ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བར།
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བར་བཞུགས་སོ། །
ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ན་རཀ་དོང་སྤྲུག་ལ་སོགས་ཕྱག་ལེན་གྱི། །ཞལ་ཤེས་གལ་ཆེན་ངག་ཁྲིད་མདོར་བསྡུས་ནི། །ཉུང་ངུའི་ཚིག་གིས་དོན་གསལ་གོ་བདེར་བཀོད། །ཆོས་བདག་སྲུང་མའི་བཀའ་ཡི་གནང་བ་སྩོལ། །རྫོགས་ཆེན་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་། །འཁྲུལ་མ་མྱོང་བས་རང་བྱུང་སངས་རྒྱས་ཏེ། །དེ་ལ་ཚོགས་མ་བསགས་པའི་སངས་རྒྱས་སོགས། །རྟོག་གེ་བ་ཡིས་བཀག་པར་བྱེད་མོད་ཀྱི། །རྒྱུད་ཀྱི་རྒྱལ་པོ་བསྟོད་པ་གླུར་བླངས་ལས། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་གསུངས་དེ་བཞིན་ངན་སོང་སྦྱོང་རྒྱུད་དང་། །དེ་ཉིད་བསྡུས་པ་ལ་སོགས་རྒྱུད་རྣམས་ནས། །སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །ཞེས་གསུངས་རྡོ་རྗེ་སེམས་དཔའ་ཕྱག་རྡོར་ཉིད། །དང་པོའི་སངས་རྒྱས་ཉིད་དུ་གསལ་བར་གསུངས། །དེ་ནས་ཀུན་བཟང་མངོན་རྫོགས་རྒྱལ་པོ་སོགས། །སྔོན་བྱོན་རྫོགས་ཆེན་སྟོན་པ་བཅུ་གཉིས་ཏེ། །དུས་འཁོར་དང་ནི་མཚན་ནི་ཐ་དད་དེ། །དོན་ལ་ཕྱག་ན་རྡོ་རྗེ་ཡིན་པ་སྟེ། །ཅི་ཕྱིར་སྔགས་ཀྱི་སྟོན་པ་ཕྱག་རྡོར་ཡིན། །སྟོན་པ་དེས་གསུངས་རྫོགས་པ་ཆེན་པོའི་རྒྱུད། །འབུམ་ཕྲག་དྲུག་ཅུ་རྩ་བཞིར་བཞུགས་པར་བཤད། །དེང་སང་མཐོང་བ་བཅུ་བདུན་རྒྱུད་དང་ནི། །རྒྱུད་ཕྲན་བཅུ་བདུན་སྒྱུ་འཕྲུལ་སྡེ་བརྒྱད་སོགས། །ཀུན་ནས་གསུངས་པའི་ཡི་དམ་དཀྱིལ་འཁོར་ནི། །ཞི་ཁྲོ་དམ་པ་རིགས་བརྒྱ་འདི་ཉིད་ལགས། །ཁྱད་པར་ན་རཀ་
དོང་སྤྲུག་རྒྱུད་དང་ནི། །དྲི་མེད་བཤགས་རྒྱུད་བཀའ་མ་གཏེར་མ་གཉིས། །མན་ངག་སྙིང་གོང་རྒྱུད་དང་དཔང་ཀོང་བཞི། །ཞི་ཁྲོ་འདི་ཡི་གལ་གྱི་རྒྱུད་དངོས་སོ། །གཞན་ཡང་བཀའ་བརྒྱད་གསང་བ་འདུས་རྒྱུད་དང་། །རྫོགས་ཆེན་ཀློང་གསལ་འབར་མ་ཉི་མའི་རྒྱུད། །ལྟ་བ་ཀློང་ཡངས་རྒྱུད་སོགས་མང་པོ་ནས། །ཞི་ཁྲོའི་དཀྱིལ་འཁོར་འདི་ཉིད་གསལ་བར་བསྟན། །ལས་བྱང་དེ་དག་ཀུན་གྱི་དོན་བསྡུས་ཏེ། །བརྒྱ་ཕྱག་ཞི་ཁྲོ་དཔང་ཀོང་དོན་བསྡུས་ཤིང་། །ན་རཀ་དོང་སྤྲུག་རྩ་བར་འདུས་པའོ། །ཀློང་བཤགས་དྲི་མེད་བཤགས་རྒྱུད་དོན་བསྡུས་དང་། །སྒོམ་རིམ་ལྷན་སྐྱེས་བག་ཆགས་རང་གྲོལ་གཉིས། །མན་ངག་རྙིང་གོང་རྒྱུད་ཀྱི་བསྡུས་དོན་ལགས། །བསྐང་བཤགས་དེ་དག་ཀུན་དང་ཁྱད་པར་དུ། །གསང་བ་འདུས་པའི་རྒྱུད་ནས་བཏུས་པ་སྟེ། །དེ་དག་བསྡུས་༼སྡུད་༽མཁན་གུ་རུ་པདྨ་ཉིད། །བསྐང་བཤགས་དབང་བསྐུར་རྒྱས་འབྲིང་བསྡུས་པ་གསུམ། །རིགས་དྲུག་གནས་འདྲེན་སྦྱིན་སྲེག་སྐོར་ལ་སོགས། །བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན་ལགས། །མཆོག་དབང་སྐོར་གསུམ་ལུས་དཀྱིལ་བསྒོམ་རིམ་དང་། །བག་ཆགས་རང་གྲོལ་འོག་སྒོ་བདེ་ཆེན་ཁྲིད། །ཨ་ནུ་ཡོ་གའི་ལུགས་ཀྱི་ཉམས་ལེན་ཡིན། །སྐྱེ་གནས་བར་དོ་བསམ་གཏན་བར་དོའི་ཁྲིད། །དེ་ཡི་ངོ་སྤྲོད་རིག་པ་ཅེར་མཐོང་རྣམས། །ཕྱག་རྫོགས་ཟུང་འཇུག་ཁྲེགས་ཆོད་ཉམས་ལེན་ནོ། །ཨ་ཏི་ཡོ་ག་སེམས་སྡེའི་ཉམས་ལེན་སྐོར། །སྐུ་གསུམ་ངོ་སྤྲོད་སྒྲོན་མ་དྲུག་གི་ཁྲིད། །སྤྱི་ཏི་ཡང་ཏི་མན་ངག་སྡེ་ཡི་ལུགས། །ཐེག་པའི་ཡང་རྩེ་ནོར་བུའི་ཏོག་ལྟ་བུ། །དེ་དག་ཉམས་ལེན་བརྟན་པ་མ་ཐོབ་ན། །འཕོ་བ་ལམ་གྱི་སྐྱེལ་མ་དྲན་པས་གྲོལ། །འཕོ་རུང་མི་རུང་འཆི་བ་བརྟགས་དང་བསླུ། །འཕོ་བ་མ་ཐེབས་སུན་མ་ལྟ་བུའི་ཆོས། །བར་དོ་ངོ་སྤྲོད་ཆེན་
མོ་ཚན་གཉིས་པོ། །ཉམས་ལེན་མི་ཤེས་ཐ་མལ་སྐྱེ་བོ་ལ། །བཏགས་གྲོལ་གདམས་པ་རྒྱས་བསྡུས་བཅངས་ཐབས་བཅས། །དེ་དག་མ་ཐོབ་ཐ་མལ་ཚེ་འདས་ལ། །རིགས་དྲུག་གནས་འདྲེན་བྱང་བའི་སྨོན་ལམ་བཅས། །ཕུང་པོ་བསྲེག་སྦྱང་ལས་བཞིའི་སྦྱིན་སྲེག་ཡོད། །དེ་ཡང་སྤྲོས་བཅས་བུམ་དབང་ཆེན་མོ་ནི། །སྒྲུབ་ཆེན་སྤྱི་ལྟར་བཅས་ནས་དབང་བསྐུར་ཞིང་། །དེ་དང་བར་དོའི་ངོ་སྤྲོད་ཆེན་མོ་སྦྲགས། །རྒྱས་པར་ལྕོག་ན་སོ་སོའི་འབག་འཆམས་བཅས། །བར་དོའི་ངོ་སྤྲོད་ལག་ལེན་དུ་སྦྱར་བ། །ཐོས་པའི་གྲོལ་བ་ཐོས་གྲོལ་ཁྲིད་ཅེས་བྱ། །ལན་གཅིག་ཐོས་པས་བར་དོར་གྲོལ་བར་གསུངས། །བསྒོམ་མི་དགོས་པའི་ཟབ་ཆོས་ཨེ་མ་ཧོ། །དེ་དང་འབྲེལ་བ་ཐོད་རྒལ་ཁྲིད་ཡིན་པས། །འཇའ་འོད་ཐིག་ལེ་ལ་སོགས་ངོ་སྤྲོད་པས། །བར་དོ་ངེས་པར་ཆོད་པ་རྒྱུད་ནས་གསུངས། །བསྒོམ་མི་དགོས་པར་བལྟས་པས་གྲོལ་བ་ཡིན། །སྤྲུལ་སྐུ་ཤཱཀ་ཐུབ་བསྟན་པ་སྡེ་སྣོད་གསུམ། །བསྟན་པ་སྙིགས་དུས་རྟགས་ཙམ་འཛིན་ལ་ཉེ། །དར་ལ་མ་སྨིན་གྲོལ་བ་དཀའ་བར་བཤད། །ཆོས་སྐུ་ཀུན་བཟང་བསྟན་པ་རྫོགས་པ་ཆེ། །ལྔ་བཅུ་ནས་བཟུང་ཚེ་ལོ་བཅུ་ཡི་བར། །ཀུན་ཏུ་བཟང་པོ་ཐུགས་ཀྱི་བསྟན་པའི་སྐབས། །ཡིན་ཕྱིར་རྫོགས་ཆེན་བསྒོམ་ན་གྲོལ་བར་སླ། །ཚེ་ཐུང་ནད་མང་བར་ཆད་རྐྱེན་མང་དུས། །སྒོམས་པའི་ཆོས་ཀྱི་གྲོལ་དཀའ་བསྒོམ་ལོངས་མེད། །མ་བསྒོམས་སངས་རྒྱས་ཐབས་ནི་དྲུག་གསུངས་པ། །ཟོས་པས་འཚང་རྒྱ་སྐྱེ་བདུན་ཤའི་རིལ་བུ། །རེག་པས་འཚང་རྒྱ་ཕྱག་རྒྱ་པདྨ་ཅན། །རེག་གྲོལ་ཕྱག་རྒྱ་པདྨ་ཅན་ཞེས་པ། །མཚོ་རྒྱལ་ལབ་སྒྲོན་ལྟ་བུ་ཡིན་པའོ། །བཏགས་པས་སངས་རྒྱས་རྒྱུད་མཆོག་བཏགས་གྲོལ་དང་། །བལྟས་པས་སངས་རྒྱས་རྫོགས་ཆེན་ཐོད་རྒལ་ཁྲིད། །དྲན་པས་སངས་རྒྱས་འཕོ་བའི་
གདམས་པ་དང་། །ཐོས་པས་སངས་རྒྱས་བར་དོའི་ངོ་སྤྲོད་ཁྲིད། །སྡིག་ཆེན་གསེབས་ལམ་ཁྲིད་པའི་གདམས་པ་ཡིན། །དེ་ལྟར་མ་ཡེངས་བསྒོམ་པར་ནུས་པ་ལ། །སྔོན་འགྲོ་ཁྲིད་ཀྱིས་རང་རྒྱུད་ལེགས་པར་སྦྱངས། །སྐྱེ་གནས་བར་དོའི་ཁྲིད་ཀྱི་ཞི་གནས་བསྐྱེད། །རིག་པ་ཅེར་མཐོང་ལྷག་མཐོང་ངོ་སྤྲོད་དེ། །བསམ་གཏན་བར་དོའི་ཁྲིད་ཀྱིས་ཉམས་ལེན་སྐྱོངས། །དེ་ནི་རྫོགས་ཆེན་ཁྲེགས་ཆོད་གཞི་ཡིན་ལ། །ལམ་ནི་ཐོད་རྒལ་སྒྲོན་མ་དྲུག་གི་ཁྲིད། །ཆོས་ཉིད་མངོན་སུམ་ཡེ་ཤེས་མིག་གིས་མཐོང་། །ཉམས་ལེན་གོང་འཕེལ་འཇའ་འོད་ཐིག་ལེ་འཕེལ། །རིག་པ་ཚད་ཕེབས་ཞི་ཁྲོའི་ལྷ་ཚོགས་མཇལ། །དེ་ཉིད་ཉམས་ལེན་སྟོང་ཉིད་ལྟ་བས་བསྲེ། །གསལ་སྟོང་ཟུང་འཇུག་ཁྲེགས་ཐོད་ཟུང་འཇུག་དང་། །ཕྱག་རྫོགས་ཟུང་འཇུག་དེ་ལས་གོང་ན་མེད། །དེ་ཙམ་དེང་སང་མང་དུ་འབྱུང་བ་ནི། །མྱོང་བར་༼བས་༽གྲུབ་ཕྱིར་ཚིག་རིས་སྐམ་པོ་མིན། །དེ་ནི་གསལ་བའི་ངང་ནས་བོགས་འདོན་ནོ། །བདེ་བའི་བོགས་འདོན་འོག་སྒོ་བདེ་ཆེན་ཁྲིད། །རྩ་རླུང་ཉམས་ལེན་རླུང་དང་འཁྲུལ་འཁོར་སྦྱོངས། །རབ་བྱུང་ཡིན་ན་རང་ལུས་ཐབས་ལྡན་བསྟེན། །བསྒོམ་པ་ཡེ་ཤེས་ཡིད་རིགས་ཕྱག་རྒྱ་བསྟེན། །འདི་ཡི་རྒྱས་བཤད་གསར་མའི་རྒྱུད་འབུམ་ནས། །གསལ་བ་ཐིག་ལེ་ནོར་བུའི་རྒྱུད་ཅེས་པ། །ས་པཎ་གྱིས་བསྒྱུར་གསེར་འོད་ཙམ་ཞིག་སྣང་། །ཁྱིམ་པ་ཡིན་ན་གཞན་ལུས་རིག་མ་བསྟེན། །རིགས་རྒྱུད་སྐྱེས་ཆེན་དམ་པ་འཇོག་པ་དང་། །རིགས་རྒྱུད་འཕྱུགས་དོག་སྲིད་བཅད་ལ་སོགས་གསུངས། །དཔེར་ན་ས་འབྲིའི་གདུང་བརྒྱུད་ལྟ་བུའོ། །བརྩོན་འགྲུས་བསྐུལ་ཕྱིར་ནམ་འཆི་ནམ་མཁར་བལྟ། །བར་ཆད་བསལ་ཕྱིར་འཆི་བ་བསླུ་བ་དང་། །མ་བསླུས་འཕོ་བ་དྲན་པ་རང་གྲོལ་བསྒོམ། །མི་རྟོག་ངང་ནས་བོགས་
འདོན་རྨི་ལམ་ཁྲིད། །འོད་གསལ་བསྒོམ་པའི་གཏི་མུག་ལམ་དུ་ཁྱེར། །ཁྱད་པར་ཁྲེགས་ཆོད་ཐོད་རྒལ་ངོ་སྤྲོད་ནི། །ལག་ལེན་རིམ་པ་སུམ་ཅུ་རྩ་གཉིས་སོགས། །འཆི་ཆས་ཆ་ལག་འཛོམས་ན་ངོ་མཚར་ཆེ། །ཐེག་དགུའི་ལག་ལེན་ཡོངས་རྫོགས་ཨེ་མ་ཧོ། །དེ་ནི་ཞི་ཁྲོ་ཆོས་སྐོར་ཁོག་ཁྲོལ་བའི། །སྤྱི་བཤད་ཡིན་ཏེ་རྩ་ཐོ་ས་བོན་ཙམ། །སྤྱིར་བཤད་ལེའུ་སརྒ་དང་པོའོ། །༈ དེ་ནས་ཞི་ཁྲོའི་བྱེ་བྲག་དབྱེ་བ་ནི། །ཧཱུྃ་ཆེན་ཀ་ར་ནམ་མཁའི་སྙིང་པོ་ནས། །བརྒྱུད་པ་ཞི་ཁྲོ་བཀའ་མའི་ལུགས་དང་ནི། །རྒོད་ཀྱི་ལྡེམས་འཕྲུ་ཅན་གྱི་གཏེར་མ་དང་། །སངས་རྒྱས་གླིང་པའི་གཏེར་མ་དགོངས་འདུས་ལུགས། །ཡང་ཟབ་ལུགས་ཀྱི་ཞི་ཁྲོའི་རིགས་བསྡུས་དང་། །འཇའ་ཚོན་སྙིང་པོའི་གཏེར་མ་ལ་སོགས་པ། །གཞན་ཡང་རྫོགས་ཆེན་ཀློང་གསལ་སྙིང་ཐིག་དང་། །ལྟ་བ་ཀློང་ཡངས་ལ་སོགས་རྫོགས་ཆེན་རིགས། །ཀུན་ལ་ཞི་ཁྲོའི་དཀྱིལ་འཁོར་རེ་རེ་སྟེ། །ཅིའི་ཕྱིར་དབང་བསྐུར་བ་ཡི་དཀྱིལ་འཁོར་རོ། །གྲགས་ཆེ་ཆ་ཚང་ཀརྨ་གླིང་པའི་ལུགས། །བཀའ་ཐང་ནང་དུ་ལུང་བསྟན་མེད་པ་ནི། །གསང་གཏེར་ཡིན་པའི་གནད་ནི་ཡིན་ཞེས་ཐོས། །གླིང་པ་ལྔ་ཡི་ཡ་གྱལ་རྩོད་པ་མེད། །ཡབ་ནི་གཏེར་སྟོན་ཉི་ཟླ་སངས་རྒྱས་ཏེ། །དགུང་ལོ་མཐར་ཕྱིན་བརྒྱ་དང་ཉི་ཤུ་བཞུགས། །སྲས་ནི་གཏེར་སྟོན་ཀརྨཱ་གླིང་པ་སྟེ། །གཏེར་ཤོག་བསྟན་སྔས་སྐུ་ཚེ་བར་ཆད་ཀྱིས། །ཡབ་ནིིི་བཞུགས་པའི་དུས་ན་གཞོན་ནུར་འདས། །ཡབ་སྲས་གཉིས་ཀ་གཏེར་སྟོན་ཚད་ལྡན་ཕྱིར། །དུས་གཅིག་གཏེར་སྟོན་གཉིས་མི་འབྱུང་ཞེས་པ། །གཏེར་ཆོས་གཅིག་པ་མིན་ན་བཀག་པ་མིན། །འདི་ལ་གོ་བ་ཕྱི་རབས་རྣམས་ཀྱིས་ལོངས། །
མ་ཇོས་ཟངས་གྲི་འཕངས་པས་ཐུགས་ཀར་ཕོག །སྲས་ལ་དབང་ལུང་གནང་ལོང་མ་བྱུང་བར། །ཤོག་སེར་དབུར་བཞག་བཀའ་བསྒོ་བྱས་ནས་འདས། །ཟེར་བ་མི་བདེན་ངག་འཁྱལ་རྫུན་ཡིན་ཏེ། །ཀརྨཱ་གླིང་པར་ལུང་ནས་བསྟན་པ་ཡིས། །གཏེར་གྱི་དངོས་སློབ་བཅུ་བཞི་བྱུང་བ་ལ། །ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སྤེལ། །ཁྱད་པར་བར་དོ་དྲུག་གི་ཁྲིད་དྲུག་ནི། །ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་དང་། །ཞི་ཁྲོ་དགོངས་པ་རང་གྲོལ་གཉིས་ཀ་ཡིན། །ཐུན་མོང་སྤྱི་ཡི་རྫོགས་རིམ་སྐོར་ཡིན་པས། །གཏེར་སློབ་བཅུ་བཞི་ཀུན་གྱི་ཐོབ་ན་ཡང་། །ཞི་ཁྲོ་དགོངས་པ་རང་གྲོལ་བཀའ་རྒྱ་དོགས། །འདས་པར་དགོངས་ནས་ལུང་བསྟན་མང་པོ་གསུངས། །སྲས་ལ་དགོངས་པ་རང་གྲོལ་དབང་ལུང་གནང་། །དབང་བཞི་ཡོངས་རྫོགས་འོག་སྒོ་བདེ་ཆེན་སྐོར། །གཅིག་བརྒྱུད་ཁོ་ན་ལས་ནི་མི་རུང་ཕྱིར། །ལུང་བསྟན་གཏེར་སློབ་མཆོག་ཏུ་གྱུར་བ་ཡི། །དངོས་གྲུབ་རྒྱ་མཚོ་ཞེས་པ་གཅིག་པུར་གནང་། །དེ་དག་གཉིས་ཀ་བརྒྱུད་པ་གསུམ་གྱི་བར། །གཅིག་བརྒྱུད་མ་གཏོགས་གནང་བ་དབང་མེད་དོ། །ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་སྐོར། །སྲས་དང་གཏེར་སློབ་རྣམས་ཀྱིས་ཀུན་ལ་སྤེལ། །ཉི་ཟླ་ཆོས་རྗེ་གཏེར་སྟོན་སྐུ་སྲས་ཡིན། །དེ་ལ་ཡབ་ཀྱི་ལུང་བསྟན་ཡོད་པ་ལྟར། །བླ་མ་ཉི་ཟླ་འོད་ཟེར་དེ་ལ་གནང་། །དེ་ཡིས་བཀའ་བབས་ཆོས་ཀྱི་རྒྱ་མཚོའམ། །ཆོས་ཀྱི་རྒྱལ་མཚན་ཞེས་བྱ་དེ་ལ་གནང་། །བླ་མའི་བཀའ་ལྟར་གཞན་ལ་མ་བསྟན་པར། །ལོ་དྲུག་ཉམས་བླངས་དེ་ནས་ཅུང་ཟད་སྤེལ། །ཁྱད་པར་དགུང་ལོ་ལྔ་བཅུ་ལོན་པའི་དུས། །སྤྲེལ་ལོར་མཚམས་དང་བསྒྲུབ་པ་བྱས་པའི་སྐབས། །ངོ་མཚར་རྨི་ལྟས་དག་སྣང་དང་བཅས་དུས། །གཏེར་སློབ་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་པ། །ཞིི་ཁྲོའི་དབང་བཞི་འཕྲད་ཚད་རང་གྲོལ་དང་། །
འོག་སྒོ་བདེ་ཆེན་ལ་སོགས་གཅིག་བརྒྱུད་རྣམས། །ཁྱེད་ལ་བཀའ་བབས་སྐྱེལ་དུ་འོང་གསུངས་ནས། །ཙ་རི་བསྐོར་ཞོར་གསང་ཐབས་མཚམས་ཁང་གནང་། །དེ་ཡན་གཅིག་བརྒྱུད་སུ་ལའང་མཐོང་ཐོས་མེད། །དེ་ཕྱིར་བཀའ་བབས་ཆོས་ཀྱི་རྒྱ་མཚོ་ཡིས། །གཏེར་ནས་ཐོན་པ་རེད་ཟེར་འཆལ་གཏམ་བྱུང་། །དེ་ནས་བརྒྱུད་པ་གསུམ་རྫོགས་བཀའ་རྒྱ་གྲོལ། །སྤེལ་བའི་ལུང་བསྟན་ཁོང་ལ་ཡོད་པའི་ཕྱིར། །སྐུ་ཚེ་སྟོད་ལ་ཉིད་ལ་དབང་ལུང་ནི། །གཅིག་བརྒྱུད་སྐོར་རྣམས་ད་དུང་མ་ཐོབ་སྐབས། །གཏོར་དབང་རེག་པ་དོན་ལྡན་ཙམ་དང་ནི། །ཞི་ཁྲོའི་བསྐང་ཆོག་ཕྱག་ལེན་བསྡུས་པ་སྤེལ། །དེ་ཡི་རྒྱུན་ལ་ཟུར་མང་ལུགས་འདི་བྱུང་། །སྐུ་ཚེའི་སྐེད་ལ་དབང་ལུང་འབྲིང་པོ་སྤེལ། །ཕྱག་ལེན་འབྲིང་པོ་མཛད་པའི་རྒྱུན་ལ་ནི། །དེང་སང་ཀཿཐོག་ལུགས་ཀྱི་ཞི་ཁྲོ་འཕེལ། །སྐུ་ཚེ་སྨད་ལ་ཉིད་ཀྱི་ཡོངས་རྫོགས་ཐོབ། །དབང་བཞི་རྒྱས་པ་ཁྲིད་དང་སྦྲེལ་བ་དང་། །ཕྱག་ལེན་རྒྱས་པར་མཛད་ནས་ཡོངས་རྫོགས་སྤེལ། །དེ་ཡི་ལུགས་ནི་དེང་སང་ངེད་ཀྱིས་བྱེད། །དེ་ཡང་དེ་ཡི་བརྒྱུད་པ་གང་ཞེ་ན། །བཀའ་བབ་ཉིད་ཀྱི་རྒྱལ་ཚབ་སློབ་མའི་གཙོ། །སྤྲུལ་སྐུ་ཐུགས་རྗེ་འོད་ཟེར་ཞེས་བྱ་བ། །དེའི་སློབ་འཁྲུལ་ཞིག་བུདྡྷ་མངྒ་སྟེ། །དེ་གཉིས་བཀའ་བབས་ཉིད་ཀྱི་གདན་ས་སྟེ། །སྨན་མོ་དགོན་སོགས་ཀོང་ཡུལ་ས་ཕྱོགས་དེར། །བཀའ་བབས་ཉིད་ཀྱིས་དགོན་པ་བརྒྱད་བཏབ་སྐད། །རཏྣའི་གདུང་རྒྱུད་ཀུན་དགའ་གྲགས་པ་ཡིས། །བུདྡྷ་མངྒ་དེ་ལ་ཡོངས་རྫོགས་གསན། །ཀུན་དགའ་གྲགས་པའི་སྲས་ནི་སྟོན་སྒོམ་གཅིག །མཚན་ནི་ཀུན་དགའ་བསྟན་འཛིན་ཞེས་བྱ་བ། །སྟོན་སྒོམ་ཡིན་ཕྱིར་རཏྣའི་གདན་ས་རྣམས། །མ་ཐོབ་ཡབ་ཀྱི་དབང་ལུང་ཐམས་ཅད་གནང་། །ཁམས་སུ་སྒར་པ་བྱས་ནས་འབུལ་སྡུད་བྱོན། །དེ་དུས་ངོམ་
དུ་ཡུན་རིང་བཞུགས་པ་ལ། །ང་ཡི་སློབ་དཔོན་སྐུ་ན་ཕྲ་དུས་ཐོབ། །སློབ་དཔོན་ཁུ་བོ་བཀྲ་ཤིས་དབང་ཕྱུག་ཅེས། །སྔགས་འཆང་སྐུ་ཡོན་ཆེན་པོ་ཅན་ཡོད་པས། །ཕྱག་ལེན་གྱེར་དབྱངས་བཅས་པ་ལེགས་པར་བསླབས། །ཞི་ཁྲོའི་དཀྱིལ་འཁོར་ཕོ་བྲང་མར་དབུབ་ཀྱང་། །ཀུན་དགའ་བསྟན་འཛིན་དེ་ལ་དཔེ་བྱས་བཞེངས། །ཆུང་དུས་ཐོབ་པས་གོ་ཡང་མ་བཅད་པར། སླར་ཡང་ཁུ་བོའི་དྲུང་ནས་ལེགས་པར་ཞུས། །དེ་ལ་བདག་གིས་དབང་ལུང་ཡོངས་རྫོགས་དང་། །དབང་ནི་བསྐྱར་ནས་དག་ཆ་ལན་གཉིས་ཞུས། །དེ་ཕྱིར་ངེད་ཀྱི་ཕྱག་ལེན་རྒྱས་པ་འདི། །བཀའ་བབས་ཉིད་ཀྱི་ཕྱག་ལེན་ངེས་པའོ། །ཀུན་དགའ་བསྟན་འཛིན་སྤུ་བོ་སྨན་ཆུ་དགོན། །དེ་ཡི་སྤྱི་བླ་མཛད་ནས་བཞུགས་པ་ལ། །སློབ་མ་དཔོན་པོ་བཀའ་བརྒྱུད་བཀྲ་ཤིས་དང་། །ཨོ་རྒྱན་བསྟན་འཛིན་ཞེས་བྱ་ཁམས་ཆེན་བྱོན། །དེ་ལ་འབྲི་གུང་ཞབས་དྲུང་འཇའ་ཚོན་པ། །སྐྱེས་ཆེན་དུ་མས་དབང་ལུང་ཞུས་སོ་སྐད། །ཕྱག་ལེན་རྒྱས་པ་འདི་ཡི་རྒྱུན་འདི་ཡང་། །སྤུ་སྐོང་ཕྱོགས་སུ་དར་ཆ་ཆེ་བ་ཡིན། །དེ་ལྟར་བཀའ་བབས་ཆོས་ཀྱི་རྒྱལ་མཚན་པས། །ཆོས་སྐོར་མཛད་ཆོས་མང་དུ་མཛད་པ་རྣམས། །ཧ་ཅང་བརྩམས་པ་ལེགས་ཙམ་མི་འདུག་ཀྱང་། །ལུང་ནས་བསྟན་པའི་བཀའ་བབ་རྩོད་མེད་ཕྱིར། །མཛད་ཆོས་རྣམས་ཀྱང་པོ་ཏིའི་གཞུང་དུ་བརྩི། །དེ་ཕྱིར་ཀཿཐོག་བླ་མ་སྔ་རབས་དང་། །དུས་ཕྱིས་ཧེ་པ་བླ་མ་ཆོས་འབྱུང་གནས། །པདྨ་བློ་གྲོས་ལ་སོགས་མང་པོ་ཡིས། །ཆོ་གའི་འགྲིགས་དང་ལྷན་ཐབས་མང་དུ་མཛད། །རི་བོ་ཆེ་རུ་དགོངས་འདུས་ཞི་ཁྲོ་ནི། །དེང་སང་བར་དུ་རྒྱུན་ཏུ་བླུགས་དར་ཡང་། །ཀརྨཱ་གླིང་པའི་ལུགས་ཀྱི་ཆོ་གའི་འགྲིགས། །མཁར་དྲུང་ཉིད་ཀྱིས་མཛད་པའང་བདག་གིས་མཐོང་། །དུས་ཕྱིས་ཆོས་སྒོ་བ་ཡིས་མཛད་པ་དང་། །
ཚེར་ལུང་གོང་མའི་ཆོག་འགྲིགས་རྩ་ཐོ་ནི། །མཛད་ཀྱང་དེང་སང་དེ་ལུགས་མ་དར་སྐད། །དེ་བཞིན་དགོངས་འདུས་ལུགས་དང་འཇའ་ཚོན་ལུགས། །སོ་སོར་བཅའ་ཚོགས་འདོན་འགྲིགས་དུ་མ་སྣང་། །གང་ལྟར་བྱས་ཀྱང་འགལ་བ་མེད་མོད་ཀྱང་། །དེང་སང་ཡོངས་གྲགས་གསར་མ་ཤུགས་ཆེ་བས། །རྙིང་མ་རང་ལུགས་དེ་ཡི་མ་ཚིམས་པར། །གསར་མའི་མིག་ལྟོས་བདག་མདུན་བུམ་པ་སོགས། །མི་འགྲིགས་བཞིན་དུ་བསྒྲིགས་པ་མང་པོ་ཐོས། །དཀྱིལ་འཁོར་ཡར་འདིང་བྲི་བའི་ལུགས་འདི་ལ། །གཏོར་དབང་རེག་པ་དོན་ལྡན་མངོན་རྟོགས་ལྟར། །དབུས་སུ་ཀུན་བཟང་མདུན་དུ་བུདྡྷ་ཧེ། །གཡས་སུ་རྣམ་སྣང་ལ་སོགས་བཀོད་པ་འདི། །སློབ་དཔོན་ཧཱུྃ་ཀ་ར་ནས་བརྒྱུད་པ་ཡི། །ཞི་ཁྲོ་བཀའ་མའི་ལུགས་ཡིན་འདིར་མི་འཐད། །ཅིའི་ཕྱིར་ཞི་ཁྲོ་ལས་བྱང་རྒྱས་བསྡུས་ནི། །རིག་འཛིན་ལྔ་སོགས་ཡོད་པ་མ་ཡིན་ཞིང་། །རྣམ་སྣང་ལྷོ་རུ་བཞུགས་པ་ལ་སོགས་པ། །འདོན་ཆ་ཉིད་དང་མངོན་སུམ་འགལ་ཕྱིར་རོ། །མཐའ་ཡི་བྷནྡྷ་རཀྟ་གཏོར་མ་སོགས། །རི་རབ་བང་རིམ་འདྲ་བ་བྱེད་པ་ནི། །བྱས་ཀྱང་མཆོད་སྟེག་ཡིན་པས་མི་འགལ་ཞིང་། །མ་བྱས་ཤིང་ལེབ་ཐོག་སོགས་བསྒྲིགས་ཀྱང་རུང་། །དེ་སྐད་གྲུབ་ཐོབ་མེ་ལོང་རྡོ་རྗེས་བཞེད། །དགོངས་འདུས་ལུགས་ན་མེ་ཏོག་ཕྲེང་མཛེས་སོགས། །དགོངས་འདུས་ཆོ་ག་རྒྱས་བསྡུས་གཞུང་བསྲངས་ནས། །པདྨ་བཛྲ་ཐུགས་ཀར་ཞི་བ་དང་། །ཁྲོ་བོ་ལྷ་ཚོགས་ཕྱི་ནང་སྦྲག་མར་བསྒོམ། །འཇའ་ཚོན་ལུགས་ལ་པདྨ་འོད་འབར་བཏང་། །འོད་འབར་གནས་ལྔ་ཞི་ཁྲོ་རིག་འཛིན་དང་། །ཕུར་པ་ཌཀྐི་ལ་སོགས་བསྒོམ་པར་བཤད། །ཞི་ཁྲོ་བཀའ་མར་བཀའ་བརྒྱད་ལ་སོགས་པ། །ཡི་དམ་གང་རུང་གཞུང་བསྲངས་བདག་བསྐྱེད་ནས། །མདུན་དུ་ཞི་ཁྲོའི་ལྷ་ཚོགས་བསྒོམ་པར་
བཤད། །མཁར་དྲུང་ཕྱག་ལེན་ཐུགས་བསྒྲུབ་གཞུང་བསྲངས་ནས། །དེ་ནས་དགོངས་འདུས་ཞི་ཁྲོ་འདོན་སྲོལ་འཇགས། །ལ་ལས་ལས་བྱང་ཏིང་འཛིན་རྣམ་གསུམ་ནས། །བདག་བསྐྱེད་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་བྱེད། །ལ་ལས་བདག་བསྐྱེད་བག་ཆགས་རང་གྲོལ་འདོན། །མདུན་བསྐྱེད་ལས་བྱང་གཞུང་གི་མངོན་རྟོགས་ལྟར། །བུམ་བསྐྱེད་ཞི་བ་རིགས་ལྔ་སོ་སོ་ཡི། །མངོན་རྟོགས་ཙམ་ཞིག་བསྒོམ་པའི་ལུགས་ཀྱང་སྣང་། །དེ་དག་རྣམས་ཀྱང་གསར་མའི་མིག་ལྟོས་བྱེད། །དགོས་པའི་བཀའ་སྲུང་སྡེ་བདུན་ཕར་བསྐྱུར་ནས། །མི་དགོས་གསར་མའི་ཆོས་སྐྱོང་མང་པོ་སབ། །དེ་ལྟར་མཛད་པ་དཀྱུས་ལ་འཇགས་པ་མང་། །ཆོས་སྒོ་བ་སོགས་མཛད་པ་འགའ་ཞིག་ལ། །ཚོགས་མན་༼ཡན་༽ལས་བྱང་ཆེ་ཆུང་བསྲེ་ནས་བྲིས། །རྒྱས་བསྡུས་མཚལ་སེར་མཛད་པ་འགལ་བ་མེད། །ཀཿཐོག་བླ་མ་ཆོས་འབྱུང་བ་སོགས་ཀྱིས། །ཞི་ཁྲོ་གཉིས་པོ་དཀྱིལ་འཁོར་གཉིས་བརྩེགས་བསྒོམ། །འོག་མ་ཞི་བའི་དཀྱིལ་འཁོར་དེ་ཡི་སྟེང་། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་པར་བྱས་པ་ནི། །མར་མེ་དང་ནི་འོད་ལྟར་བསྒོམ་གསུངས་ལ། །འདི་ནི་མེ་ལོང་རྡོ་རྗེའི་མཛད་ཆོས་ལ། །ཞི་ཁྲོའི་བཀའ་མའི་ལུགས་སུ་དེ་འདྲར་སྣང་། །དགོངས་པ་ཕྱི་ནང་གཉིས་ཀ་དོན་གཅིག་པས། །ལུས་ལྷ་ཞི་བ་སྙིང་དང་ཁྲོ་བོ་ནི། །སྤྱི་བོར་བཞུགས་པས་དེ་ལ་དགོངས་པར་སྣང་། །འདིར་ནི་ནམ་ཡང་འཐད་པར་མ་མཐོང་སྟེ། །ཚད་ལྡན་གསར་རྙིང་གཞུང་ལུགས་གང་ལ་ཡང་། །དཀྱིལ་འཁོར་ཕྱི་ནང་སྦྲགས་མ་མང་ན་ཡང་། །དཀྱིལ་འཁོར་བརྩེགས་མར་ཡོད་པ་མ་མཐོང་ངོ་། །ལས་བྱང་གཉིས་ལ་དེ་ཡི་སྒྲོས་ཙམ་མེད། །ལ་ལས་རིག་འཛིན་ལྔ་དང་སྤོར་བྱེད་བརྒྱད། །ལས་བྱང་ནང་མེད་ལྷ་དབང་ནང་ན་མེད། །མ་ཚང་འདུག་སྙམ་རྣམ་པར་
རྟོག་བྱེད་པ། །ཨཱོཾ་ནས་ཨཱཿབར་ཡི་གེ་བརྒྱ་པོ་ནི། །དམ་པ་རིགས་བརྒྱའི་ས་བོན་ཡི་གེ་གསུང་། །དམ་པ་རིགས་བརྒྱར་རིག་འཛིན་སྤོར་བྱེད་མེད། །འོན་ཀྱང་དོན་ལ་ཚང་བར་ཡོད་པ་སྟེ། །ཐུབ་དྲུག་ཁྲོས་པའི་སྤོར་བྱེད་བརྒྱད་ཡིན་ལ། །རིག་འཛིན་ལྔ་ནི་བརྒྱུད་པའི་བླ་མ་གཅིག །དེ་ཕྱིར་དོན་ལ་མ་ཚང་མེད་པར་ངེས། །དཀྱིལ་འཁོར་མཐའ་ལ་བྷནྡྷ་རཀྟ་དང་། །ཟུར་གསུམ་དང་ནི་མར་མེ་བརྒྱ་རྩ་ནི། །ཤིན་ཏུ་བསྡུས་པའི་བཅའ་ཚོགས་ཡིན་པ་སྟེ། །བྷནྡྷ་རཀྟ་ཟུར་གསུམ་ལྷ་བཤོས་དང་། །ཚོགས་ཆུང་ཤ་ཟན་མར་མེ་བརྒྱ་རྩ་བརྒྱད། །དེ་ནི་བཅའ་ཚོགས་འབྲིང་གི་ཡིག་ཆུང་མཐུན། །རྨད་བྱུང་གཏོར་མ་བཞི་བྱས་ཕྱོགས་བཞི་ནས། །བཀྱག་པ་ཀཿཐོག་ལུགས་སུ་དར་བར་སྣང་། །མར་འབུབ་འཛོམ་ན་ལེགས་ཀྱི་མ་འཛོམ་རུང་། །དེ་དག་གཞན་ལུགས་རྣམ་གྲངས་ཐོས་ཙམ་མོ། །རྣམ་གྲངས་དབྱེ་བ་སརྒ་གཉིས་པའོ། །༈ དེ་ནས་རང་ལུགས་ཕྱག་ལེན་བཤད་བྱ་བ། །སྒྲུབ་ཆེན་དབང་ཁྲིད་སྦྲེལ་མར་འཛུག་པ་ན། །དང་པོ་ས་དང་ཐིག་ཆོག་ས་འདུལ་འཆམས། །དེ་ནས་དཀྱིལ་འཁོར་བཀོད་ཅིང་རྒྱན་བཀོད་འདོན། །རྒྱལ་ཐོ་སྒོ་བྱང་དམ་སྲི་མནན་པ་སོགས། །གཞུང་ལས་ཁ་འཕངས་ཙམ་ལས་མ་གསུངས་ཀྱང་། །གཏེར་ཁ་གཞན་ནས་ཁ་བསྐངས་རྒྱས་བྱས་ཏེ། །རྒྱལ་ཐོ་ལ་ཡང་དེ་ཡི་འཆམས་དང་སྦྲགས། །དམ་སྲི་མནན་ལ་རྟ་བྲོ་བརྡུང་བྱས་ཤིང་། །ཆོ་གའི་གཞུང་བསྲངས་བཀའ་སྲུང་མཆོད་པ་དང་། །བསྙེན་པ་ལ་སོགས་ཅི་ནུས་སྐབས་དང་བསྟུན། །འཛབ་བསྙེན་དབྱངས་བཅས་ཁྲོམ་ལ་བསྐུལ་པས་འཐུས། །སྔོན་འགྲོ་སྐྱབས་སེམས་སྐབས་སུ་སྐྱབས་སྡོམ་དང་། །སེམས་བསྐྱེད་སྡོམ་པ་རྒྱས་པ་སྤྱི་ལྟར་འབོགས། །དལ་འབྱོར་རྙེད་
དཀའ་འཆི་བ་མི་རྟག་པ། །ལས་འབྲས་བཤད་སྐབས་བསྙེན་གནས་ངག་བཅད་ཀྱིས། །སྡོམ་པ་འབོགས་ཤིང་དེ་ཡི་བསླབ་བྱ་བཤད། །དཀྱིལ་འཁོར་བྱིན་འབེབས་སློབ་མ་བྱིན་འབེབས་དང་། །ཕུར་འཆམས་ཉུ་ལེ་ལ་སོགས་གཞུང་ཉིད་ལས། །ཁ་འཕངས་མ་གཏོགས་གསལ་བར་མེད་པ་དེ། །གཞན་ནས་ཁ་བསྐངས་འཆམས་དང་བཅས་པ་བྱ། །དངོས་གཞི་བུམ་དབང་བུམ་འཛིན་ལྷ་མོ་ལྔ། །འཆམས་དང་བཅས་དེ་བུམ་དབང་ཆེན་པོ་དང་། །ལྷ་དབང་སྐབས་ནས་ཆོས་ཉིད་བར་དོ་ཡི། །ངོ་སྤྲོད་ཆེན་པོ་དང་བཅས་དབང་རྣམས་བསྐུར། །བུམ་དབང་རྫོགས་ནས་གཏོར་དབང་མཐའ་བརྟེན་ཞིང་། །ཚེ་དབང་གཞན་ནས་ཁ་བསྐངས་ཚེ་འགུག་འཆམས། །ཉུང་ཆོས་ཚུལ་དུ་ཐོད་རྒལ་ངོ་སྤྲོད་དོ། །མཐར་ནི་རྒྱལ་ཐོ་བསྡུས་འཆམས་ཆད་མདོ་དང་། །འཛོམས་ན་ཚོགས་འཁོར་ཚོགས་འཆམས་བཅས་པ་བྱ། །མ་འཛོམས་རྒྱུན་དུ་ཚོགས་ཆུང་བྱ་བས་འཐུས། །རྗེས་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ། །འདི་ནི་དབང་དང་སྒྲུབ་ཆེན་ཉམས་ཁྲིད་གསུམ། །སྦྲེལ་མ་ཐོས་པས་གྲོལ་བའི་གདམས་པའོ། །བསྡུས་པ་མགྱོགས་དབང་དཀྱིལ་འཁོར་དབང་རྫས་བཤམས། །ལས་བྱང་གཞུང་བསྲངས་བསྙེན་པ་ཅི་ནུས་བྱ། །འཕྲལ་དུ་ཉིན་གཅིག་ལ་སོགས་དབང་རྫོགས་བསྐུར། །དེ་ལྟར་རྒྱས་བསྡུས་དབང་ནི་གང་བསྐུར་ཡང་། །ལས་བྱང་རྒྱས་བསྡུས་གང་ལྕོགས་ཚར་གཅིག་གིས། །བདག་མདུན་བུམ་པ་གཏོར་མ་བཞི་པོ་ལ། །དུས་གཅིག་དཀྱིལ་འཁོར་ཆ་ཚང་བསྐྱེད་པ་སྟེ། །སོ་སོར་འདོན་མི་དགོས་པ་རྙིང་མ་ཡི། །ཁྱད་ཆོས་ཡིན་པའི་ཐེ་ཚོམ་མི་བྱ་འཚལ། །དབང་བསྐུར་རྒྱས་བསྡུས་གང་རུང་མ་ཐོབ་པར། །ཐོད་རྒལ་བཤད་ན་བར་ཆད་རིན་གྱིས་ཉོ། །ཐོད་རྒལ་བཀའ་སྲུང་མ་གཟའ་དམ་གསུམ་སྟེ། །ཀོ་ལོང་
ཕྲག་དོག་ཆེ་ཞིང་རྩུབ་པ་ཡིན། །ཞི་ཁྲོ་དང་ནི་ན་རཀ་དོང་སྤྲུག་གཉིས། །ཆོ་ག་གཅིག་ལ་དཀྱིལ་འཁོར་གཉིས་སུ་འགྱུར། །གཙོ་བོ་འཕོ་བའི་ཁྱད་པར་ཡིན་པ་སྟེ། །སྤྲོས་བཅས་བུམ་དབང་རྒྱས་པ་ཞི་ཁྲོའི་དབང་། །དེ་ཡི་མཇུག་གི་དབང་ཆོག་སྐོར་གསུམ་ནི། །དམ་ལྡན་མིན་ན་བསྐུར་བ་ཉེས་པ་ཆེ། །ན་རཀ་དོང་སྤྲུག་རིགས་དྲུག་སྐྱེ་བའི་སྒོ། །གཅོད་པའི་དབང་ནི་འབྲིང་པོ་ཉིད་དུ་ངེས། །ཞི་ཁྲོའི་འཛབ་བསྙེན་སོ་སོའི་སྙིང་པོ་ནི། །རྒྱས་པར་ལས་བྱང་ཆེ་བའི་བཏགས་གྲོལ་ལྟར། །བསྡུས་པ་བོ་དྷི་ཙིཏྟས་ཆོག་པ་ཡིན། །ན་རཀ་དོང་སྤྲུག་འཛབ་བསྙེན་རྒྱས་པ་ནི། །ན་རག་དོང་སྤྲུག་རྒྱུད་ནས་གསུངས་པ་ལྟར། །རྡོ་རྗེ་སེམས་དཔའ་རིགས་ལྔའི་ཡིག་བརྒྱ་བཟླ། །བསྡུ་ན་བཛྲ་ས་ཏྭ་ཧཱུྃ་ཞེས་སམ། །རཏྣ་པདྨ་ཀརྨཱ་བུདྡྷ་སོགས། །ཨཱོཾ་དང་ས་ཏྭ་ཧཱུྃ་གི་བར་བཅུག་ལ། །བཟླ་དང་ཁྲོམ་ལ་བསྐུལ་བ་ཕྱག་ལེན་ནོ། །བྱང་བུ་ལ་ཡང་རྒྱས་པར་སྤྲོ་ན་ནི། །དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་བསྐུར། །བྱང་བུ་ལམ་བསྟན་སྐབས་སུ་བྱང་བུ་ནི། །མདེའུ་རྩེར་བཏགས་ལ་གཞུ་བཀང་འཕེན་ཚུལ་བྱ། །མེ་སྦར་ལ་སོགས་གཞུང་ལྟར་བྱས་ནས་ནི། །བྱང་ཐལ་ལ་ནི་ས་ཚཱ་གདབས་པ་ཡིན། །རིགས་དྲུག་གནས་འདྲེན་གཞུང་ལྟར་རྒྱས་པ་ནི། །རིགས་དྲུག་དལ་དང་དབང་གདན་ལ་སོགས་དང་། །གླུད་བསྔོ་ཁྲུས་བྱས་གནས་སྤར་གཞུང་ལྟར་རོ། །དེ་དག་དབང་དང་བྱང་བུའི་རིམ་པ་སྟེ། །རང་ལུགས་སརྒ་དེ་ནི་གསུམ་པའོ། །༈ ཞི་ཁྲོ་བླུགས་པའི་ཕྱག་ལེན་རྒྱས་བསྡུས་གཉིས། །བཅའ་ཚོགས་རྒྱས་བསྡུས་འདོན་ཆ་རྒྱས་བསྡུས་སོ། །རས་བྲིས་ཡིན་པས་ས་ཐིག་མི་དགོས་ཏེ། །སྟེག་བུའམ་ནི་གཡང་དུག་བཏིང་ཡང་རུང་། །འདོམ་གང་གྲུ་བཞི་ཚད་ནི་ཡིན་པ་སྟེ། །
