞི་ཁྲོ་ཐམས་ཅད་འཆར་དགོས་པ་ཀུན་མཁྱེན་ཆེན་པོ་རྡོ་རྗེ་གཟི་བརྗིད་ཀྱི་གསུངས་ཚད་མ་འདིའི་ཕ་རོལ་ན་རིགས་པར་སྨྲ་བ་གཞན་རྙིང་མ་ལ་དཀོན་པའི་ཕྱིར་རོ། །ཡང་ལ་ལ་དག་ཞི་བའི་དབུར་ཁྲོ་བོ་བསྒོམ་པར་འཐད་ཅིང་། དེ་ཡི་ཡིག་ཆའང་ཀ་སྟག་གསེར་གསུམ་གྱི་བླ་མ་དག་གི་བུམ་བསྐྱེད་སོགས་སུ་སྣང་མོད། རིག་པ་མ་ཡིན་ཏེ། ཞི་བ་ལ་ཞི་བ་དང་། ཁྲོ་བོ་ལ་ཞི་བའི་དབུ་བརྒྱན་པ་མཐོང་མོད། ཞི་བ་ལ་ཁྲོ་བོས་དབུ་བརྒྱན་པ་ཆེར་མ་མཐོང་བའི་ཕྱིར་རོ། །ད་ལྟ་ཡོངས་གྲགས་ཀྱི་འདོད་པ་ཐུན་མོང་པར། ཞི་བའི་རང་མདངས་སྟེང་གི་ནམ་མཁར་ཁྲོ་བོ། དུར་ཁྲོད་མེ་རི་འབར་བའི་དབུས་སུ་ཁྲག་འཐུང་ཁྲོ་བོའི་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ་པར་གསུངས་ཤིང་། དེ་ཡི་ཡིག་ཆའང་ཀ་སྟག་མཁས་པས་བུམ་བསྐྱེད་བྱུང་རྫོགས་སོགས་སུ་སྣང་མོད། ཞི་བའི་གདང་བུམ་ནང་གི་མར་མེ་ལྟར་ནམ་མཁར་འཆར་ན། འོག་གི་དཀྱིལ་འཁོར་ཅི་འདྲ་བའི་གཉིས་པ་ཞིག་འཆར་མོད། འོག་རྡོ་རྗེ་དབྱིངས་ཀྱི་ལྷ་ཞི་བའི་ཚུལ་དགུ། རྒྱན་ཆས་བཅུ་གསུམ་པ་ཞིག་ལ། སྟེང་ཁྲོ་བོ་གར་གྱི་ཉམས་དགུ། དཔལ་དང་དུར་ཁྲོད་ཀྱི་ཆས་རྫོགས་པ་ཞིག་འཆར་ཐབས་མེད་ལ། སྟེང་གི་ནམ་མཁར་དུར་ཁྲོད་མེ་དང་བཅས་པའི་དྲག་པོའི་གཞལ་ཡས་ཁང་ཞིག་བསྒོམ་ན། འོག་གི་དྲག་རྒྱན་སོགས་དགོས་པ་སྟོར་བས་དཔྱད་བདེ་བ་ཞིག་དེ་ལ་ཡང་མི་སྣང་ངོ་། །ཡང་བླ་མ་ལ་ལས། འོག་ཁང་ཞི་དྲག་

ཐུན་མོང་པའི་ཕོ་བྲང་ཡིན་པས། བརྟེན་པ་ལྷ་ཡང་ཞི་ཁྲོ་སྤེལ་བར་བསྒོམ་པ་འཐད་གསུངས། དེ་ཡི་ཡིག་ཆ་ཡང་མདུན་བསྐྱེད་སྣོད་བཅུད་རང་གྲོལ་དུ་སྣང་ངོ་། །དེ་ཡང་མ་ངེས་ཏེ། ལས་བྱང་རྒྱས་བསྡུས་གཉིས་ལུས་དཀྱིལ་དང་གར་ཐ་དད་དུ་ཕྱེ་ནས་བསྒོམ་པར་མ་གསུངས་པས། དུས་གསུམ་མཁྱེན་པའི་བཀའ་ལ་རས་ཆོད་དུ་འགྱུར་བས་མི་འཐད་དོ། །འོ་ན་ཁྱོད་ཇི་ལྟར་འདོད་ཅེ་ན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་རྗེས་སུ་འབྲང་ནས་རང་གི་གོ་ཚོད་ཞིག་བཤད་ན། སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཐམས་ཅད་ཀྱི་སྤྲུལ་གཞི་ཀུན་བཟང་ཡབ་ཡུམ་ལས་འོས་ཅི་ཡོད་ཀྱང་། དཀྱིལ་འཁོར་གྱི་གཙོ་བོ་དབུས་སེང་གེའི་ཁྲི་ལ་རྣམ་པར་སྣང་མཛད་དུ་བཤད་པས་དེ་ལྟར་དུ་བཤད་ལ། འདི་ལ་སྐྱབས་ཡེ་ཀུན་བཟང་གི་རྣམ་སྣང་དཀྱིལ་འཁོར་གྱི་གཙོ་བོར་བཤད་པ་ཤིན་ཏུ་མ་ལེགས་ཟེར་ཐུགས་འགྱོད་ཆེར་མཛད་མོད། སྤྱིར་ཀུན་ཏུ་བཟང་པོའི་རང་བཞིན་ལ། ཡེ་ཤེས་གསང་བ་ལས། རང་བཞིན་མི་གཡོ་ལྷུན་རྫོགས་ཤིང་། །སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །ཞེས་སོ། །དེ་ལས་དབྱེ་ན། གདོད་མའི་ཀུན་ཏུ་བཟང་པོ། རང་བཞིན་ཀུན་ཏུ་བཟང་པོ། གཞི་ཡི་ཀུན་ཏུ་བཟང་པོ། ལམ་གྱི་ཀུན་ཏུ་བཟང་པོ། འབྲས་བུའི་ཀུན་ཏུ་བཟང་པོ་དང་ལྔར་བཤད་དེ། རྨད་བྱུང་རྒྱལ་པོ་ལས། རང་སྣང་གཞི་ལས་མཐར་ཕྱིན་ཏེ། །སྔར་སངས་སྔ་ནས་རྒྱས་པའི་ཕྱིར། །ཐོག་མའི་ཀུན་ཏུ་བཟང་པོ་ནི། །འཁོར་འདས་ཀུན་གྱི་སྟོན་པར་ཤར། །ཞེས་དང་། ཀུན་བྱེད་ལས། རྒྱལ་བ་ཀུན་ལས་ང་སྔ་བས། །སྐུ་གསུམ་སྟོན་པའི་ཕ་མར་ཤར། །ཞེས་སོགས་ཀུན་མཁྱེན་ངག་གི་དབང་པོའི་གསུངས་རབ་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་དུ་བཤད་པ་ལས། བླུན་པོ་གཏི་རྒན་བདག་གིས་འདི་ཚོའི་དབྱེ་བ་ག་ལ་ནུས། རྗེ་ས་པཎ་གྱིས། གཞུང་ངན་གཞན་གྱིས་བཀའ་

དྲིན་ལས། །བྱུང་བ་རང་གི་ཆེ་བར་བསྒོམ། །ཀླུ་ཡི་འབད་ནས་ཕབས་པའི་ཆར། །ཞིང་པས་རང་གི་དཔལ་དུ་བརྩི། །འོན་ཀྱང་ཀུན་བཟང་དང་། རྡོ་རྗེ་འཆང་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་བཞི་ངོ་བོ་གཅིག་ལ་སྐབས་ཐོབ་ལྡོག་པའི་ཕྱེ་བ་འོག་ཏུ་སྟོན་ལ། རྨོངས་རྒན་བདག་གིས་ནི་ཕོ་ཚོད་ཀྱིས། རྒྱལ་བ་ཐམས་ཅད་ཀྱི་སྤྱི་མྱེས་དེ་དཀྱིལ་འཁོར་དབུས་སུ་མ་བཞག་པར་ཡུལ་ཕུད་ནས། རྣམ་པར་སྣང་མཛད་ཁྲི་འདོན་ག་ལ་སྤོབས། ཚུལ་འདི་སྔ་འགྱུར་རིག་འཛིན་རྒྱ་མཚོའི་གཙུག་རྒྱན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པས་རྗེས་སུ་འབྲང་བ་ཡིན་ཞིང་། རྗེ་དེས་ཀྱང་རིག་པའི་དབང་ཕྱུག་ཆེན་པོ་ཡིན་པས་ཕོ་ཤེད་ཀྱིས་ཀུན་བཟང་ཕུད་པ་མི་འདྲ་ལ། སྤྱིར་རྡོ་རྗེ་འཆང་དང་། ཀུན་བཟང་། རྡོར་སེམས། ལག་ན་རྡོ་རྗེ་སོགས་གང་འདུལ་གྱི་རྣམ་པ་ཐ་དད་ཀྱང་། ངོ་བོ་ལ་རྣམ་དབྱེར་མེད་དེ། དཔལ་མཆོག་དང་པོར། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་རྡོ་རྗེ་འཆང་དང་། རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །ཞེས་ཀུན་རིག་རྣམ་པར་སྣང་མཛད་དང་། རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལ། །ཞེས་རྡོ་རྗེ་སེམས་དཔའ་དང་བཞི་སྐབས་ཐོབ་ལས་ཐ་མི་དད་པར་བཤད་པར་དགོངས་པ་རང་གྲོལ་འདིའི་སྒོམ་རིམ་མཆན་ཡིག་ཏུ། སྤྲུལ་གཞིའི་ཀུན་བཟང་ཡབ་ཡུམ་བསྐྱེད་ཟིན་ནས། །མདུན་དུ་རྣམ་སྣང་ཡབ་ཡུམ་སྤྲོས་ཏེ་རྣམ་སྣང་གི་སྤྱི་བོར་བཏེགས་ལ་བཞུགས་པའམ། ཡང་ན་རྣམ་སྣང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པ་འདེམ་ཁར་གསུངས་ཤིང་ཀུན་བཟང་སྤྲུལ་གཞི་ཡིན་པར་ལོས་གོ་ཡང་། དཀྱིལ་འཁོར་དབུས་བཟུང་ནས་མི་འཕོ་བར་སྡོད་པ་མ་བཤད་པ་དང་། སྤྲུལ་གཞི་ཡིན་ཚད་གཙོ་བོར་སྡོད་དགོས་པ་མ་ངེས་པ་དང་། བཀའ་

བརྒྱད་རྒྱུ་ཡི་ཧེ་རུ་ཀ་ཡང་སྤྲོ་བསྡུ་བཞུ་བརྟུལ་ལ་ཞུ་བ་གླུས་བསྐུལ་གྱི་དཔལ་ཆེན་པོར་བཞེངས་པ་དང་། བླ་མ་དགོངས་འདུས་ཀྱང་རྒྱུ་ཡི་ལྷ་རྡོ་རྗེ་སེམས་དཔའི་འོད་ཟེར་གྱིས། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཁོག་པར་རྟེན་བསྟེན་པ་བསྒོམ་ཞིང་གཙོ་བོ་རྟ་མགྲིན་དང་ཕག་མོ་བསྒོམ་པའི་དབུ་གཙུག་པདྨ་བཛྲ་བསྒོམ་པ་སོགས་ཤེས་བྱེད་མང་ཞིང་། ཁྱད་པར་རྣམ་སྣང་དཀྱིལ་འཁོར་དབུས་སུ་འཐད་པའི་རྒྱུ་མཚན། རྗེ་ཀུན་མཁྱེན་ཆེན་པོས། རིགས་ཆེན་ལྔ་ལ་རིགས་ཆུང་ལྔ་ལྔར་ཕྱེ་བའི། དེ་བཞིན་གཤེགས་པའི་རིགས་ཀྱི་ཐུགས་རྣམ་པར་སྣང་མཛད་མཐིང་ཁ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་སྦྱར། དེ་དཀྱིལ་འཁོར་གཙོ་བོར་འཐད་པའི་རྒྱུ་མཚན། རྡོ་རྗེ་རྩེ་མོ་ལས། རིགས་ཀྱི་དཀྱིལ་འཁོར་རྣམས་ལ་ནི། །རིགས་བདག་ཐུགས་སྟེ་རིགས་ཀྱི་གཙོ། །ཞེས་སོ། །གཞན་ཡང་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་དུ། གཉིས་པ་གང་གི་རིགས་ངོས་བཟུང་བ་ནི། སྐབས་འདིའི་དཀྱིལ་འཁོར་རྡོ་རྗེའི་རིགས་སུ་བྱས་ནས། གཙོ་བོ་མི་བསྐྱོད་པར་སྔ་རབས་པ་གསུངས་མོད་ཀྱང་། དེ་ནི་མ་ཡིན་ཏེ། དབུས་སུ་རིགས་ཀྱི་བདག་པོ་མཚོན་བྱེད་སེང་གེ་བྱུང་བ་དང་། ཡུམ་ནམ་མཁའི་དབང་ཕྱུག་མ་སོགས་ཤེས་བྱེད་མང་དུ་བསྟན་ཞིང་། འདིར་རྣམ་སྣང་གཙོ་བོར་བྱས་པ་ཤིན་ཏུ་མ་ལེགས་ན། སྒྱུ་འཕྲུལ་སྡེ་བརྒྱད་ཀའི་རྩ་རྒྱུད་གསང་བ་སྙིང་པོ། རྗེ་ལོ་ཆེན་དྷརྨ་ཤྲཱིའི་བཞེད་ཀྱི་རྡོར་སེམས་གཙོ་བོར་བཤད། ཀུན་མཁྱེན་གྱིས་རྣམ་སྣང་གསུངས་པ་ལས། ཀུན་བཟང་ཡིན་པར་གཉིས་ཀའི་མ་བཤད། ཁྱད་པར་ཀུན་མཁྱེན་རྗེ་ཡིས། བྱ་བྱེད་གཉིས་པོ་ཁྱམས་སུ་བཀོད་པར་བཤད་པའང་རྣམ་སྣང་གི་ལྟོ་བའི་བར་ཁྱམས་ཡིན་ཏེ། རྒྱུད་ཅུང་ཟད་འཁྲུགས་པ་བསྡེབས་ནས་བཤད་ཅེས་གསུངས། རྗེ་འདིའི་གསུངས་ལ་ཡིད་མ་ཆེས་ན་གཞན་རྙིང་མ་སྨྲ་བ་སུ་

ལ་དག་སྟེར། ལྷག་པར་མཆན་ཡིག་ཏུ་རྣམ་སྣང་གི་ཐུགས་ཀར་ཀུན་བཟང་བསྐྱེད་པ་འདི་རྒྱུད་ཀྱི་དགོངས་པ་འཁྲུལ་མེད་དེ། སྒྱུ་འཕྲུལ་དྲ་བ་ལས། གཙོ་བོའི་ཐུགས་ཀར་གཞི་ཡི་ཀུན་ཏུ་བཟང་། །ཡབ་ཡུམ་འཁྲིལ་སྦྱོར་མཚན་དཔེས་བརྒྱན་པའི་སྐུ། །མཁའ་ལྟར་དྲི་མེད་མཐོན་མཐིང་སྐྱིལ་ཀྲུང་བཞུགས། །ཚོན་གང་འོད་ཀྱི་གོང་བུ་འབར་བར་བསྒོམ། །དེ་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་སྦྱངས། །ཐམས་ཅད་རྣམ་དག་ལྷ་དང་ལྷ་མོའི་ངང་། །ཅེས་སྨོས་པས་རྣམ་སྣང་གི་ཐུགས་ཉི་ཟླའི་དཀྱིལ་ན། ཀུན་བཟང་ཡབ་ཡུམ་མཐིང་ག་ཕྱག་མཉམ་བཞག །ཞབས་གཉིས་དཀྱིལ་ཀྲུང་དུ་བཞུགས་པ་ཚོན་གང་བ་འོད་ཀྱི་གོང་བུར་འབར་བར་འོད་འཕྲོས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་གཞལ་ཡས་ཁང་ཆེན་པོ་གཅིག་ཏུ་གྱུར་པར་བསམ། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཞིང་འོག་མིན་སྟུག་པོ་བཀོད་པའི་རང་བཞིན་དུ་གྱུར་པའི་ངང་ལ་མཉམ་པར་བཞག་གོ། །ཞེས་གསུངས། རྒྱུད་དུ་མ་ཟད་ལུང་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལས། ཕོ་བྲང་དེ་ན་གནས་པ་ཡི། །ཡེ་ཤེས་ལྷ་ཚོགས་མང་པོ་རྣམས། །གཙོ་ཟུང་ཟུང་དུ་འབྲེལ་བ་ཡི། །དབུས་ཀྱི་ཕོ་བྲང་སྙིང་པོ་ལ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཨིནྟྲ་ནི་ལའི་ཁ་དོག་འདྲ། །རང་རྟགས་ཕྱག་རྒྱ་འཁོར་ལོ་བསྣམས། །དཔའ་བོ་དེ་ཡི་སྤྱན་སྔ་ན། །རྡོ་རྗེ་སེམས་དཔའ་རྒྱ་ཆེན་ཡང་། །དུང་དང་ཤེལ་གྱི་ཁ་དོག་འདྲ། །ཞེས་པ་ནས་རྐང་པ་གྱ་དྲུག་གི་བར་ཞི་བའི་ལྷ་རྣམས་དང་། མདུན་དང་རྒྱབ་ཀྱི་ཕྱོགས་རོལ་དུ། །བྱེད་པ་པོ་དང་བྱ་བ་མོ། །ནམ་མཁའ་ཡིད་བཞིན་མདོག་འདྲ་བ། །ཏིང་ངེ་འཛིན་དང་ལྡན་པར་གནས། །དེ་ལ་སོགས་ཏེ་བསམ་ཡས་མཆོག །བརྗོད་མེད་བརྗོད་དུ་མེད་པ་ཡི། །ལྷ་ཡི་ཚོགས་ཀྱིས་གང་བར་གནས། །ཞེས་གསུངས། རྒྱུད་ལུང་མན་ངག་གསུམ་

གར་རྡོར་སེམས་དང་། རྣམ་སྣང་སྐབས་ཐོབ་ལས་ཀུན་བཟང་གཙོ་བོར་མ་བཤད་སྣང་། གདན་ཡང་། གསང་སྙིང་ལས། སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡེང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་དབུས་རྣམ་པར་སྣང་མཛད་ལ་སེང་གེའི་གདན་བྱུང་བ་དང་། ཀུན་བཟང་ལ། རང་གྲོལ་ལས། ཡེ་ཤེས་རིན་ཆེན་སྣ་ཚོགས་དང་༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཞེས་བྱུང་བས་གཙོ་བོ་ལས་འཁོར་གྱི་ཁྲི་མཐོ་བ་རིག་པས་ཀྱང་མ་གྲུབ་བོ། །གཡག་ཟེ་གཏེར་སྟོན་གྱིས། ཡང་ལ་ལ་དག་འདི་ལྟར་སེམས་པ་དག་ཀྱང་མཆིས་མོད། དཀྱིལ་འཁོར་གྱི་གཙོ་བོ་ནི་ཀུན་བཟང་ཡིན་པར་རྒྱུད་དང་། རིགས་ཀྱི་གཙོ་བོ་ནི་བསྒོམ་ཁོག་རྣམས་སུ་རྣམ་སྣང་དང་། གནས་འདྲེན་སྐབས་རྣམས་སུ་རྡོར་སེམས་སུ་འདུག །ཅི་ཞིག་གིས་འགྱུར་ལྡོག་དགོས་པ་བྱུང་ངམ་སྙམ་ན་སངས་རྒྱས་སྐུ་གསུམ་གྱིས་རོལ་པ་བརྟན་ཚུལ་ལས་བཟང་ངན་ལྟ་བུའི་དབང་གིས་མ་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་རྒྱས་༼དགྱེས་༽པ་ནས། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པའི་ཕྱིར་ཆོས་སྐུའི་གནས་སྐབས་ན་ཀུན་ཏུ་བཟང་པོ་དང་། ལོངས་སྐུའི་གནས་སྐབས་ན་རིགས་ལྔའི་གཙོ་བོ་རྣམ་སྣང་དང་། སྤྲུལ་སྐུའི་གནས་སྐབས་ན་འགྲོ་དོན་ལ་རྡོ་རྗེ་སེམས་དཔའ་ཉིད་བསྔགས་པར་གསུངས་ཏེ། བི་མ་ལས། མིི་གནས་ཆོས་དབྱིངས་དཀྱིལ་འཁོར་ནས། །ཀུན་བཟང་ཡབ་ཡུམ་ཞེས་བྱའོ། །དེ་ལས་ལོངས་སྐུར་བཞེངས་པ་ན། །རིགས་ལྔའི་སངས་རྒྱས་ཡིན་པར་གྲགས། །སྤྲུལ་པས་འགྲོ་དོན་སྤྱོད་པ་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། །གྲངས་མེད་དཔག་གིས་མི་ལང་ངོ་། །ཞེས་གསུངས་སོ། །སྤྱི་དོན་དྲུག་པ་ལྷ་བསྐྱེད་པ་ནི། བདག་ཉིད་ཐ་མལ་དུ་གནས་པའི་རང་སེམས་བཟོ་མ་བྱས་པ་དུས་གསུམ་གྱི་རྣམ་པར་རྟོག་པའི་བསམ་ངོ་དང་བྲལ་བའི་སེམས་ཉིད་སོ་མ་དེ་ཉིད་སྐད་ཅིག་གིས་རྡོ་རྗེ་མཐིང་ནག་ཨ་ཡི་མཚན་པ་ལས་འོད་ཟེར་ཡར་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་བརྒྱུད་བསྐུལ། མཐུ་དབང་

བྱིན་རླབས་དངོས་གྲུབ་ཀྱི་རྣམ་པར་བསྡུས་ནས་ཐིམས། འོད་ཟེར་མར་འཕྲོས་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་ཕོག་པས་ལས་ཉོན་སྦྱངས། སླར་འོད་ཟེར་འདུས་པ་ལས་རྡོ་རྗེ་ཨ་དང་བཅས་པ་འོད་དུ་ཞུ་བས་ལྷན་སྐྱེས་ཀྱི་མ་རིག་སོགས་ཉོན་མོངས་སྦྱངས་ནས། རིན་པོ་ཆེའི་ཁམས་བཞུས་པའི་དྭངས་མ་ལུགས་སུ་བླུགས་པའི་གཟུགས་སྐུ་ལྟར། བདག་ཉིད་སྐད་ཅིག་དྲན་རྫོགས་སུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག །ནམ་མཁའ་གཡའ་དག་པའི་མདོག་ཅན། སྐུ་གཅེར་བུ་རྒྱན་མེད། ཕྱག་མཉམ་བཞག་གི་ཕྱག་རྒྱས་ཡུམ་ལ་འཁྱུད་ཅིང་། ཆོས་ཁམས་རྣམ་པར་དག་པ་ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་མོ་ལུས་དང་གྲིབ་མ་ལྟར་འཁྲིལ་སྦྱོར་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་ཀྱི་རང་མདངས་རིན་པོ་ཆེ་དང་། ཉི་ཟླ་པདྨའི་གདན་ལ་བཞུགས་པར་བསྐྱེད་ལ། ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔ ཞེས་པ་ནས། ཉི་ཟླ་པདྨའི་གདན་ལ་བཞུགས༔ བར་དང་བསྐྱེད་སྔགས་ཀྱིས་གསལ་བཏབས་སོ། །དེ་ལྟར་རང་སྣང་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་དེ་ཉིད་ཡབ་ཀྱི་ཐུགས་ཀར་ༀ་དཀར་པོ་དང་། ཡུམ་གྱི་ཐུགས་ཀར་ལཱཾ་སྔོ་སྐྱ་ཁ་སྦྱོར་ཚུལ་དུ་མདུན་ཕྱོགས་སུ་འཕྲོས་པ་ལས། ༀ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ་ཐུགས་ཀར་འཛིན་ཞིང་། གཡོན་ཤེལ་དྲིལ་བུ་ཡུམ་ལ་འཁྱུད་པ། ཡུམ་དབྱིངས་ཕྱུག་དཀར་དམར། རྒྱན་ཆ་ལུགས་ཡབ་འདྲས་འཁྱུད་པ། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། པད་ཉིའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པ། སྣང་ལ་རང་བཞིན་མེད་པར་བསྒོམ། དེ་ཡི་ཐུགས་ཀར་ཡེ་ཤེས་ལྔ་ཡི་རང་འོད་འཁྲིག་པའི་དབུས་ན་ཡེ་ཤེས་སེམས་དཔའི་ཚུལ། སྔར་བསྒོམ་པའི་ཀུན་

བཟང་ཡབ་ཡུམ་གསལ་བཏབ། དེ་ལྟར་རྣམ་སྣང་དང་དབྱེར་མེད་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཀྱི་ཐུགས་ཀ་ནས་ཧཱུྃ་མུཾ་ཁ་སྦྱོར་དུ་དཀྱིལ་འཁོར་ཤར་ཕྱོགས་སུ་འཕྲོས་པ་ལས། ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ཁ། གཡས་རྡོ་རྗེ། གཡོན་དྲིལ་བུ། ཡུམ་སངས་རྒྱས་སྤྱན་མ་མཐིང་སྐྱ་ཡབ་འདྲས་འཁྱུད་པ། གླང་ཆེན་པད་ཉི་ལ་བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་གཡས་ཕྱོགས་སུ་ཀྵཻ་དང་། གཡོན་ཕྱོགས་སུ་མཻ་འཕྲོས་པ་ལས། གཡས་སུ་ས་སྙིང་དཀར་པོ་རིན་པོ་ཆེའི་མྱུ་གུ་དང་། གཡོན་དྲིལ་བུ། གཡོན་དུ་བྱམས་པ་དཀར་པོ་ཀླུ་ཤིང་དང་། གཡོན་དྲིལ་བུ། ཡུམ་གྱི་ཐུགས་ཀ་ནས་ཧཱུྃ་ཧཱུྃ་མདུན་རྒྱབ་དུ་འཕྲོས་པ་ལས། མདུན་དུ་ལཱ་སྱེ་དཀར་མོ་མེ་ལོང་དང་། གཡོན་དྲིལ་བུ། རྒྱབ་དུ་པུཥྤེ་དཀར་མོ་མེ་ཏོག་དང་། གཡོན་དྲིལ་བུ། སེམས་དཔའ་ལྕམ་དྲལ་རང་རང་གི་སྐྱིལ་ཀྲུང་གིས་བཞུགས་པ། རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག་པོ་སྣང་ལ་རང་བཞིན་མེད་པ་འཇའ་འོད་ཀློང་ན་བཞུགས་པའོ། །དེ་བཞིན་དུ། ཀུན་བཟང་ཡབ་ཀྱི་ཐུགས་ནས་སྭཱ་དང་། ཡུམ་གྱི་ཐུགས་ཀ་ནས་མཾ་ལྷོ་ཕྱོགས་སུ་འཕྲོས་པ་ལས། རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག་ཕྱག་གཉིས། གཡས་ནོར་བུ། གཡོན་དྲིལ་བུ། ཡུམ་མཱ་མ་ཀི་སེར་སྐྱ་ཆ་ལུགས་ཡབ་དང་མཚུངས་པར་འཁྲིལ་སྦྱོར། རྟ་མཆོག་གིས་བཏེགས་པའི་ཁྲི། ཡབ་ཀྱི་ཐུགས་ནས་ཧཱུྃ་ཏྲཾ་གཡས་གཡོན་དང་། ཡུམ་གྱི་ཐུགས་ནས་ཏྲཾ་ཛ་མདུན་རྒྱབ་དུ་སྤྲོས་པ་ལས། གཡས་སུ་ཀུན་བཟང་སྙེ་མ་དང་དྲིལ་བུ། གཡོན་དུ་ནམ་སྙིང་རལ་གྲི་དང་དྲིལ་བུ། མདུན་དུ་མཱ་ལེ་མཐིང་ག་ཕྲེང་བ་དང་དྲིལ་བུ། རྒྱབ་དུ་དྷུཔྤེ་སེར་མོ་སྤོས་ཕོར་དྲིལ་བུ། རང་རང་གི་སྐྱིལ་ཀྲུང་། རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག་བསྐྱེད་དོ། །ཡང་ཀུན་བཟང་ཡབ་ཀྱི་ཐུགས་ནས་ཨཾ་དང་། ཡུམ་གྱི་ཐུགས་ནས་པྱཾ་ནུབ་ཕྱོགས་སུ་འཕྲོས་

