བསྙེན་སྒྲུབ་ཀྱི་ལག་ལེན་སྒོམ་དོན་གསལ་བ།
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་སྒྲུབ་ཀྱི་ལག་ལེན་སྒོམ་དོན་གསལ་བའི་རེག་ཟིག་གསང་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
གཟོད་མ་ཉིད་ནས་རབ་ཞི་བ། །འགྲོ་འོང་འཆིང་གྲོལ་ལས་འདས་པ། །ནང་གསལ་ཕྲ་བའི་ཡེ་ཤེས་ཅན། །གདོད་མའི་མགོན་པོ་དེ་ལ་འདུད། །བརྟན་དང་གཡོ་བའི་ཆོས་ཀུན་ཇི་སྙེད་པར། །ཟག་པ་མེད་པའི་ཕྱག་རྒྱས་ཆེས་གདབ་པ། །དཔའ་བརྟན་ལྡོག་པ་མེད་པའི་བདག་ཉིད་ཅན། །རིགས་ཀྱི་བདག་པོ་སེམས་དཔར་ཕྱག་བགྱིད་དོ། །གང་གི་རང་བཞིན་ཞི་བར་མནལ་ཡང་སྙིང་རྗེའི་གདངས་ལས་སྒྱུ་མའི་གར། །ཡེ་ཤེས་འཁོར་ལོ་ནམ་མཁའི་ཆོ་འཕྲུལ་ཅི་བཞིན་གདུལ་བྱའི་ངོར་འཆར་བ། །སྡིག་ཏོའི་འཕེན་པའི་ན་ར་ཀ་སོགས་ངན་སོང་སྡུག་བསྔལ་ཞི་མཛད་པ། །མ་རུང་འདུལ་བྱེད་ཁྲོ་ཚོགས་དང་བཅས་རིགས་བརྒྱའི་ལྷ་ལ་མགོས་ཕྱག་འཚལ། །མགོན་པོ་རྒྱལ་བའི་མཁའ་དབྱིངས་ཆུ་སྲིན་འཛིན་ཁྲིའི་ཀློང་། །མ་འགགས་འགྲོ་ལ་སྙིང་བརྩེའི་པད་ཚལ་སྟོང་ལྡན་དབུས། །ཐུགས་རྗེའི་བཞིན་རས་མཚོ་སྐྱེས་བླ་མར་ཡོངས་ཤར་བ། །བྱང་ཆུབ་བར་དུ་འབྲལ་མེད་སྤྱི་བོའི་རྒྱན་དུ་ཆེ། །མི་འཕྲོག་སྨོན་ལམ་དུས་སུ་ཡོངས་སྨིན་པས། །ཟབ་གཏེར་སྒོ་ཡི་ཐ་རམ་འབྱེད་མཁས་པ། །འབྲེལ་ཚད་ཐར་ལམ་དཀྲི་བའི་ལྡེ་མིག་ཅན། །ཀརྨཱ་བྷོ་ཊར་སྙིང་ཀར་ཐལ་མོ་ཟུམ། །བྱིན་རླབས་འཆི་མེད་ལྷ་ཆབ་ལ། །དད་བརྒྱའི་མཐོ་རིས་བུས་བསྐུལ་བས། །སྲིད་པ་ཁྱབ་འཇུག་ཞབས་བསིལ་རྒྱུན། །འབབས་སྟེག་བརྒྱུད་བཅས་བླ་
མར་འདུད། །སྐལ་ལྡན་སྲིད་པའི་དུབ་ལ་ངལ་བསོའི་ཕྱིར། །སྔོན་མེད་ལེགས་བཤད་ཐར་པའི་བསྟི་གནས་ཆེ། །འདིར་བསྐྲུན་བྱ་ལ་བླ་མ་ལྷ་ཡི་ཚོགས། །རྟག་པར་ཤེས་ལྡན་སྙིང་ལ་ཉེར་འབྲོངས་ཤིག །དེ་ལྟར་མཆོད་པར་བརྗོད་པ་མདོ་ཙམ་གྱིས་མདུན་བསུ་བ་བཏང་ནས། འདིར་སྒྱུ་འཕྲུལ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྒོ་ནས་བསྙེན་བསྒྲུབ་ཀྱི་རིམ་པ་ལག་ཏུ་བླང་བར་བྱ་བའི་ལག་ལེན་སྒོམ་དོན་གྱི་ཡི་གེ་ཅུང་ཟད་གསལ་བར་བྱ་སྟེ། ཐོག་མའི་ཆོས་ལ་སྤྱིར་ཐོས་བསམ་གྱི་སྒོ་ནས་མདོ་རྒྱུད་ཀྱི་ཐེག་པ་དམན་མཆོག་གི་ལམ་བླང་དོར་གྱི་གནས་ལ་བལྟ་བའི་མིག་དང་ལྡན་པ་ཞིག་བྱུང་ན་མཆོག་ཏུ་འགྱུར་ཞིང་མགོན་པོ་སྲས་དང་བཅས་པའི་གཤེགས་ཤུལ་མདོ་རྒྱུད་དགོངས་མཐུན་དང་མཁས་དབང་ཐམས་ཅད་ཀྱིས་བསྔགས་འོས་ཏེ། དོན་ཉམས་ལེན་གྱི་ཚེ་སོམ་ཉི་དང་བྲལ་བར་གདམས་པ་ལ་ཅར་ཕོགས་སུ་ཡོང་དགོས་པར་གསུངས་ལ། དེ་ལྟ་མིན་ཀྱང་གང་གི་ཚེ་གདམས་པ་དེ་ཉིད་ཀྱི་གནད་རྣམས་མ་འཕྱུག་པར་མཁས་པའི་ཞལ་སྔ་ནས་ལེན་དགོས་པ་ཕྱག་ལེན་གལ་པོ་ཆེ་སྟེ། ཐོས་ཆུང་གསར་འཇུག་ཁོ་ནས་ཀྱང་མི་འགྲུབ་ལ། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་སྟེ། །རྐུན་བུ་ལ་སོགས་མི་འཕྲོག་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་སྟེ། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་དང་། གཞན་ཡང་ལུང་ལས། ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་ཤེས་རབ་རྣམ་པར་འཕེལ། །ཐོས་པས་མྱ་ངན་འདས་པ་འཐོབ། །ཞེས་དང་། རྒྱལ་བའི་ཡུམ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུ་ཡང་ཤེས་པར་བྱ། འབྲས་བུ་ཤེས་པར་བྱ། ཤེས་ཟིན་སྤང་བར་བྱའོ། །ཞེས་སོགས་གསུངས་བཞིན་
དང་། ཁྱད་པར་དུ་ཡང་། རིག་པ་རང་ཤར་ལས། གསང་སྔགས་གསང་བའི་རྒྱུད་ལ་མཁས༔ ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད༔ ཅེས་དང་། སྒྱུ་འཕྲུལ་ལས། ཐོས་བསམ་སྒོམ་ལ་རབ་སྦྱང་བའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུངས། །ཞེས་དང་། དེ་ལྟར་མི་ལྡན་པ་ཡང་། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། བླུན་རྨོངས་ཚིག་ཕྱིར་འབྲང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་འཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཡལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབ། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །ཞེས་པས་སྐྱོན་ཡོན་ཀྱི་ཚུལ་ལེགས་པར་བརྟག་ནས་བསླབ་པར་བྱ་བ་གནད་ཆེའོ། །དེ་ནས་ཉམས་ལེན་གྱི་ཐོག་མར། རྒྱུད་ལས། གསང་སྔགས་སྒོ་ནི་དབང་གིས་ཕྱེ། །གསུངས་པ་བཞིན། སྐུ་བཞིའི་ས་བོན་འདེབས་པ་དང་ལམ་མཆོག་སྒོམ་དུ་རུང་བའི་ཆོ་ག་དབང་གི་ཆུ་བོ་སྨིན་རྒྱས་དང་། ཆོས་ཀྱི་བདག་པོར་དབང་ཕྱིར་བཀའ་ལུང་རྣམས་ལེགས་པར་ནོད་པའི་གང་ཟག་གིས། དང་པོར་མཐུན་རྐྱེན་དམ་པར་དབེན་པ་བརྟེན་དགོས་ཏེ། སྐྱེ་རྒ་ན་འཆིའི་རིམས་ཀྱིས་བཏབས་པའི་ལུས་འདི་ཉིད་དལ་འབྱོར་དོན་ཡོད་པར་བྱ་ཚེ་བསམ་གཏན་གྱི་ཚེར་མ་མེད་པ་ཞི་བའི་གནས་སུ་འདུ་འཛི་ལ་རྒྱབ་ཀྱི་ཕྱོགས་དགོས་པར་གསུངས་པ་ཡང་། སེམས་ཉིད་ངལ་གསོ་ལས། ཇི་སྲིད་སྐྱེས་བུ་བཞི་ཡི་བཏེགས་པའི་ལུས། །ངུད་མོའི་སྒྲ་དང་བཅས་པར་མ་གྱུར་པ། །བདག་ནི་ཞི་བའི་དགོན་པར་རབ་ཕྱོགས་པར། །ལུས་སེམས་འདུ་འཛིའི་དགྲ་ལས་རྒྱལ་བར་བྱ། །ཞེས་དང་། ཕན་ཡོན་ནི། ཏིང་འཛིན་རྒྱལ་པོ་ལས། གང་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་ལ་བསྐལ་བའི་བར་དུ་མེ་ཏོག་དང་སྤོས་དང་ཞལ་ཟས་དང་
བདེ་བར་སྦྱར་བ་ཐམས་ཅད་མཆོད་པ་བས། རབ་ཏུ་སྐྱོ་བའི་སེམས་ཀྱིས་དགོན་པར་ཕྱོགས་སྟེ་གོམ་པ་བདུན་ཙམ་བོར་ན་དེ་དེ་བས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ལུས་དང་སྲོག་ལ་བལྟ་བ་རབ་སྤོངས་ལ། །སྟོང་པ་ཞི་བ་མཆོག་ཏུ་བསྒོམ་པར་གྱིས། བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང་། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་གསུངས་པ་བཞིན་དང་། ཁྱད་པར་རྒྱུད་ལུང་མན་ངག་ཐམས་ཅད་ནས་སྒྲུབ་གནས་ཀྱི་མཚན་ཉིད་ཞི་རྒྱས་དབང་དྲག་གི་གནས་སོ་སོར་བཤད་པ་བཞིན་རྒྱལ་བ་རྣམས་ཀྱིས་བསྔགས་པའི་གནས་རེ་འཛོམས་ན་མཆོག་ཏུ་འགྱུར་ཏེ་རྟེན་འབྱུང་གི་ཆོས་ཅན་ནོ། །དེ་དག་ཀྱང་དགག་སྒྲུབ་ཀྱི་གནས་ཀྱི་མཚན་ཉིད་རྒྱས་པར་སྤྲོ་ན་སྒྱུ་འཕྲུལ་རྔམ་གློག་སོགས་སུ་ཤེས་སོ། །དེ་ནི་ས་སྤྱི་ལ་བརྟགས་པའོ། །དེ་ནས་ལན་ཆགས་ལས་གྱུར་པའི་འགལ་རྐྱེན་ཐམས་ཅད་སྦྱོང་བ་ལ་སྔོན་དུ་གཏོར་མ་བཏང་བ། སཙྪ་གདབ་པ། སྲོག་བླུ། ཉེའུ་འདོན་པ། གསུང་རབ་ཀློག་པ་རྣམས་བསྒྲུབ་པའི་གོང་དུ་འགྲུབ་ན་གེགས་བསལ་ཞིང་དངོས་གྲུབ་མྱུར་བའི་གནད་དུ་གསུངས་སོ། །སྒྲུབ་པའི་ཡོ་བྱད་ནི་དགྲ་རྐྱེན་ཅན་ན་བཟློག་པའི་གོ་མཚོན། ནད་ཞི་བ་ལ་སྨན་དང་སྨན་ཡིག །སྒྲུབ་གཡོག་རྒྱུན་གནས། ཆས་ཀ་གཏོང་ལེན་སྤང་ཆེད་ཕྱི་ནང་དུ་གྱུར་པའི་རང་གཞན་གྱི་ཡོ་བྱད་མི་བསྲེ། ངོ་གསར་དང་མི་འཕྲད་པར་འཛུད་དགོས་ཡོད་ན་མཚམས་བཅད་ཀྱི་གཤམ་དུ་དམིགས་རྟེན་རྡེའུ་འཇོག་པ་སོགས་བྱེད། བྱེ་བྲག་ཏུ་བསྙེན་བསྒྲུབ་ལ་དམིགས་སུ་བཀར་བའི་ས་བསླང་བརྟག་སྦྱང་བཟུང་བ་ལ། ཐོག་མར་བསླང་བ་ལ་གཉིས་ཏེ་སྣང་བ་དང་མི་སྣང་བའོ། །དེ་ལ་དང་པོ་སྣང་བ་ལ་བསླང་བ་ནི་ས་ལ་བདག་གིར་བྱས་པའི་མི་དཔོན་ལྟ་བུ་ལ་སློང་དགོས་པ་བྱུང་ན་
ངག་དང་རིན་ཐང་སོགས་ཅི་རིགས་ཀྱིས་སློང་བ། གཉིས་པ་མི་སྣང་བ་ལ་བསླང་བ་ནི་ཡུལ་རིའི་ཟོ་དོར་ས་ལ་དབང་བའི་ལྷ་ཀླུ་རྗེ་འབང་ས་ལྷ་བརྟན་མ་རྣམས་ལ་གཙང་ལྡན་གྱི་གཏོར་མ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་དང་། གསེར་སྐྱེམས་སོགས་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་འབུལ་ཚིག་སྤྱི་མཐུན་ཅི་རིགས་ཀྱིས་བསྔོ་ཞིང་བསླང་ལ་སླར་གྲོགས་ལྡན་གྱི་ཕྲིན་ལས་བཅོལ། དེ་ནས་ས་བརྟག་པ་ནི་ཐོག་དང་ཕྱུག་ལྷས་སྒྲུབ་གནས་རྙིང་བ་མིན་པ་ལ། ལྟོ་འཕྱེ་ཐིག་ཆོག་བཞིན་གདབ་ལ་དུས་བཞིའི་སྟོན་ར་ཤར་སྟོད་དུ་བལྟ་བ་སོགས་ཀྱི་འགྲོས་ཀྱིས་དུས་གཞན་གསུམ་ཀྱང་འགྲེ་ལ་སྐྱོན་ཡོན་འབྱིན་ནུས་སུ་བརྐོ། བླང་དོར་གཏེར་སྦ་རྒྱས་པར་འདོད་ན་སྒྲུབ་ཆེན་སྤྱི་ལྟར་རོ། །དེ་ནས་སྦྱང་བ་དང་བཟུང་བ་རྣམས་ནི་དབང་ཆོག་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཆེན་གསལ་སྒྲོན་ལྟར་བྱ། རྡུལ་ཚོན་གྲུབ་ན་མཆོག་ཏུ་འགྱུར་ལ། རྔམ་གློག་ལས། ས་སྟེང་དབྱིབས་ལེགས་མཛེས་པ་ལ། །རྡུལ་ཚོན་འདུ་བྱས་རྒྱུ་རྣམས་ཀྱིས། །བརྙན་མའི་དཀྱིལ་འཁོར་བྱས་ན་ཡང་། །དེ་ཡང་དངོས་གྲུབ་རྟེན་དུ་བཤད། །ཅེས་གསུངས་པས། དཀྱིལ་འཁོར་རྡུལ་ཚོན་གྱི་ཚེ་གནམ་ཐིག་དང་ས་ཐིག་གདབ་པ་ཚོན་བྱིན་གྱིས་བརླབས་པ་རྣམས་རིན་ཆེན་གསལ་སྒྲོན་དུ་བལྟ། གཞལ་ཡས་ཁང་ལྷ་གནས་དུར་ཁྲོད་བཅས་ཚོན་དགྱེ་བ་སོགས་གསལ་ཆ་མེད་ལ། རྗེ་བླ་མ་དམ་པས་དོག་སེལ་གནང་བ་ལྟར་ཞི་དཀྱིལ་ཚང་བ་སྒོ་གྲུ་རྟ་བབ་བཀོད་པ་སྤྱི་ལྟར་གནང་། ཁྲོ་བོ་སྟེང་གི་ནམ་མཁར་བསྐྱེད་གསུང་པ་བཞིན་བྱེད་དམ། ཡང་ན་རྡུལ་ཚོན་རས་བྲིས་གང་ལའང་ཞི་བ་དང་ཁྲོ་བོ་གཉིས་བརྩེགས་ཁྲོ་དཀྱིལ་སྒོ་སྦྲག་ཏུ་བྱེད་པའང་མི་འཐད་པར་མི་འདྲ་ལ། རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། དེ་ནས་ཞི་བའི་དཀྱིལ་འཁོར་ནི༔ ནང་དུ་