དབུས་སུ་རས་བྲིས་དཀྱིལ་འཁོར་བཤམས་པ་ནི། །མེ་རུ་རྡོ་ར་དུར་ཁྲོད་བརྒྱད་ཀྱི་དབུས། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་པའོ། །དབུས་སུ་ཐིག་ལེ་སྨུག་པོ་ཆེ་བ་ནི། །བུདྡྷ་ཧེ་རུ་ཡབ་ཡུབ་མཚོན་པ་སྟེ། །དེ་སྟེང་སྨུག་ནག་ཆེ་མཆོག་ཡབ་ཡུམ་ཡིན། །དེ་སྟེང་དཀར་པོ་རྣམ་སྣང་ཡབ་ཡུམ་གཉིས། །དེ་སྟེང་ཐིག་ལེ་ཕྱེད་དཀར་ཕྱེད་སྔོ་བ། །གཙོ་བོ་ཀུན་བཟང་ཡབ་ཡུམ་གཉིས་ཡིན་ནོ། །ཤར་དུ་ཐིག་ལེ་སྔོན་པོ་གཉིས་བརྩེགས་ནི། །བཛྲ་ཧེ་རུ་ཀ་དང་རྡོ་རྗེ་སེམས། །གལ་ཏེ་ན་རཀ་དོང་སྤྲུག་ལུགས་བྱེད་ན། །དབུས་དང་ཐིག་ལེ་བརྗེ་བ་རིག་པས་ཤེས། །རྡོར་སེམས་གཡས་གཡོན་མདུན་རྒྱབ་བཞི་པོ་ལ། །ཤར་གྱི་སེམས་དཔའ་སེམས་མ་བཞི་པོའོ། །དེ་ནས་ལྷོ་དང་ནུབ་དང་བྱང་བཞི་རུ། །གཙོ་བོ་རིགས་བཞི་ཁྲག་འཐུང་རིགས་བཞི་བརྩེགས། །ཕྱོགས་བཞིར་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བཞི། །མཚམས་བཞིར་ཐུབ་པ་བཞི་དང་ཤར་ནུབ་ཏུ། །ཐུབ་པ་དྲུག་པོ་རང་མདོག་ཐིག་ལེ་དང་། །དེ་རྒྱབ་འདབ་བརྒྱད་དང་ནི་རྩིབས་བརྒྱད་ལ། །ཀཽ་རི་བརྒྱད་བཀོད་རྩིབས་བརྒྱད་སིདྷ་བརྒྱད། །སྒོ་བཞིའི་གཡས་སུ་ཁྲོ་བོ་ཡབ་ཡུམ་དང་། ། གཡོན་དུ ་རྟ་གདོང་སྒོ་མ་བཞི་པོ་སྟེ། །ཡང་ན་སྒོ་ནང་ཁྲོ་བོ་བཞི་པོ་ལ། །སྒོ་ཡི་དཀྱིལ་དུ་རྟ་གདོང་སྒོ་མ་བཞི། །དཀྱིལ་འཁོར་ཕྱི་རིམ་དུར་ཁྲོད་བརྒྱད་ཀྱི་ནང་། །བར་འཁྱམས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས། །ཐམས་ཅད་རང་མདོག་ཐིག་ལེ་བཀོད་པ་ཡིན། །ལ་ལས་དབུས་ཀྱི་ཐིག་ལེའི་འོག་ཏུ་ནི། །རྡོ་རྗེ་སྔོན་པོ་ཨཱཿདཀར་མཚན་པ་ནི། །བྲི་སྲོལ་ཡོད་ཀྱང་མ་བྲིས་འགལ་བ་མེད། །དཀྱིལ་འཁོར་མེ་རིའི་ཕྱི་ཡི་ཟུར་བཞི་ལ། །བུམ་པ་ཁ་རྒྱན་ལྡན་པ་བཞི་བྲིས་པ། །རྟ་བུམ་ཞེས་བྱ་དཀྱིལ་འཁོར་རྒྱན་ཡིན་ཏེ། །ཡོད་ན་དངོས་སུ་བཤམས་པ་དགོས་རྒྱུར་སྣང་། །
རས་བྲིས་དཀྱིལ་འཁོར་དབུས་སུ་བུམ་པ་ལྔ། །མེད་ན་གཅིག་ཆོག་ཀུན་ཀྱང་རྒྱན་ལྡན་བཤམས། །དཀྱིལ་འཁོར་གཡས་སུ་བདུད་རྩི་ གཡོན་རཀྟ། །རྨད་བྱུང་གཏོར་མ་རིན་ཆེན་འབར་བ་མདུན། །དེ་རྒྱབ་ཤར་དུ ་ཞི་བའི་གཏོར་མ་ཟླུམ། །ལྷོ་རུ་རྒྱས་པ་སྟོད་ཟུར་བཞི་པའོ། །ནུབ་ཏུ་དབང་གི་གཏོར་མ་སྟོད་ཟུར་གཉིས། །བྱང་དུ་དྲག་པོའི་གཏོར་མ་སྟོད་ཟུར་གསུམ། །ལས་དང་མཐུན་པའི་མར་རྒྱན་དེ་ཡི་དབྱིབས། །མཚམས་བཞིར་ཟུར་གསུམ་ཤ་མར་བརྒྱན་པ་བཤམས། །བར་མཚམས་ལྷ་བཤོས་རྒྱན་ལྡན་བཅུ་དྲུག་བཀོད། །ནུབ་ངོས་གཏོར་ཆུང་མི་བསྒྲིགས་སྟོང་པ་ལ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །གཏོར་མགྲོན་ཕུག་གཏོར་ཆེ་ཞིང་བཟང་བ་བསྒྲིགས། །དེ་མིན་ཕྱོགས་སུ་ནང་ནས་རིམ་པ་ལྟར། །བདུད་རྩི་ཟུར་གསུམ་རཀྟ་ལྷ་བཤོས་དང་། །མེ་ཏོག་བདུག་སྤོས་དྲི་ཆབ་ཚོགས་ཆུང་དང་། །མཐེབ་སྐྱུ་ཤ་དུམ་སྦྱར་བ་མར་མེ་རྣམས། །རེ་རེ་བཞིན་དུ་བརྒྱ་རྩ་ཚང་བ་དེ། །རྣམ་གྲངས་སྟོང་ཕྲག་གཅིག་གིས་འོང་བ་ཡིན། །དེ་རྒྱབ་ཟུར་བཞིར་རྒྱལ་མཚན་བཞི་དང་ནི། །རལ་གྲི་བཞི་དང་མདའ་དར་པཎ་བཅས་བཞི། །མེ་ལོང་བཞི་དང་ཚོན་སྐུད་དྲྭ་བ་དང་། །འོག་ཏུ་སྟག་གི་རྒབ་བསྐོར་ཕུར་བཅུ་གཉིས། །སྟེང་དུ་ཕོ་བྲང་ཙག་གདུགས་བླ་རེ་བཅས། །ཟུར་བཞིར་མཚན་ཐུབ་བཞི་དང་སྐོང་ཕྲན་བཞི། །མཆོད་པ་རྣམ་ལྔ་བཀྱག་རྒྱུ་སྡེར་མའམ། །ཡང་ན་རམ་ཆུང་སྟེང་དུ་བསྒྲིགས་པ་དང་། །བཀའ་སྲུང་གཏོར་མ་དམར་གཏོར་གཙོ་འཁོར་གསུམ། །ཆད་མདོ་བསྟན་སྐྱོང་གཉིས་ལ་དམར་གཏོར་གཉིས། །གཞི་བདག་གཏོར་མ་དཀར་པོ་ལེགས་པ་གཅིག །གཏོར་དབང་བསྐུར་ན་དབང་གཏོར་མཆོད་རྟེན་དབྱིབས། སྔོན་འགྲོ་དཀར་བགེགས་ལ་སོགས་རྙིང་ལུགས་ལྟར། །དཀྱིལ་འཁོར་ཞལ་ནི་
འགྲོ་དོན་གཙོ་བོ་སྟེ། །རང་ལ་མི་སྟོན་ཁྲོམ་ལ་སྟོན་པ་ཡིན། །མདུན་དུ་སྟེགས་བུར་ཚོགས་འཁོར་རྒྱས་པར་བཤམས། །དེ་ནི་བཅའ་ཚོགས་ཤིན་ཏུ་རྒྱས་པའོ། །༈ བསྡུ་ན་ནུབ་ངོས་ཕུག་གཏོར་མི་བྱ་བར། །གཏོར་ཆུང་ཐམས་ཅད་ཕྱོགས་བཞིར་ཁྱབ་པར་བཤམས། །ཞི་བའི་གཏོར་མས་བླ་མའི་གོ་ཆོད་དང་། །རྒྱས་པའི་གཏོར་མ་ཡི་དམ་ཐམས་ཅད་བསྔོ། །དབང་གི་གཏོར་མ་མཁའ་འགྲོ་ཐམས་ཅད་བསྔོ། །དྲག་པོའི་གཏོར་མ་ཆོས་སྐྱོང་ཐམས་ཅད་བསྔོ། །ཟུར་གཏོར་བཞི་ལ་བཀའ་སྲུང་དམ་ཅན་ཚོགས། །ཆད་མདོ་བསྟན་སྐྱོང་དཀར་གཏོར་དམར་གཏོར་གཉིས། །དེ་མིན་བཅའ་ཚོགས་སྔོན་ལྟར་བྱ་བ་ཡིན། །དེ་གཉིས་ཞི་ཁྲོ་བླུགས་པའི་བཅས་ཡིན་ལ། །མི་བླུགས་མགྱོགས་དབང་བསྐུར་ན་དཀྱིལ་འཁོར་བཤམས། །དབང་གཏོར་སྨན་རཀ་མཆོད་པ་རྣམ་ལྔས་ཆོག །དེ་ནས་འདོན་ལུགས་རྒྱས་བསྡུས་གཉིས་ཡིན་ཏེ། །རྒྱས་པར་སྐྱབས་སེམས་དཀར་བགེགས་མཆོད་བྱིན་རླབས། །དེ་དག་རྙིང་མ་སྤྱི་ལྟར་བྱས་པ་ལ། །ཐུགས་བསྒྲུབ་རྒྱས་བསྡུས་པདྨ་འོད་འབར་གསུམ། །གང་རུང་དང་པོ་འདོན་པ་བླ་མ་ཡིན། །དེ་ནས་ལས་བྱང་རྒྱས་པ་འཛབ་དགོངས་བར། །ལས་བྱང་ཆེན་པོ་ཚོར་བ་རང་གྲོལ་ལྟར། །སྤྱན་འདྲེན་སྐབས་སུ་ཁྲོམ་སྡུད་དུང་བསྒྲགས་ལ། །ཁྲོ་འབགས་ལ་སོགས་འཆམས་ཤིག་བྱེད་པའོ། །དེ་ནས་གུར་དྲག་རྟ་མགྲིན་ལ་སོགས་དང་། །རང་གི་བླ་མ་ཡི་དམ་གཏོར་བསྔོ་དང་། །དེ་ནས་མ་ནིང་གཏེར་མགོན་ལ་སོགས་དང་། །བཀའ་སྲུང་ཆོས་སྐྱོང་ནོར་ལྷའི་ཚོགས་རྣམས་འདོན། །དེ་ནས་ལས་བྱང་ལྷ་གཞུང་ཚང་བ་དང་། །ཁྲོམ་སར་ཆོས་འཆད་བྲམ་ཟེའི་ལོ་རྒྱུས་དང་། །ཕྱག་གི་ཕན་ཡོན་བརྗོད་ཅིང་ནམ་མཁའ་ན། །དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་སྤྱན་སྔ་རུ། །
ཚེ་འདས་གཙོར་བྱས་འགྲོ་ཀུན་ཕྱག་འཚལ་དམིགས། །ཁྲོམ་པས་པུས་བཙུགས་ཐལ་སྦྱར་འཁོད་པ་ལས། །བརྒྱ་ཕྱག་ལ་ནི་སོ་སོའི་མཚན་གྱི་མཇུག །ཀུན་ཏུ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀུན་གྱི་བརྗོད་བཅུག་ཕྱག་ཕུལ་བཅུག །ལངས་ནས་མཆོད་པར་བརྟུལ་བས་པུས་བཙུགས་འཚལ། །དེ་བཞིན་སྦྲུལ་གདོང་མ་ཡི་བར་དུའོ། །ཞི་བ་བཞི་བཅུ་རྩ་གཉིས་དང་། །འབར་བ་ཁྲག་འཐུང་ལྔ་བཅུ་ལ། །དད་ཅིང་གུས་པས་ཕྱག་འཚལ་ན། །ཚེ་འདས་ཐོག་དྲངས་སེམས་ཅན་ཀུན། །ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །ཞེས་སོགས་བསྔོ་བྱང་སིལ་བུར་བརྗོད། །དེ་ནས་རྡོར་སེམས་རིགས་ལྔ་འམ། །ཡང་ན་གཙོ་བོ་རྐྱང་པ་ཡི། །སྒོམ་བཟླས་དམིགས་པ་ཁྲོམ་ལ་སྤྲད། །བཛྲ་ས་ཏྭ་འུར་འདོན་བཅུག །མཇུག་ཏུ་བཤགས་ཚིག་རྗེས་ཟློས་བཅུག །རྡོར་སེམས་རང་ཐིམ་དམིགས་པ་སྤྲད། །དེ་ལྟར་ཕྱག་འཚལ་ལུས་སྒྲིབ་དག །རྡོར་སེམས་བསྒོམ་བཟླས་ངག་སྒྲིབ་སྦྱངས། །ཡིད་ཀྱི་སྒྲིབ་པ་འདག་པའི་ཕྱིར། །ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱ། །ན་རཀ་དོང་སྤྲུག་རྒྱུད་དོན་ཡིན། །དེ་ལྟར་བསྒོམ་པར་མི་ཤེས་ཀུན། །དམ་པ་རིགས་བརྒྱའི་སྙིང་པོ་འདི། །འུར་འདོན་མཛོད་ཅིག་བྷོ་དྷི་ཙིཏ། །འཛབ་དབྱངས་ཚུལ་དུ་ལན་གསུམ་བསྐུལ། །དེ་ལྟར་ཆོས་བཤད་ཚེ་མ་གཏོགས། །ཁྲོམ་ལ་ཡི་གེ་དྲུག་པ་བསྐུལ། །དེ་ནས་ཀློང་བཤགས་ཚར་གཅིག་འདོན། །དེ་ནས་བསྐང་བ་བཀྱག་པ་ནི། །མཆོད་གཡོག་དབུ་རྒྱན་ཕོད་ཀ་ཅན། །གཅིག་གིས་མཆོད་པ་རྣམ་ལྔ་བཀྱག །དཔོན་སློབ་དུ་ཡོད་དབུ་རྒྱན་དང་། །ཕོད་ཀ་ཡོད་པ་ཀུན་གྱིས་གྱོན། །བླ་མས་པད་ཞྭ་
ཆོས་གོས་བྱས། །ཐམས་ཅད་རོལ་མོ་ཡོད་ཚད་ཐོགས། །དཀྱིལ་འཁོར་ལ་ནི་བསྐོར་བ་བྱ། །སྟོང་གསུམ་འདིའམ་ཞེས་སོགས་ཀྱི། །ཚིག་མཚམས་རོལ་མོ་བསྐོར་བ་བྱ། །ཕྱི་མཆོད་རྫོགས་དང་རོལ་མོ་དང་། །མཆོད་པ་བཀྱག་པ་དེ་བསྐྱུར་ལ། །མཆོད་གཡོག་པ་ཡིས་རིམ་པ་ལྟར། །བདུད་རྩི་རཀྟ་གཏོར་མ་དང་། །མར་མེ་བཀྱགས་ཤིང་དཔོན་སློབ་ཀུན། །དཀྱིལ་འཁོར་བསྐོར་བ་བྱེད་བཞིན་དུ། །སོ་སོའི་བསྐང་བ་གྱེར་བ་ཡི། །ཚིག་མཚམས་ཚིག་བསླད་༼བསྣན་༽ཨཱོཾ་ཨཱཿཧཱུྃ། །སྦྱར་བ་དགའ་རབ་རྡོ་རྗེའི་གསུང་། །བཀའ་བབས་ཉིད་ཀྱི་ཕྱག་བཞེས་སོ། །ཁྱད་པར་བདུད་རྩི་མཆོད་པའི་མཇུག །བརྒྱུད་པའི་བླ་མའི་མཚན་རྣམས་ཏེ། །ཆོས་སྐུ་ཀུན་ཏུ་བཟང་པོ་དེ་མཆོད་དོ་ཨཱོཾ་ཨཱཿཧཱུྃ། །རྩ་བའི་བླ་མའི་བར་དུ་དང་། །ཞི་བ་བཞི་བཅུ་རྩ་གཉིས་དང་། །འབར་བ་ཁྲག་འཐུང་ལྔ་བཅུ་དང་། །དག་པ་རིག་འཛིན་ལྷ་ཚོགས་དང་། །བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་མཆོད་དོ། །ཞེས་སྦྱར་བདུད་རྩི་རཀྟ་ཡིས། །མཆོད་པའི་མཇུག་ཏུ་ཕུག་གཏོར་དང། །ལས་བཞིའི་གཏོར་མར་བྲན་པར་བྱ། །མར་མེའི་བསྐང་བའི་མཇུག་ཏུ་ནི། །འཛབ་དབྱངས་འཛབ་བྲོ་བརྡུང་བ་ཡིས། །བཛྲ་གུ་རུ་ལན་གསུམ་གྱིས། །རྒྱབ་མ་གཉིས་ལ་ཨཱོཾ་མེད་པ། །སྔོན་མ་གཡས་སྐོར་རྒྱབ་གཡོན་བསྐོར། །བོ་དྷི་ཙིཏྟ་གཡས་སྐོར་དང་། །རུ་ལུ་ལན་གསུམ་གཡོན་ཏུ་འཁོར། །དེ་ལྟར་བོ་དྷི་ལན་གསུམ་ལ། །དེ་ནས་བཛྲ་ཐོད་ཕྲེང་རྩལ། །རྐང་སྟབས་ལག་སྟབས་བྲོ་ཁོད་ཅིག །དེ་རྗེས་གུ་རུ་དྷེ་ཝའི་སྔགས། །འཛབ་དབྱངས་ལན་གསུམ་འཛབ་བྲོ་དང་བཅས་འཁྲབ། །དེའང་ཡབ་སྲས་བཀའ་བབས་ཕྱག་སྲོལ་ལོ། །དེ་ནས་ཚོགས་བྱ་ཚོགས་ཕུད་དབུལ། །གོང་དུ་གཏོར་བསྔོས་མ་སོང་ན། །འདི་རུ་གཏོར་བསྔོས་བསྡུས་པ་བྱ། །དེ་ནས་བར་པ་
བཤགས་པ་གསོ། །རྣམ་ཤེས་ཕུང་པོ་ལ་སོགས་པའི། །ཞི་ཁྲོ་བསྐང་བ་དངོས་དང་ནི། །ཕུར་བའི་བསྐང་བ་བཅས་པ་འདོན། །དེ་ནས་ཚོགས་ཟན་བསྒྲལ་ལས་བྲན། །འགུག་གཞུག་ཁྲོ་འབག་འཆམས་དང་བཅས། །བསྒྲལ་ལ་ལིང་རོ་ཕུག་གཏོར་རམ། །དྲག་པོའི་གཏོར་མའི་དྲུང་དུ་ཕུལ། །དེ་ཡང་དཀྱིལ་འཁོར་བསྐོར་ཞིང་འཆམས། །དེ་ནས་ཞལ་དུ་འབུལ་ཚུལ་བསྟབས། །སློབ་དཔོན་ཉིད་ལ་ཚོགས་དྲངས་ཤིང་། །དེ་ནས་ལྷག་མའི་ཆོ་ག་བྱ། །ལྷག་འཆམས་འབགས་བཅས་འཆམས་ལ་འབུལ། །ཁྲོམ་ལ་ཐུག་པ་ཚོགས་ཆང་བཀྱེ། །ཚོགས་བགོ་ཚོགས་ཤ་དང་བཅས་པས། །ཁྲོམ་པ་ཀུན་ལ་ངོམ་པར་བཀྱེ། །དེ་ནས་མར་མེ་བལྟམས་བྱས་ལ། །སློབ་དཔོན་ཐམས་ཅད་རྒྱན་བཅས་བཞེངས། །དེ་ནས་ཁྲོམ་པ་ཐམས་ཅད་ལ། །སྨོན་ལམ་མཉམ་དུ་བཏབ་པ་ཡིས། །མོས་པ་མཛོད་ཅེས་སྨོན་ལམ་གྱེར། །དེ་ནས་དཔོན་སློབ་ཐམས་ཅད་འདུག །ཚེ་འདས་སོགས་ལ་བསྔོ་བ་བྱ། །སྤྲོ་ན་སྐབས་འདིར་ཁྲོམ་པ་ལ། །ཞི་ཁྲོའི་གཏོར་དབང་བསྐུར་བ་དང་། །དགེ་བ་ཁས་ལེན་ལ་སོགས་བྱ། །དེ་ནས་བཀའ་སྲུང་སྡེ་བདུན་དང་། །ཆད་མདོ་བརྟན་སྐྱོང་ལ་སོགས་བྱ། །ཕྱིར་ནང་ནམ་མཁའ་མ་ལངས་བར། །མར་མེ་མི་ཟད་དེ་ཡི་ཕྱིར། །ཕྱི་ནང་དཀྱིལ་འཁོར་བསྡུ་ཆོག་བྱ། །དེ་ནི་འདོན་ཆ་རྒྱས་པ་སྟེ། །ཡུལ་པས་ཉིན་རིང་ཞི་ཁྲོ་བཅས། །མཚན་མོ་ཇ་རྒྱུན་དང་སྦྲགས་ནས། །ནམ་ནི་དཀར་གསལ་ཉ་བུད་བྱེད། །ཚོགས་ཆང་ཐུག་པ་གཉིས་གསུམ་བཀྱེ། །དེ་འདྲ་སྔར་ནས་སྲོལ་འཇགས་པ། །ཡོན་བདག་འགྲོ་སྒོ་ཆེ་བ་དང་། །དཔོན་སློབ་བསེར་ཞིང་གཉིད་ཆགས་ཀྱང་། །ཕྱག་ལེན་མ་འཆུག་བྱ་བའི་ཕྱིར། །ཚེ་སྟོད་དེ་འདྲའི་ངང་ལས་སོང་། །བསྡུས་པ་སྔོན་འགྲོ་དཀར་བགེགས་དང་། །མཆོད་པ་བྱིན་རླབས་སོགས་བྱེད་དམ། །
ཕག་མོ་རྒྱལ་བ་རྒྱ་མཚོ་སོགས། །ཡི་དམ་བདག་བསྐྱེད་བྱས་ཀྱང་འཐུས། །དེ་ནས་ལས་བྱང་ཚོར་ཆུང་བཏང་། །མར་མེ་མི་འཛད་དོགས་པ་ཡིས། །མར་མེ་སྨོན་ལམ་མར་མེ་སྦར། །དེ་ནས་ཀློང་བཤགས་བགོ་ནས་འདོན། །མི་རེས་ལེའུ་རེ་རེ་འདོན། །སྐབས་སུ་ུགཏོར་བསྔོ་ཐུག །་ཙམ་དང་། །དེ་ནས་བརྒྱ་ཕྱག་བསྐང་བ་བཀྱགས། །ཚོགས་དང་གཏོར་འབུལ་ཚོགས་ཆུང་ལྟར། །བསྡུས་ཚོགས་ཉིན་སྐོར་བསྡུས་པའོ། །བསྐང་བ་ཀློང་བཤགས་ཚོགས་ལས་དང་། །མར་མེ་སྨོན་ལམ་དང་བཅས་པ། །དལ་ཁོམས་དབང་གིས་འོག་དང་གོང་། །ཁྲིག་ཁྲིག་མི་དགོས་ཚང་བས་ཆོག །བག་ཆགས་རང་གྲོལ་རྩ་ཚིག་སོགས། །དལ་ན་འདོན་རུང་མ་འདོན་རུང་། །མ་ཚང་ཉེས་པ་འབྱུང་བ་མིན། །ཞི་ཁྲོ་བླུགས་ཞེས་བྱ་བ་ཡི། །ན་རཀ་དོང་སྤྲུག་ཆོ་ག་ལ། །ལས་བྱང་རྒྱས་བསྡུས་གང་འདོད་དང་། །བརྒྱ་ཕྱག་བསྐང་བཤགས་ཀློང་བཤགས་དང་། །ཚར་གཅིག་ངེས་པར་འགྲོ་དགོས་སོ། །དེ་ཡང་བརྒྱ་ཕྱག་བསྐང་བཤགས་གཙོ། །ཀློང་བཤགས་བགོས་ནས་འདོན་པས་འཐུས། །འཛབ་བསྙེན་བོ་དྷི་ཕྲེང་བསྐོར་ཙམ། །ཡིག་བརྒྱ་ཅི་ནུས་གལ་ཆེའོ། །དེ་ནི་བཅའ་ལུགས་སྟ་གོན་དང་། །འདོན་ལུགས་དངོས་ཀྱིས་རྒྱས་བསྡུས་དང་། །བཅའ་ཚོགས་འདོན་འགྲིགས་སརྒ་བཞི་པའོ། །༈ སྤྱིར་གྱི་ཞི་ཁྲོའི་བསྐང་ཆོག་བྱེད་པ་སྟེ། །བསྐྱེད་པ་མ་ཧཱ་ཡོ་ག་གཙོ་ཆེ་བས། །བཅའ་ཚོགས་མཆོད་གཏོར་གྱེར་དབྱངས་ལ་སོགས་པ། །ཇི་ལྟར་རྒྱས་བཞིན་ཚོགས་རྫོགས་བྱིན་རླབས་ཆེ། །རྔ་དང་པི་ཝཾ་དག་ལ་སྒྲ་བྱུང་བ། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ལས་འབྱུང་བ་ལྟར། །དཀྱིལ་འཁོར་རྒྱན་དང་ཕོ་བྲང་བཀོད་པ་སོགས། །སྒྲུབ་ཆེན་གཞུང་ལྟར་འཛོམས་ན་བསོད་ནམས་ཆེ། །མ་འཛོམས་ན་