པས། རང་ཉིད་སྣང་བ་མཐའ་ཡས་དམར་གསལ་ཞལ་གཅིག་ཕྱག་གཉིས། གཡས་པདྨ་ཐུགས་ཀ་དང་། གཡོན་ཤེལ་དྲིལ་བུ་ཡུམ། ཡུམ་གོས་དཀར་དམར་སྐྱ་ཡབ་འདྲ་འཁྲིལ་སྦྱོར། རྨ་བྱའི་བཏེགས་པའི་ཁྲི་པདྨ་ཉི་མ། ཡབ་ཀྱི་ཐུགས་ནས་ཧྲི་མུཾ་གཡས་དང་གཡོན། ཡུམ་གྱི་ཐུགས་ནས་ཧྲི་བཾ་མདུན་རྒྱབ་ཏུ་སྤྲོས་པ་ལས། གཡས་སུ་སྤྱན་གཟིགས་དཀར་དམར་པདྨ་དྲིལ་འཛིན། གཡོན་དུ་འཇམ་དཔལ་དམར་སེར་རལ་གྲི་དྲིལ་འཛིན། མདུན་དུ་གིརྟི་དམར་སྐྱ་པི་ཝང་དྲིལ་འཛིན། རྒྱབ་དུ་ཨ་ལོ་དམར་སྐྱ་མར་མེ་དྲིལ་འཛིན་རང་རང་གི་སྐྱིལ་ཀྲུང་། པདྨ་རིགས་ཀྱི་གཙོ་འཁོར་དྲུག་བསྐྱེད། སླར་ཡང་ཀུན་བཟང་ཡབ་ཀྱི་ཐུགས་ནས་ཧཱ་དང་། ཡུམ་གྱི་ཐུགས་ནས་ཏཱཾ་བྱང་ཕྱོགས་སུ་འཕྲོས་པ་ལས་རང་ཉིད་དོན་ཡོད་གྲུབ་པ་ལྗང་གསལ་ཞལ་གཅིག་ཕྱག་གཉིས་གཡས་རྒྱ་གྲམ་ཐུགས་ཀ་དང་གཡོན་ཤེལ་དྲིལ་བུ་ཡུམ་ལ་འཁྱུད་པ། ཡུམ་སྒྲོལ་མ་ལྗང་སྐྱ་ཆ་ལུགས་ཡབ་འདྲ་དགྱེས་པར་འཁྲིལ་བ། ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མའི་གདན། ཡབ་ཀྱི་ཐུགས་ནས་ཐླྷིཾ་གཡས་དང་ཛྷིཾ་གཡོན། ཡུམ་གྱི་ཐུགས་ནས་ཧོ་ཨ་མདུན་རྒྱབ་དུ་འཕྲོས་པ་ལས། གཡས་སུ་སྒྲིབ་སེལ་ལྗང་ཁུ་པོ་ཏི་དྲིལ་འཛིན། གཡོན་ཕྱག་རྡོར་ལྗང་ཁུ་[རྡོ་རྗེ་དང་]དྲིལ་འཛིན། མདུན་དུ་གྷནྡེ་ལྗང་ཁུ་དྲི་ཆབ་དྲིལ་འཛིན། རྒྱབ་ཏུ་ནིརྟི་ལྗང་གུ་ཞལ་ཟས་དྲིལ་འཛིན། རང་རང་གི་ཕྱེད་སྐྱིལ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག་བསྐྱེད་དོ། །འདིར་གཞུང་གི་དངོས་བསྟན། ཀུན་བཟང་ཡབ་ཡུམ་མ་གཏོགས་པའི་ཞི་བའི་ལྷ་ཐམས་ཅད་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད། མཐའ་བརྒྱད་དང་བྲལ་བའི་

བརྡ། ཅོད་པཎ། སྟོད་གཡོག །སྨད་དཀྲིས། ག་ཤལ་དར་དཔྱངས་ཏེེ་དར་གྱི་ཆས་གོས་ལྔ་ནི་འདོད་པའི་ཡོན་ཏན་ལྔ་མ་སྤངས་རྒྱན་དུ་རོལ་པའི་བརྡ། ཞི་བའི་ཚུལ་དགུ་ནི། ང་རྒྱལ་གནས་སུ་དག་པས་སྐུ་ཤ་མཉེན་པ། ཞེ་སྡང་གནས་སུ་དག་པས་ཡན་ལག་ལྕུགས་པ། འདོད་ཆགས་གནས་སུ་དག་པས་ཐབས་ཤེས་ཕོ་མོ་འཁྲིལ་བག་ཆགས་པ། ཕྲག་དོག་གནས་སུ་དག་པས་སྐུ་དྲང་ཞིང་ལྡེམས་པ། གཏི་མུག་གནས་སུ་དག་པས་སྐུ་གཞོན་ཤ་ཆགས་པ། མ་རིག་པ་སྤངས་པས་སྐུ་གཙང་ཞིང་གསལ་བ། ཡེ་ཤེས་རྒྱས་པས་བཀྲག་ཅིང་འཚེར་བ། མཚན་དཔེ་རྫོགས་པས་བརྗིད་ཅིང་ཡིད་དུ་འོང་བའི་ལྷུན་སྡུག་པ། ཆེ་བའི་ཡོན་ཏན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་གཟི་བྱིན་ཆེན་པོ་འབར་བ་སྟེ་ཞི་བའི་ཚུལ་དགུ་དང་ལྡན་པར་བཞུགས་པའོ། །སླར་ཡང་ཀུན་ཏུ་བཟང་པོའི་ཐུགས་ལས། ཀྲེཾ་བྲེཾ་དྲུཾ་ཀྵཾ་སྲུཾ་ཡེ་དྲུག་འཕྲོས་པ་ལས། ཤར་གྱི་ནམ་མཁར་ཅུང་ཟད་དཔག་པར་ཀྲེཾ་ལས་ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན། སྡོམ་བཞིའི་ཆོས་སྒྲས་ང་རྒྱལ་འཇོམས་མཛད་པི་ཝཾ། ཤར་ལྷོར་བྲེཾ་ལས་བཟོད་པས་ཕྲག་དོག་འཇོམས་མཛད་ལྷ་མིན་ཐུབ་པ་གོ་ཆ། ལྷོ་ནུབ་ཏུ་དྲུཾ་ལས་ཆགས་བྲལ་གྱིས་འདོད་ཆགས་འཇོམས་པར་བྱེད་པའི་མི་ཡི་ཐུབ་པ་བསྲེག་པར། ནུབ་བྱང་ཀྵཾ་ལས་གཏི་མུག་གི་རྨོངས་པ་སེལ་ཕྱིར་ཆོས་སྟོན་པ་བྱོལ་སོང་ཐུབ་པ་པུ་ཏི། བྱང་ཤར་སྲུཾ་ལས་བཀྲེས་སྐོམ་སེར་སྣ་དག་བྱེད་ཡི་དྭགས་ཐུབ་པ་རིན་པོ་ཆེའི་སྒྲོམ་བུ། ནུབ་དུ་འོག་གི་གཞིར་ཡེ་ལས་ཚ་གྲང་གི་ཉེས་དམིགས་བསྟན་ནས་ཞེ་སྡང་དག་པར་བྱེད་པ་དམྱལ་བའི་ཐུབ་པ་མེ་ཆུ་བསྣམས་པ། ཐུབ་པ་དྲུག་པོ་དེ། དབུ་རེགས། ཞབས་རྗེན། ཆོས་གོས། ཤམ་ཐབས་སོགས་ཚངས་པར་སྤྱོད་པའི་ཆ་ལུགས་པད་རྐྱང་གི་གདན་ལ། འགྲོ་བའི་དོན་ལ་སྐད་ཅིག་ཀྱང་གཡེལ་

བ་མེད་པར་བཞེངས་པའི་སྟབས་ཀྱིས་བཞུགས་པའོ། །སླར་ཡང་ཀུན་བཟང་ཡབ་ཀྱི་ཐུགས་ནས་ཧཱུྃ་བཞི་དང་། ཡུམ་གྱི་ཐུགས་ནས་ཛ་ཧཱུྃ་བཾ་ཧོ་སྟེ་འབྲུ་བརྒྱད་པོ་སྒོ་བཞིར་འཕྲོས་པ་ལས། རྟག་ཆད་ཀྱི་མཐའ་བཞི་གནས་སུ་དག་པའི་བརྡར། ཁྲོ་བོ་རྣམ་པར་རྒྱལ་བ་ལ་སོགས་སྒོ་བ་བཞི། ལྕགས་ཀྱུ་དང་། དབྱུག་ཏོ། ལྕགས་སྒྲོགས། དྲིལ་བུ། རྒྱ་གྲམ་རྣམས་གཡས་དང་། གཡོན་རྣམས་དྲིལ་བུ་འཛིན་ཅིང་། ཡུམ་རྣམས་ཚད་མེད་པ་རྣམས་བཞིས་འགྲོ་བ་རྣམས་ཐུགས་རྗེས་འཛིན་པ་དང་། འཆིང་བ་དང་། མི་འཆོར་བར་སྡོམ་པ་དང་། ཉོན་མོངས་པ་རྣམས་ཐལ་བར་བརླགས་པའི་ཕྱིར་ལྕགས་ཀྱུ་ལ་སོགས་པ་བསྣམས་ནས། ཐོད་སྐམ་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་དབུ་རྒྱན། ཅོད་པཎ། རུས་པའི་སྙན་ཆ་དང་། མགུར་ཆུ། ཐོད་ཕྲེང་ཚར་གསུམ། བགོ་བའི་གོས་གསུམ། བྱུག་པའི་རྫས་གསུམ། གདགས་པའི་རྒྱན་གཉིས། གར་གྱི་ཉམས་དགུ་དང་ལྡན་པར་སྒོ་བཞི་སྲུང་བའི་ཚུལ་དུ་ཞལ་ཕྱིར་གཟིགས་ནས་བཞུགས་པའོ། །དེ་ལྟར་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་དེ་ཐམས་ཅད་རང་སྣང་དག་པ་ཡེ་ཤེས་ཀྱི་ལྷར་ཤར་བ་ལས། ལྷ་དང་བདག་དབྱེར་མེད་པ་ཡེ་ནས་རང་བྱུང་ལྷུན་གྱིས་གྲུབ་པར་བཞུགས་པར་བསམ་ལ། དེ་དག་གསལ་འདེབས་པ་རང་གཞུང་གིས། དེ་ཉིད་ཐུགས་ལས་ༀ་ལཱཾ་འཕྲོས༔ ཞེས་པ་ནས། ༀ་ཨཱཿཧཱུྃ༔ གི་བར་རོ། །དེ་ལྟར་རིགས་ལྔ་ཚོམ་བུའི་ལྷ་དེ་དག །ཆོས་ཉིད་མི་འགྱུར་བའི་བརྡར་རྡོ་རྗེ་སེམས་དཔའ་མཐིང་ཀཉེས་པའི་སྐྱོན་དང་བྲལ་བའི་བརྡར་རྣམ་པར་སྣང་མཛད་དཀར་པོ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་རིན་ཆེན་འབྱུང་ལྡན་སེར་པོ། གདུལ་བྱར་རྗེས་སུ་ཆགས་པའི་བརྡར་སྣང་བ་མཐའ་ཡས་དམར་པོ། ལས་སྣ་ཚོགས་འགྲུབ་པའི་བརྡར་དོན་ཡོད་

གྲུབ་པ་ལྗང་ཁུ། ཡེ་ཤེས་ལྔ་མཚོན་པའི་རིགས་ལྔ་རང་རྟགས་ཀྱི་ཕྱག་མཚན་ནི། མཐའ་ཡི་རྟོག་པས་མི་ཕྱེད་པའི་བརྡར་མི་བསྐྱོད་པའི་རྡོ་རྗེ། ཀུན་ལ་དབང་བསྒྱུར་བའི་རྣམ་པར་སྣང་མཛད་འཁོར་ལོ། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པ་རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ། གསལ་ལ་མ་ཆགས་པར་གཟིགས་པ་སྣང་བ་མཐའ་ཡས་ཀྱི་པདྨ། འཕྲིན་ལས་བཞིས་འགྲོ་བའི་དོན་ལྷུན་གྲུབ་ཏུ་མཛད་པ་དོན་ཡོད་གྲུབ་པ་རྒྱ་གྲམ། ཡེ་ཤེས་ཀྱི་ཡུལ་དབྱིངས་ཀྱི་ཕྱག་རྒྱ་དྲིལ་བུ་གཡོན་དཀུར་བརྟེན་པ་ཡུམ་ལ་འཁྱུད་ཅིང་། གཡས་རང་རྟགས་ཐུགས་ཀར་དང་། ཡུམ་ལྔ་དེ་ལས་བཟློག་ཏེ་གཡས་དྲིལ་བུས་ཡབ་ཀྱི་སྐུ་གཡོན་ནས་འཁྱུད་ཅིང་། གཡོན་རང་རྟགས་ཐུགས་ཀར་འཛིན་པའོ། །སེམས་དཔའ་བརྒྱད་ཀྱི། ས་སྙིང་ཡེ་ཤེས་བསྐྱེད་པའི་རིན་པོ་ཆེའི་མྱུ་གུ། ནམ་སྙིང་ཉོན་མོངས་གཅོད་པའི་རལ་གྲི། སྤྱན་རས་གཟིགས་སྐྱོན་གྱིས་མ་གོས་པའི་པདྨ། ཕྱག་རྡོར་ཉོན་མོངས་འཇོམས་པའི་རྡོ་རྗེ། འཇམ་དཔལ་ཤེས་བྱའི་བློ་རྒྱས་པའི་ཨུཏྤལ། བྱམས་པ་གདུང་བ་སྐྱོབས་པའི་ཀླུ་ཤིང་། སྒྲིབ་སེལ་ཉོན་མོངས་ཆོས་ཉིད་དུ་མཁྱེན་པའི་འཁོར་ལོ། ཀུན་བཟང་རེ་བ་སྐོང་བའི་རིན་ཆེན་སྙེ་མའོ། །གཡོན་རྣམས་དྲིལ་བུ། སེམས་མ་བརྒྱད་ནི་མཛེས་པའི་མཆོར་སྒེག་གི་ཚུལ་དང་བཅས་ཏེ་མཉེས་པར་བྱེད་པའི་མཆོད་རྫས་གཟུགས་གསལ་བའི་མེ་ལོང་དང་། དྲི་རྒྱུན་མི་ཆད་པའི་ཕྲེང་བ་སོགས་རང་རང་གི་མིང་དང་མཐུན་པའི་ཡོ་བྱད་འཛིན་པ་ཡིན་ནོ། །དེ་ལྟར་རིགས་ལྔ་སེམས་དཔའ་བཅས་པའི་གདན་ནི། རིགས་ལྔ་ལ་སེང་གེ་སོགས་སྲོག་ཆགས་བརྒྱད་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི། ཉི་ཟླ་པདྨ་གདན་ལྔ་བརྩེགས་དང་། སེམས་དཔའ་སུམ་བརྩེགས་དང་། ཐུབ་དྲུག་པད་རྐྱང་། ཁྲོ་བོ་ལ་ཉི་རྐྱང་། བྱ་བྱེད་ལ་ཉི་ཟླ་པདྨ་རིན་ཆེན་སོགས་

བཤད་དོ། །དེ་ཡང་འོད་རིམས་ལས། ཉི་ཟླ་ཆུ་སྐྱེས་སུམ་བརྩེགས་སེམས། ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །བྱ་བྱེད་ཀུན་བཟང་ཡབ་ཡུམ་ལ། །ཉི་ཟླ་པདྨ་རིན་ཆེན་རྒྱས། །ཞེས་སོ། །གདན་དེ་དག་ལ་བཞུགས་ཚུལ་ཡང་། རིགས་ལྔ་ཡབ་ལྔ་ནི་དོན་གཉིས་ཀྱི་མཛད་པ་ཡོངས་སུ་རྗོགས་པ་དང་། ཡུམ་ལྔ་ནི་རང་དོན་བརྟུལ་ནས་གཞན་དོན་ལ་ཞུགས་པའི་ཕྱིར་ཡབ་ཡུམ་བཅུ་པོ་རྒྱལ་པོའི་ཚུལ་ལྟར་དེ་དང་དེ་ཡི་སྐྱིལ་ཀྲུང་གི་བཞུགས་པའོ། །སེམས་དཔའ་རྣམས་གཞན་དོན་མཛད་པ་མ་རྫོགས་པས་ཡབ་རྣམས་གཡས་སེམས་དཔའི་སྐྱིལ་ཀྲུང་དང་གཡོན་ཅུང་ཟད་བརྐྱངས་པ་དང་། ཡུམ་རྣམས་གཡོན་དེ་ལྟར་བཞུགས་པའོ། །དེ་དག་བློན་པོའི་ཚུལ་དུའོ། །ཀུན་བཟང་ཡབ་ཡུམ་ནི་མཛད་པ་རྫོགས་ཤིང་དཀྱིལ་འཁོར་ཐམས་ཅད་ཀྱི་བྱ་བྱེད་ཐབས་ཤེས་མཚོན་པའི་རྡོ་རྗེ་པདྨའི་སྐྱིལ་ཀྲུང་། མཐར་བྱེད་ནི་དམག་དཔོན་ལྟར་གདུག་པ་ཚར་གཅོད་པ་ཞལ་ཕྱིར་གཟིགས་ནས་བཞུགས། ཐུབ་པ་དྲུག་ནི་འགྲོ་བའི་དོན་ལ་སྐད་ཅིག་གཡེལ་བ་མེད་པར་བཞེངས་ནས་བཞུགས་པའོ། །དེ་ལྟར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་དེ་དག །ཕྱི་སྣོད་དག་པ་གཞལ་ཡས་ཁང་དང་། ནང་བཅུད་དག་པ་ལྷ་དང་ལྷ་མོ། རྟོགས་ཚོགས་དག་པ་ཆོས་ཉིད་དུ་ལམ་ཁྱེར་ཤེས་པའི་གང་ཟག་ལ་བློ་ཡི་བྱེ་བྲག་གི་སྒོམ་ཚུལ་གང་བྱས་ཀྱང་ཁྱད་པར་མེད་པར་གསུངས་སྟེ། དེ་ལྟར་ཞི་བའི་ལྷ་ཚོགས་ཀུན། །བདག་བསྐྱེད་མདུན་བསྐྱེད་དཀྱིལ་འཁོར་བསྐྱེད། །སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །གང་ལྟར་བསྐྱེད་ཀྱང་ཁྱད་པར་མེད། །ཅེས་སོ། །དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལས། རིག་རྩལ་རྡོ་རྗེ་དབྱིངས་ཀྱི་ལྷར་ཤར་བའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེགས་

པའི་ཁྲི་ལ་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་ཡབ་ཡུམ། དེ་ཡི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་འོད་ལྔའི་ཀློང་ན་བཞུགས་པའི་ཐུགས་ཀ་ནས། དབུ་ཡི་སྟེང་གི་ནམ་མཁའ་ལ་་ཧཱུྃ་དྲང་ལོག་ཁ་སྦྱོར་དུ་འཕྲོས་པ། འོད་དུ་ཞུ་བ། རིན་པོ་ཆེ་སྨུག་པོ་བཞུས་པའི་ཆུ་ཡི་དྭངས་མ་ལུགས་སུ་བླུག་པའི་སྐུ་ལྟར། རང་ཉིད་ཀྱི་ཤེས་རིག་གི་ངོ་བོ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀསྐུ་མདོག་སྨུག་ནག །རྣམ་པར་ཐར་བའི་དབུ་གསུམ། གཡས་ཞལ་དཀར་པོ་ཞི་བ། དབུས་ཞལ་སྨུག་ནག་ཁྲོས་པ། གཡོན་ཞལ་དམར་པོ་ཆགས་པ། དབུ་རེ་རེ་ལ་འཁོར་འདས་དུས་གསུམ་གཟིགས་པའི་སྤྱན་གསུམ་དམར་ཟླུམ་སྡང་མིག་ཏུ་བགྲད་པ། ཞལ་རབ་ཏུ་རྔམས་པ་གདངས་བ། གློག་ལྟར་འཁྱུག་པའི་ལྗགས་འདྲིལ་བ། གངས་རི་བསྣོལ་མའི་མཆེ་བ་བཞི་བཞི་གཟེངས་པ། རྫི་སྨིན་སྨ་ར་ལས་འབར་བའི་མེ་འཁྱོག་པོར་མཆེད་པ། ཤངས་ནས་དྲག་པོའི་འཐོར་རླུང་འབུད་པ། ཡེ་ཤེས་དྲུག་གི་ཕྱག་རྒྱ་དང་ལྡན་པའི་ཕྱག་དྲུག་གི་འགྲོ་དྲུག་གནས་ནས་སྤོར་བ། གཡས་གསུམ་གྱིས་གདུག་པ་སྔངས་པར་བྱེད་པའི་རྡོ་རྗེ། དུག་གསུམ་རྩད་ནས་གཅོད་པ་ཁ་ཊྭཱཾ། གསང་བའི་རང་སྒྲ་སྒྲོག་པའི་རྔེའུ་ཆུང་། གཡོན་གསུམ་གྱིས་སྟོང་ཉིད་ཆོས་ཀྱི་དྲིལ་བུ། ཉོན་མོངས་པ་རུ་ཏྲ་བསྒྲལ་བའི་དུང་དམར། ཐུགས་རྗེས་འཁོར་བར་མི་གཏོང་བའི་རྒྱུ་ཞགས། བདུད་བཞི་ཟིལ་གྱིས་གནོན་པའི་ཞབས་བཞི་བགྲད་པ། ཡུམ་ཆེན་ཀྲོ་ཏི་ཤྭ་རི་མ། སྐུ་མདོག་རྒྱན་ཆ་ཡབ་ཅི་འདྲ་བ་ལ། གཟིག་ལྤག་གི་ཤམ་ཐབས། གཡས་རྡོ་རྗེ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་དམར་ཡབ་ལ་སྟོབས་པ། ནམ་མཁའ་ལྡེང་གིས་བཏེགས་པའི་ཡེ་ཤེས་ཀྱི་རིན་པོ་ཆེའི་བྲག་གི་ཁར། སྣ་ཚོགས་པདྨ་ཉི་མའི་གདན་ལ་བཞུགས་པ། སྐུ་

ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་དང་འཇའ་འོད་འཁྲིགས་པའི་དབུས་ནའོ། །དེ་ལྟར་ཞི་བའི་སྤྲུལ་གཞི་ཀུན་བཟང་ལྟར། ཁྲོ་བོའི་ལྷ་ཆེ་མཆོག་ལས་སྤྲུལ་དགོས་པས། སླར་ཡང་ཆེ་མཆོག་ཡབ་ཡུམ་གྱི་ཐུགས་ནས། ཧཱུྃ་མདུན་ངོས་སུ་སྤྲོས་པ་ལས། རྒྱལ་བ་མཆོད་པ་དང་། སེམས་ཅན་གྱི་དོན་བྱས་པ་སོགས་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཞུ་ལུགས་སོགས་སྔར་ལྟར་ལས། ཆེ་མཆོག་མདུན་དུ་བྷུདྡྷ་ཧེ་རུ་ཀསྐུ་མདོག་སྨུག་ནག །དབུ་གསུམ་ཕྱག་དྲུག །ཞབས་བཞི་གྱད་ཀྱི་འདོར་ཐབས་སུ་བགྲད་པ། ཞལ་གསུམ་གཡས་དཀར་གཡོན་དམར། དབུས་སྨུག་ནག །གཡས་གསུམ་འཁོར་ལོ་རལ་གྲི་དགྲ་སྟ། གཡོན་གསུམ་དྲིལ་བུ་ཐོང་གཤོལ་བྷན་དམར། བུདྡྷ་ཀྲོ་ཏི་ཤྭ་ར ི་མ་རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ། གཟིག་ཤམས་གཡས་འཁོར་ལོ་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་དུང་དམར་ཡབ་ལ་སྟོབས་པ། བྱོལ་སོང་གཙོ་བརྒྱད་པདྨ་ཉི་མའི་གདན་ལ་བཞུགས་པའོ། །དེ་བཞིན་དུ་ཆེ་མཆོག་ཡབ་ཡུམ་གྱི་ཐུགས་ནས་་ཧཱུྃ་ཤར་གྱི་ནམ་མཁའ་ལ་སྤྲོས་པ། སྤྲོ་བསྡུ་ཞུ་གསུམ་སྔར་ལྟར་ལ། བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། གཡས་དཀར་གཡོན་དམར་དབུས་མཐིང་ནག །གཡས་གསུམ་རྡོ་རྗེ་བྷན་དྷ་དགྲ་སྟྭ། གཡོན་གསུམ་དྲིལ་བུ་བྷན་མར་ཐོང་གཤོལ། བཛྲ་ཀྲོ་ཏི་ཤྭ་རི་མ། རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ། གཟིག་ཤམས། གཡས་རྡོ་རྗེ་ཡབ་ཀྱི་མགུལ། གཡོན་དུང་དམར་ཡབ་ལ་སྟོབས་པ། བྱོལ་སོང་གཙོ་བོ༴ སོགས། ཡང་རང་བྱུང་དཀྱིལ་འཁོར་གྱི་ལྷོ་དབུས་སུ་ནམ་མཁའ་ལ། ཆེ་མཆོག་ཡབ་ཡུམ་ལས་་ཧཱུྃ་འཕྲོས། སྤྲོ་བསྡུ་ཞུ་གསུམ་སྔར་ལྟར། བདག་ཉིད་རཏྣ་ཧེ་རུ་ཀ་སྐུ་མདོག་སེར་ནག །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། གཡས་དཀར་གཡོན་

དམར་དབུས་སེར་ནག །གཡས་གསུམ་རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡོན་གསུམ་དྲིལ་བུ་བྷནྡྷ་དྲི་ཤུལ། རཏྣ་ཀྲོ་ཏི་ཤྭ་རི་མ། རྒྱན་ཆ་སོགས་སྔར་ལྟར། གཡས་རིན་ཆེན་ཡབ་ཀྱིས་མགུལ། གཡོན་དུང་དམར་ཡབ་ལ་སྟོབས་པའོ། །བྱོལ་སོང་གཙོ་བོ་སོགས། རང་བྱུང་དཀྱིལ་འཁོར་གྱི་ནུབ་དབུས་ནམ་མཁའ་ལ། སྔར་ལྟར་་ཧཱུྃ་འཕྲོས་པ། སྤྲོ་བསྡུ་ཞུ་གསུམ་ལས་པདྨ་ཧེ་རུ་ཀ་སྐུ་མདོག་དམར་ནག །ཞལ་གསུམ་ཕྱག་དྲུག་ཞབས་བཞི་གྱད་ཀྱི་འདོར་ཐབས་སུ་བགྲད་པ། ཞལ་གཡས་དཀར་གཡོན་སྔོ་དབུས་དམར་ནག །ཕྱག་དྲུག་གི་གཡས་གསུམ་པདྨ་ཁ་ཊྭཱཾ་དབྱུག་ཏོ། གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་། པདྨ་ཀྲོ་ཏི་ཤྭ་རི་དམར་མོ་གཡས་པདྨ་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་དུང་དམར་ཡབ་ལ་སྟོབས་པ། རྒྱན་ཆ་གཟིག་ཤམས་སོགས་གོང་དང་འདྲ། བྱོལ་སོང་གཙོ་བོ་སོགས་གདན་ལའོ། །རང་བྱུང་དཀྱིལ་འཁོར་བྱང་དབུས་སུ། ཆེ་མཆོག་ཡབ་ཡུམ་ཐུགས་ལས་་ཧཱུྃ་འཕྲོས་པ། སྤྲོ་བསྡུ་ཞུ་གསུམ་ལས། བདག་ཉིད་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྗང་ནག །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། གཡས་དཀར་གཡོན་དམར་དབུས་ལྗང་ནག །གཡས་གསུམ་རལ་གྲི་ཁ་ཊྭཱཾ་དབྱུག་ཏོ། གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ། ཀརྨ་ཀྲོ་ཏི་ཤྭ་རི་མ། རྒྱན་ཆ་སྐུ་མདོག་ཡབ་འདྲ་གཟིག་ཤམས་སོགས་གོང་ལྟར་རོ། །དེ་ལྟར་ཁྲག་འཐུང་ཡབ་ཡུམ་བཅུ་པོ་རྣམས། སྐུ་སྒེག་པ། དཔའ་བ། འཇིགས་སུ་རུང་བ། རྒོད་པ། གཤེ་བ། རྔམ་པ། གཏུམ་པ། སྙིང་རྗེ། ཞི་བ་སྟེ་གར་གྱི་ཉམས་དགུ་དང་ལྡན་པ། སྟོབས་བཅུས་གཏི་མུག་འཇོམས་པའི་བརྡར་གླང་ཆེན་ཀོ་རློན། བྱང་ཆུབ་སེམས་ཀྱིས་འདོད་ཆགས་འཇོམས་པའི་བརྡར་ཞིང་ལྤག་གི་སྟོད་གཡོགས།

དཔའ་བརྟུལ་དྲག་པོས་ཞེ་སྡང་འཇོམས་པའི་བརྡར་སྟག་ལྤག་གི་ཤམ་ཐབས་སྟེ་བསྒོ་བའི་གོས་གསུམ་མོ། །ཀླུ་རྒྱལ་རིགས་དཀར་པོའི་སྐྲ་ཆིངས། རྗེ་རིགས་སེར་པོའི་སྙན་ཆ། བྲམ་ཟེ་དམར་པོའི་སེ་མོ་ཏོ། དམངས་རིགས་ལྗང་ཀུས་སྐེ་རགས། གདོལ་པ་ནག་པོའི་གདུ་བུ་བྱས་པ་ཐམས་ཅད་ཀྱང་གདུག་པ་སྦྲུལ་གྱི་རྣམ་པ་ཅན། ཐོད་པ་རྐམ་པོ་ལྔ་ཡི་དབུ་རྒྱན། ཁྲག་འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་བྱས་པ། ཚལ་བུའི་དཔུང་རྒྱན། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུས་བརྒྱ་བྱིན། རཀྟའི་ཐིག་ལེས་དབང་ཕྱུག །ཞག་གི་ཟོ་རིས་ཚངས་པ་རྣམས་འདུལ་བའི་བརྡ་དང་རྟགས་སྤྲས་པ། གདན་ནི་དབུས་བུདྡྷ་ཧེ་རུ་ཀ་ལ་བྱོལ་སོང་གཙོ་བོ་བརྒྱད་བཤད་པ། བཀའ་བརྒྱད་ལྟར་ན། བསྣོལ་མར་བརྫིས་སྟེང་སེང་གེ་སྟག་གཟིག་དོམ་གླང་ཆེན་མ་ཧེ་ཆུ་སྲིན་སྦྲུལ་གྱི་ཁྲིར། ཞེས་བཤད་པའི་རིན་ཆེན་བྲག་གི་ཁྲི་རྐང་བཏེགས་པའི་ཕྱོགས་རེ་རེ་ན་གཉིས་གཉིས་བཀོད་དགོས་སམ་སྙམས། ཕྱོགས་ཀྱི་ཁྲག་འཐུང་རིགས་བཞིར་གླང་ཆེན་མ་ཧེ་གཟིག་དང་སྟག །ཞེས་བཤད་པས་གཙོ་བོ་རེ་རེ་བཞིན་བརྒྱད་བརྒྱད་ཀྱིས་འདེགས་དགོས་སམ་སྙམ། དེ་ལྟར་ཁྲག་འཐུང་རིགས་བཞིའི་ཕྱི་རོལ་དུ་འོག་གཞི་ཐུབ་པ་དྲུག་གི་ནམ་མཁར་ཤར་ནས་བརྩམས་ཀཽ་རི་དཀར་མོ་ལ་སོགས་པའི་གནས་ཀྱི་མ་མོ་བརྒྱད་རང་རང་གི་ལག་ཆ་དང་བཅས་ཞིང་ཆེན་གྱི་གདན་ལའོ། །དེ་ཡི་ཕྱི་རོལ་དུ་ཡུལ་གྱི་ཕྲ་མེན་ཕྱོགས་མཚམས་བརྒྱད་དུ་ཞིང་གི་གདན་ལ་བཞུགས་པའོ། །དེ་ཡི་ཕྱི་རོལ་འོག་གཞི་ཞི་བའི་བར་ཁྱམས་ཀྱི་ནམ་མཁར་ཤར་སྒོའི་གཡས་གཡོན་དུ་སྲིན་མོ་སྨུག་ནག་ལ་སོགས་པའི་ཤར་གྱི་མ་མོ་གསུམ་གསུམ་དྲུག་དང་། ཤར་སྒོའི་ནང་གི་དབུས་ཀྱི་ནམ་མཁར་སྒོ་མ་ཁུ་བྱུག་གདོང་ཅན་། དེ་

བཞིན་དུ་ལྷོ་སྒོའི་གཡས་གཡོན་ནམ་མཁར་ལྷོ་ཡི་དབང་ཕྱུག་མ་དྲུག་དང་། གསུམ་ཚན་དབུས་སུ་ར་གདོང་ཅན་དང་། ནུབ་སྒོའི་གཡས་གཡོན་གྱི་ནམ་མཁར་གསུམ་ཚན་གཉིས་དང་། དབུས་སུ་སྒོ་མ་སེང་གདོང་མ་དང་། བྱང་སྒོ་གཡས་གཡོན་གྱི་ནམ་མཁར་གསུམ་གསུམ་དང་། དབུས་སྒོ་མ་སྦྲུལ་གདོང་མ་ལ་སོགས་པའི་དབང་མོ་ཉེར་བརྒྱད་པོ་རང་རང་ལག་ཆ་དང་ཞིང་རྐྱང་བའི་གདན་ལ་བཞུགས་པའོ། །དེ་ལྟར་ཞི་ཁྲོའི་ལྷ་རྣམས་བསྐྱེད་པ་ལ། དེ་ལྟར་སྒོམ་ཁོག་གི་གསལ་འདེབས་པ་ནི། ཧཱུྃ་རང་བྱུང་རང་ཤར་དབུས་ཕྱོགས་སུ༔ སོགས་ནས། སྣང་ལ་རང་བཞིན་མེད་པར་བསྒོམ༔ ཞེས་པའི་བར་རོ། །རང་གཞུང་ལས། བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དང་། །འབྲུ་བསྐྱེད་བུམ་བསྐྱེད་གང་བྱེད་ཀྱང་། །སྒོམ་ཁོག་བློ་ལ་བྱང་བ་གཅེས། །ཞེས་པས་གཞུང་འདིར་བཤད་པ་ཁོ་ན་ལྟར་ལས་རིགས་འདྲའི་རྒྱས་འགེབ་པ་མ་གནང་བར་གོའོ། །གཞན་ལྟར་ན་སྐབས་འདིར་རྒྱས་གདབས་དབང་བསྐུར་བཤད་ཀྱང་། འདིར་རང་ཉིད་ལྷ་ལ་ལྷ་ཉིད་རང་༔ དབྱེར་མེད་དུ་མ་རོ་གཅིག་གནས༔ ཞེས་པ་ལྟར་ལས་སྤྲོས་པ་མ་བཤད་པས་དུས་གསུམ་མཁྱེན་པའི་བཀའ་ལས་རིང་དུ་བརྒལ་མ་ཕོད་དོ། །སྤྱི་དོན་བདུན་པ་སྤྱན་དྲངས་པ་ནི། ཆོས་ཉིད་ངོ་བོ་མཁའ་ལྟར་དག་པ་རང་བྱུང་གི་ཡེ་ཤེས་མཐའ་དང་དབུས་མེད་པ། དཔེ་དང་ཚད་ལས་འདས་པ། བསམ་པའི་བློ་དང་བརྗོད་པའི་ཚིགས་སོགས་ཐ་སྙད་ཀུན་དང་བྲལ་ཡང་། ཆོས་ཅན་སྒྱུ་མའི་རྣམ་རོལ་རིགས་པའི་རང་རྩལ་དུ་ཤར་བའི་དཀྱིལ་འཁོར་གྱི་དབུས་ཕྱོགས་སུ། འཁོར་འདས་ཡོངས་ཀྱི་སྤྱི་མྱེས་བླ་མ་རིག་འཛིན་ཀུན་བཟང་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་དག་པ་གཉིས་ལྡན་མཐའ་བརྒྱད་དང་བྲལ་བའི་རང་བཞིན་འཁོར་འདས་

ཐམས་ཅད་ལ་རིས་སུ་མ་ཆད་པ་ལུ་གུ་རྒྱུད་དུ་བཞུགས་པ་དེ་ལས་མ་བཅོས་ལྷུན་གྱིས་གྲུབ་པ་ཡེ་ཤེས་ལྔ་ལྡན་གྱི་དཀྱིལ་འཁོར་འདིར། ཉོན་མོངས་ལྔ་གནས་སུ་དག་ཅིང་། སྐུ་ལྔ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་ལས། འགྲོ་བ་སེམས་ཅན་མ་དག་པའི་དྲི་མ་སྦྱངས་ཤིང་། རང་སྣང་དག་པའི་ཡིད་ཀྱི་བྱོན་པར་སྙན་གསན་ཕབས་པའོ། །རྡོ་རྗེ་ལྕགས་ཀྱུའི་སྔགས་དོན་གྱིས་ཐུགས་དམ་བསྐུལ་བའོ། །དེ་བཞིན་དུ། དཔེ་དང་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་གྱི་ཤར་སོགས་ཕྱོགས་ལྔ་ནས་དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔ་ལྡན་གྱི་སྐུ། ཕུང་པོ་ལྔ་དང་ཁམས་ལྔ་དག་པ་རིགས་ལྔ་ཡབ་ཡུམ་བཅུ། སངས་རྒྱས་སྐུ་གསུམ་གྱི་ཡོན་ཏན་མ་འགགས་པའི་རང་བཞིན་དུ་འགྲོ་དོན་ལ་འབྱོན་པར་བསྐུལ་བ་དང་། དེ་བཞིན་དུ་ཚོགས་བརྒྱད་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་བརྒྱད། ཡུལ་བརྒྱད་གནས་སུ་དག་པ་བྱང་ཆུབ་སེམས་མ་བརྒྱད་ལ་སོགས་སངས་རྒྱས་རིགས་ལྔ་ཚོམས་བུའི་ལྷ་ཚོགས་ཐུགས་རྗེ་ཐུགས་དམ་དབང་གིས་འབྱོན་པར་བསྐུལ་ལོ། །སྐུ་གསུམ། རིགས་ལྔ། ཡུམ་ལྔ་སྲས་དང་བཅས་པ་རྡོ་རྗེ་ལྕགས་ཀྱུའི་སྔགས་དོན་གྱིས་སྤྱན་དྲང་ངོ་། །དེ་བཞིན་དུ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱོགས་དང་བྲལ་ཡང་། བཏགས་པའི་བློས་ཕྱོགས་མཚམས་ནས། འགྲོ་བའི་དོན་ལ་སྐད་ཅིག་གཡེལ་བ་མེད་པའི་ཐུབ་པ་དྲུག་དང་། ཚད་མེད་པ་བཞི་དང་རྟག་ཆད་མུ་བཞི་གནས་སུ་དག་པ་སྒོ་བ་ཡབ་ཡུམ་བརྒྱད། དེ་ལ་སོགས་པའི་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་སྤྱན་འདྲེན་ན། འགྲོ་བ་སེམས་ཅན་གྱི་རྒྱུད་བྱིན་གྱིས་བརླབས་པའི་ཕྱིར་གཤེགས་སུ་གསོལ། ཞེས་དང་། དེ་ཡང་གསལ་འདེབས་པ་ནི། རང་གཞུང་གི། ཧཱུྃ༔ དཔེ་

མེད་བསམ་བརྗོད་བྲལ་བའི་དབུས་ཕྱོགས་སུ༔ སོགས་ནས། གཤེགས་སུ་གསོལ༔ བར་རོ། །དེ་ནས་ཁྲོ་བོ་སྤྱན་འདྲེན་པ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པའི་བདག་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀཡུམ་ཀྲོ་ཏི་ཤྭ་རི་མ་དང་གཉིས་སུ་མེད་པ་ཉོན་མོངས་པའི་རྟོག་ཚོགས་འདུལ་ཕྱིར། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་སྤྱིར་སྤྱན་དྲངས་པ་དང་། བྱེ་བྲག་ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ། གནས་དང་ཡུལ་གྱི་མ་མོ་བཅུ་དྲུག །ཡེ་ཤེས་སྒོ་མ་བཞི། དབང་ཕྱུག་མ་ཉེར་བརྒྱད། སྲུང་མ་དམ་ཅན་སྡེ་བདུན་བཀའ་སྡོད་དམ་ཅན་རྒྱ་མཚོ་དང་བཅས་པ་སྤྱན་དྲངས་པའི་སྔགས་དོན་ནི། ཧཱུྃ་བཅུ་ཁྲག་འཐུང་ཡབ་ཡུམ་བཅུ། ཧ་ཧེ་བཅུ་དྲུག་ཀཽ་སེང་བཅུ་དྲུག །ཛ་སོགས་བཞི་ནི་སྒོ་མ་བཞི་བྷྱོ་ཉེར་བརྒྱད་དབང་ཕྱུག་མ་ཉེར་བརྒྱད་ཀྱི་སྲོག་སྙིང་བསྐུལ་ཞིང་། ས་མཱ་ཡས་དམ་ཚིག་བསྐུལ། རྡོ་རྗེ་ལྕགས་ཀྱུས་དབང་དུ་བྱས། ཕྲིན་ལས་བཞི་ཡིས་དགུག་བཅིང་བསྡམ་མྱོས་པར་བྱ་བ་ནི་གོ་སླའོ། །སྤྱི་དོན་བརྒྱད་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི། རྒྱལ་བའི་ཐུགས་རྟོག་མེད་ཡེ་ཤེས་ལྔ་ཡི་རང་མདངས་ཤར་བས་གཞལ་ཡས་ཁང་དེ་ཡི་དབུས་དང་ཕྱོགས་བཞིར་སེང་གེ་ལ་སོགས་པའི་གདན་ལྔ་སྟེ། སྔར་བསྒོམ་རིམས་དུས་ནས་གསལ་ཡང་། འདིར་རྒྱུད་ཀྱི་ཁུང་བསྟན་ན། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ༼བགྲོད༽། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུངས་ནི་དབང་བཅུ་

མཐར་ཕྱིན་རྒྱལ་པོའི་གསུངས། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡི་འགྲོ་བ་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་གསུངས་པ་ལྟར། དཔེ་སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་བཞི་ཀ་སྣང་ལ་རང་བཞིན་མེད་པའི་ངོས་ནས་དཔེར་བྱས་པ། གནས་དང་། གདན་དང་། ལྷ་ཐམས་ཅད་སྒྱུ་མ་ལྟར་ཤར་བའི་བཞུགས་བྱ་བཞུགས་བྱེད་ཀྱི་མཚན་མ་དམིགས་སུ་མེད་ཀྱང་། འགྲོ་བ་སེམས་ཅན་གྱི་ལས་ཉོན་སྦྱངས་པ། ཚོགས་གཉིས་བསགས་པའི་ཞིང་དུ། དངས་གསལ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་འདིར། གདན་ལྔ་སོགས་ཀྱི་ཁྲི་ལ། ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་རང་རྩལ། བཅོམ་ལྡན་འདས་དཔལ་ཆེན་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་སེམས་མ་བཅུ་དྲུག་སོགས་འཁོར་དང་བཅས་པ་རང་སྣང་དག་པའི་གནས་སུ་བཞུགས་པར་གསོལ་བ་དང་། རྟག་ཆད་མུ་བཞིའི་སྒོ་བ་བཞི། ཞི་རྒྱས་དབང་དྲག་གི་ལས་བཞིའི་སྒོ་མ་བཞི་དང་། འགྲོ་བའི་རྣམ་རྟོག་རིགས་དྲུག་རྩད་ནས་གཅོད་པའི་འགྲོ་འདུལ་གྱི་ཐུབ་པ་དྲུག་ལ་སོགས་སངས་རྒྱས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས། མ་དག་པའི་སྣང་བ་དབྱིངས་སུ་ནུབ་ཅིང་དག་པ་ཡེ་ཤེས་ཀྱི་རྣམ་རོལ་འབའ་ཞིག་ཏུ་ཤར་བའི་གནས་སུ་བཀོད་པའི་གདན་ཁྲི་སོ་སོར་ཆུ་ལ་ཆུ་བཞག་པ་ལྟར་དམ་ཚིག་པ་ལ་ཡེ་ཤེས་པ་བསྟིམ་པ། རྣམ་པ་ཐ་དད་ལྟར་ཡང་རྟོག་མེད་ཡེ་ཤེས་ཆེན་པོར་རོ་གཅིག་པར་བརྟན་པར་བཞུགས་སུ་གསོལ། ཞེས་དང་། དེ་དག་གི་སྟེང་གི་ནམ་མཁར། འོག་གཞི་ཞི་བ་ལོངས་སྤྱོད་རྫོགས་སྐུའི་རིག་རྩལ། ཉོན་མོངས་པ་དུག་ལྔ་འཇོམས་པའི་ལྷ་ཚོགས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡུམ་ཀྲོ་དྷི་ཤྭ་རི་མ། སྤྲུལ་པའི་ཁྲག་འཐུང་ཡབ་ཡུམ་བཅུ། ཚོགས་བརྒྱད་

གནས་སུ་དག་པ་མ་མོ་ཀཽ་རི་བརྒྱད་དང་ཡུལ་བརྒྱད་དག་པ་སེང་ཧ་བརྒྱད་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་རྣམས། སྐུ་ཡི་རྣམ་འགྱུར་མ་ངེས་པར། སྣང་ལ་རང་བཞིན་མ་གྲུབ་པའི་དཔེ་སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འཇའ་ཚོན་ལྟར། རང་ལས་བྱུང་ཡང་རང་ལ་ཐིམ་པ་ལྟར། སྣང་སྟོང་ཟུང་འཇུག་ཆེན་པོར་རོ་གཅིག་ཏུ་བརྟན་པར་བཞུགས་སུ་གསོལ། ཞེས་དེ་དག་གསལ་འདེབས་པ་ནི། ཧཱུྃ་སྒྱུ་མ་གཟུགས་བརྙན་སོགས་བཞུགས་སུ་གསོལ། རིན་པོ་ཆེ་དང་ཉི་མའི་གདན་ལ་བཞུགས། ཨ་ཙནྟྲ་སྟི་ར་བཾ། ས་བོན། ཟླ་བ་དང་རོ་གདན། པཾ་པདྨ་སྟི་ར་བཾ། ས་བོན། པདྨ་དང་རོ་གདན། མ་སུཪྻ་སྟི་ར་བཾ། ས་བོན། ཉི་མ་དང་རོ་གདན་ནོ། །བར་རོ། །བྷྲཱུཾ་ཡུམ་ལྔའི་དབྱིངས། ཨེཿནམ་མཁའ། ཡཾ་རླུང་། བཾ་ཆུ། ལཾ་ས་དཀྱིལ་བྷྲཱུཾ་རིན་པོ་ཆེའི་གཞལ་ཡས་ཁང་། རཏྣ་ཙནྟྲ་རིན་པོ་ཆེ་ཟླ་བའི་གདན་ལ་བཞུགས། པཾ་པདྨ་སྟི་ར་བཾ་རིན་པོ་ཆེ་པདྨའི་གདན་ལ་བཞུགས། ༀ་ཨཱཿཧཱུྃ་ཞི་ཁྲོའི་ལྷ་ཐམས་ཅད་སྐུ་གསུམ་དུ་བཞུགས་པར་བསམ་མོ། །སྤྱི་དོན་དགུ་པ་ཕྱག་འཚལ་བ་ནི། ཡིད་ཤེས་དང་ཆོས་ཀྱི་ཁམས་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མྱེས་ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བ་དང་། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་དང་། རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ་རྡོ་རྗེ་སེམས་དཔའ། ཚོར་བའི་ཕུང་པོ་གནས་སུ་དག་པ་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ་སྣང་བ་མཐའ་ཡས། འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ་དོན་ཡོད་གྲུབ་པ། ནམ་མཁའི་ཁམས་གནས་སུ་དག་པ་དབྱིངས་ཕྱུག་མ། ས་ཡི་ཁམས་གནས་སུ་དག་པ་སངས་རྒྱས་སྤྱན་མ། ཆུ་ཁམས་གནས་སུ་དག་པ་མ་མ་ཀི། མེ་ཡི་ཁམས་གནས་སུ་དག་པ་ན་བཟའ་དཀར་

མོ། རླུང་གི་ཁམས་གནས་སུ་དག་པ་དམ་ཚིག་སྒྲོལ་མ་སྟེ། རིགས་ལྔ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བ་དང་། མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ་སེམས་དཔའ་ས་ཡི་སྙིང་པོ་དང་། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ནམ་མཁའི་སྙིང་པོ་དང་། སྣ་ཡི་རྣམ་པར་ཤེས་པ་སྤྱན་རས་གཟིགས་དང་། ལྕེ་ཡི་རྣམ་པར་ཤེས་པ་ཕྱག་ན་རྡོ་རྗེ་དང་། ལུས་ཀྱི་རྣམ་པར་ཤེས་པ་བྱམས་པ་མགོན་པོ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྒྲིབ་པ་རྣམ་སེལ། [ཉོན་ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་བཟང་པོ།] ཀུན་གཞིའི་རྣམ་པར་ཤེས་པ་འཇམ་དཔལ་ཏེ། ཉེ་བའི་སྲས་མཆོག་བརྒྱད་ལ་ཕྱག་འཚལ་བ་དང་། མིག་གི་ཡུལ་དུ་གཟུགས་སུ་སྣང་བ་རྣམ་པར་དག་པ་ལཱ་སྱེ་དཀར་མོ་དང་། དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་རྣམ་པར་དག་པ་མཱ་ལེ་སྔོན་མོ་དང་། སྣ་ཡི་ཡུལ་དུ་དྲི་རྣམ་པར་དག་པ་གཱིརྟི་དམར་མོ་དང་། ལྕེ་ཡི་ཡུལ་དུ་རོ་བྲོ་བ་གནས་སུ་དག་པ་ནིརྟི་ལྗང་མོ་དང་། འདས་པའི་རྟོག་པ་གནས་སུ་དག་པ་པུཥྤེ་དཀར་མོ་དང་། ད་ལྟར་གྱི་རྟོག་པ་གནས་སུ་དག་པ་དྷུཔྤེ་སེར་མོ། མ་འོངས་པའི་རྟོག་པ་གནས་སུ་དག་པ་ཨ་ལོ་ཀེ་དམར་མོ། འབྱུང་བར་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ་གནྡྷེ་ལྗང་མོ་སྟེ། བྱང་ཆུབ་སེམས་མ་བརྒྱད་ལ་ཕྱག་འཚལ་བ་དང་། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པ་ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་དང་། ཕྲག་དོག་གནས་སུ་དག་པ་ལྷ་མ་ཡིན་གྱི་ཐུབ་པ་ཐེག་བཟང་རིས་དང་། འདོད་ཆགས་རྣམ་པར་དག་པ་མི་ཡི་ཐུབ་པ་ཤཱཀྱ་སེང་གེ་དང་། གཏི་མུག་རྣམ་པར་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན་དང་། སེར་སྣ་རྣམ་པར་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་དང་། ཞེ་སྡང་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་སྟེ། འགྲོ་འདུལ་གྱི་ཐུབ་པ་དྲུག་ལ་ཕྱག་འཚལ་བ་དང་། རྟག་ཆད་མུ་བཞི་གནས་སུ་དག་པ་

སྒོ་བ་བཞི་དང་། སྐྱེ་གནས་བཞི་གནས་སུ་དག་པ་སྒོ་མ་བཞི་སྟེ། ཞི་བ་བཞི་བཅུ་རྩ་གཉིས་ལ་ཕྱག་འཚལ་བའོ། །དེ་གསལ་འདེབས་པ་ནི། ཧཱུྃ༔ ཡིད་ཤེས་རྣམ་དག་ཀུན་ཏུ་བཟང་པོ་ཡབ༔ སོགས། ཕྱག་འཚལ་བསྟོད༔ བར་རོ། །དེ་ནས་ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བ་ནི། ཉོན་མོངས་མ་རིག་པ་དང་། ཀུན་གཞི་གནས་གྱུར་པ་ཆེ་མཆོག་ཡབ་ཡུམ། གཟུགས་ཕུང་གཏི་མུག་ནམ་མཁའ་དང་བཀྲག་མདངས་གནས་གྱུར་པ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། རྣམ་ཤེས་དང་ཞེ་སྡང་ས་ཁམས་དང་ཤ་ཆེན་གནས་གྱུར་པ་བཛྲ་ཧེ་རུ་ཀ་ཡབ་ཡུམ། ཚོར་བ་དང་ང་རྒྱལ་ཆུ་ཁམས་དང་ཁྲག་ཆེན་གནས་གྱུར་པ་རཏྣ་ཧེ་རུ་ཀ་ཡབ་ཡུམ། འདུ་ཤེས་དང་འདོད་ཆགས་མེ་ཁམས་དང་དྲོད་ཆེན་གནས་གྱུར་པ་པདྨ་ཧེ་རུ་ཀ་ཡབ་ཡུམ། འདུ་བྱེད་དང་ཕྲག་དོག་རླུང་ཁམས་དང་དབུགས་ཆེན་གནས་གྱུར་པ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྟེ། ཁྲག་འཐུང་ཡབ་ཡུམ་བཅུ་ལ་ཕྱག་འཚལ་ལོ། །ཉོན་མོངས་པའི་རྣམ་རྟོག་གཞོམ་ཕྱིར་ཀཽ་རི་མ་དང་། ཐབས་ཤེས་གཉིས་སུ་མེད་པའི་ཙཽ་རི་མ་དང་། འཁོར་བར་ཐུགས་རྗེས་མི་གཏོང་བའི་པྲ་མོ་ཧ་དང་། ཆོས་ཉིད་མི་འགྱུར་བའི་བཻ་ཏ་ལི། འཁོར་བ་གནས་ནས་འདྲེན་པའི་པུསྐ་སི་དང་། འཁོར་བ་ཞལ་དུ་གསོལ་བའི་ཀསྨ་རི་དང་། ཉོན་མོངས་ལོག་རྟོག་དང་ཕྲལ་བའི་མ་མོ་ཙནྡྷ་ལི་དང་། བག་ཆགས་རྟེན་དང་ཕྲལ་བའི་སྨ་ཤ་ནི་ལ་སོགས་གནས་ཀྱི་མ་མོ་བརྒྱད་ལ་ཕྱག་འཚལ་བ་དང་། འཁོར་བ་ཀ་དག་གི་སེང་ཧ་མུ་ཁ་དང་། འཁོར་བ་ཞེ་ལ་གནོན་ཕྱིར་བྱ་ཀྲི་མུ་ཁ་དང་། ཉོན་མོངས་པ་གནས་སུ་དག་པའི་སྲི་ལ་མུ་ཁ་དང་། འཁོར་བ་དོང་ནས་སྤྲུགས་པའི་ཤྭ་ན་མུ་ཁ་དང་། དུག་གསུམ་རྩད་ནས་གཅོད་པའི་ཀྲི་ཏ་མུ་ཁ་དང་། འཁོར་བ་དང་དུ་ལེན་པའི་གང་ག་མུ་ཁ་དང་། ཉོན་མོངས་གསོལ་ཕྱིར་ཁ་ཁ་མུ་ཁ་མ་དང་། ལོག་