པདྨ་འདབ་ལྔ་ནི༔ རིགས་ཀྱི་ཁ་དོག་ལྔ་ལྡན་དབུས༔ ཅེས་རིམ་བཞིན། ཞི་བའི་ལྷ་གྲངས་ཀྱི་མཐར། ལྔ་ལྡན་ཚོམ་བུའི་དཀྱིལ་འཁོར་རྫོགས༔ ཅེས་དང་། གཉིས་པ་ཁྲོ་བོའི་དཀྱིལ་འཁོར་ནི༔ ནང་དུ་འཁོར་ལོ་རྩིབས་བཞི་ལ༔ ཧེ་རུ་ཡབ་ཡུམ་བཅུ་ཡི་ཡུལ༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ ཀཽ་རི་མ་མོ་བརྒྱད་ཀྱི་ཡུལ༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ སེང་ཧ་ཡུལ་གྱི་ཕྲ་མེན་བརྒྱད༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ སྒོ་མ་རྣམ་པ་བཞི་དང་ལྡན༔ དེ་ཡི་ཕྱི་རིམ་དབང་ཉེར་བརྒྱད༔ ཅེས་དཀྱིལ་འཁོར་གཉིས་སོ་སོར་འབྲི་བའི་ཚུལ་གསུངས་ལ། འདིར་བསྒོམ་བྱ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཚུལ་མཐུན་པ་ཞིག་གཟུགས་བརྙན་གྱི་དཀྱིལ་འཁོར་ཀྱང་བྲི་བར་ལུང་གིས་འགྲུབ་པ་ནི། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལས། ཏིང་འཛིན་དཀྱིལ་འཁོར་དེ་འདྲ་བར། །བརྙན་མ་ཡང་ནི་དེ་འདྲར་བྲི། །ཞེས་གསུངས་སོ། །དེ་ལ་གཞལ་ཡས་ཁང་དུར་ཁྲོད་སོགས་སྤྱི་མཐུན་གྱི་ཚོན་ལྟར་དང་། ལྷ་གནས་སུ་སྒོམ་ཁོག་བཞིན་དུ་དགྱེ་བ་ནི་རྟོགས་སླའོ། །སྔོན་འགྲོ་ནས་གསུངས་པའི་རྒྱན་དགོད་སོགས་རྒྱས་པར་འཛོམས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཞིང་། འདིར་ས་ཁོང་འཛིན་བྱེད་དུ་སྨྲོས་ཏེ་མ་འགྲུབ་ཀྱང་ཆད་སྐྱོན་དུ་མི་སེམས་སོ། །རྒྱས་བསྡུས་འཚམས་ཤིང་ལག་ཏུ་ལོན་ཚད་མཚན་ཉིད་དང་ལྡན་པའི་ཆུ་ཚོན་གྱི་དཀྱིལ་འཁོར་དགྲམ་ཞིང་། ཐ་ན་ཚོམ་བུ་ཙམ་ལ་བརྟེན་ཀྱང་མི་རུང་ཞེས་བཀག་པ་མེད་དོ། །དེ་ནས་སྒྲུབ་པ་དངོས་གཞི་ལ་འཇུག་པ་ནི་གཟའ་སྐར་འགྲུབ་སྦྱོར་དགེ་བ་ལ་བསམ་གཏན་གྱི་ཁང་བུ་ཕྱག་བདར་ལེགས་པར་བྱས་པའི་ནང་དུ་ཡོལ་བ་བླ་བྲེ་འཕན་དར་སྐུ་གསུང་ཐུགས་རྟེན་ཁྱད་པར་ཞི་ཁྲོའི་སྐུ་བརྙན་ཅི་ཡོད་གཟབ་པར་ལྷུན་ཆགས་བག་དྲོ་མཛེས་པར་སྤྲས།