ཡང་ཐབས་མི་ཆག་པ་སྟེ། །རྒྱས་བསྡུས་འབྱོར་པ་དལ་ཁོམས་སྐབས་བསྟུན་རུང་། །མེད་དུ་མི་རུང་ཅིས་ཀྱང་དགོས་ངེས་པ། །འདི་ནི་གསང་སྔགས་ནང་པའི་རྒྱུད་ཡིན་པས། །ནང་གི་བསྐྱེད་རྫོགས་ཏིང་འཛིན་མེད་མི་རུང་། །བཅའ་ཚོགས་རྒྱས་ཤིང་ཆོ་ག་ཚང་བ་དང་། །གྱེར་དབྱངས་ལེགས་ཤིང་ཕྱག་ལེན་མཁས་ན་ཡང་། །ཏིང་ངེ་འཛིན་དང་མི་ལྡན་མ་ཚང་ངེས། །དེ་ཕྱིར་ཏིང་འཛིན་ཐོ་ཙམ་འདིར་བཀོད་བྱ། །སྐྱབས་སེམས་སྔོན་འགྲོ་ལ་སོགས་ཏིང་འཛིན་ནི། །སྤྱི་དང་མཚུངས་ཕྱིར་འདི་རུ་ཡི་གེ་འཇིགས། །སྤྱིར་གྱི་རྙིང་མ་གྱེར་བསྒོམ་ཡིན་པའི་ཕྱིར། །ངག་གི་འདོན་བྱ་ཡིད་ཀྱིས་བསྒོམ་རྒྱུ་སྟེ། །རང་གཞུང་གསལ་ཕྱིར་འདི་རུ་བྲིར་མི་ལོང་། །གནད་འགགས་གཞུང་ན་མི་གསལ་སྙན་བརྒྱུད་པ། །འགའ་ཞིག་གསལ་བར་བརྗོད་པར་བྱ་བ་སྟེ། །དེ་ཡང་དེང་སང་དར་ཆ་ཆེ་བའི་ཕྱིར། །ལས་བྱང་ཉུང་བ་ཚོར་གྲོལ་སྙིང་པོ་ཡི། །གཞུང་ཚིག་མི་གསལ་བ་ཡི་གསལ་བྱེད་ནི། །རང་ཉིད་སྐད་ཅིག་དྲན་རྫོགས་རྡོ་རྗེ་སེམས། །དཀར་པོ་རྡོ་རྗེ་དྲིལ་འཛིན་སྤྱི་ལྟར་ལས། །ཐུགས་ཀར་ཕྱག་རྡོར་ཁྲོ་བོ་ཕྱག་གཉིས་པ། །ཞི་བ་ཀུན་འདུས་རྡོ་རྗེ་སེམས་དཔའ་སྟེ། །དེ་ཉིད་ཁྲོས་པ་ཁྲོ་བོ་ཀུན་འདུས་པ། །བཛྲ་ཧེ་རུ་ཕྱག་རྡོར་དོན་གཅིག་པ། །ཞི་ཁྲོ་གཅིག་དྲིལ་སྐུར་གསལ་ང་རྒྱལ་གྱིས། །ཧཱུྃ་ང་ཉིད་ལྷ་ཡི་ང་རྒྱལ་གྱིས། །ཞེས་སོགས་བརྗོད་པས་བགེགས་ལ་བཀའ་བསྒོ་ཞིང་། །བཀའ་བསྒོ་ཙམ་གྱི་མི་ཉན་ནག་ཕྱོགས་པ། །ཨུཙྪ་ཏ་ཡི་སྔགས་ཀྱིས་དབང་མེད་བསྐྲད། །སྔོན་ལྟར་བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །ཕྱག་མཚན་དྲུག་པོ་བུ་ཡུག་འཚུབས་བཞིན་འཕྲོས། །བགེགས་རྣམས་རྒྱ་མཚོའི་ཕར་འགྲམ་བསྐྲད་བྱས་ནས། །ཚུར་འདུས་བསྲུང་བའི་འཁོར་ལོ་རིམ་པ་དྲུག །ཕྱི་རོལ་མེ་རི་ཁ་དོག་ལྔ་ལྡན་གྱུར། །ཕྱོགས་
མཚམས་སྟེང་འོག་ཀུན་ཁྱབ་སྒོ་ངའི་དབྱིབས། །དེ་ནང་འཁོར་ལོའི་གུར་ལ་རིགས་གསུམ་ཡོད། །འཁོར་ལོ་ཆུང་ངུ་མང་པོ་འཁོར་བ་ཡིས། །རྩིབས་བར་གནོད་བྱེད་དམྱལ་དམྱལ་གཏུབ་པ་དང་། །གནམ་ས་གའུ་ཁ་སྦྱོར་འདྲ་བ་ཡིས། །གསེར་དང་གནམ་ལྕགས་འཁོར་ལོ་ཁ་སྦྱོར་བའི། །སྟེང་མ་གཡས་དང་འོག་མ་ གཡོན་ཏུ་འཁོར། །རྩིབས་གཉིས་སོ་འཐབས་བར་དུ ་གནོད་བྱེད་གཏུབས། །འཁོར་ལོ་ཆེན་པོ་སྦུབ་ཆལ་ཁ་སྦྱོར་བཞིན། །ནང་དུ་རང་རང་སྲུང་འཁོར་གནས་པ་ལས། །གནམ་ལྕགས་ཡིན་ཀྱང་ཁ་དོག་དཀར་བ་ལ། །མཐའ་ཡི་སྟེང་འོག་རྩིབས་རྣམས་གཅིག་གྱུར་པས། །རལ་གྲི་སོ་གཉིས་རྩེ་མོ་ལྟ་བུ་ཡིས། །རྩིབས་ནི་བྱེ་བ་དུང་ཕྱུར་གྲངས་མེད་པ། །སྔ་དྲོ་གཡས་དང་ཕྱི་དྲོ་ གཡོན་དུ ་འཁོར། །གནོད་བྱེད་ཐམས་ཅད་ཕྲུལ་ཕྲུལ་རྩིབས་ཀྱིས་གཏུབས། །གཏུབས་པ་ཐམས་ཅད་ཕྱི་རོལ་མེ་ཡིས་བསྲེགས། །དེ་ལྟར་གསུམ་ལས་ཕྱི་མ་གཙོ་བོར་བཟུང་། །དེ་ནས་གནམ་ལྕགས་རྡོ་རྗེ་རྒྱ་གྲམ་ནི། །དྲག་པོའི་རྡོ་རྗེ་རྩེ་གསུམ་ཁ་གདངས་པ། །མང་པོ་གསོར་ལྟར་འཁོར་བའི་གུར་མདོག་ལྗང་། །དེ་ནང་པདྨ་དམར་པོའི་གུར་དང་ནི། །དེ་ནང་རིན་ཆེན་སེར་པོའི་གུར་ཡིན་ལ། །དེ་ནས་རྡོ་རྗེ་སྔོན་པོའི་གུར་རྣམས་སྟེ། །འདི་སྐབས་མདུན་བསྐྱེད་གཙོ་ནི་ཆེ་བའི་ཕྱིར། །མདུན་གྱི་དཀྱིལ་འཁོར་རྡོ་ར་མེ་རུ་དང་། །དངོས་ཀྱི་དཀྱིལ་འཁོར་གཅིག་པར་བསྒོམ་པར་འཐད། །དེ་ནས་གོང་ལྟར་རང་ཉིད་ལྷར་གསལ་བའི། །ཐུགས་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས། །མེ་ཆུ་རླུང་འཕྲོས་མཆོད་རྫས་མ་དག་སྦྱངས། །མེ་ཆུ་རླུང་ཞུ་སྨན་གཏོར་རཀྟ་དང་། །ཕྱི་མཆོད་ལ་སོགས་སོ་སོའི་སྔགས་བརྗོད་པས། །སོ་སོའི་བསྒོམ་ཚུལ་མཆོད་པ་བྱིན་རླབས་ནི། །རྒྱས་པ་རྣམས་ནི་བྱུང་ལྟར་སོ་སོར་དམིགས། །དེ་ནས་རྙིང་མའི་
ཆོས་ཀྱི་རྩ་བ་ནི། །ཏིང་འཛིན་རྣམ་གསུམ་ཚིག་འབྲུ་གསུམ་ལ་འདུས། །ཡེ་ནས་འཁོར་འདས་ཆོས་ཀུན་སྟོང་པ་ཉིད། །རྟོགས་དང་མ་རྟོགས་མེད་དེ་ཕྱག་རྒྱ་ཆེ། །དེ་ལ་དམིགས་གཏད་བསྒོམ་རྒྱུ་སྤུ་ཙམ་མེད། །ཡིན་ལུགས་སྟེང་དུ་དེ་བཞིན་ཤེས་པར་བཞག །ཧཱུྃ་རྟོག་བྲལ་ལ་སོགས་ཚིག་གཅིག་ལྟ་བའི་དོན། །དེ་ལྟར་མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས། །ཀུན་ལ་ཁྱབ་པའི་ཤུགས་འབྱུང་སྙིང་རྗེ་བསྒོམ། །ཀུན་ཁྱབ་རང་གསལ་ཞེས་སོགས་སྙིང་པོའི་དོན། །སྟོང་པའི་རྩལ་ལས་སྙིང་པོར་ཤར་བ་དེ། །འགྲོ་དོན་མཛད་པ་གཟུགས་སྐུའི་རྒྱུ་ཡིན་པས། །ནམ་མཁའ་སྟོང་པའི་ངང་ནས་སྤྲིན་བྱུང་ལྟར། །རང་སེམས་ཨཿམཐིང་རྒྱུ་ཡི་ཏིང་ངེ་འཛིན། །སྟེང་ནས་བདག་མདུན་ཐ་མི་དད་པར་བསྒོམ། །འདི་ལ་བསྒོམ་ལུགས་རིགས་ནི་གསུམ་མཆིས་ཀྱང་། །གཞན་ལུགས་ཡི་གེར་འཇིགས་པས་རང་ལུགས་བཤད། །མངོན་རྟོགས་ཚར་གཅིག་འདི་ནི་དབྱངས་སུ་འདོན། །དབྱངས་སུ་གྱེར་བ་བསྒོམ་ལོང་ཡོད་ཕྱིར་ཡིན། །བདག་བསྐྱེད་དཀྱིལ་འཁོར་ཆ་ཚང་བསྒོམ་པ་དང་། །མདུན་བསྐྱེད་རས་བྲིས་དཀྱིལ་འཁོར་ཆ་ཚང་གཅིག །དབང་གཏོར་དཀྱིལ་འཁོར་ཆ་ཚང་གཅིག་དང་ནི། །བུམ་པ་གཅིག་ཡིན་ཕྱི་ནི་བུམ་པ་ལ། །ནང་དུ་དཀྱིལ་འཁོར་ཆ་ཚང་གཅིག་བསྒོམ་སྟེ། །བུམ་པ་ལྔ་ཡོད་བུམ་ནང་དཀྱིལ་འཁོར་ལྔ། །ཕྱོགས་བཞི་དབུས་ལྔའི་ལྷ་ནི་བགོས་ནས་བསྒོམ། །དཀྱིལ་འཁོར་འབྱུང་བ་རིམ་བརྩེགས་གོ་སླ་སྟེ། །ཞི་ཁྲོ་སྦྲགས་མའི་དཀྱིལ་འཁོར་ཡིན་པའི་ཕྱིར། །ཕྱི་ནི་ཞི་བ་རིན་ཆེན་གཞལ་ཡས་ཁང་། །ནང་ནི་ཐོད་པ་སྐམ་རློན་རྩིགས་པ་སྟེ། །ཞིབ་པར་ལས་བྱང་རྒྱས་པའི་ནང་ནས་གསལ། །ལྷ་བརྒྱད་ཀ་བ་ལ་སོགས་ཁྲོ་བོ་ཡི། །རྩིགས་པ་ཕྱི་ནང་ཡིན་པ་མ་གཏོགས་པ། །ཕྱི་ནང་དཀྱིལ་འཁོར་གཉིས་ནི་མ་ཡིན་
ནོ། །དེ་ནས་ཤིན་ཏུ་གནད་ཆེན་ལྷ་བསྒོམ་ཐབས། །དང་པོ་རང་ཉིད་ཀུན་བཟང་ཡབ་ཡུམ་བསྒོམ། །ཡབ་ཡུམ་སྦྱོར་མཚམས་བྱང་སེམས་གྲུབ་པ་ཡི། །ས་བོན་སོ་སོར་སྤྲོས་ནས་གདན་ལ་བཞུགས། །དེ་དོན་རྒྱས་པ་ལས་བྱང་རྒྱས་པར་ལྟོས། །ལས་བྱང་བསྡུས་ཀྱང་བསྒོམ་ལུགས་དེ་དགོས་སོ། །རྣམ་སྣང་དང་ནི་བུདྡྷ་ཧེ་རུ་ཀ། དབུས་སུ་བསྒོམ་ན་ཞི་ཁྲོའི་དཀྱིལ་འཁོར་ཡིན། །རྣམ་སྣང་བུདྡྷ་ཧེ་རུ་ཤར་དུ་ཕུད། །རྡོར་སེམས་བཛྲ་ཧེ་རུ་དབུས་བསྒོམ་པ། །ན་རཀ་དོང་སྤྲུག་ཆོ་གར་འགྱུར་བ་ཡིན། །སྒྲིབ་སྦྱང་གཙོ་བོ་ཡིན་ན་འདི་བྱ་དགོས། །རྣམ་སྣང་རྡོར་སེམས་གང་རུང་ཐུགས་ལས་སྤྲོས། །དཀྱིལ་འཁོར་དབུས་བཞུགས་ཀུན་བཟང་ཡར་ལ་བཏེགས། །རིགས་བདག་ཚུལ་ཏུ་དབུ་ཡི་གཙུག་ལ་བཞུགས། །འདི་ནི་ལས་བྱང་ཆེ་བའི་ཡིག་ཆུང་གསལ། །དེ་ནས་ཞི་བའི་ལྷ་ཚོགས་ཀུན་བསྐྱེད་པ། །དཀྱིལ་འཁོར་ནང་གི་ནམ་མཁར་ཡར་ལ་བཏེགས། །ཀུན་བཟང་ཐུགས་ལས་ས་བོན་མར་འཕྲོས་པས། །ཁྲོ་བོའི་དཀྱིལ་འཁོར་འོག་ཏུ་བསྒོམ་པ་སྟེ། །ཁྲག་འཐུང་རིགས་ལྔའི་སྟེང་གི་དབུ་གཙུག་ཐད། །ཞི་བ་རིགས་ལྔ་རིགས་བདག་ཚུལ་ཡིན་ཏེ། །འདི་དོན་བཀའ་བརྒྱད་གཞུང་ན་ཤིན་ཏུ་གསལ། །འདི་མིིན་གཞན་ དུ་འདོད་པ་འཁྲུལ་ཚབ་ཆེ། །དེ་བཞིན་ཞི་བ་ཁྲོ་བོ་སྒོ་སྲུང་ཡང་། །བྲི་དུས་གཡས་གཡོན ་ཕྱོགས་སུ་བྲི་ན་ཡང་། །བསྒོམ་དུས་ཐོ་བརྩེགས་སྒོམ་པ་ལེགས་པ་ཡིན། །སྟེང་གི་བརྒྱ་བྱིན་ཀུན་བཟང་དབུར་མི་བསྒོམ། །མདུན་ཐད་བར་སྣང་ཙམ་དུ་སྒོམ་པ་ཡིན། །འོག་གི་ཆོས་རྒྱལ་དཀྱིལ་འཁོར་འོག་ན་མིན། །ཞི་བའི་འོག་སྟེ་ཁྲག་འཐུང་གཙོ་བོའི་རྒྱབ། །ལས་བྱང་བསྡུས་པ་ཕལ་ཆེར་ཡིག་ཆ་ལ། །ཆེ་མཆོག་མེད་ཀྱང་བུདྡྷ་ཧེ་རུ་དང་། །དོན་གཅིག་ཕྱིར་ན་མ་ཚང་སྐྱོན་མེད་དེ། །སབ་པར་འདོད་ན་སབ་ཀྱང་འགལ་བ་མེད། །
དཀྱིལ་འཁོར་ཕྱི་དང་རྡོ་ར་དུར་ཁྲོད་ནང་། །བར་ཁྱམས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་བསྒོམ། །སྒོ་མ་བཞི་ཡང་སྒོ་ཐད་ཕྱོགས་བཞིའོ། །དེ་ཡན་བདག་མདུན་བུམ་པ་གཏོར་མ་འདྲ། །ཁྱད་པར་མདུན་བསྐྱེད་དཀྱིལ་འཁོར་དེ་ཡི་ཕྱི། །རྡོ་ར་དུར་ཁྲོད་ནང་དུ་དབང་ཕྱུག་མ། །དབང་ཕྱུག་མ་ཡི་ནང་ན་དཀྱིལ་འཁོར་ཕྱི། །བར་ཁྱམས་ཤིན་ཏུ་རྒྱ་ཆེ་ཡངས་པའི་ནང་། །རིག་འཛིན་ལྔ་དང་སྤོར་བྱེད་ཆེན་མོ་བརྒྱད། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །གཏོར་མགྲོན་ཆོས་སྐྱོང་ཐམས་ཅད་བསྒོམ་པ་སྟེ། །འདི་དོན་ཐུགས་སྒྲུབ་ལ་སོགས་ཞིང་༼གཞུང་༽ཀུན་གསལ། །དེ་བཞིན་བདག་བསྐྱེད་དཀྱིལ་འཁོར་བར་ཁྱམས་ལའང་། །རང་གི་ཡི་དམ་བསྐྱེད་ནི་གང་དགོས་རྣམས། །དཀྱིལ་འཁོར་སོ་སོར་མི་བསྡུ་བཞག་པ་སྟེ། །དཔེར་ན་གུར་ལ་ཅོག་པུས་བསྐོར་བ་བཞིན། །འདི་ལྟར་བྱས་པའི་དགོས་ཆེད་ཅི་ཞེ་ན། །བསྐང་བ་ཚོགས་འཁོར་མཆོད་པ་གཏོར་བསྔོ་སོགས། །དེ་དག་ཀུན་ལ་བྱས་པར་འགྱུར་བ་སྟེ། །ཞི་ཁྲོ་ཆོ་ག་གཅིག་གི་ཁོག་དེ་ན། །ཡི་དམ་ཆོས་སྐྱོང་ཀུན་གྱི་ཆོ་ག་རྫོགས། །དེ་དག་ཆོག་པའི་ལུང་ཡང་གང་ཞེ་ན། །བདེ་གཤེགས་གཅིག་གི་དཀྱིལ་འཁོར་དུ། །བདེ་གཤེགས་ཀུན་གྱི་ལས་གཞུང་བསྲང་། །རྒྱལ་བ་གཅིག་སྒྲུབ་ཀུན་གྱི་ངང་། །ཚིག་དེ་རྒྱུད་ཀྱི་ལུང་ཞིག་ཡིན་འདུག་པས། །ཨོ་རྒྱན་ཆེན་པོས་ཡང་ཡང་ལུང་འདྲེན་མཛད། །འདི་ནི་བསྐང་གསོ་མདོས་དང་རྒྱུན་ཁྱེར་སོགས། །ཀུན་ལ་རྩ་བའི་ཡི་དམ་གཙོར་བཟུང་ནས། །གཞན་རྣམས་སྔ་མ་བསྡུ་ཆོག་མི་དགོས་པར། །ཡི་དམ་མང་པོའི་ལྷ་གཞུང་བསྲང་ཐབས་ཡིན། །དེ་ནས་ཡེ་ཤེས་སྤྱན་འདྲེན་བྱ་བ་ལ། །སྤྱན་འདྲེན་གྱེར་བས་འོག་མིན་གནས་སོགས་ནས། །ཁ་བ་བབས་ལྟར་མང་པོ་སྤྱན་དྲངས་ཏེ། །བདག་མདུན་བུམ་པར་སོ་སོར་ཐིམ་བསྒོམ་
པས། །སོ་སོར་སྤྱན་འདྲེན་མི་དགོས་གཅིག་གིས་འཐུས། །རང་སེམས་ལས་སྤྲུལ་མཆོད་པའི་ལྷ་མོ་ནི། །བྱེ་བ་དུང་ཕྱུར་གྲངས་མེད་འཕྲོས་བྱས་ཏེ། །བདག་མདུན་བུམ་པ་གཏོར་བསྐྱེད་ལྷ་རྣམས་ལ། །སོ་སོར་ཕྱག་འཚལ་མཆོད་པ་འབུལ་བ་དང་། །བསྟོད་པ་བྱེད་དམིགས་ལས་བྱང་རྫོགས་པར་གྱེར། །དེ་ནས་བྷོ་དྡྷི་ཙིཏྟ་ཕྲེང་སྐོར་ཙམ། །ཁྱད་པར་ན་རཀ་དོང་སྤྲུག་ཆོ་ག་ལ། །བདག་མདུན་བུམ་ལྷའི་དཀྱིལ་འཁོར་གཙོ་བོ་ཡི། །རྡོར་སེམས་ཡབ་ཡུམ་མཐིང་ཁའི་ཐུགས་ཁ་རུ། །ཧཱུྃ་མཐར་ཡི་གེ་བརྒྱ་པས་གཡས་བསྐོར་དང་། །དེ་བཞིན་རྣམ་སྣང་ལ་སོགས་རིགས་བཞི་ཡི། །ཐུགས་ཀར་རིགས་ལྔ་སོ་སོའི་ཡིག་བརྒྱ་འཁོར། །དེ་དག་རང་མདོག་འོད་ཟེར་འཕྲོས་པ་ཡིས། །ཚེ་འདས་གཙོ་བྱས་འགྲོ་བའི་སྡིག་སྒྲིབ་རྣམས། །བ་མོ་ལ་ནི་ཉི་ཟེར་ཕོག་པ་ལྟར། །དག་པར་བསྒོམས་ལ་རིགས་ལྔའི་ཡིག་བརྒྱ་ལྔ། །རྒྱས་པར་ན་རཀ་དོང་སྤྲུག་རྒྱུད་ལྟར་རམ། །འབྲིང་པོ་ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ། །བཛྲ་ས་ཏྭ་ཞེས་སོགས་རིགས་ལྔ་སྤྱི་དྲིལ་ཡིག་བརྒྱའམ། །བསྡུ་ན་རྡོར་སེམས་ཡིག་བརྒྱ་ཅི་ནུས་འབད། །སྔགས་དམིགས་འདི་ནི་ཤིན་ཏུ་གལ་ཆེའོ། །མདོར་ན་ན་རཀ་དོང་སྤྲུག་ཆོ་ག་ཡང་། །རྡོར་སེམས་ཞི་ཁྲོའི་ཆོ་ག་རྒྱས་པ་སྟེ། །བཛྲ་ཧེ་རུ་རྡོར་སེམས་ཁྲོས་པའོ། །དེ་ནས་རང་གི་ཡི་དམ་ཆོས་སྐྱོང་སོགས། །ཆག་མི་རུང་ན་གསར་རྙིང་ཁྱད་མེད་པ། །སྐབས་འདིར་སྦྱར་ཞིང་གཏོར་བསྔོས་ལ་སོགས་བྱ། །དམིགས་པ་བསྒོམ་ཚུལ་གོང་དུ་བཤད་ལྟར་རོ། །དམ་ཅན་སྡེ་བདུན་སྦྱར་ན་བཀྲ་ཤིས་དགེ། །ཅི་ཕྱིར་ཆོས་འདིའི་བདག་པོ་ཁོང་རྣམས་ཡིན། །བརྒྱ་ཕྱག་དམིགས་པ་གོ་སླ་བྲི་མི་དགོས། །འོན་ཀྱང་ད་ནང་བསྒོམ་པའི་སྲུང་འཁོར་དང་། །མདུན་བསྐྱེད་རྡོ་ར་མེ་རུ་དོན་གཅིག་པར། །གུར་ཆེན་ཕུབ་པ་ལྟ་བུ་གྱུར་པའི་ནང་། །བདག་བསྐྱེད་བུམ་