རྟོག་ཕྲལ་ཕྱིར་ཨུ་ལུ་མུ་ཁ་སྟེ་ཡུལ་གྱི་ཕྲ་མེན་སེང་ཧ་བརྒྱད་ལ་ཕྱག་འཚལ་བ་དང་། སྙིང་རྗེས་འདྲེན་པའི་རྟ་གདོང་ལྕག་ཀྱུ་མ་དང་། བྱམས་པས་འཆིང་བའི་ཕག་གདོང་ཞགས་པ་དང་། དགའ་བས་སྡོམས་པའི་སེང་གདོང་ལྕགས་སྒྲོག་མ་དང་། བཏང་སྙོམས་འབེབས་པའི་ཕྱིར་སྦྲུལ་གདོང་དྲིལ་བུ་མ་དང་། ཚད་མེད་པའི་སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །ཞི་རྒྱས་དབང་དྲག་གི་ལས་མཛད་པའི་མ་མོ་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བ་དང་། གཞན་ཡང་། ཆོས་སྐུ་འཕོ་འགྱུར་མེད་པ་ནམ་མཁའ་ལྟ་བུའི་ངང་ལས། ལོངས་སྐུ་སྣང་སྟོང་ཉི་འོད་ལྟ་བུ་དང་། སྤྲུལ་སྐུ་མ་ངེས་འཇའ་ཚོན་ལྟ་བུ་སྟེ། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཡོངས་སུ་རྫོགས་པའི་ལྷ་ལ་ཕྱག་འཚལ་བའོ། །དེ་ཉིད་གཞུང་དུ། ཧཱུྃ༔ མ་རིག་རྩད་གཅོད་ཆེ་མཆོག་ཧེ་རུ་ཀ༔ སོགས་ནས། ཕྱག་འཚལ་བསྟོད༔ བར་རོ། །སྤྱི་དོན་བཅུ་པ་མཆོད་པ་ལ། འཕྲོས་དང་དངོས་གཉིས་ལས། དང་པོ་ནི། མཆོད་དཔོན་སོ་སོའི་བློ་གོམ་པའི་གཤིས་ཀྱིས། མཆོད་པའི་མགོ་སྟོན་ཕྱོགས་གཡས་གཡོན་ལ་རྩོད་ཀྱང་། སྔ་རབས་པ་དག་དཀྱིལ་འཁོར་ལྷ་ཡི་བཞུགས་སྟབས་དང་བསྟུན། མདུན་གཡས་ངོས་ནས་ཤར་ལྷོའི་མཚམས་མཆོད་ཡོན་ནས་བཤམས་པ་ཤ་སྟག་ཡིན། དེ་མི་རུང་བ་མེད་འདྲ་སྟེ། རྒྱ་བོད་གཉིས་ཀས་གཡས་ཕྱོགས་འདི་ཐོབ་ཆེ་བར་བཤད་སྣང་བ། ལྷ་ཡི་སྒོམ་རིམ་ལའང་ཞལ་ཕྱག་གཡས་ཐོག་མར་འདྲེན་པ་དང་། བོད་རྣམས་ཀྱང་ཆོས་སྐོར་དང་བོན་སྐོར་ཞེས་ཕྱི་པ་དང་ནང་བའི་ཁྱད་ཙམ་དང་། དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོ་བ་ཡང་མདུན་ནས་གཡས་སྐོར་དུ་གྲལ་ལ་འཁོད་དགོས་པ་སོགས་དང་། སྨན་ཕུད་དང་། ཚེ་མདའ་སོགས་ཀྱང་། གཏོར་མ་དང་། ཚེ་འབྲང་གི་གཡོན་དུ་བཤམས་སྲོལ་མེད་

པ་ལྟར་སྣང་མོད། དེ་ལྟ་ནའང་ད་ལྟ་ཨོ་རྒྱན་སྨིན་གྲོལ་གླིང་བའི་ཕྱག་བཞེས་འཁྲུལ་མེད་ཡིན་ཟེར་ནས་རྫོགས་ཆེན་པའི་བརྒྱུད་འཛིན་ཕལ་ཆེ་བ་མགོ་གཡོན་དུ་སྟོན་པའི། རྗེ་གཏེར་བདག་གླིང་པ་དང་། ལོ་ཆེན་དྷརྨ་ཤྲི་གཉིས་ཀྱི་བཀའ་སྲོལ་ལའང་ཆལ་ཆོལ་མི་སྲིད་པས། ཀུན་མཁྱེན་བཻ་རོ་ཙ་ན་དང་། རྒྱལ་མོ་གཡུ་སྒྲའི་རང་ལུགས་ལ་མ་དག་པའི་བློ་སུ་ལ་སྐྱེ། དེ་ཡི་ཕྱིར་མཐོང་རྒྱུན་ལྟར་བཤམས་པ་ལས་འོས་ཅི་ཡོད། གཏོར་མ་རུ་མཚོན་གྱི་ཡི་གེ་ལས་མདུན་བསྐྱེད་གཡས་ནས་བརྩམས་གསུང་སྣང་ངོ་། །གཉིས་པ་མཆོད་པ་དངོས་ལ། ཕྱི་ནང་གསང་བ་ཁྱད་པར་དང་བཞི་ལས། དང་པོ་ཕྱི་མཆོད་ནི། འདི་ལྟར་སྣང་ཞིང་སྲིད་པའི་འཇིག་རྟེན་གྱིས་བསྡུས་པའི་ཁམས་འདིར་གཏོག་པའི། ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པ་སོགས་རིགས་དང་། དཀར་སེར་དམར་ལྗང་སོགས་ཁ་དོག་དང་། གཞན་ཡང་། པཎྚ་རི་ཀ་དང་། ཨུཏྤལ་དང་། ཛ་ཏིའི་མེ་ཏོག་ལ་སོགས་པ་སྲིད་དང་ཞི་བའི་དབྱིངས་ན་གནས་པ་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་མཆོད་པ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་དབུ་ལ་མཛེས་སྡུག་གི་མེ་ཏོག་ཕྲེང་བར་ཕུལ་བས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མ་དག་པའི་སྣང་བ་དབྱིངས་སུ་སྦྱངས་ནས། སྣང་སྟོང་སྣང་སྟོང་སོགས་གཉིས་ཆོས་ཐམས་ཅད་རྩེ་ལེ་རིག་འཛིན་ཆེན་པོས་གསལ་པོར་གསུངས་སྣང་། རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། ཐུགས་རྗེ་བརྩེ་བ་ཆེན་པོས་བཞེས་སུ་གསོལ། སྔགས་དོན། རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡི་གེའི་ཐེམས་སུ་བཅུག་པའི། རྡོ་རྗེ་མེ་ཏོག་མའི་མཆོད་པ་བཞེས་ཤིག །ཞེས་པའོ། །དེ་བཞིན་དུ། སྣང་ཞིང་སྲིད་པའི་འཇིག་རྟེན་གྱི་ཁམས་

འདི་དང་། རྟོག་མེད་ཞི་བ་རྒྱལ་བའི་ཞིང་རབ་འབྱམས་ན་གང་དག་རང་བྱུང་ལྷན་ཅིག་སྐྱེས་དང་སྦྱར་བ་ལས་བྱུང་བ། བྱེ་བྲག་ཨ་ཀ་རུ་དང་། དུ་རུ་ཀ་དང་། ཙན་དན་དཀར་དམར་དང་། ཛ་ཏི་ཕ་ལ་དང་། ག་པུར། གླ་རྩི། གུར་གུམ་ལ་སོགས་པའི་དྲི་ལྡན་སྤོས་ཀྱི་རིགས་སུ་གཏོག་ཚད། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་བདུག་སྤོས་ཀྱི་སྤྲིན་གྱིས་ནམ་མཁའ་ཁྱབ་པར་བཀང་སྟེ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཤངས་ལ་འབུལ་ན། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཚོར་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར་ཐུགས་རྗེ་བརྩེ་བ་ཆེན་པོས་བཞེས་སུ་གསོལ། སྔགས་དོན་གོང་ལྟར་དང་། རྡོ་རྗེ་བདུག་སྤོས་མའི་མཆོད་པ་བཞེས། ཞེས་སོ། །སྣང་ཞིང་སྲིད་པའི་འཇིག་རྟེན་གྱི་ཁམས་འདི་དང་། རྟོག་མེད་རྒྱལ་བའི་ཞིང་རབ་འབྱམས་ནས། ཉི་ཟླ་ནོར་བུ་གློག་གི་འོད་ལ་སོགས་པ་རང་བྱུང་གི་མར་མེ་དང་། རྩི་མར། འབྲུ་མར། ཤིང་འབྲས་ལ་སོགས་པའི་མར་མེ་ནམ་མཁའ་རབ་འབྱམས་གང་བར་སྤྲུལ་ནས། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ལ་གུས་པར་འབུལ་ན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར། ཐུགས་རྗེ་བརྩེ་བ་ཆེན་པོས་བཞེས་སུ་གསོལ། སྔགས་དོན་གོང་ལྟར། རྡོ་རྗེ་མར་མེའི་མཆོད་པ་བཞེས་ཤིག །ཅེས་སོ། །སྣང་ཞིང་སྲིད་པ་སོགས། གོང་ལྟར་ལས། འོ་མ་ཆུ་སྣ་དང་སྦྱར་བའི་ག་པུར་གུར་གུམ་དྲི་སྣ་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་མཆོད་པ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀར་དྲི་ཡི་བྱུགས་པ་ཕུལ་བས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རིག་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་ཕྱིར། ཐུགས་རྗེ་བརྩེ་བ་ཆེན་པོས་

བཞེས་སུ་གསོལ། སྔགས་དོན་གོང་ལྟར། རྡོ་རྗེ་དྲི་ཆབས་མའི་མཆོད་པ་བཞེས་ཤིག །ཅེས་པའོ། །སྣང་ཞིང་སྲིད་པའི་འཇིག་རྟེན་གྱི་ཁམས། གོང་ལྟར་ལས་རོ་བརྒྱ་དང་ལྡན་པའི་ཞལ་ཟས་འདོད་དགུའི་ཕུང་པོ། གཡོས་མདག་འདེ་གུར་སྦྱར་བ། བཟའ་བཅའ་བཏུང་བའི་བྱེ་བྲག་ནམ་མཁའ་བར་སྣང་ས་གཞིའི་ཁམས་གང་བར་སྤྲུལ་ནས་དབུལ་ན། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མྱོང་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་ཕྱིར་ཐུགས་རྗེ་བརྩེ་བ་ཆེན་པོས་བཞེས་སུ་གསོལ། སྔགས་དོན་གོང་ལྟར། རྡོ་རྗེ་ཞལ་ཟས་མའི་མཆོད་པ་བཞེས་ཤིག །འདི་ལྟར་སྣང་ཞིང་སྲིད་པའི་སོགས་གོང་ལྟར་ལས། རྔ་དང་གཡེར་ག་དང་། དྲིལ་བུ་རྫ་རྔ་དང་། དུང་དང་གླིང་བུ་ལ་སོགས་བཅོས་པ་དང་། འབྱུང་བ་བཞི་ཡི་རང་སྒྲ་གླུ་གར་སིལ་སྙན་ལ་སོགས་འབྲུག་གི་སྒྲ་དབྱངས་ལ་སོགས་པ་དངོས་སུ་འབྱོར་པ་ཡིད་ཀྱིས་སྤྲུལ་པའི་སྒྲ་སྙན་རོལ་མོའི་བྱེ་བྲག་ཇི་སྙེད་པ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ནམ་མཁའ་གང་བར་འབུལ་ན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གྲགས་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར་ཐུགས་རྗེ་བརྩེ་བ་ཆེན་པོས་བཞེས་སུ་གསོལ། སྔགས་དོན་གོང་བཞིན་དང་། རྡོ་རྗེ་སྒྲ་མའི་མཆོད་པ་བཞེས་ཤིག །དེ་ལྟར་ཉེར་སྤྱོད་ལྔ་ཡི་འབུལ་ཚིག །གཞུང་གི། ཧཱུྃ༔ སྲིད་པར་གཏོག་པའི་མེ་ཏོག་སྣ་ཚོགས་རིགས༔ སོགས་ནས། ཤབྟ་པུ་ཙ་ཧོ༔ བར་རོ། །གཉིས་པ་ནང་གི་མཆོད་པ་འདོད་ཡོན་ལྔ་ལས། དང་པོ་ནི་འདི་ལྟར་སྣང་ཞིང་སྲིད་པའི་འཇིག་རྟེན་གྱི་ཁམས་ཕྱི་ནང་སྣོད་བཅུད་ཐམས་ཅད་མ་དག་པ་དབྱིངས་སུ་ནུབ་ནས། ལྷ་དང་གཞལ་ཡས་ཁང་གི་རྣམ་པར་རོལ་པ་ལས། ཁྱད་པར་རྡོ་རྗེ་གཟུགས་མའི་ཚོགས་ཀྱིས་ནམ་མཁའ་བར་སྣང་ས་གཞི་གང་བར་སྤྲུལ་ནས་ཕུལ་

བས། སེམས་ཅན་གཟུགས་ལ་ཞེན་པའི་བག་ཆགས་སྦྱངས། རྒྱལ་བ་རྣམས་གཟུགས་ཀྱི་བདེ་བའི་མཆོད་པས་མཉེས་པར་བསམ་མོ། །སྔགས་དོན་གོང་ལྟར་ལས། རྡོ་རྗེ་གཟུགས་མའི་མཆོད་པ་བཞེས་ཤིག །དེ་བཞིན་དུ་སྣོད་བཅུད་སྣང་སྲིད་ཐམས་ཅད་རྡོ་རྗེ་སྒྲ་མའི་ཚོགས་ཀྱིས་ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་གང་བར་སྤྲུལ་ནས་སྙན་པའི་སྒྲ་དབྱངས་ཐོགས་ནས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལ་ཕུལ་བས། སེམས་ཅན་སྒྲ་ལ་ཞེན་པ་རྣམས་ཀྱི་རྣ་བའི་བག་ཆགས་སྦྱངས། རྒྱལ་བ་རྣམས་སྒྲ་ཡི་བདེ་བའི་མཆོད་པས་མཉེས་པར་བསམ། སྔགས་དོན་གོང་ལྟར། རྡོ་རྗེ་སྒྲ་མའི་མཆོད་པ་བཞེས་ཤིག །སྣང་སྲིད་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེ་དྲི་མའི་ཚོགས་ཀྱིས་གང་བར་སྤྲུལ་ནས། ནམ་མཁའ་རབ་འབྱམས་གང་བའི་རྒྱལ་བའི་དཀྱིལ་འཁོར་ལ་ཕུལ་བས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དྲི་ལ་ཞེན་པའི་སྣ་ཡི་བག་ཆགས་སྦྱངས། རྒྱལ་བ་རྣམས་དྲི་ཡི་བདེ་བས་མཉེས་པར་བསམ་མོ། །སྔགས་དོན་གོང་བཞིན་དང་། རྡོ་རྗེ་དྲི་མའི་མཆོད་པ་བཞེས་ཤིག །ཅེས་སོ། །སྣང་སྲིད་སྣོད་བཅུད་ཐམས་ཅད་རྡོ་རྗེ་རོ་མའི་ཚོགས་ཀྱིས་གང་བར་སྤྲུལ་ནས་ནམ་མཁའ་གང་བའི་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མཆོད་པས། སེམས་ཅན་རོ་ལ་ཞེན་པའི་ལྕེ་ཡི་བག་ཆགས་སྦྱངས། རྒྱལ་བ་རྣམས་རོ་ཡི་བདེ་བས་མཉེས་པར་བསམ། སྔགས་དོན་གོང་བཞིན། རྡོ་རྗེ་རོ་མའི་མཆོད་པ་བཞེས་ཤིག །སྣོད་བཅུད་སྣང་སྲིད་ཐམས་ཅད་རེག་མའི་ཚོགས་ཀྱིས་གང་བར་སྤྲུལ་ནས། ནམ་མཁའ་གང་བའི་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ལ་མཆོད་པས། སེམས་ཅན་རེག་ལ་ཞེན་པའི་ལུས་ཀྱི་བག་ཆགས་སྦྱངས། རྒྱལ་བ་རྣམས་རེག་བྱའི་བདེ་བས་མཉེས་པར་བསམ། སྔགས་དོན་གོང་བཞིན་དང་།

རྡོ་རྗེ་རེག་མའི་མཆོད་པ་བཞེས་ཤིག །སྣང་སྲིད་སྣོད་བཅུད་ཐམས་ཅད་རྡོ་རྗེ་ཆོས་མའི་ཚོགས་ཀྱིས་གང་བར་སྤྲུལ་ནས། ནམ་མཁའ་རབ་འབྱམས་གང་བའི་དཀྱིལ་འཁོར་ལྷ་ལ་མཆོད་པས། སེམས་ཅན་རྣམས་འཁོར་བའི་ཆོས་ལ་ཞེན་པའི་ཡིད་ཀྱི་བག་ཆགས་སྦྱངས། རྒྱལ་བ་རྣམས་ཆོས་ཀྱི་བདེ་བས་མཉེས་པར་བསམ་མོ། །སྔགས་དོན་གོང་བཞིན་དང་། རྡོ་རྗེ་ཆོས་མའི་མཆོད་པ་བཞེས་ཤིག །ཅེས་སོ། །དེ་དག་གཞུང་གི། ཧཱུྃྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ ཅེས་པ་ནས། ཤབྟ་པུ་ཙ་ཧོ༔ བར་རོ། །གསུམ་པ་གསང་མཆོད་རྡོ་རྗེ་རིག་མ་བཅུ་དྲུག་གི་མཆོད་པ་ནི། གསང་མཆོག་རྡོ་རྗེ་ཐེག་པའི་མྱུར་ལམ་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕོ་ཉ་མོ། སངས་རྒྱས་སྐུ་ཡི་རིགས་ཀྱི་རིག་མ་སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས་པའི་ནམ་མཁའ་གང་བར་སྤྲུལ་ནས། རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་མཆོད་པས་རྗེས་སུ་སྙོམས་འཇུག་གི་བདེ་བའི་རོལ་མོས་མཆོད་ཅིང་མཉེས་པར་བསམ་མོ། །དེ་བཞིན་དུ་གསུང་གི་རིག་མ་དམར་མོ་མཛེས་སྡུག་བལྟ་བའི་ངོམ་པ་མེད་པའི་ལང་ཚོ་ཅན། ཕྱག་གཉིས་རྔ་ཟླུམ་གྱི་སྒྲ་སྒྲོག །ནམ་མཁའ་རབ་འབྱམས་གང་བར་སྤྲུལ་ནས་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་གསུང་ལ་མཆོད་པའི་རྗེས་སུ། སྐུ་ལ་སྙོམས་འཇུག་གི་བདེ་བའི་མཆོད་པ་ཕུལ་བས་དགའ་བའི་རོས་མཉེས་པར་བསམ། དེ་བཞིན་དུ་ཐུགས་ཀྱི་རིག་མ་མཐིང་གསལ་མཛེས་སྡུག་ལང་ཚོའི་ཉམས་རྒྱས་པ། གར་དང་བཅས་པའི་ཕྱག་གཉིས་པི་ཝང་བསྒྱུར་ནས་རྒྱལ་བའི་ཐུགས་ལ་མཆོད་པའི་རྗེས་སུ། སྐུ་ལ་སྙོམ་འཇུག་གི་བདེ་བའི་མཆོད་པས་དགའ་བའི་རོས་མཉེས་པར་བསམ། ཡོན་ཏན་གྱི་རིག་མ་སེར་གསལ་མཛེས་སྡུག་བལྟ་བའི་ངོམ་པ་མེད་

པའི་ལང་ཚོ་ཅན། གར་དང་བཅས་པའི་ཕྱག་གཉིས་ཅང་ཏིལ་འཁྲོལ་བས་རྒྱལ་བའི་ཡོན་ཏན་ལ་མཆོད་ཅིང་། སླར་སྐུ་ལ་སྙོམས་འཇུག་གི་བདེ་བས་མཆོད་ཅིང་དགའ་བའི་རོས་མཉེས་པར་བསམ། ཕྲིན་ལས་ཀྱི་རིག་མ་སྐུ་མདོག་ལྗང་གསལ་མཛེས་སྡུག་ལང་ཚོ་གསར་བའི་ངང་ཚུལ་ཅན། གར་དང་བཅས་པའི་ཕྱག་གཉིས་རྫ་རྔའི་སྒྲ་བསྒྲག་ཏེ་རྒྱལ་བའི་ཕྲིན་ལས་ལ་མཆོད་པའི་རྗེས་སུ་སྐུ་ལ་སྙོམས་འཇུག་གི་བདེ་བའི་མཆོད་པས་དགའ་བའི་རོས་མཉེས་པར་བསམ། དེ་ཉིད་གཞུང་ཚིག་ནི། ཧཱུྃ༔ གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ སོགས་ནས། སྔགས་དོན་གོང་བཞིན་དང་། ཁྱད་པར། བཛྲ་ཨ་དར་ཤ་རྡོ་རྗེ་མེ་ལོང་མ། བཛྲ་མུ་རཉྩེ་རྡོ་རྗེ་རྔ་ཟླུམ་མ། བཛྲ་བྱི་ནི་རྡོ་རྗེ་པི་ཝཾ་མ། བཛྲ་བཾ་སྱེ་རྡོ་རྗེ་ཅང་ཏིལ་མ། བཛྲ་མེ་དྷེ་ཀ་རྡོ་རྗེ་རྫ་རྔ་མ་དང་། ༀ་ཨཱཿཧཱུྃ་རྡོ་རྗེ་གསུམ་གྱི་ཡི་གེ་ཐོག་མཐར་སྦྱར་བར་བྱ་བ་སྔགས་དོན་ནོ། །བཞི་པ་ཁྱད་པར་གྱི་མཆོད་པ། བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། བླ་མ་དགོངས་འདུས་སོགས་ལས་མཆོད་པའི་བྱེ་བྲག་མང་དུ་གསུངས་མོད་ཀྱང་འདིར་དངོས་བསྟན་སྨན་རཀ་གཏོར་གསུམ་ལས་མ་བཤད་པས། དུས་གསུམ་མཁྱེན་པའི་བཀའ་ལ་རས་ཆོད་སུས་སྤོབས། སྤྱི་དོན་བཅུ་གཅིག་པ། སྨན་རཀ་གཏོར་གསུམ་ལས། སྨན་མཆོད་ནི། སྔར་བྱིན་རླབས་དུས་ཀྱང་མདོ་ཙམ་བཤད་མོད། འདིར་ཡང་སྨན་གྱི་སྣོད་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡབ་ཡུམ་བཅུ་ཡི་དམ་ཚིག་གི་བདུད་རྩི་བསྒྲུབ་པའི་རྒྱུ་བྱས། ཏིང་ངེ་འཛིན་གྱི་འཕྲོ་འདུ་ལས། སྐུ་ལྔ་ཡེ་ཤེས་ལྔ་སོགས་བཞུ་བཏུལ་བྱས་པའི་རྐྱེན་སྦྱར་ཏེ། ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བསྟིམ་པས་དམ་ཡེ་གཉིས་མེད་དུ་བྱས་པ་དེ་ཉིད་དཔའ་བོ་འབྲུ་ལྔ་དང་དཔའ་མོ་འབྲུ་ལྔ་

སོགས་བཞུས་པའི་བཅུད་རྩ་བ་བརྒྱད་ལ་ཡན་ལག་བརྒྱད་སྟོང་དུ་སྦྱར་བ་རྩི་ཡི་ལྷ་མོ་མཐིང་གསལ་མཛེས་སྡུག་བལྟ་བས་མི་ངོམ་པ་ནམ་མཁའ་བར་སྣང་ས་གཞི་གང་བར་སྤྲུལ་ནས། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལ་མཆོད་པས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཉེས་པ་གསུམ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་བྱང་ནས་འཆི་བ་མེད་པའི་རྡོ་རྗེ་ཐོབ་པས་ཐུགས་རྗེ་བརྩེ་བ་ཆེན་པོས་བཞེས་ཤིག །ཅེས་སོ། །རྡོ་རྗེ་གསུམ་གྱི་ཡི་གེ་དང་། གཞུང་གིཧཱུྃ༔ རིགས་ལྔ་ཡབ་ཡུམ་གཉིས་ཀྱི་སོགས། ཁ་ཧཱི༔ བར་རོ། །རྡོ་རྗེ་གསུམ་དང་། ཐམས་ཅད་བདུད་རྩི་རོལ། ཞེས་སོ། །དེ་ལས་དངོས་གྲུབ་བླངས་བ་ནི། རིགས་ལྔ་ཡབ་ཡུམ་བཅུ་སྐུ་ལྔ་ཡེ་ཤེས་ལྔ་སོགས་སྦྱོར་བའི་འདུ་འཚོག་གི་བདུད་རྩི་མཚན་ལྡན་སྣོད་དུ་འཁྱིལ་བ་མཚན་མའི་སྙིང་པོ་མེད་ཀྱང་ཡེ་ཤེས་ཀྱི་སྙིང་པོའི་དངོས་གྲུབ་དུ་བླངས་ལ། སྔགས་དོན། ཀཱ་ཡ་སྐུ། ཝཀྐ་གསུང། ཙིཏྟ་ཐུགས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩོལ། ཞེས་པའོ། །རཀྟ་ནི། སྣོད་གོང་དུ་བཤད། ཁམས་གསུམ་འཁོར་བར་འཆིངས་བྱེད་ཀྱི་རྒྱུ་ཉོན་མོངས་པ། དུག་ལྔ་ཡིན་ལ། དེ་རྟོག་མེད་ཡེ་ཤེས་ལྔ་ཡི་རང་བཞིན་དུ་གྲོལ་བ་ལས་བསྒྲལ་བའི་ཐ་སྙད་དུ་བྱས་ལ། དུག་ལྔའི་སྐྱེ་རྒྱུད་ཆོད་དུས། ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་གཉིས་ཀ་ཟུང་འཇུག་མཉམ་ཉིད་དུ་གྲོལ་བས། སྣང་སྟོང་བདེ་སྟོང་དྲན་སྟོང་གྲགས་སྟོང་ལ་སོགས་པ་ཚོགས་དྲུག་ཡུལ་གྱི་གཉིས་ཆོས་ཐམས་ཅད་གཉིས་མེད་ཡེ་ཤེས་ཆེན་པོའི་ཀློང་དུ་གྲོལ་བས། གཉེན་པོས་བསྡམས་པའི་འཁོར་བ་ལ་མ་ཆགས་པ་དང་། ཡེ་ནས་ཉོན་མོངས་པ་ཟད་ཀྱང་གཞན་དོན་མི་འདོར་བ་ཆགས་བྲལ་དང་། གསང་སྔགས་ཀྱི་མྱུར་ལམ་བདེ་སྟོང་གི་ཡེ་ཤེས་ལ་རྣལ་འབྱོར་དུ་བྱེད་པ་རྣམས་ནི་ཆགས་པ་ཆེན་པོ་སྟེ། དེ་ཀུན་ཀྱང་

ཐབས་འདིས་རོ་གཅིག་ཏུ་གྲོལ་ནས། འཁོར་བའི་གཞི་རྩ་ཆོད་པའི་བརྡར་ཁྲག་ཆེན་དུང་ཆེན་དུ་བསྐྱིལ་ནས། རཀྟའི་ལྷ་མོ་གིརྟི་མ་དམར་མོ་གྲངས་མེད་པ་སྤྲོས་ཏེ། ནམ་མཁའ་རབ་འབྱམས་གང་བའི་རྒྱལ་བའི་དཀྱིལ་འཁོར་ལ་འབུལ་ན་ཐུགས་རྗེ་བརྩེ་བ་ཆེན་པོས་བཞེས་སུ་གསོལ། ཞེས་སོ། །དེ་ཡང་། ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག༔ སོགས་སྔགས་དོན། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧཱི༔ ཁྲག་ཆེན་འབར་བ་རོལ། ཅེས་པའོ། །གཏོར་མ་ནི། སྣོད་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ན། བདེ་སྡུག་བར་མ་གསུམ་གྱི་ཚོར་བའི་ཕུང་པོ་རྣམ་པར་དག་པ་གཏོར་ཆེན། ང་དང་བདག་སོགས་སུ་འདུ་ཤེས་ཐ་དད་པའི་ཕུང་པོ་རྣམ་པར་དག་པ་གཏོར་རྫས་མཐེབ་ཀྱུས་བསྐོར་ཞིང་། ལས་སྣ་ཚོགས་འདུ་བྱེད་པའི་ཕུང་པོ་རྣམ་པར་དག་པ་གཏོར་རྒྱན། རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་པའི་ཕུང་པོ་རྣམ་པར་དག་པ་རང་བྱུང་གི་གཏོར་མ་དེ། ཀུན་བཟང་ཆོས་ཀྱི་སྐུ་ལ་དབུལ་བ་དང་། ངོ་བོ་སྟོང་པ་ཆོས་ཀྱི་སྐུ་ཡི་གཏོར་གཞོང་། རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་གཏོར་མ། ཐུགས་རྗེ་མ་འགག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གཏོར་རྒྱན་སྤྲས་པ་ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུར་འབུལ་བ་དང་། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དང་། ནང་བཅུད་སེམས་ཅན་གཏོར་མ། རྩི་བཅུད་འབྲས་བུ་སྨན་དང་བཅས་པའི་གཏོར་རྒྱན་སྤྲས་ཏེ། ཞི་ཁྲོ་སྤྲུལ་པའི་སྐུ་ལ་འབུལ་བའོ། །དེ་ཡང་། ༀ་ཨཱཿཧཱུྃ༔ གཟུགས་ཕུང་རྣམ་དག་བྷན་དྷ་རུ༔ སོགས། ཁཱ་ཧི༔ བར་རོ། །སྔགས་དོན། རྡོ་རྗེ་གསུམ་དང་། བྷོ་དྷི་ཙིཏྟ་བྱང་ཆུབ་སེམས། མ་ཧཱ་སུ་ཀ་བདེ་བ་ཆེན་པོ། ཛྙཱ་ན་དྷརྟུ་ཡེ་ཤེས་དབྱིངས། ཨཿསྐྱེ་མེད། ཨཱོཾ་ཡེ་ཤེས་ལྔ། རུ་ལུ་རུ་ལུ་ཁྲག་འཐུང་དྲུག་ཅུའི་ཐུགས་སྲོག །ཧཱུྃ་ས་བོན། བྷྱོ་དབང་མོ་ཉེར་བརྒྱད། ཧཱུྃ་དབང་དུ་བསྡུ་བའོ། །ཡང་རྡོ་རྗེ་གསུམ་ༀ་ཨཱཿཧཱུྃ༔ གུ་རུ་བླ་

མ། དེ་བཱ་ཡི་དམ། ཌཱཀི་མཁའ་འགྲོ། གོང་འོག་གཉིས་ཀའི་གཤམ་དུ་ཨི་དཾ་བ་ལིནྟ་ཁ་ཁཱ་ཁཱ་ཧི་གཏོར་མ་འདི་རོལ་ཞིག་རོལ་ཞིག །ཅེས་པའོ། །སྤྱི་དོན་བཅུ་གཉིས་བསྟོད་པ་བྱ་བ་ནི། ཆོས་སྐུའི་ས་བོན་ཡི་གེ་ༀ་གྱིས་མགོ་དྲངས་སྟེ། བླ་མ་ཀུན་བཟང་ཆོས་ཀྱི་སྐུ་ཡི་རང་བཞིན་ལ་མཚན་མའི་བློས་བཏགས་པའི་འདི་ལྟ་བུ་ཞེས་ཚིག་གི་བརྗོད་པའི་ཡུལ་ལས་འདས་ཤིང་། རང་བྱུང་ཡེ་ཤེས་ཀྱི་སྐུ་ཟང་ཐལ་སྒྲིབ་པ་དང་བརྗོད་པའི་ཡུལ་ལས་འདས་པ་ཆོས་ཉིད་ཀུན་ཏུ་བཟང་མོ་སྟེ། ཉོན་མོངས་པ་དུག་ལྔའི་དྲི་མ་ཡེ་ནས་རང་སར་དག་ཅིང་ཡེ་ཤེས་ཀྱི་སྐུ་ཐིག་ལེ་ཉག་གཅིག་མཐའ་དང་བྲལ་བ་འཁོར་འདས་ཡོངས་ལ་རིས་སུ་མ་ཆད་པར་ཁྱབ་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མྱེས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་སྐུ་ལ་བསྟོད། ཞེས་སོ། །གསུང་ལོངས་སྐུའི་ཡི་གེའི་ཨཱཿས་མགོ་དྲངས་སྟེ། གྲགས་སྟོང་གཞོམ་དུ་མེད་པ་རང་བྱུང་ཆོས་ཀྱི་གསུངས། སྒྲ་སྒྲགས་ཀྱང་རང་གི་རང་བཞིན་སྟོང་པ་མཚན་མའི་རྟོག་པ་དང་བྲལ། འགྲོ་བ་གང་འདུལ་སྒྲ་སྣ་ཚོགས་པར་གྲགས་ཀྱང་དམིགས་གཏད་བྲལ་བ། འགྲོ་བ་རྗེས་འཛིན་གྱི་རྟོག་པ་མེད་ཀྱང་། འགྲོ་བ་འདུལ་བའི་གསུངས་འགག་མེད་དུ་ཅིར་ཡང་སྣང་བ། ཀུན་བཟང་ཡབ་ཡུམ་གསུང་ལ་ཕྱག་འཚལ་བསྟོད༔ ཐུགས་ཀྱི་ཡི་གེའི་ཧཱུྃ་གིས་མགོ་དྲངས་ཏེ། རང་རིག་རྟོག་མེད་ཀྱི་ཡེ་ཤེས་རང་ངོ་ན། དྲན་བསམ་གྱི་སྟོང་ཞིང་གདོས་བཅས་གྱི་ཡུལ་དང་བྲལ་ཞིང་། སྐུ་དང་ཡེ་ཤེས་ཀྱི་རང་རྩལ་ཅི་ལྟར་ཤར་ཡང་རྟོག་མེད་ཡེ་ཤེས་ཆེན་པོའི་ཀློང་དུ་རང་གྲོལ་བ་མ་འགག་པ། ཡེ་ནས་དངོས་པོས་སྟོང་པས་དངོས་མེད་བཏགས་པའི་དངོས་པོ་བྲལ་བའི་དངོས་བྲལ། ནང་འཛིན་སེམས་རང་བཞིན་མེད་པས་ཕྱི་གཟུང་ཡུལ་བྲལ་བ།

དགོངས་པ་མཁའ་ལྟར་ཁྱབ་པའི་རང་ངོ་ན། གནས་རྣམ་ཤེས་ཚོགས་བརྒྱད། ཡུལ་མིག་སོགས་དབང་པོ་སྒོ་བརྒྱད་སོགས་རང་སར་གྲོལ་བ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་ཀུན་བཟང་ཡབ་ཡུམ་ཐུགས་ལ་ཕྱག་འཚལ་བསྟོད། ཅེས་སོ། །ཡོན་ཏན་གྱི་ཡི་གེ་སྭ་ཡིས་མགོ་དྲངས་ནས། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཆེད་དུ་མ་བརྩལ་ཡང་འཕོ་འགྱུར་མེད་པ་གཞི་ལ་རྫོགས་ཤིང་། སངས་རྒྱས་སྐུ་གསུམ་དང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སོགས་སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ནས་རང་ཆས་སུ་ཡོད་ཅིང་། ལོངས་སྐུའི་སྣང་བ་ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་གྱི་ཞིང་། འོད་དང་གཟི་བརྗིད་སོགས་བསམ་པའི་ངོ་བོ་ལས་འདས་པས། བསམ་པའི་བློ། བརྗོད་པའི་ཚིག །ཡོན་ཏན་འདི་ལྟ་བུ་ཞེས་ཐ་སྙད་ཀྱི་དཔེ་དང་བྲལ་བར་རྫོགས་པ་ཀུན་བཟང་ཡབ་ཡུམ་གྱི་ཡོན་ཏན་ལ་ཕྱག་འཚལ་བསྟོད། ཕྲིན་ལས་ཀྱི་ཡི་གེ་ཧཱཿཡིས་དྲངས་ཏེ། རྩོལ་མེད་ཀྱི་ཐུགས་རྗེ་བྱ་བ་གྲུབ་པའི་ཡེ་ཤེས་རང་འོད་རྒྱས་པའི་དོན་གཉིས་ཀྱི་ཕྲིན་ལས་འབད་རྩོལ་མེད་པར་ངང་གིས་རྫོགས་པའི་ཐིག་ལེ་ཉག་གཅིག་གི་སྐུ། བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པའི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པའི་དཔལ་དང་ལྡན་པ། ཀུན་བཟང་ཡབ་ཡུམ་ཕྲིན་ལས་ལ་ཕྱག་འཚལ་བསྟོད། ཅེས་སོ། །ཡེ་ཤེས་ལྔ་ལ་བསྟོད་པ་ནི། གསལ་སྟོང་ཟུང་དུ་འཇུག་པའི་རིག་པ་ཟང་ཐལ་འོད་ཀྱི་སྐུ་བུམ་ནང་གི་མར་མེ་ལྟར་ཡེ་ཤེས་ནང་གསལ་དུ་བཞུགས་པ་ཆོས་སྐུའི་སྐབས་ལས། ཆོས་སྐུ་ཐིག་ལེ་ཉག་གཅིག་དེ་ལས་རང་རྩལ་ལྷུན་གྲུབ་ཡེ་ཤེས་འོད་ལྔ་ལྡན་གསལ་འཚེར་ལུ་གུ་རྒྱུད་ཕྱི་གསལ་དུ་ཤར་བའི་སྐུ་དང་ཞིང་ཁམས་ཐམས་ཅད་སྤྲོ་བ་ལོངས་སྐུའི་སྐབས་དང་། གློ་བུར་ཀུན་བརྟགས་ཀྱི་འཁྲུལ་ངོར་མེད་བཞིན་དུ་འཆར་བའི་རྣམ་རྟོག་འགྱུ་འཕྲིག་ཐོལ་གྱིས་

སྐྱེས་རུང་། དངོས་པོའི་སྟོང་ལ་སྟོང་པའི་རང་བཞིན་གསལ། གསལ་བའི་ཐུགས་རྗེའི་རང་རྩལ་མ་འགག་པ། སེམས་ཅན་གྱི་དུས་ནའང་སྐུ་གསུམ་རང་ཆས་སུ་བཞུགས་པའི་ཡེ་ཤེས་ལྔར་སྤྱིར་བསྟོད་པ་དང་། ཁྱད་པར་གདོད་མ་ནས་ཞེ་སྡང་མ་སྤངས་རང་སར་གྲོལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ལ། བསྟོད་བྱ་བསྟོད་བྱེད་བསྟོད་ཡུལ་གྱི་འཛིན་པ་དང་བྲལ་བའི་ངང་ནས་བསྟོད་པའོ། །དེ་བཞིན་དུ་ཡེ་ཤེས་ལྷག་མ་བཞི་ལའང་སྤྱིར་དེ་ལྟར་དང་། བྱེ་བྲག་ང་རྒྱལ་མ་སྤངས་རང་སར་གྲོལ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་དེ་ལྟར་བསྟོད་པ་དང་། འདོད་ཆགས་མ་སྤངས་རང་སར་གྲོལ་བ་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ་དང་། ཉོན་མོངས་པ་ཕྲག་དོག་མ་སྤངས་རང་སར་གྲོལ་བ་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ་དང་ལྔའོ། །དེ་དག་གསལ་འདེབས་པ་ནི། ཧཱུྃ་ཧཱུྃ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ སོགས་ནས། ངང་ནས་བསྟོད༔ བར་རོ། །ཅེས་སོ། །དེ་ནས་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་ཐོག་མར་ཤར་ནས་བསྟོད་པ་ནི། ཡེ་གདོད་མ་ནས་ཆོས་ཉིད་ངོ་བོ་མཁའ་ལྟར་དག་པའི་རང་ངོ་ན། སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་ཞིང་། གཟུངས་དང་འཛིན་པའི་དབང་གིས་ཉོན་མོངས་པ་ཞེ་སྡང་གི་ཀུན་རྟོག་དབྱིངས་སུ་ཐིམ་པའི་རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐུ། བཅོམ་ལྡན་འདས་མགོན་པོ་རྡོ་རྗེ་སེམས་དཔའ་མཐིང་གསལ་མདངས་ལྡན་ནམ་མཁའ་གཡའ་དག་པའི་རང་བཞིན་ལོངས་སྤྱོད་རྫོགས་སྐུའི་དཔལ་དང་ལྡན་ཞིང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡར། ས་ཁམས་རྣམ་པར་དག་པ་སངས་རྒྱས་སྤྱན་མ་དང་བདེ་སྟོང་ཟུང་འཇུག་དུ་འཁྲིལ་བ།

གླང་ཆེན་གྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་ཉི་ཟླ་པདྨའི་གདན་ལ་ཉོན་མོངས་པ་དུག་ལྔ་གནས་སུ་དག་པ། མཉེན་ལྕུགས་འཁྲིལ་ལྡེམས་ལ་སོགས་པ་ཞི་བའི་ཚུལ་དགུ་དང་ལྡན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཚུལ་དུ་བཞུགས་པ། དེ་ཡི་གཡས་དང་གཡོན་དུ་བཀའ་སྡོད་བློན་པོའི་ཚུལ་དུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། བྱམས་པ་དཀར་པོ་ཡབ་ཀྱི་ཆ་འཛིན་ཞིང་། མདུན་དང་རྒྱབ་དུ་ཡུམ་གྱི་ཆ་འཛིན་པའི་སེམས་མ་ལཱ་སྱ་མ་དང་། པུཥྤེ་དཀར་མོ་གཉིས་ཏེ། ཡེ་ནས་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ། ཤར་རྡོ་རྗེ་རིགས་ཀྱི་ཚོམ་བུ་ཡབ་ཡུམ་སྲས་དང་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་བསྟོད་པར་བྱའོ། །ཡང་ཡེ་གདོད་མ་སོགས་གོང་ལྟར་ལས། ཉོན་མོངས་པ་ང་རྒྱལ་གྱི་མཚན་རྟོག་དབྱིངས་སུ་ཐིམ་པའི། ཚོར་བའི་ཕུང་པོ་གནས་སུ་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སེར་གསལ་མདངས་ལྡན་འཛམ་བུ་ཆུ་བོའི་གསེར་ལྟར་དྭངས་པ། ཞིི་འཛུམ་ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡར་འབྱུང་བ་ཆུ་ཁམས་རྣམ་པར་དག་པ་ཡུམ་ཆེན་མོ་མ་མ་ཀི་དང་བདེ་སྟོང་ཟུང་འཇུག་དུ་འཁྲིལ་བ། ཉོན་མོངས་པ་དུག་ལྔ་མ་སྤངས་གནས་སུ་དག་པའི་ཞི་བའི་ཚུལ་དགུ་དང་ལྡན་པ། ཡབ་ཡུམ་གཉིས་རྟ་མཆོག་གིས་བཏེགས་པའི་རིན་ཆེན་ཁྲི་རྐང་ཉི་ཟླ་པདྨའི་གདན་ལ་འཁོར་ལོས་བསྒྱུར་བའི་ཚུལ་དུ་བཞུགས་པ། དེ་ཡི་གཡས་དང་གཡོན་དུ་ཡབ་ཀྱི་ཆ་འཛིན་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ནམ་མཁའི་སྙིང་པོ། མདུན་དང་རྒྱབ་དུ་ཡུམ་གྱི་ཆ་འཛིན་སེམས་མ་མཱ་ལེ་མ་དང་། དྷུཔྤེ་མ་སྟེ་ཡེ་ནས་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག་ཡབ་ཡུམ་སྲས་དང་

བཅས་པ་ལ་གུས་པས་ཕྱག་འཚལ་ཞིང་བསྟོད་དོ། །དེ་བཞིན་དུ། ཡེ་གདོད་མའི་ཆོས་ཉིད་སོགས་གོང་ལྟར་ལས། ཉོན་མོངས་པ་འདོད་ཆགས་ཀྱི་མཚན་རྟོག་དབྱིངས་སུ་ནུབ་པའི་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ། བཅོམ་ལྡན་འདས་མགོན་པོ་སྣང་བ་མཐའ་ཡས་དམར་གསལ་ལི་ཁྲིའི་རྒྱ་མཚོ་དྭངས་པ་ལྟ་བུ་ཞི་འཛུམ་ལོངས་སྤྱོད་རྫོགས་པའི་ཆ་བྱད། བདེ་སྟོང་འཛིན་བྲལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཐབས་ཤེས་རབ་གཉིས་སུ་མེད་པའི་བརྡར་འབྱུང་བ་མེ་ཁམས་རྣམ་པར་དག་པ་ཡུམ་ཆེན་མོ་ན་བཟའ་དཀར་མོ་དང་འཁྲིལ་བ། ཡབ་ཡུམ་གཉིས་ཞི་བའི་ཚུལ་དགུ་དང་ལྡན་པ། རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་ཉི་ཟླ་པདྨའི་གདན་ལ། ཉོན་མོངས་པ་དུག་ལྔ་གནས་སུ་དག་པ་ཞི་བའི་ཚུལ་དགུ་དང་ལྡན་པ། དེ་ཡི་གཡས་དང་གཡོན་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་འཇམ་དཔལ། མདུན་དང་རྒྱབ་དུ་སེམས་མ་གིརྟི་དང་ཨ་ལོ་ཀེ་སྟེ་མ་བཅོས་ལྷུན་གྱིས་གྲུབ་པའི་ལྷ། ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ་འཁོར་དྲུག་ཡབ་ཡུམ་སྲས་དང་བཅས་པ་ལ་གུས་པས་ཕྱག་འཚལ་ཞིང་བསྟོད། ཅེས་སོ། །ཡང་དེ་བཞིན་དུ། ཡེ་གདོད་མ་སོགས། གོང་ལྟར་ལས། ཁྱད་པར་ཉོན་མོངས་པ་ཕྲག་དོག་གི་མཚན་རྟོག་དབྱིངས་སུ་ནུབ་པའི། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྐུ། གྲགས་སྟོང་འཛིན་བྲལ་མགོན་པོ་དོན་ཡོད་གྲུབ་པ། ལྗང་གསལ་མདངས་ལྡན་མར་གད་ཞུན་མ་ལྟར་དྭངས་པ། ཞི་འཛུམ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡར། འབྱུང་བ་རླུང་ཁམས་རྣམ་པར་དག་པ་ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ་དང་ཟུང་འཇུག་དུ་འཁྲིལ་བ། ཤང་ཤང་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་ཉི་ཟླ་པདྨའི་

གདན་ལ། ཉོན་མོངས་པ་དུག་ལྔ་གནས་སུ་དག་པ་ཞི་བའི་ཚུལ་དགུ་དང་ལྡན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟར་བཞུགས་པ། དེ་ཡི་གཡས་དང་གཡོན་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་དང་། ཕྱག་ན་རྡོ་རྗེ། མདུན་དང་རྒྱབ་དུ་སེམས་མ་ནིརྟི་མ་དང་། གནྡྷེ་མ་སྟེ། ཡེ་ནས་རང་བྱུང་མ་བཅོས་ལྷུན་གྱིས་གྲུབ་པའི་ལྷ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག་ཡབ་ཡུམ་སྲས་དང་བཅས་པ་ལ་གུས་པས་ཕྱག་འཚལ་ཞིང་བསྟོད། ཅེས་སོ། །སླར་དཀྱིལ་འཁོར་གཙོ་བོ་རྣམ་པར་སྣང་མཛད་སོགས་དབུས་ཀྱི་ཚོམ་བུ་ལ་བསྟོད་པ་ནི། ༀ་ཡེ་གདོད་མ་ནས་སྐྱེ་འགག་གནས་གསུམ་བྲལ་བའི། ལྷན་སྐྱེས་ཀྱི་མ་རིག་པས་བསྐྱེད་པའི་ཉོན་མོངས་པ་གཏི་མུག་མ་སྤངས་རང་སར་གྲོལ་ཞིང་། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ། ཆོས་དབྱིངས་ཡེ་ཤེས་ཀྱི་སྐུ། བཅོམ་ལྡན་འདས་མགོན་པོ་རྣམ་པར་སྣང་མཛད་དྲན་སྟོང་འཛིན་བྲལ་དུ་ཤར་བའི་ལྷ། དཀར་གསལ་མདངས་ལྡན་གངས་རི་ལ་ཉི་མའི་འོད་མདངས་ཕོག་པ་ལྟར། འབྱུང་བ་ནམ་མཁའ་རྣམ་པར་དག་པ་ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་དང་ཟུང་འཇུག་འཁྲིལ་སྦྱོར། སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་ཉི་ཟླ་པདྨའི་གདན་ལ། དུག་ལྔ་མ་སྤངས་གནས་སུ་དག་པའི་ཞི་བའི་ཚུལ་དགུ་རྫོགས་པ། འཁོར་རིགས་བཞི་ཡབ་ཡུམ་སེམས་དཔའ་སེམས་མར་བཅས་པ་ལ་གུས་པས་ཕྱག་འཚལ་ཞིང་བསྟོད། ཅེས་སོ། །དེ་དག་གཞུང་ཚིག་གིས་བསྟོད་པ་ནི། ༀ་གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི་སོགས། ཕྱག་འཚལ་བསྟོད༔ ཅེས་སོ། །དེ་བཞིན་དུ་འགྲོ་འདུལ་ཐུབ་པ་དྲུག་དང་། སྒོ་བ་ཡབ་ཡུམ་བརྒྱད་སོགས་ཞི་བའི་ལྷ་ལ་བསྟོད་པ་ནི། ཡེ་གདོད་མ་ནས་མ་སྐྱེས་རང་བཞིན་གྱིས་རྣམ་པར་དག་པ།

ཀུན་ཏུ་བཟང་པོ་ཟག་མེད་ཡེ་ཤེས་ཀྱི་རང་རྩལ་རྫོགས་པའི་ཆོ་འཕྲུལ་དུ་ཤར་བ། ཉོན་མོངས་པ་དྲུག་མ་སྤངས་རང་སར་གྲོལ་བའི་འགྲོ་འདུལ་ཐུབ་པ་དྲུག་ཏུ་ཤར་བ་ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་ལ་སོགས་པ་བཅོམ་ལྡན་འདས་ཐུབ་པ་དྲུག །རྣམ་རྒྱལ་ལ་སོགས་སྒོ་བ་ཡབ་ཡུམ་བརྒྱད་དེ་སངས་རྒྱས་ཞི་བ་བཞི་བཅུ་རྩ་གཉིས་སྣང་སྟོང་བར་སྣང་གི་འཇའ་ཚོན་ཤར་བ་ལྟར། དྭངས་གསལ་འོད་ཀྱི་ལུས་ལ་ཟག་མེད་ཡེ་ཤེས་ཀྱི་སྙིང་པོ་ཅན། འོད་ལྔའི་མདངས་དང་ལྡན་པའི་སྟོང་གསལ་ཆོས་ཀྱི་སྐུ་ལ་གུས་པས་ཕྱག་འཚལ་ཞིང་བསྟོད། ཅེས་སོ། །དེ་ཡང་ༀ་གདོད་ནས་མ་སྐྱེས་སོགས། ཕྱག་འཚལ་བསྟོད༔ སླར་ཡང་ཁྲག་འཐུང་ཁྲོ་བོའི་ལྷ་ལ་བསྟོད་པ་ནི། འདི་ལྟར་གློ་བུར་ཀུན་བརྟགས་ཀྱི་དབང་གིས་འཁྲུལ་ངོར་ཤར་བའི་སྣང་བ། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལ་སོགས་སྣོད་དུ་ཤར་བ་དང་། ནང་བཅུད་ཀྱི་འགྲོ་བ་སེམས་ཅན་སྐྱེ་འགྲོ་ཕོ་མོར་གྲུབ་པ་འདི་ཐམས་ཅད་མ་དག་པའི་འཁྲུལ་སྣང་ཡིན་ཞིང་། འཁྲུལ་སྣང་འདི་དག་མེད་བཞིན་དུ་ཤར་བ་ཡིན་པ་གོ་ནས། ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་སེམས་ཅན་ལྷ་དང་ལྷ་མོ། རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་རྟོགས་པའི་གང་ཟག་གི་ད་ལྟའི་མ་དག་པའི་སྣང་བ་འདི། དག་པ་ལྷ་ཡི་དཀྱིལ་འཁོར་དུ་ཤར་བ་མ་གཏོགས། སྐུ་དང་ཡེ་ཤེས་ལྷ་དང་དཀྱིལ་འཁོར་ལོགས་སུ་བསྒོམ་རྒྱུ་མེད་དེ། ཡེ་ཤེས་(སྒྱུ་འཕྲུལ་)རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་གསུང་པ་ལྟར། མ་དག་པའི་སྣང་བ་འདི་དག་པ་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་དུ་བསྒོམ་པ་ལ། སྣང་སྲིད་གཞིར་བཞེངས་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་