བསྐྱེད་གཏོར་མ་ལྷར་བསྐྱེད་ཀྱིས། །དཀྱིལ་འཁོར་རྣམས་ཀྱི་རྡོ་ར་མེ་རི་ནི། །དགོན་པ་རྣམས་ཀྱི་ལྕགས་རི་ལྟ་བུ་དང་། །སྟེང་ནི་ཧད་པོར་ཡོད་པར་བསྒོམ་བྱས་ན། །དཀྱིལ་འཁོར་མདུན་རྣམས་དྲྭ་བ་དྲྭ་ཕྱེད་དང་། །དེ་ནི་སྟོང་པར་ཧད་པོར་ཡིན་པ་ནི། །བདག་མདུན་བུམ་པའི་གཙོ་བོ་ཕན་ཚུན་རྣམས། །སྤྱན་གྱིས་གཟིགས་ཤིང་ཞལ་ནི་ཐད་ཐད་འོང་། །འོད་ཟེར་སྤྲོ་བསྡུའི་ལམ་ཡང་གསེང་དེ་ཡིན། །རྙིང་ལུགས་བུམ་པ་དཀྱིལ་འཁོར་དབུས་བཞག་པ། །འདི་ལ་བསྒོམ་ལུགས་གནས་སྐབས་གཉིས་སུ་ཡོད། །གཏོར་མ་ལྷར་བསྐྱེད་ཀྱང་ནི་དེ་དང་འདྲ། །རྙིང་ལུགས་བསྒྲུབ་པ་མདོར་བསྡུས་འགའ་ཞིག་ལ། །བུམ་པ་དང་ནི་དཀྱིལ་འཁོར་དབྱེར་མེད་གཅིག །མདུན་བསྐྱེད་ལྷ་དང་བུམ་ལྷ་དབྱེར་མེད་གཅིག །དེ་དག་རྣམས་དང་སྒྲུབ་གཏོར་དབྱེར་མེད་གཅིག །བདག་མདུན་དཀྱིལ་འཁོར་གཉིས་ལས་མི་བསྒོམ་པ། །སྒྲུབ་པ་བསྡུས་པ་འགའ་ལ་ཡོད་མོད་ཀྱི། །དབང་བསྐུར་སོགས་ལ་དེ་ལྟར་མི་རུང་སྟེ། །བུམ་པ་དང་ནི་གཏོར་མ་ལ་སོགས་པ། །བདག་མདུན་དཀྱིལ་འཁོར་གཉིས་ལས་མི་བསྒོམ་པ། །མདུན་བསྐྱེད་གཙོ་བོའི་མདུན་དང་འཁོར་བཞི་ཡི། །མཚམས་བཞིར་བུམ་པ་དེ་ནང་ལྷ་བསྐྱེད་ཅིང་། །གཏོར་མ་གཙོ་བོ་མདུན་དུ་གཏོར་ལྷ་བསྐྱེད། །བཤམས་དུས་དཀྱིལ་འཁོར་བུམ་པ་གཏོར་མ་རྣམས། །བརྩེགས་མར་བཤམས་ཀྱང་བསྒོམ་དུས་བརྩེགས་པ་མིན། ཅི་ཕྱིར་ཞེ་ན་མདུན་བསྐྱེད་གཞལ་ཡས་སྟེང་། །བུམ་པ་གསེར་འཕྲུ་བཙུགས་འདྲ་མི་རུང་སྟེ། །ཕོ་བྲང་དབུས་ཀྱི་གཙུག་ཏོར་སོ་སོར་ཡོད། །བར་སྣང་ཁམས་སུ་སུམ་བརྩེགས་རུང་བ་མེད། །ཅི་ཕྱིར་བདག་བསྐྱེད་ལས་ནི་ཧ་ཅང་མཐོ། །སྔགས་ཕྲེང་འཕྲོ་འདུས་ལ་སོགས་མི་བདེའོ། །མདུན་བསྐྱེད་དཀྱིལ་འཁོར་ཕྱོགས་བཞིའི་
མཚམས་རྣམས་སུ། །བུམ་པ་ཐོད་པ་ཡོད་པ་ཀུན་ལ་གསལ། །དེ་ཕྱིར་སྔ་མ་འཐད་པར་ངེས་པའོ། །མདུན་བསྐྱེད་དཀྱིལ་འཁོར་རྡོ་ར་དུར་ཁྲོད་ནང་། །གཞལ་ཡས་ཁང་གི་ཕྱི་ཡི་ཁྱམས་དེ་རུ། །བདག་བསྐྱེད་དཀྱིལ་འཁོར་བསྒོམ་ནས་ཡོད་པའི་ཕྱིར། །མདུན་བསྐྱེད་དཀྱིལ་འཁོར་ཁྱམས་དེར་ཡོན་བདག་དང་། །ཁྲོམ་པ་ཀུན་བསྒོམ་མདུན་བསྐྱེད་དཀྱིལ་འཁོར་ལ། །ཕྱག་འཚལ་དམིགས་པ་བརྒྱ་ཕྱག་འཚལ་བའོ། །དེ་ནི་ཞི་ཁྲོ་བླུགས་ཞེས་ཡོངས་གྲགས་པ། །ན་རཀ་དོང་ནས་སྤྲུག་པའི་ཆོ་ག་སྟེ། །རྩ་བ་བསྐང་བཤགས་ཉམས་ཆགས་རང་གྲོལ་ཡིན། །རྒྱུད་ཚིག་ཁ་སྦྲམ་ཧ་ཅང་གོ་དཀའ་སྟེ། །འདི་ཡི་བསྒོམ་བྱ་དམིགས་རིམ་ཤེས་པར་དཀའ། །ཡོ་ག་གསུམ་གྱི་དགོངས་པ་བསྡུས་པ་ཡིན། །དེ་ལ་ཕྱི་མཆོད་གོ་ནི་སླ་བ་སྟེ། །ཆོས་སྐུའི་ཞིང་ཁམས་ཆོས་དབྱིངས་ཕོ་བྲང་སྟེ། །ནམ་མཁས་ཁྱབ་ཚད་ཆོས་དབྱིངས་ཞིང་ཁམས་ཡིན། །དེ་དག་སངས་རྒྱས་ཀུན་གྱི་ཐུགས་ཀྱིས་ཁྱབ། །སངས་རྒྱས་ཀུན་གྱི་ཆོས་སྐུ་གཅིག་ཡིན་པས། །དེ་ནི་ཆོས་སྐུ་རབ་འབྱམས་ཞེས་བྱའོ། །འཐུག་པོ་བཀོད་དང་རིགས་ལྔའི་ཞིང་ཁམས་ལྔ། །ཆགས་པ་ཡོད་ལ་འཇིགས་པ་མི་མངའ་བ། །དེ་ནི་རིགས་ལྔ་ཡབ་ཡུམ་ལ་སོགས་པ། །དེ་བཞིན་གཤེགས་པ་གཤེགས་མ་གང་བཞུགས་ཚད། །ཐམས་ཅད་ཞི་བ་རབ་འབྱམས་ཁོངས་སུ་གཏོགས། །འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ན། །བརྟན་གཡོ་སྲིད་པའི་དུར་ཁྲོད་ཆེན་པོ་ན། །ཡེ་ཤེས་ཁྲོ་བོ་ཁྲོ་མོ་ཐམས་ཅད་བཞུགས། །དེ་བཞིན་མཁའ་སྤྱོད་གནས་ནི་ཆེ་ཆུང་ན། །གནས་སྐབས་གདུལ་བྱའི་དོན་དུ་ཁྲོ་བོ་དང་། །ཁྲོ་མོ་དུ་མར་སྤྲུལ་ཞིང་དབྱིངས་སུ་ཐིམ། །རི་རབ་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས། །ཨོ་རྒྱན་རང་བྱུང་དུར་ཁྲོད་མ་ལ་ཡ། །རྒྱ་གར་རང་བྱུང་དུར་ཁྲོད་
བརྒྱད་སོགས་སུ། །ཡེ་ཤེས་ཁྲོ་བོ་ཆོས་སྐྱོང་ཐམས་ཅད་བཞུགས། །དེ་ཀུན་ཁྲོ་བོ་རབ་འབྱམས་དཀྱིལ་འཁོར་ཡིན། །དེ་ནི་ཕྱི་ཡི་ཁྲོ་བོའི་དཀྱིལ་འཁོར་ཏེ། །གདོད་ནས་གྲུབ་པ་ལྷུན་གྲུབ་ཞི་ཁྲོ་ལ། །རང་གི་རང་ལུས་རྩ་རླུང་ཐིག་ལེ་ལས། །ཞི་ཁྲོ་བཞུགས་པ་ནང་གི་དཀྱིལ་འཁོར་ཡིན། །གཞན་དུ་མདུན་དུ་རས་བྲིས་རྡུལ་ཚོན་སོགས། །བཤམས་ཤིང་བསྒོམས་ནས་སྤྱན་འདྲེན་ཕྱག་མཆོད་ཚེ། །གཤེགས་དང་བཞུགས་པའི་རྟོག་པ་མི་མངའ་ཡང་། །ཆུ་ཟླ་ལྟ་བུར་གར་དམིགས་དེར་སྣང་བ། །དེ་ནི་གཞན་གྱི་དཀྱིལ་འཁོར་ཡིན་པ་སྟེ། །དེ་དག་རྣམས་ལ་མ་འདུས་ལྷ་གཅིག་མེད། །དེ་ལ་ཞི་ཁྲོ་རབ་འབྱམས་ཟེར་བ་ཡིན། །སྟོང་གསུམ་རི་རབ་གླིང་བཞི་བྱེ་བ་བརྒྱ། །དེ་ལས་གཞན་པའི་དག་དང་མ་དག་གི། སངས་རྒྱས་ཞིང་ཁམས་འཇིག་རྟེན་ཐམས་ཅད་ན། །ངོ་མཚར་ལྷ་རྫས་ལས་གྲུབ་མཆོད་ཡོན་དང་། །མེ་ཏོག་ལ་སོགས་ཕྱི་མཆོད་རྣམ་པ་ལྔ། །གདོད་ནས་གྲུབ་པ་ཐམས་ཅད་བློ་ཡིས་བླང་། །ཡིད་ཀྱིས་ནམ་མཁའ་བར་སྣང་གང་བར་སྤྲུལ། །དངོས་འབྱོར་ལག་ཏུ་མཆོད་པ་རྣམ་ལྔ་བཀྱག །ཐུགས་ལས་སྤྲུལ་པའི་ལྷ་མོ་གྲངས་མེད་ཀྱིས། །མདུན་གྱི་དཀྱིལ་འཁོར་དེ་ཉིད་ཁོ་ན་མིན། །ནམ་མཁའི་གར་ཁྱབ་སངས་རྒྱས་ཞིང་ཀུན་ཏུ། །མཆོད་པའི་སྤྲིན་གྱིས་ཁྱབ་པར་རབ་ཏུ་སྤྲོས། །ནམ་མཁའི་གར་ཁྱབ་སངས་རྒྱས་ཞིང་ཀུན་གྱི། །ཞི་བ་རབ་འབྱམས་ཁྲོ་བོ་རབ་འབྱམས་དང་། །བཀའ་སྲུང་དམ་ཅན་རྒྱ་མཚོ་བཅས་པ་ལ། །མཆོད་པའི་སྤྲིན་གྱིས་སོ་སོར་མཆོད་དམིགས་ལ། །ཧཱུྃ་སྟོང་གསུམ་འདིའམ་ཞེས་སོགས་བསྐང་བ་གྱེར། །དེ་ལྟར་མཆོད་པ་སྨོན་ལམ་འདོད་གསོལ་ནི། །ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག་ཅེས་ནས། དབང་དང་དངོས་གྲུབ་རྩོལ་བར་བརྗོད་པའོ། །དེ་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས། །
སྣང་བ་ལྷ་དང་ལྷ་མོར་བཀོད་བྱས་པས། །བུམ་པས་༼ཕུལ་བས་༽ནང་གི་ཉམས་ཆགས་བསྐང་བ་དང་། །བསོད་ནམས་ཚོགས་རྫོགས་མདོ་ཡི་དགོངས་པ་འདུས། །དེ་ནས་བདུད་རྩི་སྨན་གྱི་བསྐང་བ་ནི། །རྫས་ནི་ཆང་ཕུད་གཙང་མ་མ་ཉམས་པར། །རྩ་བརྒྱད་སྟོང་སྦྱར་རིལ་བུ་སྦྱར་བ་ཡིས། །ཆང་མ་འཛོམས་ན་འོ་མས་ཆོག་པ་སྟེ། །སྣོད་ནི་མཚན་བཟང་བྷནྡྷའི་ནང་དུ་བླུགས། །འཛོམས་ན་རིགས་བཟང་བུ་མོས་བཀྱག་པ་སྟེ། །མ་འཛོམས་མཆོད་གཡོག་པ་ཡིས་བཀྱགས་པ་ཡང་། །དྷཀྐཱི་ཆ་ལུགས་གྱོན་སྐྲ་དབུ་རྒྱན་བཅས། །འདི་དག་རྟེན་འབྲེལ་རྫས་ནི་གལ་ཆེའོ། །བདུད་ནི་མ་རིག་དུག་ལྔ་བདག་འཛིན་ཏེ། །རྩི་ནི་རང་རིག་ཡེ་ཤེས་ལྔ་པོའོ། །དེས་ན་རིགས་དྲུག་སྡུག་བསྔལ་ཀུན་འཇོམས་ལས། །འཁོར་བའི་གཅོང་ནད་སེལ་ཕྱིར་སྨན་ཞེས་བྱ། །བདུད་རྩི་གཏོར་ཞིང་མཆོད་པའི་ཡོན་ཏན་ཡང་། །ལྷ་དང་སྲུང་མར་ཕོག་ན་ཐུགས་དམ་བསྐང་། །མཆེད་ལྕམ་རྣམས་ལ་ཕོག་ན་ཉམས་ཆགས་དག །དགྲ་བགེགས་རྣམས་ལ་ཕོག་ན་རྡུལ་དུ་བརླག །མཆོད་པའི་རྫས་ལ་ཕོག་ན་བདུད་རྩིར་འགྱུར། །གསེར་འགྱུར་རྩི་དང་དངུལ་ཆུ་གྲུབ་པ་ལྟར། །ཀུན་རྫོབ་རྫས་ཀྱི་ནུས་པ་བསམ་མི་ཁྱབ། །དེ་དོན་བདུད་རྩི་སྨན་བསྒྲུབ་གཞུང་རྣམས་གསལ། །ཀུན་རྫོབ་རྫས་ཀྱི་བདུད་རྩི་ལ་བརྟེན་ནས། །དོན་དམ་ཆོས་ཀྱི་བདུད་རྩི་རྟོགས་པར་འགྱུར། །ཀུན་གཞིའི་རྣམ་ཤེས་བྷནྡྷ་རང་བྱུང་སྣོད། །བྱང་ཆུབ་སེམས་གཉིས་བདུད་རྩིས་རབ་ཏུ་བཀང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་བདུད་རྩི་དེས། །ཆོས་སྐུའི་ཐུགས་དམ་བསྐངས་ནས་ཆོས་སྐུ་ཐོབ། །རང་བློའི་མདངས་ནི་རང་གསལ་བྷནྡྷ་རུ། །རྟོག་པ་གང་ཤར་རང་གྲོལ་ཡེ་ཤེས་ཀྱིས། །བདུད་རྩིས་བསྐངས་ནས་རང་གསལ་ལོངས་སྐུ་ཐོབ། །མཆོག་གི་འོད་གསལ་
ཐོད་རྒལ་བྷནྡྷ་རུ། །ཐིག་ལེ་ཐིག་ཕྲན་འབར་བའི་བདུད་རྩིས་བཀང་། །སྤྲུལ་སྐུ་ཞི་ཁྲོའི་ལྷ་ཚོགས་དངོས་སུ་གསལ། །ཡེ་ཤེས་རྩ་ནི་བྷ་སན་བྷནྡྷ་རུ། །སྐྱེ་མེད་ཨ་ཡིག་ངོ་བོ་རྗེན་པས་བཀང་། །རྫས་དེས་ཉོན་མོངས་ཀུན་ཞི་ཞི་བས་༼བའི་༽བསྐངས། །དུག་ལྔ་མ་སྤངས་ཡེ་ཤེས་བྷནྡྷ་རུ། །ཤེས་རབ་རང་རིག་རང་གསལ་བདུད་རྩིས་བཀང་། །རྫས་དེས་ཁྲོ་བོ་བསྐང་ཕྱིར་ཁྲག་འཐུང་འགྲུབ། །སྟོང་གསུམ་སྣོད་ཀྱི་འཇིག་རྟེན་བྷནྡྷ་རུ། །རང་གསལ་སྣང་སེམས་གཅིག་འདྲེས་བདུད་རྩིས་བསྐངས། །གོང་ལྟར་ཕྱི་ནང་གཞན་བཀྲམ་ལྷ་ཚོགས་བསྐང་༼བཀང་༽། །དེ་དག་དོན་དེ་རྟོགས་པར་བྱས་ནས་ཀྱང་། །ཉམས་ལེན་ལྟ་བའི་ངང་ནས་གྱེར་བྱ་ཡིས། །བྷནྡྷ་བདུད་རྩི་དམིགས་པ་བསྒོམ་རྒྱུ་མིན། །དམིགས་མེད་ལྟ་བ་བསྒོམ་པ་བདུད་རྩི་ཡིན། །ཨ་ཏི་ཡོ་གའི་ལུགས་ཀྱི་བསྐང་བ་དེ། །དྲི་མེད་བཤགས་རྒྱུད་ལེའུ་དང་པོའི་དོན། །དེ་ནས་གོང་ལྟར་བསྔོ་བྱང་སྨོན་ལམ་བྱ། །སྐབས་འདིར་རྩ་བརྒྱུད་བླ་མའི་མཚན་ཞབས་སུ། །མཆོད་དོ་བརྗོད་ཅིང་བདུད་རྩི་གཏོར་ཚུལ་བྱ། །དེ་ཚེ་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །བྷནྡྷའི་སྣོད་དེ་བདུད་རྩིའི་རྒྱ་མཚོ་ནས། །ཕྱག་ན་བྷནྡྷའི་སྐྱོགས་བསྣམས་བདུད་རྩི་བཅུས། །རྩ་བརྒྱུད་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ། །སོ་སོར་བདུད་རྩི་ཞལ་དུ་དྲང་བར་དམིིིགས། །དེ་ཡིས་ཐུགས་ཀྱི་དམ་ཚིག་ཉམས་ཆགས་བསྐང་། །༈ དེ་ནས་རཀྟའི་བསྐང་བ་བྱ་བ་ནི། །འཛོམས་ན་བྷནྡྷ་སྐྲ་ཡི་ལན་བུ་བཏགས། །མེད་ན་བྷནྡྷ་རཀྟ་གཙང་མའི་ནང་། །བསྒྲུབ་པའི་དམ་རྫས་རཀྟའི་རྒྱུ་རྩི་བཏབ། །རཀྟ་མེད་ན་འབྲི་མོག་ཇ་རྒོད་སོགས། །འབྱུང་བའི་ཁྲག་སྟེ་རཀྟའི་གོ་ཆོད་དོ། །གཡོན་པས་རཀྟ་བཟུང་ཞིང་གཡས་པ་ཡིས། །རྐང་གི་གཟར་བུའམ་མེད་ན་
གཏོར་སྐྱོགས་ཀྱིས། །འཕྱར་ཞིང་དཀྱིལ་འཁོར་བསྐོར་བ་བྱེད་པ་སྟེ། །དེ་ནི་ཀུན་རྫོབ་རྫས་ཀྱི་རཀྟ་སྟེ། །དོན་དམ་སྣོད་ཀྱི་འཇིག་རྟེན་བྷནྡྷ་སྟེ། །རིགས་དྲུག་འཁོར་བའི་སྡུག་བསྔལ་ཁྲག་གི་མཚོ། །ཁྲག་འཐུང་ཞལ་དུ་བསྟབས་པས་འཁོར་བ་སྟོང་། །ཐམས་ཅད་དག་པ་རབ་འབྱམས་མངོན་སངས་རྒྱས། །རཀྟ་མཆོད་དང་ཁྲག་འཐུང་ཟེར་བའི་དོན། །སྤྱི་ཡི་དོན་ནི་དེ་ལྟར་ཤེས་བྱ་སྟེ། །ཁྱད་པར་འདི་སྐབས་བསྒོམ་བྱའི་དམིགས་པ་ནི། །རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །ཐ་མལ་གདོས་བཅས་ལུས་གཅིག་ཕྱི་ལ་སྤྲོས། །དེ་བཞིན་ཚེ་འདས་སམ་ནི་ཡོན་བདག་གི། གཅོད་ལྟར་རྣམ་ཤེས་སྤར་ལ་ཐིག་ལེ་དེ། །ལྟ་བ་མཐོ་ན་རང་གི་ཐུགས་ཀར་བསྟིམ། །དེ་ཙམ་མེད་ན་མདུན་བསྐྱེད་ཐུགས་ཀར་བསྟིམ། །རང་དང་ཡོན་བདག་ཚེ་འདས་ཕུང་པོ་ཡིས། །སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔ་པོ་ཡི། །རྩ་གནས་ལྔ་པོ་བྷནྡྷ་ལྔ་རུ་བསྒྱུར། །གཞུང་ཚིག་ལྟར་དུ་རཀྟ་ལྔ་ཡིས་བསྐང་༼བཀང་༽། །དེ་འདྲ་རེ་རེ་ལ་ཡང་གྲངས་མེད་སྤྲོས། །ལྷ་མོ་དམར་མོ་དཔག་ཏུ་མེད་པ་ཡིས། །རཀྟ་ཐོགས་ནས་ལྷ་ཚོགས་ཀུན་ལ་མཆོད། །འདི་ནི་ཨ་ནུ་ཡོ་གའི་བསྐང་བའོ། །གསུང་གི་དམ་ཚིག་གསང་དབང་ཉམས་ཆགས་བསྐང་། །འདི་འདྲ་ཐམས་ཅད་མི་འཐད་ཐེ་ཚོམ་ན། །སྒྲུབ་པ་བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི། །ཁྲོ་བོ་རོལ་བའི་གཏོར་བཟློག་དམིགས་རིམ་ནི། །མངའ་བདག་མྱང་གི་གཏེར་མ་སླད་མེད་ལས། །ནང་གི་གཏོར་བཟློག་དམིགས་རིམ་སྐབས་སུ་གསལ། །༈ དེ་ནས་གཏོར་མས་ཐུགས་དམ་བསྐང་བ་ནི། །རྨད་བྱུང་གཏོར་མ་ཕྱོགས་བཞིར་བཀྱགས་གསུང་པས། །ཀཿཐོག་ལུགས་ལ་རྨད་བྱུང་གཏོར་མ་བཞི། །མཆོད་གཡོག་བཞི་ཡིས་ཕྱོགས་བཞི་ནས་བཀྱགས་སྐད། །བཀའ་བབས་ལུགས་
འདི་རྨད་བྱུང་གཏོར་མ་གཅིག །བཟུང་ནས་དཀྱིལ་འཁོར་བསྐོར་ཞིང་ཕྱོགས་བཞི་རུ། །བཀྱགས་ནས་འཆམས་ཏེ་འདུག་ནས་གྱེར་བ་ཡིན། །གོང་ལྟར་རང་དང་ཡོན་བདག་ཚེ་འདས་སོགས། །རྣམ་ཤེས་སྤར་བའི་ཐ་མལ་ལུས་དེ་ཡིན། །ཕུང་པོ་གཏོར་མར་དམིགས་ཏེ་ལྷ་ལ་མཆོད། །ཐོད་པ་བྷནྡྷ་ཤངས་ནི་གཏོར་མ་ལ། །རྣ་བ་འཁོར་ལོ་འབར་བའི་མཐེབ་སྐྱུ་དང་། །མིག་ཚིལ་མིག་ཆུ་རང་བྱུང་ཛ་གད་དང་། །ཛ་གད་ཅིའི་ཕྱིར་ཆང་ལ་འཇུག་པ་དང་། །སྒོག་པ་འུ་སུ་ཚྭ་དང་སྒ་སྐྱ་སོགས། །དབུས་ལུགས་ཟན་སྤགས་ལ་ཡང་འཇུག་པ་དང་། །དེ་བཞིན་ཞིམ་མངར་རྫས་སྣ་དྲི་ཞིམ་པ། །མང་པོ་བསྡུས་པ་ལའང་འཇུག་པ་ཡོད། །འདིར་ནི་ཆང་ནི་རྫས་སྣ་ཀུན་ལ་འཇུག །དབང་པོ་ལྔ་ཡི་ཁྲག་ནི་རཀྟས་བྲན། །ཞི་ཁྲོའི་ལྷ་ཚོགས་ལ་ཕུལ་ཐུགས་དམ་བསྐང་། །སྙིང་ཚིལ་ཉི་ཟླ་གའུའི་གཏོར་གཞོང་བསྒོམ། །སྙིང་ནི་གཏོར་མ་སྙིང་གི་རྩ་འདབ་བརྒྱད། །མཐེབ་སྐྱུ་རྣམ་ཤེས་ཚོགས་བརྒྱད་ཛ་གད་བསྒོམ། །ལུས་ཀྱི་རྩ་ཆེན་བཞི་ཡི་རཀྟས་བྲན། །འབུལ་ཞིང་བསྐང་བ་གཅོད་ཀྱི་ལུས་སྦྱིན་མཚུངས། །ལྤགས་པ་གཏོར་གཞོང་རུས་པ་གཏོར་མར་བསྒོམ། །ཤ་ནི་མཐེབ་སྐྱུ་བཀྲག་མདངས་ཛ་གད་ཏེ། །ཁྲག་དང་ཆུ་སེར་རཀྟས་བྲན་དམིགས་འབུལ། །ཁོག་པ་གཏོར་གཞོང་མཆིན་པ་གཏོར་མ་དང་། །གློ་མཚེར་མཁལ་མ་མཐེབ་སྐྱུས་བསྐོར་བར་བསྒོམ། །གུ་ཧྱ་ཞེས་བྱ་གསང་བའི་མིང་ཡིན་ཏེ། །གསང་གནས་དང་ནི་ནང་ཁྲོལ་ཛ་གད་ཏེ། །མཁྲིས་པ་རཀྟས་བྲན་དམིགས་འབུལ་བའོ། །དེ་ནས་བསྔོ་བྱང་གོང་ལྟར་བྱ་བའོ། །དེ་ནས་མཆོད་གཡོག་པ་ཡིས་མར་མེ་བཀྱགས། །གོང་ལྟར་བདག་དང་ཡོན་བདག་ཚེ་འདས་རྣམས། །བེམ་རིག་བྲལ་ནས་ཕུང་པོ་མར་མེ་དམིགས། །ཚེ་འདས་ལུས་ནི་མེད་པས་ཅི་ཞེ་ན། །ལུས་ངག་ཡིད་གསུམ་