འཁོར་དུ། འོག་གཞི་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཡི་རིག་རྩལ་རང་རང་གི་སྟེང་གི་ནམ་མཁར་ཤར་བ་ལས། ཆོས་དབྱིངས་མེ་རི་འབར་བའི་དབུས་སུ། ཉོན་མོངས་མ་རིག་པ་དབྱིངས་སུ་དག་པ། ཁམས་གསུམ་འཁོར་བ་སྟོང་བྱེད་ཀྱི་དུང་ཆེན་འབར་བའི་སྣོད་དུ་རྒྱུ་དྲུག་བསྒྲལ་བའི་ཁྲག་འཐུང་པ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀཡུམ་ཀྲོ་ཏི་ཤྭ་རི་མ་དང་ཐབས་ཤེས་གཉིས་སུ་མེད་པའི་བརྡར་བདེ་སྟོང་ཟུང་འཇུག་ཏུ་འཁྲིལ་བ། གར་གྱི་ཉམས་དགུ། དུར་ཁྲོད་ཆས་བརྒྱད། དཔལ་གྱི་ཆས་བཅུ་རྫོགས། དཔལ་ཆེན་པོའི་སྐུ་ལ་གདོད་ནས་གྲུབ་པའི་ཆ་ལུགས་ནི་དཔལ་ཆས་ཡིན་ལ། ཇི་སྐད་དུ། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེ་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །རྣོ་གདུག་བཟློག་བྱེད་དཔའ་བོ་ལྗགས་ཀྱི་ཆས། །ཉོན་མོངས་བསྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །བྱང་སེམས་བསྟན་པ་སྙན་གོང་གསལ་བའི་ཆས། །ཞེས་དཔལ་གྱི་ཆས་དགུ་དང་། ཉི་ཟླ་གཉིས་ཐ་དད་དུ་བརྩིས་པས་ཆས་བཅུའོ། །རཱུ་ཏྲ་དེ་དྲེགས་པ་ལྷ་མ་སྲིན་ཕོ་ཐམས་ཅད་ཁ་སྦུབས་དང་། མོ་ཐམས་ཅད་གན་སྐྱལ་དུ་བསྒྱེལ་བའི་གདན། མཁའ་ལྡེང་ཁྱུང་གིས་བཏེགས་པའི་རིན་ཆེན་བྲག་ཉི་ཟླ་པདྨའི་གདན་ལ་ཐེག་པ་རིམ་དགུ་རྫོགས་པའི་སྐུར་སྟོན་པ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་འཁོར་དང་བཅས་ལ་ཕྱག་འཚལ་ཞིང་བསྟོད། ཅེས་སོ། །དེ་བཞིན་དུ་སྣང་སྲིད་གཞིར་བཞེངས་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེའི་དབུས་ཕྱོགས་སུ། ཉོན་མོངས་པ་གཏི་མུག་རྩད་ནས་འཇོམས་པའི་བྷུདྡྷ་ཧེ་རུ་ཀཡུམ་བྷུདྡྷ་ཀྲོ་ཏི་ཤྭ་རི་མ་དང་ཐབས་ཤེས་གཉིས་མེད་དུ་འཁྲིལ་བྱོལ་སོང་གཙོ་བོ་སོགས་གདན་ལ་ཁྲོ་བོའི་ཉམས་དང་ཆས་ཐམས་ཅད་རྫོགས་པ་སྐུ་མཆོག་ཧེ་རུ་ཀ་འཁོར་

དང་བཅས་པ་ལ་བསྟོད། དེ་བཞིན་དུ་སྣང་སྲིད་གཞིར་བཞེངས་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེའི་ཤར་ཕྱོགས་སུ། ཉོན་མོངས་པ་ཞེ་སྡང་མ་སྤངས་དབྱིངས་སུ་གྲོལ་བ། ཞི་བ་ལོངས་སྐུའི་ཐུགས་ཀྱི་ཆོ་འཕྲུལ་ལས་ཤར་བའི་བཛྲ་ཧེ་རུ་ཀཡུམ་བཛྲ་ཀྲོ་ཏི་ཤྭ་རི་མ་དང་ཐབས་ཤེས་གཉིས་མེད་དུ་འཁྲིལ་བ། ཁྲོ་བོའི་ཉམས་དང་ཆས་ཡོངས་སུ་རྫོགས་པ་ཐུགས་མཆོག་ཧེ་རུ་ཀ་འཁོར་དང་བཅས་ལ་བསྟོད། སྣང་སྲིད་གཞིར་བཞེངས་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེའི་ལྷོ་ཕྱོགས་སུ། ཉོན་མོངས་པ་ང་རྒྱལ་མ་སྤངས་གནས་སུ་དག་པ་ཞི་བ་ལོངས་སྐུའི་ཡོན་ཏན་རྒྱས་པའི་ཆོ་འཕྲུལ་དུ་ཤར་བ་རཏྣ་ཧེ་རུ་ཀརཏྣ་ཀྲོ་ཏི་ཤྭ་རི་མ་དང་ཐབས་ཤེས་གཉིས་མེད་དུ་འཁྲིལ་བ། ཁྲོ་བོའི་ཉམས་དང་ཆས་རྫོགས་པ། གོང་ལྟར་ལས། ཡོན་ཏན་ཧེ་རུ་ཀ་འཁོར་དང་བཅས་ལ་བསྟོད། སྣང་སྲིད་གཞིར་བཞེངས་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེའི་ནུབ་ཕྱོགས་སུ། ཞི་བ་ལོངས་སྐུའི་གསུང་གི་ཆོ་འཕྲུལ་ལས། ཉོན་མོངས་པ་འདོད་ཆགས་མ་སྤངས་རང་སར་གྲོལ་བ། པདྨ་ཧེ་རུ་ཀཡུམ་པདྨ་ཀྲོ་ཏི་ཤྭ་རི་མ་དང་ཐབས་ཤེས་གཉིས་མེད་དུ་འཁྲིལ་བ། ཁྲོ་ཚུལ་རྫོགས་པ་གོང་ལྟར་ལས། གསུང་མཆོག་ཧེ་རུ་ཀ་ལ་བསྟོད། སྣང་སྲིད་གཞིར་བཞེངས་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེའི་བྱང་ཕྱོགས་སུ། ཞི་བ་ལོངས་སྐུའི་ཕྲིན་ལས་ཀྱི་ཆོ་འཕྲུལ་ལས་ཤར་བ། ཉོན་མོངས་པ་ཕྲག་དོག་རྩད་ནས་འཇོམས་པ་ཀརྨ་ཧེ་རུ་ཀཡུམ་ཀརྨ་ཀྲོ་ཏི་ཤྭ་རི་མ་དང་ཐབས་ཤེས་གཉིས་མེད་དུ་འཁྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་དང་། གར་གྱི་ཉམས་དགུ། ཐེག་པ་རིམ་དགུ་རྫོགས་པ་སོགས་ཕྲིན་ལས་ཧེ་རུ་ཀ་ལ་བསྟོད། ཞི་བ་ལོངས་སྐུའི་རིགས་རྩལ་དུ་ཤར་བའི་ཡི་གེ་ཧ་བརྒྱད་ལས་རྣམ་ཤེས་ཚོགས་བརྒྱད་དག་པ་མ་མོ་ཀཽ་རི་མ་

བརྒྱད། ཧེ་བརྒྱད་ལས་སེང་ཧ་སྨུག་ནག་ལ་སོགས་པ་ཡུལ་གྱི་ཕྲ་མེན་བརྒྱད། འབྲུ་བཞི་ལས་སྐྱེས་པའི་རྟ་གདོང་སྒོ་མ་བཞི། བྷྱོཿཉེར་བརྒྱད་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ལས་བཞིའི་ཕྲིན་ལས་གཉེར་དུ་འཛིན་པའི་མགོ་བརྙན་རྣམས་སྐུ་མདོག་ཕྱག་མཚན་ཅིར་ཡང་བསྒྱུར་བའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་སོགས་ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་ཞིང་བསྟོད་དོ། །དེ་ཡང་གཞུང་གི། ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞེས་པ་ནས། དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་རོ། །སྤྱི་དོན་བཅུ་གཉིས་པ་བཤགས་པ་བྱ་བ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡི་གེས་མགོ་དྲངས་ཏེ། མཁའ་ལྟར་ཡོངས་ལ་ཁྱབ་ཅིང་། འཁོར་འདས་གཉིས་མེད་ཀྱི་སྤྱི་དཔལ་ཆེན་པོ། དུས་གསུམ་རྒྱལ་བའི་བླ་མར་ཤར་བ་ཆོས་སྐུ་ཀུན་ཏུ་བཟང་པོ། ཉག་གཅིག་ཟངས་ཐལ་འོད་ལྔར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དམིགས་མེད་དབྱིངས་ལས་ཤར་ཞིང་དབྱིངས་སུ་གྲོལ་བའི། སྤྲུལ་པའི་སྐུ་སྟེ་ཞི་ཁྲོ་སྐུ་གསུམ་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ལ། དགོངས་གསོལ་སྔོན་དུ་འགྲོ་བའི་བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མེད་ནས་ཉོན་མོངས་པ་གཏི་མུག་གི་འཁྲུལ་བའི་དབང་གིས་ལུས་ངན་དཔག་ཏུ་མེད་པ་བླང་བ་ནས་བཟུང་། ད་ལྟ་ཚེ་འདིའི་ལུས་འདི་ཡན་ཆད་དུ། ཉོན་མོངས་པ་སྡིག་པ་མི་དགེ་བའི་ལས། སྡིག་པ་ལ་སྡིག་པར་ཤེས་བཞིན་དུ་སྤྱད་པའི་རིགས་དང་། རྒྱུ་འབྲས་ལ་རྨོངས་པས་སྡིག་པར་མ་ཤེས་པར་སྤྱད་པ་མ་རིག་པའི་དབང་གིས་འཁྲུལ་པ་ཡིན་པས། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཁྱེད་རྣམས་ཀྱི་སྤྱན་སྔར། སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཆགས་ཉམས་འགལ་འཁྲུལ་

གང་སོང་བ་དེ་དག་མི་གསང་ཞིང་སྦ་བའི་འཆབ་སེམས་མེད་པར་གནོང་འགྱོད་དྲག་པོའི་སེམས་ཀྱིས་བཤགས་ན། བཟོད་དང་མི་བཟོད་ཀྱི་རྟོག་པ་བྲལ། ཆོས་ཉིད་མཁའ་ལྟར་ཁྱབ་པའི་ཀློང་ཡངས་ཆེན་པོར་བཟོད་པར་གསོལ། ཞེས་བཤགས་པའོ། །དེ་ཡང་། །ༀཨཱཿཧཱུྃ༔ བླ་མ་ཀུན་བཟང་ཆོས་ཀྱི་སྐུ༔ སོགས། གསོལ༔ བར་རོ། །སྤྱི་དོན་བཅུ་གསུམ་པ་ཚོགས་ལ། འཕྲོས་པའི་དོན་དང་དངོས་གཉིས། དང་པོ་ནི། རྒྱུ་ཡི་ཐེག་པ་ལྟར་ན་བསྐལ་པ་གྲངས་མེད་ཀྱི་ཚོགས་བསགས་དགོས་པ་འདིར་འབྲས་བུ་སྔགས་ཀྱི་ཐེག་པར་བླ་ན་མེད་པའི་ཐབས་ཁྱད་པར་གྱི་སྒོ་ནས་དུས་ཐུང་ངུ་ལ་སྒྲུབ་པ་ཚོགས་ཀྱི་འཁོར་ལོ་ཞེས་གྲགས་ལ། དེ་ལ་དཔལ་ནཱ་རོ་པས་བཞེད་ཀྱི་དབྱེ་བ་དགུ་བཤད་ལ། བིར་ཝ་པས་བདུན་དུ་བཤད་པ་སོགས་ཡོད་ཀྱང་། སྤྱིར་ཚོགས་ཀྱི་འཁོར་ལོ་དང་། ༡ཚོགས་ཀྱི་མཆོད་པ་དང་། ༢དཔའ་བོའི་སྟོན་མོ་དང་། ༣དཔའ་མོའི་སྟོན་མོ་དང་། ༤དགའ་སྟོན་ཆེན་པོ་དང་། ༥གཞོན་ནུ་མས་མཆོད་པ་དང་། ༦རིག་ལྡན་མས་མཆོད་པ་དང་། ༧མཎྜལ་གྱི་མཆོད་པ་དང་། ༨ཙཱ་རུའི་མཆོད་པ་༩སྟེ་རྣམ་གྲངས་དགུ་སོགས་དབྱེ་བསྡུ་སློབ་དཔོན་སོ་སོའི་བཞེད་པར་སྣང་ཡང་། འདིར་ཚོགས་ཀྱི་མཆོད་པ་ཙམ་བཤད་པ་སྐབས་སུ་བབས་ཏེ། དེ་ལ་ཚོགས་ཀྱི་ལས་རིམ་དགུ་(བཅུ་)ལས། ཐོག་མར་བགེགས་ལ་བཀའ་བསྒོ་བ་ནི། རྡོ་རྗེ་ཐེག་པའི་གསང་སྤྱོད་ཟབ་མོ་ཚོགས་ཀྱི་འཁོར་ལོར་འདུ་བར་མི་དབང་བའི་བགེགས་དང་ལོག་པར་འདྲེན་པ་དག་ལ་ཉན་པར་བཀའ་བསྒོ་བ་ནི། ཚེ་འཁོར་བ་ཐོག་མེད་ནས་ལྷན་སྐྱེས་ཀྱི་མ་རིག་པས་ལུས་ཅན་རྣམས་འཁྲུལ་བའི་རྒྱུ་བྱས། ཡུལ་ལ་གཞན་དང་། ཡུལ་ཅན་ལ་ང་དང་བདག་དུ་བཟུང་ནས་ཁམས་གསུམ་འཁོར་བར་འཆིང་

བྱེད་ཀྱི་འདྲེ་བོ་ཆེ་འདིས། ནང་རྣམ་པར་རྟོགས་པའི་ཉེར་ལེན་ཀུན་བཏགས་ཕྱི་རོལ་གྱི་འདྲེ་གདོན་དུ་ཤར་ཡང་། ཆོས་ཉིད་ངོ་བོ་མཁའ་ལྟར་དག་པའི་རང་ངོ་ན། བསྐྲད་བྱའི་འདྲེ་དང་། སྐྲོད་བྱེད་ཀྱི་ལྷ་སྔགས་ཏིང་འཛིན་སོགས་མ་གྲུབ་པར་ཤེས་པའི་ལྟ་བ་ཐག་ཆོད་ཀྱི་ངང་ནས། ཆོས་ཅན་སྒྱུ་མས་རྣམ་རོལ་མ་འགགས་པར་རང་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་དང་ཀུན་བཟང་དབྱེར་མེད་པར་གསལ་བ་དེ་ཉིད། རྡོ་རྗེ་སེམས་དཔར་ལམ་གྱིས་བསྐྱེད་པའི་ཐུགས་ཀའི་ཁྲོ་ཚོགས་མེ་དང་། བསྡིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་རང་བྱུང་གི་ཡེ་ཤེས་ལ་མི་མཐུན་ཕྱོགས་ངར་འཛིན་གྱི་འདྲེ་གདོད་མ་ནས་ཤ་མཁོན་ཞུགས་པ་ལྟར་ལན་ཆགས་པའི་ཚོགས་གཉིས་ལ་ཡང་ཡང་བར་དུ་བཅད་པས་ཁྱོད་རྣམས་གནས་འདིར་མ་འདུག་པར་གཞན་དུ་དེངས་ཤིག །ཞེས་པ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ སོགས་ནས། ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་བྱིན་གྱིས་བརླབས་པ་ནི༔ གོང་དུ་བཤད་པ་ལྟར། དཀྱིལ་འཁོར་གྱི་གཙོ་བོ་ཀུན་བཟང་རྣམ་སྣང་རྡོ་རྗེ་སེམས་དཔའ་གསུམ་སྐབས་ཐོབ་གང་གཙོ་དགོས་པ་དེ་ཉིད་ལྷ་ཡི་གར་མཁན་གྱི་ལག་པས་འདུ་བྱེད་ལྟར་བསྒྱུར་བ་ལས། སོ་སོའི་དམིགས་གཏད་ཅི་ཡང་མི་དགོས་ཏེ། རྣམ་པ་ཐ་དད་ཀྱང་ངོ་བོ་གཅིག་ལས་མ་འདས་ཏེ། འདི་གསུམ་དུ་མ་ཟད་དམ་པ་རིགས་བརྒྱ་ཡང་ཀུན་ཏུ་བཟང་པོའི་རིགས་རྩལ་ལས་ཤར་བ་ཡིན་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་བ་ཆེན་པོས། རྫོགས་ཆེན་པ་རང་སྣང་རིག་པའི་རང་རྩལ་དུ་འཕྲུལ་ཤེས་པ་ལྷ་ཡི་གར་མཁན་གྱི་ལག་པ་ལྟ་བུ་འདི་མེད་ན། གསར་མ་བའི་རྟག་བརྟན་ཐེར་ཟུག་འདྲ་བ་དེ་ལ་ཨ་འཐས་ཀྱི་ཞད་ཅིག་ཡོད་གསུངས་པ་ལྟར། དཀྱིལ་འཁོར་དབུས་སུ་རྡོ་རྗེ་སེམས་དཔའ་བཞུགས་ན། རྣམ་པར་སྣང་མཛད་གང་དུ་བཞུགས་

སྙམས་པའི་ངན་རྟོག་དེ་འདྲ་མི་དགོས་པ་ལགས་སོ། །དེ་ལྟར་རྡོ་རྗེ་སེམས་དཔའ་སྣང་སྟོང་ནམ་མཁའི་འཇའ་ཚོན་ལྟར་གསལ་བའི་ཐུགས་ཀ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་མདངས་འོད་ཟེར་དཀར་པོའི་སྣ་ལ། ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ། ཚོགས་ཀྱི་དངོས་པོའི་ནམ་མཁར་འཕྲོས། དེ་ཉིད་ཀྱི་མ་དག་པའི་དངོས་འཛིན་ཉེས་སྐྱོན་དྲི་མ་ཐམས་ཅད་སྦྱངས། རྫས་རྣམས་ཀྱང་ཡི་གེ་འབྲུ་གསུམ་གྱི་རང་བཞིན་དུ་བསྒྱུར། གཞན་ཡང་ལྷ་དང་མི་ཡི་འཇིག་རྟེན། ཕྱི་ནང་སྣོད་བཅུད་ཀྱི་ཞལ་ཟས། རྩི་སྨན་འབྲས་བུ་སོགས་རོ་བདའ་བའི་ཚོགས་རྫས་སུ་གྱུར་ཚད་ཀྱི་རོ་བཅུད་ནུས་པ་རྣམས་ཀྱང་ཡི་གེ་གསུམ་གྱི་འོད་ཟེར་གྱིས་བསྡུས་ནས་བསྟིམ། སླར་ཡི་གེ་གསུམ་ལ་ཡེ་ཤེས་ཀྱི་མེ་འབར་བས་ཚོགས་རྫས་རྣམས་དངོས་པོ་རང་རྒྱུད་དུ་འཛིན་པའི་དྲི་མ་བསྲེགས། མེ་ཡི་ཤུགས་ལས་རླུང་བྱུང་བས་གཏོར། མེ་རླུང་འཐབ་པས་ཆུ་བྱུང་སྟེ་བཀྲུས་པར་བསམས། སྔགས་བརྗོད། མེ་ཆུ་རླུང་གསུམ་པོ་འོད་དུ་ལྟེམས་ཀྱིས་ཞུ། རྒྱལ་བ་ཐམས་ཅད་ཀྱི་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ་ལ། རྣམ་པ་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་དུ་གྱུར་ནས། རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་རྣམས་མཉེས་པའི་མཆོད་རྫས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་ཡང་(བསམ་ལ་)སྔགས་བརྗོད། དེ་དག་གཞུང་གི། ཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔའ་སྟེ༔ སོགས་ནས། ཧ་ཧོ་ཧྲི༔ བར་རོ། །གཏེར་བདག་གླིང་པ་སོགས་ཚད་ཐུབ་ཀྱི་མཁས་པ་མང་པོས་ཚོགས་དང་དབང་ཁྲུས་སོགས་ཀྱི་སྐབས་དཀྱིལ་འཁོར་གྱི་བདག་པོ་ལས། ལས་བྱེད་ཀྱི་རྡོ་རྗེ་སེམས་དཔའ་ཞིག་དཀྱིལ་འཁོར་ཤར་སྒོར་སྤྲོས་ཏེ་བྱ་བར་ཡང་གསུངས། གསུམ་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། གང་དུ་བཞུགས་པའི་གནས་འོག་མིན་ཆོས་ཀྱི་

དབྱིངས་ཀྱི་ཕོ་བྲང་ལ་ངོས་འཛིན་མི་འདྲ་བ་ནི། ཡང་དག་དོན་གྱི་འོག་མིན། རིག་པའི་འོག་མིན། གསང་བའི་འོག་མིན། གཙང་མའི་གནས་འོག་མིན་དང་བཞིར་བཤད་མོད་ཀྱང་། རང་སྣང་དག་པའི་གང་ཟག་གང་དུ་གནས་པ་དེར་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སུ་སྣང་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་གསུངས། ཤཱ་རིའི་བུ་དང་། ཚངས་པ་རལ་པ་ཅན་གྱི་གཏམ་རྒྱུད་ལྟར་ཡིན་ཞིང་། ཡང་དག་དོན་གྱི་འོག་མིན་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བཞུགས་གནས། ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ལ་ངོས་བཟུང་དགོས་སམ་སྙམ། འོན་ཀྱང་རང་གི་མོས་པ་གར་གཏད་ཀྱང་དེར་ཡང་འོག་མིན་དུ་འགྱུར་བར་གོ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་པ་ལྟར་རོ། །དེ་ལྟར་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། རྒྱལ་བ་ཞི་ཁྲོའི་ཚོགས་ཀྱིས་བསྐོར་བ། རྒྱལ་བའི་དཀྱིལ་འཁོར་གང་ན་བཞུགས་པའི་གནས་དེ་མ་དག་པའི་སྣང་བ་དབྱིངས་སུ་ནུབ་པའི་རང་བཞིན་གྱི་དག་པ་ཡིན་པས། དག་པ་དབྱིངས་ཀྱི་གཞལ་ཡས་ནས། ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས། རྒྱུད་སྡེ་དྲུག་གི་ལྷ་རྣམས་ལ་རང་རང་སོ་སོའི་རིགས་དང་སྡེ་ཚན་གྱིས་བསྐོར་བ། གནས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ཁང་ནས། གུ་རུ་པདྨ་འབྱུང་གནས་ལ་རིག་འཛིན་རྒྱ་མཚོས་བསྐོར་བ། ཨོ་རྒྱན་རང་བྱུང་དུར་ཁྲོད་དུ་

མཁའ་འགྲོ་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། བཀའ་སྲུང་དམ་ཅན་རྒྱ་མཚོ་ལ། སོ་སོའི་རིགས་དང་སྡེ་ཚན་གྱིས་བསྐོར་བ། ཚོགས་ཀྱི་འཁོར་ལོའི་གནས་འདིར་གཤེགས་སུ་གསོལ། རང་གཞུང་གི། ཧཱུྃ༔ འོག་མིན་ཆོས་དབྱིངས་སོགས། གཤེགས་སུ་གསོལ༔ བར་རོ། ཞེས་སྤྱན་དྲང་ངོ་། །དེ་ལྟར་ལྷ་ཚོགས་ཐམས་ཅད་ནམ་མཁའི་སྤྲིན་ཕུང་རྒྱུག་པ་ལྟར་བྱོན་པ་ལ། དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས། འདོད་ཡོན་གྱི་ལྷ་མོ་དཀར་སེར་དམར་ལྗང་མཐིང་ག་ལྔ་དཀྱིལ་འཁོར་གྱི་མདུན་གཡས་ངོས་ནས་བརྩམས། ཚོགས་གཞོང་རིན་པོ་ཆེའི་སྣོད་འདོད་ཡོན་ལྔ་ལྡན་གྱི་ཚོགས་ཀྱིས་བཀང་བ་རེ་རེ་ཐོགས་ནས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བ་ལ་མཆོད་ཅིང་ཕུད་འབུལ། བར་བའི་བཤགས་པ་ནི། འཁོར་བ་ཐོག་མེད་ནས་ད་ལྟའི་ལུས་འདི་ཡན་ཆད་དུ་ཚོར་དང་མ་ཚོར་དབང་གིས་རྩ་བ་ཡན་ལག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་ལ་འགྱོད་བཤགས་ཕུལ་བའི་རྗེས་སུ་ལྷ་མོ་རྣམས་གཙོ་བོའི་གནས་སོ་སོར་ཐིམས་པ་ཡིན་ནོ། །ཡི་གེ་བརྒྱ་པ་འདོན། སྐབས་འདིར་ཞི་ཁྲོའི་མདངས་བསྐངས་སོགས། བསྐངས་བ་ཅི་རིགས་པ་འདོན། ཞེས་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང་གི་ཞལ་འཕང་འཁྲུལ་མེད་འདི་ཚད་མ་ཡིན་ནོ། །བཞི་པ། དེ་དག་གཞུང་གི། ཧཱུྃ༔ བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཞེས་པ་ནས། ས་ཏྭ་ཨཱ༔ བར་རོ། །གསུམ་པ་ཚོགས་ཐ་མ་བསྒྲལ་བ་ལ། འཕྲོས་དང་དངོས་གཉིས་ལས། རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་སྒྲོལ་བ་གཉིས་ལས། དང་པོ་ནི། ལྟ་བ་ཟབ་མོའི་རྫོངས། གདེངས་ཐོབ་བསྒོམ་པའི་འཕྲང་། སྤྱོད་པ་བརླངས་པོའི་སྲོག །རྫོང་འཕྲང་སྲོག་གསུམ་གྱི་གནད་ལ་གོམ་པའི་གང་

ཟག་གིས་ཐོག་མར་བདག་སྒྲོལ་བའོ། །གཉིས་པ་ཐུགས་རྗེས་གཞན་སྒྲོལ་བ་ལ། བསྒྲལ་བྱའི་ཞིང་བསྟན་པ་དང་། སྒྲོལ་བྱེད་ཀྱི་ཐབས་བསྟན་པ་གཉིས་ལས། དང་པོ་ནི། དམ་ཚིག་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། །དམ་ཉམས་ལོག་པར་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཅན་གྱིས་དང་དུ་བླངས། །ཞེས་སོ། །དཀོན་མཆོག་སྤྱི་དགྲ༡། སློབ་དཔོན་སྐུ་དགྲ༢། རྡོ་རྗེ་ཐེག་པའི་གསང་སྤྱོད་བླ་ན་མེད་པར་དམ་ཉམས་པ༣། དམ་ལས་ལོག་པ༤། དམ་ལ་འཁུ་བ༥། འདུ་བར་མི་འོས་པ༦། དམ་དགྲ་ངན་པ་ཡོངས་ལ་གནོད་པ༧། ངན་སོང་གསུམ་དང་བཅུ་པོ་ནི་བསྒྲལ་བའི་ཞིང་ཡིན་ལ། གཞན་ཉམས་པ་བདུན་སོགས་ཀྱང་བཤད་དོ། །གཉིས་པ་སྒྲོལ་བྱེད་ཐབས་ནི། གསང་རྒྱུད་ལས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །འབར་བའི་གཏུམ་ཆེན་རྔམ་པ་ལ། །ཁྲོས་པའི་ཡིད་ཀྱི་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིགས། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབས། རྡུལ་དུ་བྱས་ཏེ་ཚོགས་སུ་རོལ། །ཞེས་གསུངས་པས་བདག་ཉིད་ཆེ་མཆོག་ཁྲོས་པར་བསྒོམ་ལ། ཚོགས་ཟན་ཉ་བོ། ཨེ་གྲུ་གསུམ་འབར་བའི་ཧོམ་ཁུང་དུ་བཅུག །བདེན་སྟོབས་བརྗོད་པའི་མཐར། རྩ་གསུམ་ཡེ་ཤེས་ཀྱི་འཁོར་ལོ་ལ་སྙན་གསན་གཟུ་དཔུང་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཔལ་ཆེན་པོ་ཁྲག་འཐུང་རིགས་ལྔ་ཐུགས་དམ་བསྐུལ་ནས། མངོན་སྤྱོད་ཀྱི་ལས་སོ་སོར་བཅོལ་བ་ལས། བུདྡྷ་ཧེ་རུ་ཀ་ལ་བླ་སྲོག་དགུག་པ། བཛྲ་ཧེ་རུ་ཀ་ལ་ལྷ་དང་ཕྱེ་བ། རཏྣ་ཧེ་རུ་ཀ་ལ་བྱད་དུ་གཞུག་པ། པདྨ་ཧེ་རུ་ཀ་ལ་རྡུལ་དུ་བརླག་པ། ཀརྨ་ཧེ་རུ་ཀ་ལ་སྨྱོ་རུ་

གཞུག་པ། ཀཽ་སེང་བཅུ་དྲུག་སྒོ་མ་བཞི་དང་བཅས་པར་ཕུང་པོ་བསྒྲལ་བའི་ལས། དབང་མོ་ཉི་ཤུ་རྩ་བརྒྱད་ལ་བསྟབས་པའི་ལས་རྣམས་ཏེ། གཞུང་གོ་བདེ་བས་འབྲུ་འགྲེལ་མ་དགོས་པ་དེ་ཙམ་མོ། །དེ་དག་གཞུང་གི། ཧཱུྃཿབྷྱོཿམི་མངོན་དབྱིངས་ན་སོགས་ནས། སྲས་གྱུར་ཅིག༔ ཅེས་བར་རོ། །དགྲ་བགེགས་དམ་སྲི་བོད་སྐད། མ་ཧཱ་མཾ་ས་ཤ་ཆེན། མ་ཧཱ་རཀྟ་ཁྲག་ཆེན། མ་ཧཱ་ཙིཏྟ་སྙིང་ཆེན་པོ། མ་ཧཱ་ཀེཾ་ནི་རི་རྐང་དམར་ཆེན་པོ། མ་ཧཱ་བ་སུ་ཏ་རྒྱུ་མ་ཆེན་པོ། མ་ཧཱ་ཀོ་རོ་ཙ་ན་ཀླད་པ་ཆེན་པོ་རྣམས་ཟོ་ཞིག་ཞེས་སྔགས་དོན་ནོ། །དེ་ནས། རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ་པ་ནི། ཧོ་ཞེས་པ་ཤིན་ཏུ་དགྱེས་པ་ཆེན་པོའི་སྒྲ་ཡིས་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྡོ་རྗེ་རྒྱལ་ཐེབས། གཟུངས་མ་མཆེད་དང་ལྕམ་དྲལ་སོགས་འདུས་པ་རྒྱ་མཚོ་དང་བཅས་པ་ཐམས་ཅད། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཡི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དང་དབྱེར་མེད་པའི་རང་བཞིན་ཚོམ་བུའི་དཀྱིལ་འཁོར་ལ། སྟེང་དགའ་ལྡན་ལྷ་ཡི་ལོངས་སྤྱོད་ཀྱི་ཚོགས་ལྟར། མཁོ་རྒུའི་འབྱོར་པ་བཟང་རྒུ་ཚོགས་པ། འདོད་རྒུ་འཆར་བ། མཛེས་རྒུས་བརྒྱན་པ་རྣམས་དངོས་སུ་འབྱོར་པ་དང་། འཕྲུལ་དགའི་ལྷ་ལྟར་མ་འབྱོར་བ་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་ཚོགས་མཆོད་དག་པ་ལྷ་ཡི་བདུད་རྩིའི་རང་བཞིན་འདི་དགྱེས་པ་ཆེན་པོའི་ལོངས་སྤྱོད་དུ་རོལ་ཅིག །ཞེས་སོ། །དེ་ཡང་ཧོ་རྣལ་འབྱོར་ཕོ་མོ་མཆེད་སོགས། ལས་ཀྱི་སློབ་བུས་དྲངས། བླ་མའི་པད་སྐོར་གྱི་ཕྱག་རྒྱས་བླངས། ཆེ་ཆུང་ཕམ་རྒྱལ་མེད་པར་ཐམས་ཅད་ཚིམས་པ་དྲུག་ལྡན་དུ་རོལ། ཚིམ་པ་དྲུག་ལྡན་གྱི་སྤྲོས་བཤད་ནི་རེ་ཞིག་བཞག་གོ། །ལྷག་མའི་མགྲོན་དབང་ཕྱུག་ཆེན་པོ་སོགས་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་ཀྱི་ཆུང་མ་ནི། ཁྱོ་ཡི་མིང་ཆུང་མ་ལ་བཏགས་

པ། སྲིན་པོ་དྷ་ཤ་གྲཱི་ཝའི་ཆུང་མ་སྲིན་མོ་ཆེན་མོ་མི་ཡི་སྲིན་མོ་གཡག་གི་གདོང་པ་ཅན་དང་། ཚངས་པའི་ཆུང་མ་ཆེན་མོ་སྦྲུལ་གྱི་གདོང་པ་ཅན་དང་། ལྷ་ཆེན་དྲག་པོའི་ཆུང་མ་འཁྲུག་མོ་གཟིག་གི་གདོང་དང་། བརྒྱ་བྱིན་ཆུང་མ་དབང་མོ། ཁྱབ་འཇུག་གི་འཇུག་སྲེད་མོ་དང་། གདོང་དྲུག་གི་གཞོན་ནུ་མོ་དང་དྲུག་ནི་ཤར་གྱི་མ་མོའོ། །འཇུག་སྲེད་ཀྱི་དམར་མོ། ཉི་མའི་བདུད་རྩི་མོ། ཟླ་བའི་ཞི་བ་མོ། བེ་ཅོན་གྱི་བེ་ཅོན་མོ། སྲིན་པོ་ཁྲག་མིག་གི་སྲིན་མོ་དང་། ལྷ་ཟ་བྱེད་ཀྱི་ཟ་བ་མོ་དང་དྲུག་ལྷོ་ཡི་མ་མོའོ། །དགའ་བྱེད་དབང་ཕྱུག་གི་དགའ་བ་མོ་དང་། སྟོབས་བཟང་གི་ར་རོ་ཁྲག་འཐུང་མྱོས་མ་དང་། བྷྲིཾ་གི་རི་ཏིའི་གཅིག་པུར་སྤྱོད་མ་དང་། འདོད་ལྷའི་ཡིད་འཕྲོག་མ་དང་། ནོར་སྲུང་གི་གྲུབ་མོ་དང་། རླུང་ལྷའི་རླུང་མོ་དང་དྲུག་ནུབ་ཀྱི་མ་མོའོ། །ལྷ་གསོད་བྱེད་ཀྱི་གསོད་བྱེད་མོ་དང་། མེ་ལྷའི་མེ་མོ་དང་། ས་བདག་ཕག་ཆེན་གྱི་ཕག་མོ་དང་། གཤིན་རྗེའི་རྒན་བྱེད་མོ་དང་། ཚོགས་བདག་གི་སྣ་ཆེན་མོ་དང་། ཀླུ་ཡི་ཆུ་ལྷ་མོ་དང་དྲུག་བྱང་གི་མ་མོའོ། །ནག་པོ་ཆེན་པོའི་ནག་མོ་ཆེན་མོ་དང་། ར་གདོང་ཆེན་མོའི་ར་མགོ་དམར་སེར་ཆེན་མོ་དང་། སྲིན་པོ་བུམ་སྣའི་བུམ་སྣ་སྔོ་ནག་ཆེན་མོ་དང་། གསུས་པོ་ཆེའི་གསུས་འཛིན་སེར་ནག་ཆེན་མོ་དང་སྒོ་མ་བཞིའོ། །དགུ་པ་ལྷག་མ་གཏོང་བ་ལ། སྔོན་དཔལ་ཆེན་པོས་རཱུ་ཏྲ་བསྒྲལ་བའི་ཚེ། རཱུ་ཏྲའི་བཀའ་བློན་ཉི་ཤུ་རྩ་བརྒྱད་ཀྱི་ཆུང་མ་དབང་མོ་ཉེར་བརྒྱད་སྦྱོར་བས་དབང་དུ་བསྡུས་ཏེ། དམ་ལ་བཏགས་པའི་ཚེ། དེ་དག་གིས། དབུས་ལ་འཚལ་བའི་སྐལ་བ་མེད། དཀྱིལ་འཁོར་མཐའ་ལ་ངེད་རྣམས་ཞོག །ཕུད་ལ་འཚལ་བའི་སྐལ་བ་མེད། །ལྷག་མའི་ཞལ་ཆབ་ངེད་ལ་ཞུ། །ཞེས་གསུངས་པའི་ཐ་ཚིག་ལྟར། ལྷག་མ་ཡར་

གནས་མར་གནས་གཉིས་སུ་བསྟན། དགུ་པ་ཡར་གནས་གཙང་ཕུད་གཏོར་མར་བསྟབས། ཞེས་པའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་བཤམས་ཤིང་བྱིན་གྱིས་བརླབས་ལ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས། དེངས་འདིར་རྩོལ༔ དང་པོ་གཙང་མ་ཕུད་ཀྱིས་ཅིའི་ཕྱིར་མི་མཆོད་དེ། རྒྱལ་བ་བཞི་བཅུ་རྩ་གཉིས་ཕུད་ལ་དབང་བའི་ཕྱིར་རོ། །བར་དུ་བཅུད་ལྡན་ཚོགས་ལ་ཅིའི་ཕྱིར་མི་རོལ་དུ། འབར་བ་ཁྲག་འཐུང་དྲུག་ཅུ་ཚོགས་རྗེ་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །ཐ་མ་ཚོགས་ཀྱི་ལྷག་མས་ཅིའི་ཕྱིར་མི་བརྔན་དུ། མ་ཚོགས་དབང་ཕྱུག་ཉེར་བརྒྱད་པོ་སྔོན་གྱི་ཐ་ཚིག་གི་དབང་གིས་ལྷག་ལ་དགྱེས་པའི་ཕྱིར་རོ། །རྒྱུ་མཚན་དེ་ལས་རང་རང་གང་ལ་དགྱེས་པར་རོལ་ལ་སོ་སོའི་ཐུགས་དམ་གཉན་པོ་སྐོངས་བར་མཛོད་ཅེས་པའོ། །ཧཱུྃ་བར་དུ་གཉིས་མེད་སོགས། ཡེ་ནས་སངས་རྒྱས་དང་སེམས་ཅན་རྒྱུ་འབྲས་གཅིག་པའི་ཕྱིར་དང་། ཐ་མ་ལྷག་མར་ཁ་ཆུ་ཅིའི་ཕྱིར་མི་འདེབས་ཏེ། ཁྱོད་དང་ང་གཉིས་རྡོ་རྗེ་ཐེག་པའི་ཐ་ཚིག་གཅིག་པའི་ཕྱིར་རོ། །དཔལ་གྱི་བཀའ་ཉན་ཆེན་པོ་ཁྱེད་རྣམས་ཀྱང་། དཀྱིལ་འཁོར་དབུས་ལ་མི་དབང་མཐར་སྡོད་པ་དང་། གཙང་མའི་ཕུད་ལ་མི་དབང་ལྷག་མར་རོལ་པ་དང་། ཅི་བགྱིའི་བཀའ་ཉན་པར་དམ་བཅས་པ་བཞིན་ལྷག་མའི་གཏོར་མ་བཤལ་ཆུ་དང་བཅས་པ་འདི་བཞེས་ལ། ཁས་བླང་དམ་བཅས་པ་བཞིན་དུ་ཕྲིན་ལས་མཛོད་ཅིག །ཅེས་སོ། །དེ་ནས་མར་གནས། ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་སོགས། དེ་ལྟར་དཔལ་ཆེན་པོའི་བཀའ་ཉན་ཞིང་ལས་བྱེད་པ། ཟས་ལྷག་མའི་རོ་ལ་ཟ་ཞིང་རྒྱུ་བ་དེ་དག་ནི། ཤར་རྡོ་རྗེ་རིགས་ཀྱི་བཀའ་ཉན་སྲུང་མ་ཡིན་པའི་བརྡ་རྟགས་སུ་སྐུ་མདོག་དཀར་པོ་གསོད་གཅོད་སོགས་དྲག་པོའི་ལས་ལ་བརྩོན་པའི་ནག་པོ་དང་འདྲེས་པའི་དཀར་

ནག །འཁོར་བའི་རྟོག་ཚོགས་འཇོམས་པའི་བརྡར་རང་གི་མགོ་བརྙན་སྣ་ཚོགས་གསང་བ་སྤྱོད་པའི་གནས་སུ་རྡོ་རྗེ་འཆང་གིས་བསྔགས་པའི་དུར་ཁྲོད་བསྒྲུབ་པ་པོའི་ཚོགས་ཁང་ཉུལ་བ། བདག་མེད་རྟོགས་པའི་གོས་བཟང་མི་ལྤགས་ཀྱི་གཡང་གཞི་ལྡེང་སྟབས་སུ་གྱོན་པ། ལག་ན་བདེ་སྐྱོང་གི་ཀཱ་པཱ་ལ་དམར་ཆེན་གྱིས་བཀང་བ་ཐོགས་འཐུངས་ཤིང་གཉིས་རྟོག་སྤངས་པའི་རོ་ལ་ཟ་བ། རིག་འཛིན་སྒྲུབ་པ་པོའི་བཀའ་ཉན་གསུངས་སྡོད་པའི་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་། དམ་ཚིག་རྗེས་གཅོད་པའི་སྲུང་མར་རྒྱུ་ཞིང་། རྫུ་འཕྲུལ་གྱིས་མཁའ་ལ་སྤྱོད་པ། ཟས་སུ་ཞིང་བཅུའི་ཤ་དང་ཁྲག་ལ་དགྱེས་ཤིང་། ལས་སུ་དགྲ་བགེགས་གསོད་[གཅོད་]ཀྱི་ལས་ལ་བརྩོན་པའི་མ་ཚོགས་ཤར་གྱི་དབང་ཕྱུག་མ་བདུན་ལྷག་མའི་གཏོར་མ་བཞེས་ལ། བདག་གི་གང་བཅོལ་བའི་ཕྲིན་ལས་མ་ལུས་པ་སྒྲུབ་པར་མཛོད། ཅེས་སོ། །དེ་བཞིན་དུ་ལྷོ་རིན་ཆེན་རིགས་ཀྱི་བཀའ་ཉན་མ་མོའི་བརྡར་སྐུ་མདོག་སེར་ནག །ནུབ་པདྨ་རིགས་ཀྱི་བརྡར་དམར་ནག །བྱང་ལས་ཀྱི་རིགས་མཚོན་པའི་བརྡར་ལྗང་ནག་སོགས་གོང་ལྟར་རོ། །སྤྱི་དོན་བཅུ་བཞི་པ། ཐུགས་དམ་བསྐུལ་བ་ནི། ཐུགས་སྲོག་བསྐུལ་བའི་ཡི་གེས་མགོ་དྲངས་ཏེ་ཁྱབ་བདལ་མཐའ་དང་དབུས་སོགས་ཕྱོགས་ལྷུང་དང་བྲལ་བའི་ཆོས་དབྱིངས་རྣམ་པར་དག་པ་ནི། རང་རིག་སྐྱེ་མེད་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ལ་བྱ་སྟེ། དེ་དུས་གསུམ་སངས་རྒྱས་ཐམས་ཅད་གཤེགས་ཤིང་བཞུགས་པའི་གནས་ཡིན་པས། དེ་ན་ཀུན་བཟང་ཆེ་མཆོག་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་མི་མངོན་ནམ་མཁའི་དབྱིངས་ནས་སྐུར་བཞེངས་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་ལ་བར་དུ་གཅོད་ཅིང་ཕྱིན་ཅི་ལོག་གི་སྣ་

འདྲེན་པའི་མ་རུང་བ་འདུལ་བའི་གཉེན་པོར་བྱོན་ཅིག །ཅེས་སྤྱིར་སྙན་གསན་དབབ། བྱེ་བྲག་ཏུ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རམ། ཞི་བ་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ནས། རྒྱལ་བ་ཐམས་ཅད་ཀྱི་སྤྱི་རྗེ་ཀུན་ཏུ་བཟང་པོ་དང་། བསྐྱེད་ཡུམ་ཀུན་ཏུ་བཟང་མོ་གཉིས་ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་ཡེ་ཤེས་རང་རྩལ་ལས་ཤར་བའི། རྣམ་པར་སྣང་མཛད་ལ་སོགས་བདེ་གཤེགས་རྒྱལ་བ་རིགས་ལྔ་དང་། ནམ་མཁའི་དབང་ཕྱུག་ལ་སོགས་པ་ཡུམ་ལྔ་སྟེ། ཡབ་ཡུམ་བཅུ་གདོད་མ་ནས་རྟོག་མེད་ཞི་བའི་མཐའ་ལ་མི་གནས་པའི་ཐུགས་དམ་ལ་ཉེ་བར་དགོངས་ནས། མི་མངོན་དབྱིངས་ནས་འབྱོན་པར་བསྐུལ་བ་དང་། རྒྱལ་བ་ཡབ་ཡུམ་དེ་རྣམས་ཀྱི་ཐབས་ཤེས་གཉིས་སུ་མེད་པའི་རོལ་པར་ཤར་བའི། ས་ཡི་སྙིང་པོ་ལ་སོགས་པའི་སེམས་དཔའ་བརྒྱད། ལ་སྱཱེ་མ་ལ་སོགས་པའི་སེམས་མ་བརྒྱད་དང་ལྕམ་དྲལ་བཅུ་དྲུག་ཀྱང་། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་འགྲོ་བ་སེམས་ཅན་མི་འདོར་བའི་ཐུགས་དམ་ཉེ་བར་དགོངས་ནས་མི་མངོན་དབྱིངས་ནས་འབྱོན་པར་བསྐུལ་བ་དང་། དེ་བཞིན་དུ་ཀུན་བཟང་ཡབ་ཡུམ་གཉིས་མེད་རོལ་པའི་ཆོ་འཕྲུལ་ལས་འགྲོ་དྲུག་འདུལ་མཛད་ཐུབ་པ་དྲུག་པོ་ཡང་། འགྲོ་བའི་དོན་ལ་སྐད་ཅིག་གཡེལ་བ་མེད་པ་ཐོག་མའི་དུས་ནས་ཐུགས་དམ་ཉེ་བར་དགོངས་ནས། མི་མངོན་དབྱིངས་ནས་འབྱོན་པར་བསྐུལ་བ་དང་། དེ་བཞིན་དུ་དཀྱིལ་འཁོར་ཆེན་པོའི་སྒོ་བཞིར་རྣམ་རྒྱལ་ལ་སོགས་པའི་སྒོ་བ་ཡབ་ཡུམ་བརྒྱད་ཐུགས་དམ་ལ་ཉེ་བར་དགོངས་ནས་མི་མངོན་དབྱིངས་ནས་འབྱོན་པར་བསྐུལ་བ་དང་། མགོན་པོ་ཁྱེད་རྣམས་ཀྱི་བསྟན་པ་གཉན་པོ་འདི་ལ་ལོག་པར་འདྲེན་པའི་དགྲ་དར་བ་འདི་ལ་མ་གཟིགས་ཤིང་ཡལ་བར་དོར་ན། མ་རུང་སྙིགས་མའི་སེམས་ཅན་དམུ་རྒོད་དུག་

ལྔ་རང་ཁར་ཤོར་བ་འདི་རྣམས་སྙོམས་ལས་སུ་བོར་ན། བསྟན་པའི་རཱུ་ཏྲ་ཐམས་ཅད་ཁ་ཡན་དུ་ཤོར། འགྲོ་བ་སེམས་ཅན་ཐམས་ཅད་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་སོང་། རྒྱལ་བའི་བསྟན་པ་རིན་པོ་ཉམས་དམས་ཤིང་ནུབ་པར་མི་འགྱུར་རམ་དགོངས་ཤིག །དེ་ཡི་ཕྱིར་ན་ཡབ་ཡུམ་སྲས་དང་བཀའ་སྡོད་སྲུང་མར་བཅས་པ་རྣམས་རང་རང་གི་དམ་བཅའ་ཐུགས་དམ་གཉན་པོའི་དུས་ལ་བབ་པོ། དེ་དག་ཀྱང་། གཞུང་གིས། ཧཱུྃ་བྷྱོ༔ རྣམ་དག་ཆོས་དབྱིངས་སོགས་ནས། དུས་ལ་བབས༔ བར་རོ། །ཅེས་གནད་ནས་བསྐུལ། དེ་ནས་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་བསྐུལ་བ། ཐུགས་སྲོག་བསྐུལ་བའི་ཡི་གེས་མགོ་དྲངས་ནས། ཆོས་སྐུ་ཞི་བ་ཆེན་པོའི་ངང་ལས་གཡོ་བ་མེད་བཞིན་དུ་འགྲོ་བ་སེམས་ཅན་གྱི་ཉོན་མོངས་པའི་གདུག་པ་རཱུ་ཏྲ་འདུལ་ཕྱིར་ཁྲག་འཐུང་ཁྲོ་བོ་རོལ་པའི་སྤྲིན་སྤྲོ་བ་ནི། ཁྲག་འཐུང་ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། ཁྲོ་རྒྱལ་ཡོངས་ཀྱི་རྗེ་བཙན་ཆེན་པོ། དཔལ་ཆེ་མཆོག་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཡུམ་ཁྲོ་མོ་དབང་ཕྱུག་མ། ཡབ་ཡུམ་གཉིས་སུ་མེད་པའི་ཐབས་དང་ཤེས་རབ་ཀྱི་རོལ་པར་ཤར་བའི། དཔལ་བྷུདྡྷ་ཧེ་རུ་ཀ་ལ་སོགས་པའི་ཁྲག་འཐུང་རིགས་ལྔ། སངས་རྒྱས་དབང་ཕྱུག་ལ་སོགས་པ་ཀྲོ་ཏི་ཤྭ་རི་ཡུམ་ལྔ་སྟེ། ཁྲག་འཐུང་ཡབ་ཡུམ་བཅུ་པོ་ཡང་། བསྟན་པ་ལ་གདུག་པའི་དགྲ་དར་བའི་གཉེན་པོར། ཐུགས་སྙིང་རྗེ་ཞི་ལས་མ་གཡོས་ཀྱང་། སྐུ་ཡི་རྣམ་འགྱུར་དྲག་པོར་ཁྲོས་པའི་ཚུལ་གྱིས་བསྟན་པ་གཉན་པོའི་གྲོགས་ལ་བྱོན་ཅིག །ཅེས་བསྐུལ་ལོ། །ཁྲག་འཐུང་ཡབ་ཡུམ་དེ་རྣམས་ཐབས་ཤེས་གཉིས་སུ་མེད་པའི་ཆོ་འཕྲུལ་ལས་རང་ཤར་བའི། ཀཽ་རི་དཀར་མོ་ལ་སོགས་པ་གནས་ཀྱི་མ་མོ་བརྒྱད། སེང་ཧ་སྨུག་ནག་ལ་སོགས་པ་ཡུལ་གྱི་ཕྲ་མེན་བརྒྱད། རྟ་གདོང་མ་ལ་སོགས་པ་སྒོ་མ་ཆེན་མོ་བཞི་

རྣམས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེར་དགྲ་དར་བས་སྤྲུལ་པ་ཡང་སྤྲུལ་བཀའ་ཉན་དང་བཅས་པ། སྒྲོལ་བ་དང་འགུག་པའི་གྲོགས་ལ་མི་མངོན་དབྱིངས་ནས་བྱོན་ཅེས་བསྐུལ་ལོ། །གཞན་ཡང་ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་གྱི་ཡང་སྤྲུལ། ཤར་ནས་ཞི་བའི་ལས་བྱེད་བདུན་ལ་སོགས་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། མགོ་བརྙན་ཕྱག་མཚན་སོགས་རྫུ་འཕྲུལ་མ་ངེས་པར་སྟོན་ཞིང་། བཀའ་ཡི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ། མྱུར་མགྱོགས་ཀྱིས་མཐུ་དང་རྫུ་འཕྲུལ་འདོད་རྒུར་བསྒྱུར་བ་ཁྱོད་རྣམས་ཀྱང་བསྟན་པ་གཉན་པོ་ལ་དགྲ་དར་བས། དགྲ་བགེགས་འདུལ་ཕྱིར་བདག་གི་མགོན་དང་གྲོགས་ལ་བྱོན། ཅེས་བསྐུལ་པའོ། །གཞན་ཡང་ཞི་ཁྲོ་རིགས་བརྒྱའི་བཀའ་ཉན་ཞིང་ལས་བྱེད་པའི་སྲུང་མ་དམ་ཅན་སྡེ་བདུན་ལ་སོགས་པ་ཁྱེད་རྣམས་ཀྱང་། སྔོན་ཚེ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་རྣམས་ཀྱི་སྤྱན་སྔར་ཁས་བླང་དམ་བཅས་པ་བཞིན་དུ། ད་དུས་ཁྱེད་ཀྱིས་སྲུང་མར་ཁས་བླང་བའི་བསྟན་པ་ནུབ་ལ་ཉེ་བས། ཡབ་ཡུམ་སྲས་དང་བཀའ་སྡོད་བཅས་པ་སྔོན་གྱི་ཐུགས་དམ་གཉན་པོ་བཅས་པའི་དུས་ལ་བབས་པ་ཡིན་པས། མྱུར་མགྱོགས་ཀྱིས་རེངས་པའི་ཚུལ་་གྱིས་འདིར་གཤེགས་ལ། བསྟན་པའི་དགྲ་བགེགས་སྒྲོལ། མི་མཐུན་པའི་རྐྱེན་བཟློག །བཅོལ་པའི་ཕྲིན་ལས་མ་ལུས་པ་སྒྲུབས་པར་མཛོད་ཅིག །ཕོ་ཉ་དགོས་བསྐུལ་ནི་གཞུང་ཁ་གསལ་བས་བཤད་མ་དགོས་ལ། གཞུང་དོན་གོང་གིཧཱུྃ་ཧཱུྃ༔ ཆོས་སྐུ་ཞི་བའི་རིགས་རྩལ་སོགས་ནས། དགོས་བསྐུལ་ཡན་ཆད་དོ། །སྤྱི་དོན་བཅོ་ལྔ་པ་བཀའ་ཡི་ཆད་ཐོ་ནི། དུས་གསུམ་ནི་འཁྲུལ་བའི་བློས་བཏགས་ལ། དུས་མེད་ནི་བློའི་ཡུལ་ལས་འདས་ཤིང་། ཀུན་ཏུ་བཟང་པོ་གཞི་ཐོག་ནས་མངོན་