ནམ་ཡང་མི་འབྲལ་ཏེ། །སངས་རྒྱས་ཐོབ་ཚེ་སྐུ་གསུང་ཐུགས་སུ་འགྱུར། །མ་ཤིའི་ཉིན་བར་རྣམ་སྨིན་ཤ་ཁྲག་ལུས། །རྨི་ལམ་སྐབས་སུ་བག་ཆགས་འཁྲུལ་བའི་ལུས། །བར་དོར་སེམས་ཅན་རྣམས་ལ་ཡིད་ཀྱི་ལུས། །རིགས་དྲུག་སྐྱེས་ནས་གར་སྐྱེ་དེ་ཡི་ལུས། །བཀུག་གཞུག་མི་དགོས་གར་ཡོད་དེར་དམིགས་ཏེ། །དམིགས་པ་དགོས་ཚད་རིགས་དྲུག་གར་ཡོད་ཀྱང་། །དཀྱིལ་འཁོར་ཁྱམས་དེར་ཡོད་པར་དམིགས་པས་འཐུས། །ལྤགས་པ་རང་བྱུང་རྐོང་བུ་རྒྱ་ཆེར་བསྒོམས། །ཁྲག་དང་ཆུ་སེར་མར་ཁུའི་རྒྱ་མཚོ་ལ། །ཤ་རུས་སྡོང་བུ་བཀྲག་མདངས་སྒྲོན་མེ་ཉིད། །ཐོད་པ་རྐོང་བུ་ཀླད་པ་མར་ཁུ་དང་། །མིག་གི་གསལ་བྱེད་རྩ་ཡི་སྡོང་བུ་ལ། །དབང་པོ་ལྔ་ནི་གསལ་བའི་སྒྲོན་མེའོ། །ཙིཏྟ་རྐོང་བུ་སྙིང་ཚིལ་མར་ཁུ་དང་། །སྙིང་གི་རྩ་འདབ་བརྒྱད་ནི་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་སྒྲོན་མེར་དམིགས་ནས་ཕུལ། །སྙིང་ནང་འབྱུང་ལྔའི་དངས་མ་རྐོང་བུ་དང་། །དེ་རུ་འོད་ལྔ་ཡོད་པ་མར་ཁུ་དང་། །དོན་སྙིང་ལྔ་ནི་སྡོང་བུ་དམིགས་བྱས་ལ། །ཕྱི་ནང་འགྱུ་བའི་དབུགས་ནི་སྒྲོན་མེར་དམིགས། །ལུས་དབུས་དབུ་མ་དྷཱུ་ཏིའི་རྐོང་བུ་ལ། །རང་གསལ་སྲོག་གི་རླུང་ནི་མར་ཁུར་དམིགས། །རྩ་འཁོར་ལྔ་དང་གསང་གནས་རྩེ་མོ་དང་། །སྤྱི་བོའི་གཙུག་ཏོར་རྩ་འཁོར་དང་བཅས་བདུན། །འཁོར་ལོ་བདུན་བརྩེགས་རྩ་འཁོར་སྡོང་བུར་བསམ། །ཡར་མར་ཨ་ཧཾ་བྱང་སེམས་སྒྲོན་མེར་དམིགས། །སྙིང་དབུས་མི་ཤིག་ཐིག་ལེའི་སྲོག་གི་རྟེན། །དེ་ནི་རྐོང་བུ་རང་རིག་ཡེ་ཤེས་ནི། །མར་ཁུ་སྙིང་གི་རྩ་བྲན་བཅུ་སྡོང་བུ། །རང་སེམས་རིག་པ་རང་གསལ་སྒྲོན་མེར་དམིགས། །རྗེས་མ་འདི་ནི་བེམ་རིག་མ་བྲལ་བའི། །ལུས་སེམས་ཟུང་འཇུག་ཉིད་ལ་དམིགས་པ་སྟེ། །ལྷ་མོས་མཆོད་སོགས་མི་དགོས་ཡིད་
ཀྱིས་འབུལ། །འདི་དོན་བཀའ་བརྒྱད་ཁྲོ་བོ་རོལ་བ་ཡི། །གསང་བ་དུག་ལྔ་ཡེ་ཤེས་ལྔར་བཟློག་པའི། །ཞི་བཟློག་དམིགས་རིམ་སྐབས་ན་དོན་གྱིས་གསལ། །དེ་རྣམས་རྫོགས་ཆེན་སྤྱི་ཏི་ཡང་ཏིའི་ལུགས། །སྙིང་དབུས་ཡེ་ཤེས་རྩ་ནི་བྷ་བནྡྷ། །རྐོང་བུ་དམིགས་ཤིང་དེ་ནང་ཡེ་ཤེས་ནི། །སྐྱེ་མེད་ཨཱཿདཀར་རྩ་གཅིག་མར་ཁུ་ལ། །ཡེ་ཤེས་འོད་ཟེར་སྟེང་ཕྱོགས་བར་སྣང་ལ། །གསལ་བར་གྱུར་པ་དེ་ནི་སྡོང་བུ་ལ། །ཤེས་རབ་འབྲས་བུ་སྟོང་གསལ་མངོན་སུམ་དུ། །རྟོགས་པར་འགྱུར་བ་སྒྲོན་མེར་དམིགས་ཏེ་འབུལ། །མཆོག་གི་འོད་གསལ་ཐོད་རྒལ་རྐོང་བུ་ལ། །མདངས་ནི་གསལ་བ་དེ་ནི་མར་ཁུར་བསམ། །ཐིག་ལེ་ཐིག་ཕྲན་འོད་འབར་སྡོང་བུ་ལ། །ཡེ་ཤེས་ལྔ་ནི་དངོས་མཐོང་སྒྲོན་མེར་བསྒོམ། །ཀུན་གཞི་འཁོར་འདས་སྤྱི་གཞི་རྐོང་བུར་དམིགས། །ཆོས་དབྱིངས་ཀུན་ལ་ཁྱབ་པ་མར་ཁུ་སྟེ། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་སྒྲོན་མེ་སྦར་དམིགས་འབུལ། །འདི་ནི་སྣང་སྲིད་མར་མེར་སྦར་བ་ཡིན། །གཏེར་གཞུང་ཚིག་ལ་དེ་བས་མ་མཆིས་ཀྱང་། །བླ་མ་བརྒྱུད་པའི་ཕྱག་སྲོལ་འདི་སྦྱར་ཏེ། །རིན་ཆེན་སྣ་ལྔའི་རྐོང་བུ་རུ། །འབྲུ་མར་རྩི་མར་མར་ཁུས་གཏམས། །རས་བལ་ཤིང་བལ་སྡོང་བུ་བཙུག །སྣང་གསལ་སྒྲོན་མེའི་མར་མེ་སྦར། །འདི་ཡང་རང་བྱུང་ཞུན་མར་སྟེ། །བསྐང་བའི་རྫས་མཆོག་བླ་ན་མེད། །ཞེས་སོགས་སྦྱར་བ་འདི་ནི་ཕྱག་ལེན་ཏེ། །དངོས་སུ་བཤམས་པའི་མར་མེ་བརྒྱ་རྩ་དེ། །པད་ཟླའི་སྟེང་དུ་ཨའམ་དྷི་ཡིག་ལས། །བྱུང་བའི་ལྷ་མོ་མར་མེ་རབ་མཛེས་པ། །དར་དང་རིན་ཆེན་རྒྱན་ལྡན་བརྒྱ་རྩ་བརྒྱད། །ཀུན་གྱི་ཕྱག་ན་མར་མེ་རེ་རེ་བསྣམས། །དེ་ལས་རང་འདྲའི་ལྷ་མོ་མར་མེ་མ། །བྱེ་བ་ཕྲག་ཁྲིག་དུང་ཕྱུར་གྲངས་མེད་འཕྲོས། །ནམ་མཁའི་མཐར་ཐུག་སངས་རྒྱས་
ཞིང་ཀུན་གྱི། །ཞི་དང་ཁྲོ་བོའི་ལྷ་ཚོགས་རབ་འབྱམས་ལ། །རྒྱུན་ཆད་མེད་པར་མར་མེ་ཕུལ་བར་བསྒོམ། །དེ་ནི་ཕྱི་ཡི་མར་མེ་ཡིན་པ་སྟེ། །བསྐྱེད་པ་མ་ཧཱ་ཱཡོོ་གའི་ལུགས་ཡིན་ལ། །སྔོན་མ་རྣམས་ནི་ནང་དང་གསང་བ་དང་། །དེ་ཁོ་ན་ཉིད་ཀྱི་མར་མེ་ཡིན་པ་སྟེ། །ཨ་ནུ་ཨ་ཏི་ཡང་ཏི་སྤྱི་ཏིའི་ལུགས། །དེ་ཡི་ཤེས་རབ་ཡེ་ཤེས་རྩལ་དབང་སོགས། །རྩ་བ་ཡན་ལག་ཉམས་ཆགས་ཐམས་ཅད་བསྐང་། །དེ་ལྟར་མར་མེ་ཕུལ་བའི་བསོད་ནམས་ཀྱིས། །ཚེ་འདས་སྦྱིན་བདག་ཐོགས་དྲངས་འགྲོ་དྲུག་གི། །ཉམས་ཆགས་ཐམས་ཅད་ཞེས་སོགས་བསྔོ་བྱང་བྱ། །དེ་ལྟར་སྨན་རཀ་གཏོར་མ་མར་མེ་བཞི། །ཡོ་ག་གསུམ་གྱི་དོན་འདུས་རྒྱུད་ཀྱི་ཚིག །གནད་ཆེན་གོ་དཀའ་རྡོ་རྗེའི་གསུང་ཡིན་ཏེ། །གསང་སྔགས་ཆོས་རྣམས་བརྡ་ཡི་ཚིག་གིས་སྟོན། །དེ་ཕྱིར་འདི་ལ་འཇུག་པ་གཉིས་རེ་སྟེ། །ཡོ་གའི་དུས་སུ་དམིགས་པ་བསྒོམ་བྱ་ནི། །གོང་ལྟར་བཤད་པ་དེ་ལྟར་ངེས་པའོ། །མདུན་བསྐྱེད་ཐུགས་ནས་སྦྱིན་བདག་རྣམ་ཤེས་སོགས། །སོ་སོ་ལ་ནི་ཕྱིར་ལ་བསྟིམ་པར་བྱ། །ཁྲིད་ཀྱི་དུས་སུ་གོ་བ་བླང་བྱ་ནི། །དེ་ལྟར་དམིགས་པ་བསྒོམ་པ་མ་ཡིན་ཏེ། །བསྒོམ་རིམ་ལྷན་སྐྱེས་བག་ཆགས་རང་གྲོལ་སོགས། །ལུས་ལ་དཀྱིལ་འཁོར་བསྒོམས་པའི་དུས་དག་དུ། །སྨན་རཀ་གཏོར་མ་མར་མེ་མཆོད་པ་རྣམས། །བཤམས་མི་དགོས་པར་ལུས་ལ་ཚང་འདུག་སྟེ། །དེ་དག་རྒྱས་པར་བྲི་བར་མི་ལང་སྟེ། །བཀའ་དགོངས་ལ་སོགས་རྙིང་མའི་གཞུང་ཆེན་ལྟོས། །མདོར་བསྡུས་དོན་གྱི་ཁོག་ཁྲོལ་བཤད་པ་ནི། །ཕྱི་ཡི་མ་ཧཱ་ཱཡོ་གའི་ཆོ་ག་ནི། །མཚམས་གཅོད་ནས་བཟུང་གཤེགས་བསྡུའི་བར་རྣམས་ནི། །ལུས་དཀྱིལ་ཚར་གཅིག་བསྒོམ་ལ་ཚང་བ་དང་། །དེ་བཞིན་རྩ་རླུང་གཏུམ་མོ་ཐུན་གཅིག་ལ། །ཆོ་ག་དེ་དག་ཐམས་ཅད་ཚང་ཚུལ་དང་། །རང་
སེམས་ངོ་བོ་ཐུན་གཅིག་སྐྱོང་པ་ལ། །ཆོ་ག་དེ་དག་དོན་ལ་ཚང་ཚུལ་སྟེ། །ཕྱི་ཡི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་དང་། །ནང་དུ་རྩ་རླུང་ལས་ཀྱི་དཀྱིལ་འཁོར་དང་། །གསང་བ་ཏིང་འཛིན་སེམས་ཀྱི་དཀྱིལ་འཁོར་གསུམ། །དོན་ལ་མཚུངས་པར་གོ་བ་ལེན་པའོ། །དེ་བཞིན་ཕྱི་ཡི་དཀྱིལ་འཁོར་རྡུལ་ཚོན་དང་། །སྣོད་ཀྱི་འཇིག་རྟེན་ཆགས་འཇིག་སྟོང་གསུམ་མཚུངས། །ནང་གི་དཀྱིལ་འཁོར་ལུས་དཀྱིལ་བསྒོམ་པ་ཡང་། །སྐྱེ་དང་གནས་དང་འཆི་བ་དོན་མཚུངས་ཚུལ། །གསང་བའི་དཀྱིལ་འཁོར་ཏིང་ངེ་འཛིན་ལ་ཞུགས། །གནས་དང་རྗེས་ཐོབ་དོན་རྣམས་མཚུངས་ཚུལ་དང་། །དེ་དག་གསུམ་ལའང་འོག་མིན་བཞུགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་དོན་ལ་དབྱེར་མེད་པར། །དངས་མའི་མཚོ་ལ་ཟླ་བའི་དཀྱིལ་འཁོར་བཞིན། །བརྟེན་པ་ཀུན་རྫོབ་དཀྱིལ་འཁོར་དེ་རྣམས་ལ། །རྟེན་གྱི་ཡེ་ཤེས་དཀྱིལ་འཁོར་བཞུགས་པ་སོགས། །རྒྱས་པར་ནང་དོན་རྩ་འགྲེལ་ལ་སོགས་པ། །གསར་རྙིང་སྔགས་གཞུང་ཆེན་པོ་རྣམས་སུ་ཤེས། །དགོས་པ་དེ་ལྟར་ཆོ་ག་ཚར་རེ་ཡིས། །བསྐལ་པ་ཆེན་པོ་རེ་རེར་ཚོགས་བསགས་དང་། །སྒྲིབ་སྦྱང་བྱས་པའི་བསོད་ནམས་འཐོབ་པའི་ཕྱིར། །མདོ་ལུགས་བསྐལ་པ་གྲངས་མེད་གསུམ་ལ་ནི། །སངས་རྒྱས་ཐོབ་པ་གསང་སྔགས་བླ་མེད་ལ། །ཚེ་གཅིག་ཉིད་ལ་ཐོབ་པའི་གནད་ཟབ་ལ། །དེ་ལྟར་ཁྲིད་དུས་གོ་བ་ཐེབ་པར་བྱ། །དེ་ནས་མར་མེ་སྨོན་ལམ་བྱ་བ་ནི། །རྫོགས་ཆེན་ཆོས་ལ་ཐོས་བསམ་བྱས་ན་ཤེས། །གསར་མ་སོར་བཞག་མཁས་ཀྱང་གོ་བ་དཀའ། །འདི་ལ་དམིགས་པ་བསྒོམ་རྒྱུ་གཞན་མེད་དེ། །དཔོན་སློབ་རྣམས་དང་ཚེ་འདས་སྦྱིན་བདག་བཅས། །ངན་སོང་གནས་སུ་ནམ་ཡང་མི་ལྟུང་བར། །ཀུན་ཏུ་བཟང་པོའི་གོ་འཕང་མ་ཐོབ་བར། །ནམ་ཡང་འབྲལ་
མེད་འགྲོགས་པར་གྱུར་ཅིག་ཅེས། །ཀུན་གྱིས་ཡིད་ལ་བསམ་ཞིང་གྱེར་བ་སྟེ། །འཛོམས་ན་ཀུན་གྱི་ལག་ཏུ་མར་མེ་རེ། །མ་འཛོམས་དཀྱིལ་འཁོར་མཐའ་ཡི་མར་མེ་དེ། །ཐོག་མར་སྦྱིན་བདག་ཉིད་ལ་སྦར་བཅུག་ནས། །དེ་ནས་སུས་བདེར་སྦར་ལ་འདོན་བྱའོ། །དེ་ནས་ཚིག་རིས་གོ་དཀའ་ཅུང་ཟད་བཀྲོལ། །དུར་ཁྲོད་གསང་བ་མཆོག་དེ་གང་ཞེ་ན། །ཕྱི་ཡི་དུར་ཁྲོད་འོག་མིན་འཐུག་པོ་བཀོད། །དེ་རུ་བརྟན་གཡོ་སྲིད་པའི་དུར་ཁྲོད་དེ། །འཕྲིན་ལས་རྒྱ་མཚོའི་རྒྱུད་ལས་རྒྱ་ཆེར་གསུངས། །དེ་དང་ཆ་མཐུན་བསིལ་བ་ཚལ་ལ་སོགས། །རྒྱ་གར་རང་བྱུང་དུར་ཁྲོད་བརྒྱད་ལ་སོགས། །ནང་གི་དུར་ཁྲོད་མིག་སོགས་དབང་པོའོ། །ཚོགས་བརྒྱད་རྣམ་ཤེས་འགྱུ་བའི་གནས་རྣམས་སོ། །གསང་བའི་དུར་ཁྲོད་སེམས་ཉིད་ཡིན་པ་སྟེ། །ཉོན་མོངས་རྣམ་རྟོག་ཤ་ཟ་རོ་ལངས་རྒྱུ། །གཞན་དུ་མདུན་དུ་བཤམས་པའི་རྡུལ་ཚོན་གྱི། །དཀྱིལ་འཁོར་མཐའ་ལ་བྲིས་པའི་དུར་ཁྲོད་བརྒྱད། །ཕྱི་ནང་གཞན་གསུམ་ངོ་བོ་གཅིག་པ་གནད། །གསང་བ་ཡིན་ཏེ་ཕལ་གྱི་མ་ཐོས་སོ། །མཆོག་གི་དཀྱིལ་འཁོར་དེ་གསུམ་དབྱེར་མེད་དུ། །རྟོགས་པ་སློབ་དཔོན་ཉིད་ཀྱི་མདུན་བཤམས་པའི། །དཀྱིལ་འཁོར་དམ་ཡེ་དབྱེར་མེད་དེ་ལ་སོགས། །སློབ་དཔོན་དབུ་བྱས་ཚེ་འདས་མཆེད་ལྕམ་དང་། །ཡོན་བདག་བཅས་པ་རྣམས་ནི་གོ་སླའོ། །ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པ་ནི། །འཆི་བ་རྫོགས་རིམ་ཆོས་སྐུར་དོན་གཅིག་པས། །ནམ་ཞིག་འཆི་དུས་བྱང་ཆུབ་ལྷུམས་ཞུགས་ཡིན། །འཁོར་བའི་གཡང་སར་མི་ལྟུང་སྨོན་ལམ་སྤྱི། །བྱེ་བྲག་མ་རིག་གཏི་མུག་གཟུགས་མེད་ཁམས། །གཅོང་རོང་ཟབ་མོ་ཡི་དྭགས་གནས་ཡིན་ཏེ། །དམྱལ་ཟངས་ལ་སོགས་དམྱལ་ཁམས་བཅོ་བརྒྱད་དང་། །གཅན་གཟན་སྒྲ་སྐད་ཐོས་པ་དུད་འགྲོ་སྟེ། །ལས་ཀྱི་མཚོན་རྣོན་ལྷ་
མ་ཡིན་གྱི་ལུས། །དེ་དག་རྣམས་སུ་མི་འགྱུར་སྨོན་ལམ་དང་། །བཤེས་གཉེན་བཀའ་དྲིན་ཆེ་བའི་སློབ་དཔོན་ཏེ། །དམ་ཚིག་གཅིག་པ་དབང་བསྐུར་མཉམ་དུ་ཞུས། །ཆགས་ལམ་ཡིན་ན་རིགས་ལྡན་གཟུངས་མ་སྟེ། །དེ་བཞིན་ཚེ་འདས་རྒྱུ་སྦྱོར་སྦྱིན་བདག་བཅས། །ཚེ་རབས་ཀུན་ཏུ་ནམ་ཡང་མི་འབྲལ་བར། །ཚོགས་ལམ་ཆུང་ངུ་འབྲིང་དང་ཆེན་པོ་དང་། །སྦྱོར་ལམ་དྲོད་དང་རྩེ་མོ་བཟོད་པ་དང་། །ཆོས་མཆོག་བགྲོད་ནས་རབ་དགའི་ས་ཐོབ་སྟེ། །དྲི་མ་མེད་ནས་འོད་འཕྲོ་འོད་བྱེད་པ། །སྦྱོང་དཀའ་མངོན་དུ་ཕྱོགས་དང་རིང་དུ་སོང་། །དེ་དག་མ་དག་པ་ཡི་ས་བདུན་ཏེ། །དག་ས་དང་པོ་ས་བརྒྱད་མི་གཡོ་བ། །ལེགས་པའི་བློ་གྲོས་བཅུ་པ་ཆོས་ཀྱི་སྤྲིན། །དེ་དག་རིམ་གྱིས་བགྲོད་པའི་སྨོན་ལམ་ཏེ། །ཁྱད་པར་ཞེས་བྱ་མདོ་ལུགས་ས་ལམ་ལྟར། །གྲངས་མེད་གསུམ་སོགས་ཡུན་ལ་མི་ལྟོས་ཤིང་། །ལུས་སྲོག་སྦྱིན་སོགས་དཀའ་སྤྱད་མི་དགོས་པར། །བདེ་ཞིང་མྱུར་དུ་ཚེ་འདིར་འཐོབ་པའོ། །གལ་ཏེ་ཚེ་འདིར་དང་པོའི་ས་མ་ནོན། །ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ན། །འཁོར་བའི་གཡང་ས་ཆེན་པོར་ལྟུང་སྲིད་ན། །རྟེན་འབྲེལ་གསལ་བྱེད་མར་མེ་ཕུལ་བ་ཡི། །རྒྱུ་དང་ཞི་ཁྲོའི་ལྷ་ཚོགས་ཐུགས་རྗེ་ཡིས། །རྐྱེན་བྱས་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ལ། །སྨོན་ལམ་རྣམ་དག་འདི་ཡིས་མཚམས་སྦྱོར་ཏེ། །མར་མེ་ཕུལ་བའི་བསོད་ནམས་དཔག་མེད་པ། །མར་མེའི་མདོ་ལས་ཐུབ་པས་གསུངས་པ་སྟེ། །སྒྲུབ་པ་པོ་དང་ཚེ་འདས་སྦྱིན་བདག་དེའི། །ཤུལ་མཚོན་ཞེས་བྱ་རྗེས་སུ་འབྲང་བ་སྟེ། །ངན་སོང་གསུམ་དང་ལྷ་མ་ཡིན་སོགས་ཀྱི། །སྐྱེ་སྒོ་མར་མེས་ཆོད་པའི་སྨོན་ལམ་མོ། །དེ་ལྟར་ཚེ་འདིར་ས་བཅུ་མ་ནོན་ཡང་། །འབྲིང་གིས་བར་དོ་ཐ་མས་སྐྱེ་བ་རྒྱབ། །ཡང་མཐས་སྐྱེ་བ་བདུན་ལས་མི་འགྱང་