པར་བྱང་ཆུབ་པའི་རང་དུས་དེ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དུས་ཡིན་པས། དུས་དེ་ཙམ་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་དེ་ཉིད་རྒྱུ་རྐྱེན་གང་གིས་མ་བསྐྱེད། མ་བཅོས་རང་བྱུང་གི་ཡེ་ཤེས་ཆེན་པོའི་དབྱིངས་དུས་གསུམ་འཕོ་འགྱུར་མེད་པར་རང་དམ་བཅས་པ་ལྟར་བཞུགས་པ་ལས། རྩོལ་མེད་ཀྱི་ཐུགས་རྗེ་ཆེན་པོ་དུས་ལས་མི་ཡོལ་བས། འཁོར་འདས་གཉིས་མེད་དུ་གྲོལ་བ། འཁྲུལ་བ་ཀ་ནས་དག་པ་སོགས། ཐ་ཚིག་དང་ཡེ་གྲོལ་གཤིས་ཀྱི་གནས་ལུགས་ལ་གཏོར་མའི་ཐ་སྙད་བྱས་པ་དེ་ཉིད་ཆད་ཐོའི་ཚུལ་དུ་ཕུལ་ནས། འཁོར་བ་ཀ་དག་གི་ཕྲིན་ལས་བཅོལ་ལོ། །དེ་ནས་འདས་པའི་དུས་ཀྱི་བསྐལ་པ་དང་པོ་ལ། འོག་མིན་ཆོས་ཀྱི་ཞིང་ཁམས་རྣམ་པར་དག་པ་ནས། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དེའི་ཡེ་ཤེས་རང་སྣང་ལས་ཤར་བའི། རིགས་ལྔ་ལོངས་སྐུའི་སངས་རྒྱས་ལ། དགོངས་པ་ཀློང་ནས་བྱིན་གྱིས་བརླབས་པའི། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དུ་རང་སྣང་བའི་གཟུགས་བསྟན། འགྲོ་བ་སེམས་ཅན་འཁྲུལ་བའི་དབང་གིས་འཁོར་བར་འཁྱམས་པ་དེ་དག་གི་ཕུང་ཁམས་གནས་སུ་དག་པ། རིགས་དྲུག་དབྱིངས་སུ་གྲོལ་བ། འཁོར་བ་དོང་ནས་སྤྲུགས་པའི་ཐ་ཚིག་གསུམ་པོ་དེ་དགོངས་ལ། རྟོག་ཚོགས་རང་གྲོལ་གྱི་གཏོར་མ་འདི་བཞེས་ལ། སྔོན་ཇི་ལྟར་ཞལ་བཞེས་པའི་ཐུགས་དམ་གཉན་པོ་ལྟར། འགྲོ་བ་རྣམས་འཁོར་བ་ཀ་ནས་དག་པའི་ཕྲིན་ལས་བཅོལ་བའོ། །དེ་འོག་བར་གྱི་བསྐལ་པའི་དབུས་མ། འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀརིགས་ལྔ་ཞི་ཁྲོ་ཁྲག་འཐུང་སྤྲུལ་འཁོར་བཅས་པས་དྲེགས་པ་རཱུ་ཏྲའི་སྡེ་དཔུངས་བཅོམ་པའི་ཚེ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་

སོགས་པའི་དྲེགས་པ་ཅན་གྱི་འཁོར་ཚོགས་ཐམས་ཅད་ཀྱིས་རང་རང་གི་གཟུགས་དངོས་སུ་བསྟན། སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ཏེ། བཀའ་ཡི་གཏོར་མ་ལེན་པ། སངས་རྒྱས་བསྟན་པ་སྲུང་བ། རྣལ་འབྱོར་སྐུ་ཚེ་བསྲིང་བ། རྒྱུ་སྦྱོར་རྐྱེན་ངན་བཟློག་པ་ཐ་ཚིག་གཉན་པོ་བཞི་བཅས་པ་དེ་དྲན་པར་མཛོད་ལ་ཕྲིན་ལས་མཛོད་ཅེས་པའོ། །དེ་འོག་བར་གྱི་བསྐལ་པ་བར་མ་ལ། བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། བྲག་དམར་དཔལ་གྱི་བསམ་ཡས་བཞེངས་པའི་ཚེ། བོད་ཀྱི་ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད། རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས། གོང་གི་དམ་བཅའ་བཞི་དང་ལྡན་པ་ལྟར། དེ་འོག་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། ཤེས་རབ་ཡུམ་ཆེན་མཁར་ཆེན་མཚོ་རྒྱལ་ཡབ་ཡུམ་གྱིས་ཟབ་ཆོས་མཐའ་དག་གཏེར་དུ་སྦས་པའི་ཚེ། བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོས་རང་རང་གི་སྲོག་སྙིང་ཕུལ་ནས་ཁས་བླངས་དམ་བཅས་པ་ལྟར་དང་། ད་དུས་སྙིགས་མ་ལྔ་བདོ་བའི་དུས་འདིར། ཨོ་རྒྱན་དུས་གསུམ་མཁྱེན་པའི་སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་བཀྱེ་ནས་ཟབ་ཆོས་མཐའ་དག་གཏེར་ནས་བཏོན་པའི་ཚེ་དང་། ཁྱད་པར་སྤྲུལ་པའི་གཏེར་ཆེན་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས། ཟབ་གཏེར་འདི་ཞལ་ཕྱེས་པའི་ཚེ་ན། སྲུང་མ་དམ་ཅན་སྡེ་བདུན་ལ་སོགས་པ་གསང་སྔགས་ཆོས་ཀྱི་བསྲུང་མ་དམ་ཅན་རྒྱ་མཚོས་རང་རང་གི་གཟུགས་དངོས་སུ་བསྟན་ནས་སྲོག་སྙིང་ཕུལ། བཀའ་ཡི་གཏོར་མ་ལེན་པར། སངས་རྒྱས་བསྟན་པ་སྲུང་བར། རྣལ་འབྱོར་སྐུ་ཚེ་བསྲིང་བར། རྒྱུ་སྦྱོར་རྐྱེན་ངན་བཟློག་པར་ཁས་བླང་དམ་བཅས་པ་ལས་མ་འདའ་བར་ཕྲིན་ལས་མཛོད། ཅེས་བྱའོ། །དེ་དག་གི་ངག་འདོན། ཧཱུྃ༔ དུས་གསུམ་དུས་མེད་

ཀ་དག་དུས་ཀྱི་ཚེ༔ སོགས་ནས་འགྲུབ་པར་མཛོད༔ བར་རོ། །བཅུ་དྲུག་པ་སྒོ་དབྱེ་བ་ནི། དཔལ་ཆེན་པོའི་ཐུགས་སྲོག་ཧཱུྃ་དང་། སྒོ་མ་རང་རང་གི་སྲོག་ཛཿལ་སོགས་པའི་ཡི་གེས་མགོ་དྲངས་ཏེ། ཤར་ཕྱོགས་ཀྱི་སྒོ་མ་རྟ་གདོང་དཀར་མོ། སྙིང་རྗེ་ཚད་མེད་པའི་ལྕགས་ཀྱུས་མེ་ལོང་ཡེ་ཤེས་ཀྱི་ཤར་སྒོ་ཕྱེས་ལ། ཉོན་མོངས་པ་ཞེ་སྡང་དང་དགྲ་བགེགས་ཚར་ཆོད། ནད་གདོན་འཇིགས་བརྒྱད་ཞི་བ་དང་། གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར། ཞེས་དང་། དེ་བཞིན་དུ། ལྷོ་ཕྱོགས་སྒོ་མ་ཕག་གདོང་མས། བྱམས་པ་ཚད་མེད་པའི་ཞགས་པས། མཉམ་ཉིད་ཡེ་ཤེས་ཀྱི་ལྷོ་སྒོ་ཕྱེས་ལ། ང་རྒྱལ་དགྲ་བགེགས་ཚར་ཆོད་ལ། བསོད་ནམས་ཡེ་ཤེས་རྒྱས་པ་དང་། གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར། ནུབ་ཕྱོགས་སྒོ་མ་སེང་གདོང་མས། དགའ་བ་ཚད་མེད་པའི་ལྕགས་སྒྲོག་གི་ཕྱག་རྒྱས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ནུབ་སྒོ་ཕྱེས་ལ། ཉོན་མོངས་པ་འདོད་ཆགས་དང་། ནུབ་ཀྱི་དགྲ་བགེགས་ཚར་ཆོད། ཁམས་གསུམ་དབང་དུ་སྡུད་པ་དང་། གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར། བྱང་ཕྱོགས་ཀྱི་སྒོ་མ་སྦྲུལ་གདོང་མས། བཏང་སྙོམས་ཚད་མེད་པའི་དྲིལ་བུས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བྱང་སྒོ་ཕྱེས་ལ་ཉོན་མོངས་པ་ཕྲག་དོག་དང་། བྱང་གི་དགྲ་བགེགས་ཚར་ཆོད་ལ། མི་མཐུན་པའི་ཕྱོགས་བཟློག་པ་དང་། གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར། གཞན་ཡང་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར། ཕྱོགས་སྐྱོང་ཆེན་པོ་བཅུ་བཞུགས་པས། གཏོར་ཟོར་གྱི་ཟེར་ཕོག་ན། ཕྱོགས་སྐྱོང་ཕོ་ཐམས་ཅད་ཁྲག་ཏུ་སྐྱུག་པ་དང་། མོ་ཐམས་ཅད་འབོག་ཅིང་བརྒྱལ་བ་དང་། ཕྲུ་གུ་རྣམས་དམྱལ་ཐག་གཅོད་པས། དེར་ཡང་དེ་དག་སྙིང་རྗེ་བའི་ཕྱིར་ཟོར་མི་འཕེན། གང་ལ་འཕེན་ན། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་འཕེན་པ་

ཡིན་པས་དགྲ་དཔུང་བདུན་རྒྱུད་དང་བཅས་པ། བགེགས་དཔུང་སྡེ་རིགས་དང་བཅས་པ་ཐལ་བའི་རྡུལ་ཕྲན་བཞིན་དུ་བཏང་བའི་ཕྲིན་ལས་མཛོད་ཅིག །དེ་ཡང་། ཧཱུྃཿཛ༔ ཤར་ཕྱོགས་སྒོ་མ་རྟ་སོགས། མཛོད༔ བར་རོ། །ཅེས་སོ། །སྤྱི་དོན་བཅུ་བདུན་པ་བསྟན་སྐྱོང་བྱ་བ་ནི། གོང་གནོན་དང་རང་སྲོག་གི་མགོ་དྲངས་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཆོས་བཞིན་དུ་སྐྱོང་བའི་བོད་ཁམས་བསྟན་མ་བཅུ་གཉིས། ཡ་མ་སྐྱོང་མ། མ་མོ་བདུན། སྲིང་མོ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ཁྱེད་རྣམས་ཀྱིས། སྔོན་ཚེ་འོག་མིན་གསང་བ་མཆོག་གི་ཕོ་བྲང་དུ། དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་རྒྱལ་བ་ཞི་ཁྲོ་རབ་འབྱམས། དེ་རྗེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ད་ལྟ་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོའི་བཀའ་དང་དམ་ལས་མ་འདའ་བར། གཏོར་མ་འདི་བཞེས་ལ་ཕྲིན་ལས་མཛོད་ཅིག །ཨོ་རྒྱན་ཆེན་པོའི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་དེ་ལས་འདས་ན། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་སྙིང་ལ་ཞུགས་ནས། སྙིང་ཁྲག་འཐུང་ནས་བརླག །ཕྱི་མ་རྡོ་རྗེ་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་ཏ་རེ། །ཅེས་སོ། །དེ་ཉིད་གཞུང་དུ། ཧཱུྃ་བྷྱོ༔ བསྟན་མ་སྐྱོང་མཛད་མ་སྲིང་ཚོགས༔ སོགས། པར་མཛོད༔ བར་རོ། །སྤྱི་དོན་བཅོ་བརྒྱད་བྲོ་ནི། གློ་བུར་ཀུན་བཏགས་ཀྱི་འཁྲུལ་ངོར་བཏགས་པའི་ཕྱོགས་ཀྱི་ཐ་སྙད་མ་གཏོགས། དོན་དམ་བདེན་ངོར་མ་གྲུབ་པས་ཕྱོགས་མེད་ལ། བློས་བརྟགས་ཀྱང་ཕྱོགས་མེད་པས་ཕྱོགས་དང་བྲལ་བ་ཡིན་ལ། འཇིག་རྟེན་འཁྲུལ་ངོ་དང་བསྟུན་པའི་ཤར་ཕྱོགས་ནས། ཉོན་མོངས་པ་ཞེ་སྡང་རྩད་ནས་གཅོད་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་མདངས་ལས་ཤར་བའི། ཤར་རྡོ་རྗེ་རིགས་ཀྱི་

ལྷ་དང་ལྷ་མོ་དཀར་གསལ་སྒྱུ་མའི་རོལ་པར་ཤར་བ་དག་གི་བྲོ་བརྡུང་པས། ཞེ་སྡང་གི་རི་རྩེ་ནས་བསྙིལ་བའི་མགོ་ཡི་ཐ་སྙད་དུ་བཏགས་ལ། མེ་ལོང་ཡེ་ཤེས་ཀློང་དུ་རང་གྲོལ་བ། བྲོ་ཡང་མེ་ལོང་ཡེ་ཤེས། གླུ་ཡང་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ཡིན། ཞེ་སྡང་གི་མཚན་མ་རང་སར་གྲོལ་བས་སླར་མི་ལྡང་བར་མནན་པ་ཡིན་ནོ། །དེ་བཞིན་དུ་ལྷོ་ང་རྒྱལ་དང་། མཉམ་ཉིད་ཡེ་ཤེས། རིན་ཆེན་རིགས་ཀྱི་སོགས། ནུབ་འདོད་ཆགས་དང་། སོར་རྟོག་ཡེ་ཤེས། པདྨ་རིགས། བྱང་ཕྲག་དོག་དང་བྱ་གྲུབ་ཡེ་ཤེས། ལས་ཀྱི་རིགས། དབུས་གཏི་མུག་དང་ཆོས་དབྱིངས་ཡེ་ཤེས་སངས་རྒྱས་རིགས་སོགས་འགྲེས་སོ། །ༀ་ལཾ་ལ་སོགས་པའི་སྔགས་དོན། རྒྱལ་བ་རིགས་ལྔའི་ས་བོན་ཡི་གེ་ལྔ་ཡི་མཐར་ས་ཡི་ས་བོན་ལཾ་ཡིག་སྦྱར་བ། གཏོར་གཞོངས་རི་རབ་ཆེན་པོ་ཡེ་ཤེས་ལྔ་ཡི་རང་བཞིན་དུ་གྱུར་པས་ས་ཡི་འོག་དུ་ནམ་ཡང་ལྡང་བ་མེད་པར་བསམ་པའོ། །དེ་ནས་ཉམས་ཆགས་དང་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་ཆོ་གའི་ལྷག་ཆད་ཀྱི་ཉེས་པ་སོགས་ལ་བསམ་ནས། སྤྱི་བོར་རྡོ་རྗེ་སེམས་དཔའ་ཤེལ་ཚངས་མའི་མདོག་ལྟར་དྭངས་པའི་སྐུ་དཀྱུས་ལྟར་བསྒོམ་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃཿལས་བདུད་རྩི་དཀར་པོ་འོ་མའི་ཆུ་རྒྱུན་ལྟར་བབས་པས་སྡིག་སྒྲིབ་སྦྱངས་བར་བསམས། བདག་གི་སྤྱི་གཙུག་སོགས། ཨ་ཨཱ༔ སོགས། ཀ་ཁ་ག་གྷ་ང་སོགས། ཡེ་དྷརྨ་སོགས། དེ་ནས་དཀྱིལ་འཁོར་བསྡུ་རིམ་ནི། འཁོར་འདས་གཉིས་སུ་མེད་པའི་གཞི་དེ་བཞིན་ཉིད་ལས་ཆོས་ཉིད་མི་འགྱུར་བའི་ཡེ་ཤེས་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་ལས་ཡེ་ནས་མ་གཡོས་པ་གཞི་ཡི་ཀུན་ཏུ་བཟང་པོ་དང་། གདོད་མ་ནས་

སྐྱེ་འགག་གནས་གསུམ་དང་བྲལ་བ་ཆོས་ཉིད་ཀུན་ཏུ་བཟང་མོ་ཐབས་ཤེས་གཉིས་སུ་མེད་པ་ནམ་མཁའ་ལྟར། དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པ། ཐུགས་དམ་བསྐངས་པ་དང་། ཉེས་པ་བཤགས་པ་སོགས་མཚན་མའི་རྟོག་པ་བློ་ལས་འདས་པའི། དེ་ཉིད་ཀྱི་དོན་རྟོགས་ན་བཤགས་བྱ་བཤགས་བྱེད་གཉིས་སུ་མེད་པར་གྲོལ་བ་འགྱོད་ཚངས་ཀྱི་མཆོག་དུ་གྱུར་པ་སྟེ། དེ་ཡང་ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར། ཨ༔ ཀུན་གཞི་མ་བཅོས་སོགས། དོན་དེ་མ་རྟོགས་པའི་དབང་གིས། གང་ཡང་བདག་བློ་སོགས། རྩལ་དུ་གསོལ༔ བར་རོ། །རྗེས་སུ་བཀྲ་ཤིས་བརྗོད་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་མ་བཅོས་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ་སྟེ། ཀུན་ཏུ་བཟང་པོ་ལ་དཔལ་[ཕུན་སུམ་ཚོགས་པའི་]བཀྲ་ཤིས་དམ་པ་གང་ཡོད་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ ཅེས་བྱའོ། །དེ་བཞིན་དུ་གསལ་འཚེར་ལྷུན་སྡུག་ཞི་བའི་ཚུལ་དགུ་དང་ལྡན་པའི། རིགས་ལྔ་ཡབ་ཡུམ་རང་སྣང་ལོངས་སྤྱོད་རྫོགས་སྐུའི་ཞིང་ན་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་དཔལ་ཇི་སྙེད་མཆིས་པའི་བཀྲ་ཤིས་དམ་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ དེ་བཞིན་དུ། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ་སེམས་དཔའ་ལྕམ་དྲལ་བཅུ་དྲུག་ས་བཅུ་ལམ་ལྔ་མཐར་ཕྱིན་ནས་མཐའ་གཉིས་རྣམ་པར་གྲོལ་བའི་བཀྲ་ཤིས་དམ་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ ཐུགས་རྗེ་རྒྱུན་ཆད་མེད་པའི་མཐུས་འགྲོ་

བ་རིགས་དྲུག་འཁོར་བའི་གནས་ནས་འདྲེན་པ། སྤྲུལ་སྐུ་ཐུབ་པ་དྲུག་གི་བཀྲ་ཤིས་པའི་དམ་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ ཕྲིན་ལས་རྣམ་པ་བཞིས་འགྲོ་བ་སེམས་ཅན་ཐམས་ཅད་ཚར་གཅོད་དང་། རྗེས་སུ་འཛིན་པའི་རེ་བ་ཡིད་བཞིན་དུ་སྐོང་བ་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ སྐྱེ་འཆིའི་མཚན་མ་དབྱིངས་སུ་ནུབ་ནས་འཆི་བ་མེད་པ་རྡོ་རྗེ་ཚེ་ཡི་རིག་འཛིན་བརྙེས་པ་པདྨ་འབྱུང་གནས་ཀྱི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ མཐོང་ཐོས་དྲན་རེག་ཐམས་ཅད་སྐད་ཅིག་རེ་རེས་སངས་རྒྱས་མངོན་དུ་བྱེད་པའི་དགོངས་པ་རང་གྲོལ་གྱི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ རང་རྒྱུད་འདུལ་བ་གཞི་ཡི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ གཞན་རྒྱུད་སྨིན་པ་ལམ་གྱི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ གཞི་ཐོག་ཏུ་འབྲས་བུར་གྲོལ་བ་འབྲས་བུའི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ དམིགས་སུ་མེད་པའི་མཐའ་དང་བྲལ་བ་ལྟ་བའི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ ཡེངས་སུ་མེད་ཅིང་རྐྱེན་གྱིས་མི་འཕྲོག་པ་བསྒོམ་པའི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་རང་སྣང་དབང་དུ་འདུས། གཞན་སྣང་ཟིལ་གྱིས་གནོན་པ། ཕྱོགས་ལས་རྣམ་པར་རྒྱལ་བ་སྤྱོད་པའི་བཀྲ་ཤིས་གང་ལགས་པ་དེས་དེ་རིང་འདིར་ཡང་བདེ་ཞིང་ལེགས་པའི་གཉེན་དུ་ཤོག་ཅིག༔ སྐུ་གསུམ་ལྷུན་གྱིས་གྲུབ་པ་འབྲས་བུའི་བཀྲ་ཤིས་ཤོག །ཅེས་སོ། །ངག་འདོན། ༀ་སྟོང་ཞིང་བདག་

མེད་ཀ་དག་སོགས། བཀྲ་ཤིས་ཤོག༔ བར་རོ། །བསྔོ་བ་ནི། ཞིང་དག་པ་རྒྱལ་བ་ཞི་ཁྲོ་རབ་འབྱམས། བསམ་པ་དག་པ་ཀུན་བཟང་རྡོ་རྗེ་འཆང་ཐོབ་ཕྱིར། དངོས་པོ་དག་པ་རྐུ་འཕྲོག་སོགས་མ་དག་པའི་སྡིག་པ་དང་མ་འདྲེས་པ། སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད། དགོས་དམིགས་ཡུལ་གཙོ་བོར་གྱུར་པ། ཀུན་ཏུ་བཟང་པོ་ལྟར་གཞི་ཐོག་ཏུ་གྲོལ་བ། ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཀྱི་གོ་འཕང་ཐོབ་པ། སྤྲུལ་སྐུ་ཐུབ་པ་དྲུག་གི་གདུལ་བྱ་རྫོགས་པ། སྐུ་གསུམ་འབྲས་བུ་མྱུར་དུ་སྨིན་པར་བསྔོ་བའོ། །ན་མོ་འཁོར་གསུམ་སོགས། དེ་ནས་དཀྱིལ་འཁོར་བསྡུ་རིམ་ལས། རིིམ་ཀྱིས་བསྡུ་བ་དང་། ཅིག་ཆར་བསྡུ་བ་གཉིས་ལས་ཕྱི་མ་སྟེ། འདི་ལྟར་སྣང་བའི་གཟུགས་ཀྱི་བྱེ་བྲག་ཐམས་ཅད་ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྐུར་གསལ་བ། དེ་ཐམས་ཅད་སྐད་ཅིག་གིས་ནམ་མཁའི་འཇའ་ལྟར་ཡལ་ནས། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བར་བཞག །སྒྲ་ཐམས་ཅད་ཞི་ཁྲོ་རབ་འབྱམས་རྒྱལ་བའི་གསུང་དུ་ཤར་བ། ནམ་མཁའི་འབྲུག་སྒྲ་ཡལ་བ་ལྟར་གྲགས་སྟོང་གཞོམ་མེད་ཀྱི་ངང་ལ་བཞག །དྲན་བསམ་ཐམས་ཅད་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་སུ་ཤར་བ་ནམ་མཁའི་སྤྲིན་ཡལ་བ་ལྟར། ཐུགས་དགོངས་མ་བཅོས་སྐྱེ་མེད་ཀྱི་ངང་ལ་བཞག་པར་བྱ་ཞིང་། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་སོགས། ཨ་ཨ་ཨཱ༔ ཨ་གསུམ་ནི། སྣང་གྲགས་རིག་གསུམ་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བར་འཇོག་པ་ཡིན་ནོ། །དེ་ལྟར་བཞག་པའི་སྟོང་གསལ་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་དེ་ཡི་ངང་ལས། སྐད་ཅིག་གིས་ཆུ་ལས་ཉ་འཕར་བ་ལྟར་རྡོ་རྗེ་སེམས་དཔའི་སྐུར་ལང་ལ་དགེ་བ་བསྔོ། དེ་ལྟར་སྤྱོད་ལམ་སོགས་སོ། །དེ་ལྟར་ཟབ་ཆོས་

ཞི་ཁྲོ་དགོངས་པ་རང་གྲོལ་འདི་རང་ཕྱོགས་རྙིང་ལུགས་པ་རྣམས་ལ་འགྲོ་དོན་ཁྱབ་རྒྱ་མི་ཆུང་བ་མཆིས་རུང་། གྲོང་ཆོག་ཚོང་ཟོང་གི་ཁ་ཁྲལ་འདི་མ་གཏོགས། གོ་དོན་ལམ་ཁྱེར་སོགས་ལ་བསམ་བློ་གཏོང་མཁན་ནི་སུ་ཡང་མི་སྣང་ཞིང་། ཨོ་རྒྱན་དུས་གསུམ་མཁྱེན་པའི་དགོངས་པའི་ཀློང་ནས་རང་བྱུང་རང་ཤར་གྱི་རྡོ་རྗེའི་ཚིག་དོན་སོ་སྐྱེའི་ཀུན་རྟོག་གིས་གཞལ་བ། བྱེའུ་ཏ་གྲི་བྷ་ལས་ལྷུན་པོ་ཡོ་བ་སྐྱོར་བའི་བསམ་པ་ལྟར། ཕོ་ཚོད་དུ་སྣང་རུང་། རང་གི་ཉེ་བར་ཡོད་པའི་ཚ་བོ་བླ་མ་བསྟན་འཛིན་ནོར་བུ། རྒྱལ་དོག་བླ་མ་བྱང་ཆུབ་ཕུན་ཚོགས། དགེ་རྩེ་བླ་མ་བསོད་ནམས་བསྟན་འཛིན་གསུམ་གྱི་གསུང་ནན་མ་ཐེག་པར་རྒན་པོ་བཀྲ་ཤིས་རྒྱ་མཚོས་རང་ལོ་དོན་དྲུག་པ་ས་མོ་བྱ་ལ་བྲིས་པ་ཛ་ཡནྟུ། །

སྨྲས་པ།

གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །

དབང་བྱས་རྣམས་གཡེངས་མེད་ཡིད་ཅན་གྱིས་བཤད། །

ཐར་བ་དམ་པའི་ལམ་དང་རྗེས་མཐུན་པ། །

དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །མགོན་པོ་བྱམས་པའི་རྒྱུད་བླར་གསུངས་མོད་ཀྱང་། །བསྟན་འཆོས་རྩོམ་པའི་མཚན་དེའི་ཕྱོགས་ཙམ་ཞིག །མ་ཚང་ཕྱིར་ན་བླངས་བྱར་མ་གྱུར་མོད། །དཔྱོད་ལྡན་མཁས་པས་མི་ཁྲེལ་དག་ཐེར་མཁྱེན། །འབྲེལ་ཚད་དོན་ལྡན་འདི་ལ་འདི་འདྲ་ཞིག །དགོས་ཤེས་རང་གི་བློ་མཐུན་བླ་མ་མཆེད། །བཀའ་ནན་རི་བོ་ལྕི་ཡང་འཕྲག་གོང་དུ། །བླང་འདི་བརྒྱད་ཅུའི་རྒན་པོའི་ཁ་ཆེམས་ཡིན། །རྫོགས་ཆེན་བསྟན་འཛིན་རྣམས་ལ་དྲན་གསོས་དང་། །བར་མར་བོག་འདོན་རང་འདྲར་སློབ་གདན་དུ། །ངལ་བའི་དབང་དུ་མ་བཏང་འབད་པས་བྲིས། །བསྟན་པར་ཕན་ཐོགས་

མེད་ཀྱང་ལྷག་བསམ་དཀར། །མེས་བསྲེག་ཆུར་བསྐྱུར་སར་སྦས་བྱ་ཁྱིས་ཟ། །ཅིར་འགྱུར་མ་ངེས་བེམ་རྒོག་རོ་བེད་འདི། །རྫོགས་ཆེན་བསྟན་དང་བསྟན་འཛིན་བླ་མ་ཡི། །རིམ་གྲོར་སོང་ན་བསམ་པ་གཞན་མེད་ཀྱེ། །བསོད་ནམས་འདིས་བསྐྱེད་དགེ་ཚོགས་དུང་པད་རྩ། །རང་འདོད་འཁྲི་བའི་ར་རིས་མ་གོས་ཤིང་། །བསྟན་འཛིན་སྐྱེས་བུའི་ཞབས་བསྟན་རྫོགས་པ་ཆེའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ༔


previousཆོ་གའི་གོ་དོན་གབ་པ་མངོན་ཕྱུངས་རྡོ་རྗེའི་མདུད་འགྲོལ།next