བར། །ས་བཅུ་ཐོབ་ནས་ཉོན་མོངས་བག་ཆགས་སྦྱོང་། །སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་རེ་ལའང་། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཆ་གཉིས་འགྱེད། །དག་པའི་ཞིང་དུ་སངས་རྒྱས་ཆོས་ཉན་དང་། །མ་དག་ཞིང་དུ་གང་ལ་གང་འདུལ་དུ། །སྤྲུལ་ནས་འགྲོ་དོན་ཐོགས་པ་མེད་པའོ། །འདི་མན་ས་ལམ་མིང་དང་དབྱེ་བ་སོགས། །མདོ་དང་མཚུངས་ཕྱིར་བསྡུས་ཏེ་གསུངས་པའོ། །ས་བཅུ་ཐོབ་ཚེ་སེམས་དཔའ་སེམས་མ་ཡིས། །མདུན་བསུས་རྒྱབ་ནས་སྐྱོལ་ཞེས་བྱ་བའི་དོན། །བྱང་ཆུབ་སེམས་དཔས་འགྲོོ་དོན་བྱེད་པའི་ཚེ། །བྱང་ཆུབ་སེམས་དཔའ་མང་པོས་སྤྲུལ་བ་དང་། །ཡང་སྤྲུལ་ཉིང་སྤྲུལ་སུམ་སྤྲུལ་མང་པོ་དང་། །སློབ་དཔོན་མཆེད་གྲོགས་སློབ་མ་ཡོན་བདག་སྤྲུལ། །འགྲོ་དོན་བྱེད་པའི་གྲོགས་ནི་བྱེད་པའོ། །དཔེར་ན་སྤྱན་རས་གཟིགས་སྤྲུལ་སྲོང་བཙན་དུས། །འཇམ་དབྱངས་སྤྲུལ་བ་ཐོན་མི་སམ་བྷོ་ཊ། །ཕྱག་རྡོར་སྤྲུལ་པ་མགར་བློན་ལ་སོགས་པ། །སྲས་དང་བློན་པོ་ཕལ་ཆེར་སེམས་དཔའི་སྤྲུལ། །དེ་བཞིན་དེང་སང་རྒྱལ་བའི་དབང་པོ་ལ། །འོད་དཔག་འཇམ་དབྱངས་ཕྱག་རྡོར་བྱམས་པ་སོགས། །སེམས་དཔའ་གཞན་གྱི་སྤྲུལ་པས་བསྟན་པ་འཛིན། །བྱང་ཆུབ་སེམས་མས་མཐའ་བརྟེན་ཞེས་པ་ཡང་། །རྒྱ་བཟའ་བལ་བཟའ་སྒྲོལ་མ་དཀར་སྔོ་དང་། །ཡེ་ཤེས་མཚོ་རྒྱལ་དབྱངས་ཅན་ལྷ་མོ་སྟེ། །སྲོང་བཙན་པད་འབྱུང་འགྲོ་དོན་གྲོགས་མཛད་ལྟར། །དེ་དོན་འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །པོ་ཊ་ལ་ནས་རྗེ་བཙུན་སྒྲོལ་མ་ཡི། །སྤྲུལ་པས་འཛམ་གླིང་ཆུ་བཞིའི་རྒྱུད་ཁྱབ་པར། །བྱང་ཆུབ་སེམས་དཔའ་ཀུན་གྱི་རྗེས་སུ་འབྲངས། །སྲུང་སྐྱོབ་སྦེད་པར་བྱེད་ཅེས་གསུངས་པའོ། །ཁྲོ་བོ་ཁྲོ་མོས་མཐའ་བརྟེན་ཞེས་པའི་དོན། །གསང་བ་བསྟན་པའི་མདོ་ལས་གསུངས་པ་ལྟར། །སངས་རྒྱས་བྱང་
སེམས་ཀུན་གྱི་སྤྲུལ་པ་ནི། །ཅི་ཙམ་སྤྲུལ་པ་དེ་ཡི་གྲངས་མཉམ་པའི། །ཕྱག་རྡོར་སྤྲུལ་པ་ཕྱི་བཞིན་འབྲང་ནས་ཀྱང་། །རྡོ་རྗེ་བསྣམས་ནས་བར་ཆད་བསྲུང་བར་གསུངས། །སུ་ཞིག་སྡེ་སྣོད་གསུམ་པོ་ཐོས་བསམ་བསྒོམ། །དེ་ནི་དཔལ་ལྡན་ལྷ་མོས་དུས་རྟག་ཏུ། །བུ་བཞིན་སྐྱོང་ཞིང་གལ་ཏེ་མ་བསྲུང་ན། །ལྷ་མོ་ཉིད་ཀྱང་ལུས་སྲོག་རབ་བསྲེག་ནས། །མནར་མེད་དམྱལ་བར་སྐྱེ་བར་དམོད་བོར་བ། །དཔལ་ལྡན་ལྷ་མོ་རྩ་བའི་རྒྱུད་ལས་གསལ། །དེ་དག་རྣམས་དང་མཚུངས་པར་རང་ཅག་རྣམས། །སེམས་དཔའ་སེམས་མས་གྲོགས་ནི་བྱེད་པ་དང་། །ཁྲོ་བོ་ཁྲོ་མོས་སྲུང་པའི་སྨོན་ལམ་ཡིན། །དུད་འགྲོ་ཆད་པོ་ནད་པ་ཟུང་ཟད་ལྟར། །འདེད་ཁྲིད་སྐྱོར་ནས་འགྲོ་བ་མ་ཡིན་ཏེ། །དེ་དོན་འོག་མ་ཀུན་ལ་འགྲེས་ཤེས་བྱ། །མདོ་ཡི་ལུགས་ལ་བཅུ་གཅིག་སངས་རྒྱས་ས། །གསར་མའི་སྔགས་ལུགས་བཅུ་གསུམ་སངས་རྒྱས་ས། །དེ་བས་ཡན་ལ་བརྩི་བར་མ་མཆིས་ཀྱང་། །དུས་འཁོར་ལུགས་ལ་དེ་བས་མང་གསུངས་ལྟར། །རྫོགས་ཆེན་ལུགས་ལ་བཅུ་དྲུག་ཡེ་ཤེས་ས། །ཡང་ན་ས་ནི་ཉི་ཤུ་གསུངས་པ་ལྟར། །ཀུན་ཏུ་འོད་དང་རྡོ་རྗེ་འཛིན་པ་དང་། །པདྨ་ཅན་དང་འཁོར་ལོ་ཚོགས་ཆེན་ས། །བཀོད་པ་རབ་རྫོགས་དེ་ཝ་ཀོ་ཤའི་ས། །ཐར་བ་ཆེན་པོ་རྡོ་རྗེ་འཛིན་པའི་ས། །ལྕང་ལོ་ཅན་དང་རྫོགས་པ་བླ་མེད་ས། །སྲིད་གསུམ་ངང་རྫོགས་བྱ་རྩོལ་གཉིས་ཀྱི་༼མེད་༽ས། །དེ་ལྟར་ཐུན་མོང་མིན་པའི་ས་བཅུ་གཉིས། །ཐུན་མོང་དགུ་དང་ཉི་ཤུ་རྩ་གཅིག་སྟེ། །ཕྱག་རྫོགས་ཟུང་འཇུག་གདམས་པའི་རྣལ་འབྱོར་བ། །གྲུབ་ཐོབ་ཆེན་པོ་ཀརྨ་པཀྴི་ཡི། །གདམས་ངག་རྒྱ་མཚོ་མཐའ་ཡས་གཞུང་ཆེན་ལས། །གནས་ལུགས་ཀུན་རྫོབ་ཆོས་ཀྱི་དབྱིངས། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །ཐེག་པ་ཀུན་ལས་འདས་པ་སྟེ། །ས་ལམ་རིམ་པ་
བཅུ་དྲུག་སྟེ། །ཡང་དག་དོན་གྱི་འོག་མིན་དུ། །གདོད་ནས་ཐམས་ཅད་རང་བཞིན་རྫོགས། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། །ཐེག་དགུའི་སྒྲ་དོན་རྟོགས་པ་དང་། །ནཱ་རོ་བརྒྱུད་པའི་བྱིན་རླབས་ཀྱིས། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། །དག་སྣང་ས་ར་ཧ་དང་མཇལ། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །རྒྱ་མཚོ་མཐའ་ཡས་གཏིང་དཔག་དཀའ། །དབང་པོ་རབ་འབྲིང་ཐ་མ་རྣམས། །འགའ་ཞིག་བགྲོད་ནས་མངོན་སངས་རྒྱས། །ཅིག་ཆར་བ་ཡི་གང་ཟག་རྣམས། །རྟོགས་ཐོབ་དུས་མཚུངས་ཀུན་ཏུ་བཟང་། །ས་ལམ་བགྲོད་དང་མ་བགྲོད་པའི། །འཁོར་འདས་ཀུན་ལ་ཁྱབ་པར་ཡང་། །ས་ལམ་རིམ་པ་ཉི་ཤུ་གཅིག །ཡང་དག་དོན་གྱི་འོག་མིན་དུ། །ཐམས་ཅད་རྫོགས་པ་སྤྱི་ཡི་ས། །ཞེས་སོགས་ཀརྨ་པཀྴའི་གསུང་། །རང་བྱུང་རྡོ་རྗེས་གསུངས་པ་ནི། །པཀྴི་ཉིད་ཀྱི་གསང་མཚན་དེ། །ཕྱག་རྫོགས་དབྱེར་མེད་ལམ་འདི་ལ། །བརྟེན་ནས་རྗེ་ཉིད་ཚེ་གཅིག་ལ། །སངས་རྒྱས་གོ་འཕང་ཐོབ་པར་བཞེད། །གྲུབ་ཐོབ་མང་ཡང་པཀྴི་འདྲའི། །གྲུབ་ཐོབ་རྒྱ་བོད་ཀུན་ལ་དཀོན། །དེ་ཕྱིར་འདིའི་གསུང་ཐེ་ཚོམ་སྤང་། །དེ་ནས་ཧཱུྃ་རྣམ་ཤེས་ཕུང་པོ་ཞེས་སོགས་བསྐང་བའི་དོན། །ཏིང་འཛིན་མཆོག་ཏུ་གྱུར་པའི་རྒྱུད་ཆེན་ལས། །བསྐྱེད་རྫོགས་གོལ་ས་དཔག་ཏུ་མེད་པ་དང་། །ཁྱད་པར་དམ་པ་རིགས་བརྒྱ་རེ་རེ་ཡི། །བསྐྱེད་རྫོགས་གོལ་ས་རེ་རེ་ཡོད་པ་སྟེ། །གོལ་ས་བརྒྱ་ནི་ཐམ་པ་ཡོད་པར་གསུངས། །དེ་དོན་མདོར་བསྡུས་བསྐྱེད་རིམ་ཐམས་ཅད་ལ། །ཨ་འཐས་ཐེར་ཟུག་འདེད་པོ་ལྟ་བུ་རུ། །བསྒོམས་ན་གོལ་ས་ཆེན་པོ་ཡོད་པ་སྟེ། །ཞི་བ་བསྒོམས་པས་གཟུགས་ཁམས་ལྷ་རུ་གོལ། །ཁྲོ་བོ་བསྒོམས་པས་བདུད་དང་གཤིན་རྗེར་གོལ། །མགོ་བརྙན་ཅན་བསྒོམས་ཤ་ཟ་ཕྲ་མེན་གོལ། །གོལ་ས་
གཅོད་ཐབས་གསང་སྔགས་ལྷ་ཚོགས་ཀུན། །ངོ་བོ་སྟོང་ལ་ཆོས་སྐུ་རྗེན་པ་སྟེ། །སྐུ་མདོག་ཕྱག་མཚན་ཞལ་ཕྱག་གྲུབ་པ་མེད། །འོན་ཀྱང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སུ། །ཞལ་ནས་འཁོར་ལ་ཆོས་གསུངས་མི་དགོས་པར། །ཞལ་ཕྱག་སྐུ་མདོག་ཕྱག་མཚན་མཐོང་ཙམ་གྱིས། །འཁོར་རྣམས་ཀུན་གྱི་དེ་དོན་ཆོས་རྣམས་རྟོགས། །དེ་ནི་ཞི་ཁྲོའི་ལྷ་ཚོགས་ཆ་ལུགས་ཀུན། །དམ་ཆོས་བརྡ་ཡི་སྒོ་ནས་སྟོན་པ་ཡིན། །ངེས་ཤེས་གཟུགས་སུ་གྲུབ་པ་མིན་ཞེས་བྱ། །བཅོམ་ལྡན་ཆོས་སྐུ་ཀུན་ཏུ་བཟང་པོ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་ཉོན་མོངས་ཚོགས། །མ་སྤངས་ཡེ་ནས་རྣམ་པར་དག་པ་ལ། །རང་གཟུགས་དམ་པ་རིགས་བརྒྱའི་ལྷ་ཚོགས་ཤར། །དེ་ནི་འབྲས་བུ་དམ་པ་རིགས་བརྒྱ་ཡིན། །བསྐྱེད་རྫོགས་ཟུང་འཇུག་རྟོགས་པའི་རྣལ་འབྱོར་གྱི། །ཕུང་ཁམས་སྐྱེ་མཆེད་དེ་ནི་རིགས་བརྒྱར་གསལ། །དེ་ནི་ལམ་དུས་དམ་པ་རིགས་བརྒྱ་ཡིན། །དལ་འབྱོར་ཆོས་ལྡན་མི་ལུས་ཐོབ་རྣམས་ནི། །ལུས་ལྷའི་ཚུལ་དུ་དམ་པ་རིགས་བརྒྱ་གནས། །དེ་ནི་གཞི་དུས་དམ་པ་རིགས་བརྒྱ་ཡིན། །དེ་ལྟར་ཕུང་པོ་ལྔ་པོ་རིགས་ལྔ་དང་། །ཁམས་ལྔ་ཡུམ་ལྔ་ཚོགས་བརྒྱད་སེམས་དཔའ་བརྒྱད། །ཡུལ་བརྒྱད་སེམས་མ་ཉོན་དྲུག་ཐུབ་པ་དྲུག །ལུས་ཀྱི་རྣམ་ཤེས་ལ་སོགས་ཁྲོ་བོ་བཞི། །རྟག་ཆད་ལ་སོགས་སྒོ་མ་ཡུམ་བཞི་དང་། །ཉོན་མོངས་རྟོག་པ་ལ་སོགས་ཁྲག་འཐུང་ལྷ། །བསྐང་བའི་གཞུང་ལྟར་ངོ་སྤྲོད་ངེས་ཤེས་ཐོབ། །དེ་ཡིས་བསྐང་བ་མཆོག་ཏུ་འགྱུར་བ་དང་། །མཆོག་ཆེན་མི་དང་མཆོག་ཕྲན་རྐང་དུང་དང་། །མཚན་ལྡན་བུད་མེད་མཁའ་འགྲོའི་མཚན་རྟགས་ཅན། །ཙ་ར་ར་སྐྱེས་མཁའ་ལྡིང་བྱ་མོ་ནག །དེ་སོགས་བསྐང་རྫས་དངོས་སམ་ཡིད་སྤྲུལ་འབུལ། །བསྐང་རྫས་འབུལ་བ་ཀུན་རྫོབ་རྫས་
ཀྱིས་བསྐང་། །བསྐྱེད་རྫོགས་གོལ་ས་གཅོད་པ་དོན་དམ་བསྐང་། །འདི་རུ་ཕུར་པའི་བསྐང་བ་བྱུང་བའི་དོན། །ཞི་ཁྲོ་འདི་ཡི་ཞི་བ་རྡོ་རྗེ་དབྱིངས། །ཁྲོ་བོ་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ཏེ། །དེ་གཉིས་སྦྲགས་པས་ཞི་ཁྲོ་ཞེས་བྱའོ། །སྔོན་དུས་སློབ་དཔོན་པད་མ་འབྱུང་གནས་ཀྱིས། །ཡང་ལེ་ཤོད་དུ་ཡང་དག་ཐུགས་ཀྱི་ནི། །དཀྱིལ་འཁོར་བཞེངས་ནས་མཆོག་གི་དངོས་གྲུབ་བསྒྲུབ། །དེ་ཚེ་ཀླུ་སྲིན་གྱོང་པོ་གློག་མ་སྲིན། །གནོད་སྦྱིན་རྒོད་མ་ཁ་ཡིས་བར་ཆད་བརྩམས། །ཐན་པས་རྩ་ཤིང་བསྐམས་ཤིང་ཆུ་མིག་བསྐམས། །མི་ཕྱུགས་ཐམས་ཅད་ནད་ཀྱིས་དམྱལ་ཐག་བཅད། །དེ་ཚེ་བར་ཆད་སེལ་བའི་ཆོས་སྐོར་ཞེས། །རྒྱ་གར་ཡུལ་དུ་གསེར་ཕྱེ་མང་དུ་བསྐུར། །པཎྜི་ཏ་པ་བདུན་བརྒྱས་བཀའ་བགྲོས་ནས། །ཕུར་བའི་རྒྱུད་ནི་མི་ཁུར་གཉིས་བསྐུར་བས། །སླེབས་པ་ཙམ་གྱིས་ཆར་བབས་ནད་ཡམས་ཆད། །བསྒྲུབ་པས་གདུག་པ་ཅན་རྣམས་དམ་ལ་ཐོགས། །ཡང་དག་དངོས་གྲུབ་ཆེ་ཡང་བར་ཆད་རྒོད། །ཕུར་བ་སྐྱེལ་མ་དང་ནི་འདྲ་བར་དགོངས། །དེ་ཕྱིར་ཡང་ཕུར་སྦྲགས་མའི་སྒྲུབ་པ་མཛད། །ཞི་ཁྲོ་འདི་དང་ཡང་དག་དོན་གཅིག་པས། །བར་ཆད་སེལ་ཕྱིར་ཕུར་པའི་བསྐང་བ་སྦྱར། །འདི་ནི་གེགས་སེལ་ཡིན་པར་ཤེས་པར་བྱ། །བསྒོམ་བྱ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །བཀའ་སྲུང་ཚུལ་དུ་ཞི་ཁྲོའི་དཀྱིལ་འཁོར་གྱི། །ཕྱི་ཡི་ཁྱམས་ལ་དྲན་རྫོགས་གསལ་བཏབ་ཆོག །འདིའི་སྐབས་ཆོག་གི་དང་པོ་བསྐྱེད་མི་དགོས། །དྲན་རྫོགས་དམ་ཡེ་དབྱེར་མེད་བསྒོམ་པ་ལ། །སྤྱན་འདྲེན་ལ་སོགས་དགོས་པ་མ་ཡིན་ཏེ། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ། །གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་བསྐང་བ་མང་དུ་བྱ་གསུངས་པས། །དེ་ཡིས་འགྲེ་ཞིང་ཁྱད་པར་ཆོས་སྐྱོང་བ། །
དམ་ཅན་སྡེ་བདུན་བསྐང་བ་སྦྱར་ན་ལེགས། །དེ་ནས་དེ་ཁོ་ན་ཉིད་ཀྱི་བསྐང་བ་ནི། །རུས་རྒྱན་ལ་སོགས་སྔགས་ཆས་བྱ་གསུངས་པ། །གོང་དུ་བྱས་པ་དེ་ཡིས་འཐུས་པ་སྟེ། །ཕྱག་རྒྱ་གར་སྟབས་གསུངས་པ་གོང་གིས་འཐུས། །ངོ་བོ་སྟོང་ཉིད་ཡངས་པ་ཞེས་སོགས་དོན། །དྲི་མེད་ཕྱག་རྒྱུད་དབུས་ནས་འབྱུང་བ་ལྟར། །བཤགས་བྱ་བཤགས་བྱེད་བསྐང་བྱ་བསྐང་བྱེད་བྲལ། །ལྟ་བ་འཁོར་འདས་དབྱེར་མེད་ཉམས་ལེན་སྐྱོངས་། །དེ་ཉིད་གསལ་འདེབས་གཞུང་གི་ཚིག་རྣམས་བརྗོད། །དེ་ནས་ཨ་ལ་ལ་སོགས་བསྔོ་སྨོན་བརྗོད། །བརྒྱ་ཕྱག་ཀློང་བཤགས་ཚོགས་དང་ཆད་ཐོ་དང་། །བསྡུ་ཆོག་ལ་སོགས་གོ་སླ་བཀྲོལ་མི་དགོས། །དེ་ནས་རྣལ་འབྱོར་རང་གི་ཉམས་ལེན་ཚུལ། །ཐོ་ཙམ་འདི་རུ་བརྗོད་པར་བྱ་བ་ནི། །འབྱོར་བ་འཛོམས་ཤིང་སྤྲོས་པ་ལ་དགའ་ན། །མ་ཧཱ་ཡོ་ག་ལྟར་དུ་ཉམས་ལེན་བྱ། །དེ་ལ་རྒྱས་བསྡུས་རིགས་གསུམ་ཡིན་པ་སྟེ། །ས་སློང་ཐིག་ཆོག་དཀྱིལ་འཁོར་ལས་རིིམ་སོགས། །དབང་གི་སྟ་གོན་རྒྱ་སྐད་ཅན་དེ་ལ། །རྙིང་མ་གཞན་ནས་ཁ་སབ་རྒྱས་པར་བྱ། །དམ་ལྡན་རྣལ་འབྱོར་ཉེར་བརྒྱད་ཡན་ཆད་ནས། །བརྒྱ་སྟོང་གང་འཛོམས་ཚོགས་ནས་སྒྲུབ་ཆེན་བྱ། །ལས་བྱང་དུས་བཞི་བྷོ་དྷི་ཙིཏྟ་དང་། །ཛ྄བ་དབྱངས་སྔགས་རྒྱུན་ཉིན་མཚན་མ་ཆད་ནས། །ཞག་བདུན་ཡན་ཆད་བྱ་ཞིང་དབང་བསྐུར་རམ། །རང་དོན་ཡིན་ན་དངོས་གྲུབ་བླང་ཆོག་བྱ། །དེ་ནི་ཚོམ་བུ་འབུམ་བསྒྲུབ་ཅེས་བྱའོ། །དེ་ཚོགས་ཀུན་གྱི་ཞི་ཁྲོའི་བསྙེན་པ་ཐེམ། །གཞན་དུ་གཅིག་པུ་ལོ་གཅིག་བསྒྲུབ་པ་དང་། །དེ་རུ་ཞག་བདུན་བསྒྲུབ་པའི་ཕན་ཡོན་མཉམ། །རྟགས་དང་མཚན་མའང་དེ་བཞིན་མཉམ་པའོ། །༈ རྣལ་འབྱོར་གཅིག་གིས་སྒྲུབ་ཆེན་ཇི་བཞིན་བྱ། །སྔགས་རྒྱུན་མ་གཏོགས་ཐམས་ཅད་བྱ་བ་ནི། །ཡུན་ནི་ཟླ་གཅིག་ཡན་ཆད་གང་
ཐོན་བྱ། །དེ་ནི་དཔའ་བོ་གཅིག་སྒྲུབ་བྱ་བ་སྟེ། །དེ་ནི་གཉིས་ཀ་སྒྲུབ་ཆེན་ཡིན་པ་སྟེ། །རྒྱལ་ཐོ་བསྡུ་བཀྲམ་ལ་སོགས་གཞུང་ལྟར་རོ། །ཡང་ན་རས་བྲིས་ཚོམ་བུ་ལ་སོགས་དང་། སྨན་རཀ་གཏོར་གསུམ་མཆོད་གཏོར་མདོར་བསྡུས་བཤམས། །དེ་ལ་བརྟེན་ནས་བདུན་གསུམ་ཡན་ཆད་དུ། །བསྙེན་པ་བྱེད་པ་སྒྲུབ་ཕྲན་ལུགས་ཡིན་ཏེ། །དེ་དག་ཀུན་ལ་ལས་བྱང་རྒྱས་བསྡུས་གཅིག །གང་འདོད་དུས་བཞིར་བཏང་བར་བྱ་བ་སྟེ། །བསྙེན་པ་བྷོ་དྷི་ཙིཏྟར་ཐུན་བཞིར་བཟུང་། །གལ་ཏེ་ན་རཀ་དོང་སྤྲུག་སྒྲུབ་པ་ན། །བསྙེན་པ་ཡིག་བརྒྱ་ཉིད་ལ་བྱེད་པའོ། །བདག་མདུན་ལྷ་ཚོགས་ཐམས་ཅད་སོ་སོ་ཡི། །ཐུགས་ཀར་ཞི་བར་ཟླ་བ་ཁྲོ་བོ་ལ། །ཉི་སྟེང་རང་རང་ས་བོན་ཐ་མ་ལ་། །རང་སྔགས་ལས་བྱང་རྒྱས་པའི་བཏགས་གྲོལ་ལྟར། །ཕོ་རྣམས་གཡས་དང་མོ་རྣམས་གཡོན་འཁོར་དམིགས། །བྷོ་དྷི་བཟླས་པ་སྤྱི་བསྡུས་སྔགས་ཡིན་པས། །དེ་ནི་ཞི་ཁྲོའི་བསྙེན་པའི་དམིགས་པའོ། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །སངས་རྒྱས་ཀུན་མཆོད་བྱིན་རླབས་རང་ལ་བསྡུ། །འགྲོ་དྲུག་ལ་ཕོག་སྒྲིབ་སྦྱངས་གྱུར་དམིགས་ལ། །དེ་ནི་ཉེ་བར་བསྙེན་པ་ཞེས་བྱའོ། །བདག་བསྐྱེད་ཐུགས་ལས་དང་པོ་འོད་ཟེར་དང་། །ཕྱི་ནས་སྔགས་ཕྲེང་འཕྲོས་ནས་ཞལ་ནས་ཐོན། །མདུན་བསྐྱེད་གཙོ་བོ་ཀུན་བཟང་ཞལ་དུ་ཞུགས། །སྐུ་ལས་འོད་འཕྲོས་འཁོར་ཚོགས་ཐམས་ཅད་ཁྱབ། །རང་རང་ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར། །ཐུགས་རྒྱུད་བསྐུལ་ནས་བྱིན་རླབས་འོད་ཟེར་ཚུལ། །གཙོ་བོར་བསྡུས་ནས་གཙོ་བོའི་ཐུགས་ག་ནས། །བྱིན་རླབས་སྔགས་ཕྲེང་གསང་བ་ནས་ཐོན་པ། །སྦྱོར་མཚམས་ནས་ཐོན་རང་གི་སྦྱོར་མཚམས་ནས། །རྡོ་རྗེ་སྦུ་གུ་ནས་བརྒྱུད་ཐུགས་ཀར་ཐིམ། །དེ་ལྟར་རྒྱུན་དུ་འཁོར་དམིགས་སྔགས་བཟླས་པ། །
འདི་ནི་སྒྲུབ་པའི་དམིགས་རིམ་ཡིན་པ་སྟེ། །དེ་ལྟར་བར་དུ་འཁོར་ཚེ་སྔགས་འཕྲེང་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པ་ཡིས། །རྒྱལ་བ་ཀུན་མཆོད་སྐུ་གསུང་ཐུགས་བྱིན་རླབས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་སྣ་ཚོགས་པ། །ཆར་ལྟར་བབས་ནས་རང་དང་མདུན་བསྐྱེད་ཐིམ། །འོད་ཟེར་འགྲོ་བ་སྣོད་བཅུད་ཀུན་ལ་ཕོག །སྣོད་ཀྱི་འཇིག་རྟེན་ཞི་ཁྲོའི་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་དམ་པ་རིགས་བརྒྱའི་ལྷ། །ཀུན་གྱིས་ཛ྄བ་དབྱངས་སྒྲོག་པས་འཇིག་རྟེན་གཡོ། །དེ་ནི་སྒྲུབ་པ་ཆེན་པོའི་དམིགས་པའོ། །དེ་ནས་སྔགས་ཕྲེང་འོད་ཟེར་དཀར་པོ་ཡིས། །རང་དང་འགྲོ་བའི་སྡུག་བསྔལ་སྡིག་སྒྲིབ་ཞི། སེར་པོས་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས། །དམར་པོས་སྣང་སྲིད་རླུང་སེམས་དབང་དུ་བྱས། །མཐིང་ནག་དགྲ་བགེགས་བདུད་བཞི་ཚར་གཅོད་བསྒོམ། །དེ་ནི་ལས་བཞི་ཕྲིན་ལས་དམིགས་པའོ། །དེ་ལྟར་སྒྲུབ་པའི་རྒྱུན་ཁྱེར་དུའང་རུང་། །སྒྲུབ་པ་གྲོལ་ཁའི་དུས་སུ་ཐུན་མཚམས་སུ། །༈ མདུན་བསྐྱེད་གནས་ལྔ་ནས་འཕྲོས་ཐིག་ལེ་ནི། །དཀར་དམར་མཐིང་སེར་ལྗང་ཀུའི་བཀྲག་མདངས་ཅན། །ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་ཡི་གེས་མཚན་པ་ཅན། །རང་གི་གནས་ལྔར་ཐིམ་པས་དངོས་གྲུབ་བླངས། །བདག་འཇུག་གོ་ཡང་དེ་ཡིས་ཆོད་པ་སྟེ། །སྔགས་མཇུག་ཀཱ་ཡ་སིདྡྷི་ཨཱོཾ་ཞེས་སྦྱར། །གལ་ཏེ་སྒྲུབ་ཐོན་རབ་ཡིན་མ་ཐོན་ཡང་། །ལས་བྱང་ཉུང་བ་རྒྱུན་ཁྱེར་ཆག་མེད་དང་། །དམིགས་པ་དང་བཅས་བྷོ་དྷི་ཡིག་བརྒྱ་བསྙེན། །ཡང་ན་རང་གི་དགུང་ཞག་ལ་དམིགས་ནས། །ཞེ་དགུའི་བར་དུ་ལས་བྱང་ཐུན་གསུམ་དང་། །ཡིག་བརྒྱ་བྷོ་དྷི་བསྙེན་ན་ཕན་ཡོན་ཆེ། །དེ་དག་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས། །ཐུན་མཚམས་བརྒྱ་ཕྱག་ལོང་ན་ཤིན་ཏུ་ལེགས། །
དམ་ཚིག་ཆགས་ཉམས་སྐོང་བའི་མཆོག་ཏུ་འགྱུར། །དེ་ནས་ཨ་ནུ་ཡོ་གའི་ཉམས་ལེན་ནི། །སྤྲོས་བཅས་ཆོས་སྤྱོད་བག་ཆགས་རང་གྲོལ་འདོན། །དང་པོ་ཡན་ལག་བཅུ་པ་འདོན་ལྟར་བསྒོམ། །དེ་ནས་རྡོར་སེམས་བདག་བསྐྱེད་ཡིག་བརྒྱ་བསྙེན། །དེ་ནས་ལུས་ལྷ་གཞུང་ལྟར་གསལ་བཏབ་སྟེ། །རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོའམ། །ཐ་མལ་རང་ལུས་བྱེ་བ་དུང་ཕྱུར་སྤྲུལ། །བདག་བསྐྱེད་དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །སྤྲོས་མེད་སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལྟར། །ངག་ཏུ་གསལ་བཏབ་བྱས་རུང་བསྒོམ་ཡང་ཆོག །མཆོད་པ་བཟའ་བཏུང་ཐམས་ཅད་བདུད་རྩིར་དམིགས། །སྤྱན་འདྲེན་མི་དགོས་དམ་ཡེ་དབྱེར་མེད་ཡིན། །བསྙེན་པ་ཡིག་བརྒྱ་བོ་དྷི་ཙིཏྟ་བགྲངས། །ཡང་ན་འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱ། །ཕྱི་ཡི་རྟེན་གསུམ་རྡུལ་ཚོན་རས་བྲིས་ལ། །མིན་ལ་ཡིན་པར་རྟོག་པས་བཏགས་པ་ཙམ། །ཀུན་བརྟགས་དཀྱིལ་འཁོར་ཞེས་བྱ་ངོ་མཚར་ཆུང་། །ལུས་དཀྱིལ་གདོད་ནས་ཡི་དམ་དཀྱིལ་འཁོར་ཉིད། །ཡིན་ལ་ཡིན་བཞིན་གསལ་བཏབ་བྱིན་རླབས་ཆེ། །དེ་ཕྱིར་ཡོངས་གྲུབ་བསྐྱེད་རིམ་ཞེས་བྱའོ། །དེ་ལ་བརྟན་པ་ཐོབ་པའི་གང་ཟག་ནི། །རྟེན་གསུམ་དཀྱིལ་འཁོར་གཞན་ལ་ཕྱག་མི་བྱ། །བྱས་ན་མཆོག་དམན་ཐེ་ཚོམ་དམ་ཚིག་ཉམས། །བི་མ་མི་ཏྲས་བསམ་ཡས་ལྷ་ཆེན་ལ། །ཕྱག་མ་མཛད་ཅིང་ཕྱག་གཡས་གདེངས་ཙམ་གྱིས། །བྱང་ཆུབ་ཆེན་པོ་གས་པ་དེ་ལྟར་རོ། །ཉམས་ལེན་རྩ་བ་རླུང་བཟུང་འཁྲུལ་འཁོར་ཡིན། །ཉོན་མོངས་མི་སྤང་ལམ་དུ་འཁྱེར་བ་སྟེ། །འོག་སྒོ་བདེ་ཆེན་ཁྲིད་ལས་གསུངས་པ་ལྟར། །རབ་བྱུང་ཡིན་ན་རང་ལུས་ཐབས་ལྡན་བསྟེན། །ཁྱིམ་པ་ཡིན་ན་རིགས་ལྡན་ལས་རྒྱ་བསྟེན། །དགའ་བཞི་ངོས་བཟུང་བདེ་སྟོང་ཏིང་འཛིན་བསྲེ། །བསྟན་པའི་རྒྱུད་འཛིན་སྐྱེས་
ཆེན་སྲས་བསྐྲུན་པ། །ཀློང་ཆེན་སྲས་པོ་ཟླ་བ་གྲགས་པ་བཞིན། །རང་ལས་ལྷག་པའི་བསྟན་འཛིན་བཞག་པར་གསུངས། །གཞན་གྱི་རིགས་མ་སྤྱོད་ན་ངན་རྒྱུད་འཕེལ། །དེ་ཕྱིར་སྲས་གཅོད་གདམས་པ་གསུངས་པ་ལགས། །དེ་དག་ཨ་ནུ་ཡོ་གའི་ཉམས་ལེན་ཡིན། །ཨ་ཏི་ཡོ་ག་སྐྱེ་མེད་དཀྱིལ་འཁོར་ཏེ། །བློས་བྱས་བསྐྱེད་རིམ་ལྷ་སྐུ་བསྒོམ་པ་མིན། །ལྷ་ཡི་ངོ་བོ་ཆོས་སྐུ་ཉིད་ཡིན་པས། །རང་སེམས་ངོ་བོ་རྗེན་པར་སྐྱོང་བ་དང་། །བོགས་འདོན་ཐོད་རྒལ་འཇའ་འོད་ཐིག་ལེ་བལྟ། །དབྱིངས་རིག་ཡེ་ཤེས་མངོན་སུམ་མིག་གིས་མཐོང་། །ངོ་བོ་དང་བསྲེ་གསལ་སྟོང་ཟུང་འཇུག་འཆར། །ཉམས་སྣང་གོང་འཕེལ་ཐིག་ལེ་དབྱིངས་རིག་འཕེལ། །རིག་པ་ཚད་ཕེབས་ལྷ་ཚོགས་དཔག་མེད་མཇལ། །དེ་ཙམ་དེང་སང་མང་དུ་འོང་བར་སྣང་། །ཆོས་ཉིད་ཟད་སར་འཁྱོལ་ནས་འཇའ་ལུས་འགྲུབ། །པད་འབྱུང་བི་མ་ལ་ལྟར་སྐྱེ་འཆི་བྲལ། །འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་ཐོབ་ནས། །གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་གསུངས། །དེ་ཡིས་རང་གི་ཉམས་ལེན་གནད་འགག་ཚང་། །ཚོགས་རྒྱུད་ཆེན་པོ་ཞེས་བྱའི་རྒྱུད་སྡེ་ནས། །ཚོགས་ཀྱི་དཀྱིལ་འཁོར་གསུངས་པའི་དཀྱིལ་འཁོར་ནི། །ཞི་ཁྲོ་དཀྱིལ་འཁོར་འདི་ཉིད་ཡིན་པར་གསལ། །དཔེར་ན་སངས་རྒྱས་རྣམས་ཀྱིས་ཡོངས་གང་བའི། །སོ་སོའི་སྐྱེ་བོ་ཉན་རང་བྱང་སེམས་ལ། །བཀུར་སྟི་ཕུན་སུམ་ཚོགས་པར་བྱས་པ་བས། །དཀྱིལ་འཁོར་འདི་ཉིད་ཞི་ཁྲོའི་ཆོ་ག་འདི། །ལན་གཅིག་བྱས་པ་བསོད་ནམས་ཆེ་བའི་ཚུལ། །རྒྱ་ཆེན་རྒྱུད་སྡེ་དེ་ལས་གསལ་མོད་ཀྱི། །འདི་ལ་མཆོད་པ་སྣ་ཁ་སྟོང་ཕྲག་གཅིག །ཚོགས་ཆུང་བརྒྱ་རྩ་མར་མེ་བརྒྱ་རྩ་སོགས། །ཚང་བར་ཡོད་ཀྱང་ཀུན་རིག་སྟོང་ཆོག་དང་། །ཕག་ཁྲོས་ལ་སོགས་ཚོགས་བརྒྱ་བྱེད་པ་ཡི། །གོ་ཆོད་ཟེར་ཡང་དཔེ་རྒྱུན་གང་
ལའང་མེད། །དེ་ཕྱིར་འདྲ་ཟེར་བཤད་པ་ག་ལ་རུང་། །སྦྱོང་རྒྱུད་ཕག་ཁྲོས་ནུབ་རྐྱེན་བསྟན་ལ་གནོད། །ཚེ་འདས་དོན་ཏུ་ཞི་ཁྲོ་བླུགས་པ་ཡང་། །ཞི་ཁྲོ་ལ་དམིགས་བཤས་བཤའ་མི་རུང་སྟེ། །བཤས་ན་ཞི་ཁྲོའི་ཕན་ཡོན་དུད་འགྲོས་ཐོབ། །བསད་པའི་སྡིག་པ་ཚེ་འདས་དེ་ཡིས་ཐོབ། །དེ་དོན་སྲོང་བཙན་སྒམ་པོས་གསུངས་པ་དང་། །འཇའ་ཚོན་པ་ཡི་རྣམ་ཐར་ནང་ན་གསལ། །གནད་འདི་སྦྱིན་བདག་རྣམས་ཀྱིས་ཐོས་གལ་ཆེ། །འཛོམ་ན་ཚོགས་ཤ་གཏོར་རྒྱན་དགོས་མོད་ཀྱི། །མེད་ཀྱང་ཁྲག་གཏོར་ཁྲག་ཤ་ལ་སོགས་རུང་། །མཆོད་པར་ཤ་བས་ཁྲག་གིས་གལ་ཆེ་སྟེ། །སྨན་རཀ་གཏོར་གསུམ་རྙིང་མའི་རྫས་ཀྱི་གཙོ། །གལ་སྟེ་ཤ་ནི་དངོས་སུ་མ་འབྱོར་ན། །ཡིད་ཀྱིས་བསྒོམས་པས་འཐུས་པར་རྒྱུད་ནས་གསུངས། །ཤ་བས་ཆང་ནི་གལ་ཆེ་ཡིན་ནའང། །འོ་མས་ཆང་གོ་ཆོད་པར་བཤད་པ་མང་། །དེ་ལྟར་ཀུན་རིག་སྟོང་ཆོག་ཁ་མི་འགགས། །བསྔོ་ཤ་མ་སོང་ཞི་ཁྲོ་བླུགས་པ་ན། །རང་གཞན་ཀུན་ཕན་འགྲོ་དོན་ལམ་དུ་འགྲོ། །དེ་ཡང་ཞི་ཁྲོ་བླུགས་མཁན་སློབ་དཔོན་དེ། །བསྐྱེད་རྫོགས་ལྟ་བ་རྣམ་དག་ལྡན་པ་ནི། །ཕན་ཡོན་བསམ་འདས་མཆོག་གི་དངོས་གྲུབ་ཐོབ། །ལྟ་བ་ཇི་བཞིན་རྟོགས་པ་མེད་ན་ཡང་། །དབང་ལུང་ཐོབ་ཅིང་ཕྱག་ལེན་ཤེས་པ་ན། །བསོད་ནམས་ཚོགས་ཙམ་རྫོགས་པར་འགྱུར་བ་དང་། །བར་ཆད་སེལ་ཞིང་ཐུན་མོང་དངོས་གྲུབ་ཐོབ། །དབང་ལུང་མ་ཐོབ་ཕྱག་ལེན་ཇི་བཞིན་མེད། །ཟང་ཟིང་བསྡུ་བའི་ཆེད་དུ་བྱས་པ་ནི། །ཡོན་བདག་ཚེ་འདས་རྣམས་ལ་ཕན་ཡོན་ཆུང་། །རང་ཉིད་དམྱལ་བ་རིན་གྱིས་ཉོས་པར་ཟད། །དེ་དག་ཞི་ཁྲོ་བླུགས་པའི་གེགས་སེལ་ཡིན། །༈ ཚེ་འདས་ཕུང་པོ་སྦྱང་ཚུལ་ཞི་བ་ཡི། །སྦྱིན་བསྲེགས་སོགས་གཞུང་གསལ་བར་
ཡོད་མོད་ཀྱང་། སྦྱིན་བསྲེག་འོད་གཞུང་གསལ་བར་མེད་མོད་ཀྱི་དཔེ་ལ་ལར་སྣང་དཔྱད། །ཁྱད་པར་འབྲུ་སྔགས་སྤྱི་ལྟར་སབ་དགོས་སོ། །མེ་ལྷའི་ཐུགས་ཀར་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད། །གནས་ཡིག་བཏགས་གྲོལ་རྒྱས་བསྡུས་གང་རུང་ངོ་། །མ་འཛོམས་ཡིག་བརྒྱ་བོ་དྷི་ཙིཏྟ་གཉིས། །ཚར་གསུམ་མགོ་དང་དཔུང་པ་གཉིས་ལ་བཏགས། །ལས་བྱང་རྒྱས་པ་བྱེད་ན་ལྷ་སོ་སོའི། །སྔགས་ཀྱིས་འབུལ་དང་མཆོད་བསྟོད་ཚན་པ་ནི། །ཀུན་རིག་བཞིན་དུ་བགོ་བར་ཤེས་པར་བྱ། །ལས་བྱང་ཆུང་བ་བྱེད་ན་བྷོ་དྷི་ཙིའི། །སྔགས་ཀྱིས་སྤྱི་འབུལ་མཆོད་བསྟོད་སྤྱི་ལ་བྱ། །རྙིང་ལུགས་སྦྱིན་བསྲེགས་ལ་ཡང་ཚོགས་མཆོད་འབུལ། །དེ་ཚེ་ཚོགས་ཕུད་སོགས་ཀྱང་ཐབ་ཏུ་འབུལ། །ཚོགས་མ་འཛོམས་ན་འགལ་བ་མེད་པ་ཡིན། །ཚེ་འདས་དེ་ཉིད་བླ་མ་སོགས་ཡིན་ན། །ཞི་ཁྲོའི་ལྷ་དང་བླ་མའི་ཕུང་ཁམས་ཀྱི། །ལྷ་ཚོགས་དབྱེར་མེད་དེ་ལ་བསྲེག་རྫས་འབུལ། །བླ་མ་དེ་ལ་འབྲེལ་ཐོགས་སེམས་ཅན་གྱིས། །གཙོར་བྱས་སེམས་ཅན་ཀུན་གྱི་སྒྲིབ་སྦྱང་དམིགས། །ཐ་མལ་ཚེ་འདས་ཡིན་ན་སྦྱིན་བསྲེག་གི། དཀྱིལ་འཁོར་འཚམས་སུ་ཐལ་སྦྱར་གུས་འདུད་དམིགས། །དེ་ཡི་ཤ་ཁྲག་མཆོད་རྫས་དབྱེར་མེད་པ། །ལྷ་ལ་ཕུལ་བས་ཚོགས་རྫོགས་ལྷ་ཚོགས་ཀྱི། །འོད་ཟེར་དཀར་པོས་དེ་ཡི་སྒྲིབ་པ་སྦྱང་། །འཛོམས་ན་སྐབས་འདིར་ཁྲུས་དང་ཕྱིར་ལྡོག་བྱ། །མ་ལྕོགས་ཟས་བསྔོ་ཏིང་འཛིན་དབང་བསྐུར་ནས། །ལམ་བསྟན་ཚེ་འདས་རྣམ་པར་ཤེས་པ་ནི། །དཀྱིལ་འཁོར་ནུབ་ཀྱི་སྣང་མཐའི་ཐུགས་ཀར་བསྟིམ། །གཤེགས་གསོལ་དུས་སུ་བདེ་ཆེན་ཞིང་གཤེགས་བསྒོམ། །རུས་པ་ཚྭ་ཚྭ་ལ་སོགས་སྤྱི་དང་མཚུངས། །རྒྱུན་དུའམ་ནི་ཁྲོམ་སོགས་ཚོགས་འཁོར་དུས། །ལྷག་མ་ཁྲོམ་ལ་བསྡུ་སོགས་མི་བྱ་བར། །ལྷ་ལ་འབུལ་ཚར་ཁྲོམ་ལ་མ་བགྱེ་
སྐབས། །ཁྲོམ་གྱི་ཕུད་ལ་ལྷ་ཡི་ལྷག་མ་དེ། །རང་ཉིད་ངེས་པར་དམ་ཚིག་གཙང་ན་ནི། །ཁ་ཆུ་བྲན་རུང་དེ་མིན་བདུད་རྩི་བྲན། །ལྷག་མའི་བདག་པོ་དབང་ཕྱུག་ཉེར་བརྒྱད་དེ། །ངོ་བོ་དཔལ་ལྡན་ལྷ་མོའི་སྤྲུལ་པ་ཉིད། །དེ་ལ་མི་གཙང་བསྔོས་ན་རིམས་ནད་འོང་། །དེ་ཕྱིར་ལྷག་མ་གཙང་བ་གལ་ཆེའོ། །༈ དེ་ལྟར་ཞི་ཁྲོའི་གཞུང་སོགས་ཡོངས་རྫོགས་ཀྱི། །ཟིན་བྲིས་ཞིབ་རྩ་བྲི་བར་མི་ལང་ཡང་། །ཕལ་ཆེར་གཞུང་དུ་གསལ་ཕྱིར་བྲི་མི་དགོས། །གཞུང་དུ་མི་གསལ་གོ་བར་དཀའ་བ་རྣམས། །འདིར་ནི་ཤིན་ཏུ་གསལ་བར་བཀོད་པ་སྟེ། །དཔེ་མང་མ་བལྟས་འཕྲལ་དུ་གང་དྲན་རྣམས། །བྲིས་པས་གོང་འོག་འཆོལ་དང་མ་འབྲེལ་སོགས། །བརྩམས་ཉེས་འགལ་འཁྲུལ་ནོངས་པ་གང་མཆིས་དང་། །སྦ་འོས་གསལ་བར་བཀོད་པའི་ཉེས་མཆིས་ན། །དམ་ཅན་སྡེ་བདུན་དབང་ཕྱུག་ཉེར་བརྒྱད་དང་། །མཁྱེན་པའི་སྤྱན་ལྡན་རྣམས་ལ་ནོངས་པ་བཤགས། །འདི་བྲིས་དགེ་བས་དགོངས་པ་རང་གྲོལ་གྱི། །ཆོས་འདི་དར་རྒྱས་འགྲོ་བ་འདྲེན་པར་ཤོག །ཅེས་པ་འདི་ནི་མཁས་གྲུབ་ལུགས་གཉིས་ཀྱི། །ཡོན་ཏན་རྒྱ་མཚོ་ལྟ་བུས་ཕྱུག་པ་དང་། །རིགས་རུས་རྣམ་དཔྱོད་ཕུན་སུམ་ཚོགས་པ་ཡི། །འབབ་སྟོན་བཀའ་བརྒྱུད་བསྟན་པའི་བདག་པོ་མཆོག །ཤོག་ཕུ་བླ་མས་ཡང་ཡང་བསྐུལ་བ་ཡིས། །ཤིང་སྦྲུལ་ཁྲུམ་ཟླའི་ཉེར་གཅིག་ནས་བརྩམས་ཏེ། །ཉེར་ལྔའི་ཉིན་པར་ཉི་ཤར་དུས་ཆེན་ལ། །རྫོགས་པར་སྔགས་འཆང་རཱ་ག་ཨ་གསེས་བྲིས། །ཕྱི་རབས་ཞི་ཁྲོའི་ཉམས་ལེན་ཐམས་ཅད་ལ། །ཕན་ཐོགས་རྒྱ་མཚོ་ལྟ་བུ་འབྱུང་བར་ཤོག །འདི་ནི་གསང་སྔགས་ཡིན་ཀྱང་སྦ་མི་བྱ། །ཞི་ཁྲོ་བླུགས་པའི་བླ་མ་ཐམས་ཅད་དང་། །ཞི་ཁྲོའི་རམ་བུ་བཀྱགས་པའི་གྲྭ་པ་དང་། ཞི་ཁྲོ་ཐུགས་དམ་འདོད་པའི་
སྔགས་པ་སོགས། །ཕྱོགས་རིས་མེད་པར་ཀུན་ལ་སྤེལ་བ་དང་། །བཤད་དང་སྟོན་སོགས་ཁྱབ་ནི་གང་ཆེ་བྱ། །འདི་མཐོང་ཞི་ཁྲོའི་ཐོས་བསམ་མ་བྱས་ཀྱང་། །ཞི་ཁྲོར་མཁས་པའི་ཡོན་ཏན་ལྡན་པར་འགྱུར། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།