དཀྱིལ་འཁོར་དགྲམ་པའི་ཁར་མཉྫི་ལ་བུམ་པ་ལྔའམ་གཅིག་ཉེར་ལྔའི་བཅུད་ལྡན་གཞན་ཡང་ཐོད་པར་བདུད་རྩི་བརྩལ་བ། མན་ཤེལ་ཟུར་དྲུག་པ་རྣམས་ལེགས་པར་བཤམས། རྒྱས་པ་ལ་དགའ་ན་སྔོན་འགྲོ་རིན་ཆེན་གསལ་སྒྲོན་ལྟར་ལུག་རྒྱུད། རྨ་མདོངས། མེ་ལོང་། ཚོགས་དྲུག་རྣམས་ཤར་ལྷོ་ནུབ་བྱང་རིམ་བཞིན་དགོད། མིན་ཀྱང་གོང་གི་དེ་ཙམ་གྱིས་འཐུས་མོད། དཀྱིལ་འཁོར་གྱི་གོང་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་རྣམས་གྲལ་བཤམས་རྒྱས་པར་གྲུབ་ན་སྐོང་གི་ཆོ་གར་བཤད་བཞིན་ཕྱོགས་བཞིར་དགོད་པས་ཕྱི་མཐར་བང་རིམ་སོགས་སུ་སྨན་གཏོར་རཀྟ་ལྷ་བཤོས་ཚོགས་གཏོར་བཱ་ལིང་བརྒྱ་རྩ་སོགས་རྒྱན་གྱིས་བརྒྱན་པར་བཤམས་ལ། དགོས་ཆེད་རྗེས་ཀྱི་སྐབས་སུ་འཆད་དོ། །དཀྱིལ་འཁོར་གྱི་སྟབས་བདེ་བར་སྒྲུབ་པའི་གཏོར་མ་རྐོས་ཅན་ནམ་རྐོས་མེད་རྒྱན་ལྡན། མདུན་དུ་རྨད་དུ་བྱུང་བའི་མཆོད་གཏོར་གཡས་གཡོན་དུ་སྨན་ཕུད་ཛ་གད་ལ་ཆོས་སྨན་བཏབ་པ་དང་། རཀྟ་རྩ་ལག་སྦྱར་བའི་ཕབ་ལྡན་ཅན་དང་། མཐར་འཕྲེད་དུ་ཕྱི་མཆོད་རྣམ་ལྔ་ལེགས་པར་བཤམས། རང་ཉིད་དཀྱིལ་འཁོར་ལ་ཞལ་བལྟ་བར་སྟན་ནང་ཚངས་ཅན་གྱི་འོག་ཏུ་ནས་དཀར་གྱི་གཡུང་དྲུང་གཡས་འཁྱིལ་བྲིས་པར་དགུངས་ཐུན་ལ་བབ་ཚེ་འཁོད་ལ། རྙེད་དཀའ་འཇིག་སླའི་ཆོས་ཅན་ལ་བློས་ཅུང་ཟད་དཔྱད་ལ་རྟེན་གྱི་གང་ཟག་དོན་ཡོད་པར་བྱ་ལ་སྤྲོ་བ་དང་བཅས་པས་ཚོགས་ཀྱི་ཞིང་ལ་མོས་གུས་དུང་དུང་བའི་ངང་ནས། ཧཱུྃ་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ཀྱི་ཚིག་བདུན་གསོལ་འདེབས་བྱ་བ་བྱིན་རླབས་ཁྱད་དུ་འཕགས། དེ་ནས་སྐྱབས་སེམས་རྒྱུན་བཤགས་སྤྱི་རྒྱུགས་མ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སམ་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་གང་རུང་འདོན་རྗེས། ལས་བྱང་རྩར་ཕྲེང་
ལས༔ འདི་ལ་སྤྱི་དོན་བཅོ་བརྒྱད་བསྟན༔ བཀའ་བསྒོ་མཚམས་བཅད་ཕྱག་རྒྱ་བཟུང་༔ སྔོན་འགྲོ་ཡན་ལག་བཅུ་པ་དང་༔ སྨན་རཀ་གཏོར་གསུམ་བྱིན་རླབས་དང་༔ གཞལ་ཡས་ཁོག་དབུབ་ལྷ་བསྐྱེད་དང་༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ཞིང་༔ མཆོད་གཏོར་བསྟོད་བཤགས་ཚོགས་ལས་བྱ༔ བསྐུལ་དང་ཆད་ཐོ་སྒོ་དབྱེ་དང་༔ གཏོར་སྐྱོང་གཏོར་བྲོ་སྨོན་ལམ་གདབ༔ ལེའུ་བཅོ་བརྒྱད་ལས་བྱང་གྲངས༔ ཞེས་པས་ལེའུ་བཅོ་བརྒྱད་ཀྱི་རྩིས་འགོས་བསྡུས་པས་ལེའུ་དང་པོའི་སྐབས་སུ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀཽ྅་ཧཾ། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ལ། དེའི་ཐུགས་ཀ་ནས་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། གནས་ཡོ་མཆོད་རྫས་ཐམས་ཅད་བསང་ཤིང་བྱིན་གྱིས་བརླབས་ནས། དཀར་གཏོར་གསེར་སྐྱེམས་རྣམས་གཞི་བདག་དང་སྒོ་དྲུང་ཐོ་དཀར་ལ་རྒྱལ་ཆེན་བསྐྱེད་བསྟིམ་འབུལ་དམིགས་བྱ། སྒོ་བྱང་བདུད་འཁྱིལ་དང་རྟ་མགྲིན་རིན་ཆེན་གསལ་སྒྲོན་ལྟར་འགྲུབ་ན་འདིར་གདགས། བགེགས་གཏོར་ཀྱང་འདོན་ཚིག་བཞིན་བསྔོས་ལ་ལས་བྱང་ཆེ་ཆུང་གང་ཡིན་གྱི་བཀའ་བསྒོ་ཚིག་ཤར་ཙམ་མིན་པར་ཤེས་རྒྱུད་དུ་བསྟར་ལ་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བཀའ་བསྒོ་བ་ནི། ཧཱུྃ་ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཞེས་འདོན་ཚིག་བཞིན་མ་རིག་ཀུན་རྟོག་ལས་གྱུར་པའི་བགེགས་ཚོགས་ཚར་བཅད་ཏེ་མིང་ཡང་མེད་པར་བསམ། དེ་ནས་ལེའུ་གཉིས་པ་བསྲུང་བའི་འཁོར་ལོ་བསྒོམ་ཞིང་། མཚམས་བཅད་པ་ནི། ཧཱུྃ་རང་རིག་རྡོ་རྗེ་སེམས་དཔའ་སྟེ༔ ཞེས་ཐུགས་ཀ་ནས་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་རྣམས་སྤྲོས་ཏེ་ཕྱོགས་བཞི་སྟེང་ལྔར་གཏམས་ཏེ་
སླར་ཡང་དེ་དག་ལས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཁོར་ལོ་མེ་དཔུང་ཁྲོ་ཚོགས་དཔག་མེད་སྤྲོས་པས་ནང་ནས་རིམ་པ་བཞིན་དུ་ཕྱོགས་མཚམས་སྟེང་འོག་བར་མེད་དུ་གཏམས་ཤིང་། འཐུགས་རྔམས་རེ་རེར་ཡང་དཔག་ཚད་དང་ལྡན་པ་སྲ་མཁྲེག་རྡོ་རྗེའི་རང་བཞིན་བསྐལ་པའི་མེས་མི་འཚིག་ཅིང་རླུང་ཡང་མི་རྒྱུ་བ་ཆུས་མི་འཇིག་ཅིང་སས་ཉེ་རེག་མི་ནུས་པ། བསྲུང་བའི་ནུས་པ་དང་ལྡན་པ་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་ཞིང་གནོད་བྱེད་ཐམས་ཅད་འཚམས་བཅད་པའི་བདག་ཉིད་ཅན་དུ་གྱུར་པར་བསྒོམ་མོ། །བསྲུང་འཁོར་འདི་བསྒྲུབ་པ་མ་གྲོལ་བར་དུ་མི་བསྡུ་ཞིང་ཐུན་མགོ་ཐམས་ཅད་ལ་འཕེན་པ་གཏོད་པར་ནན་ཏན་བྱེད། གཞུང་ལེའུ་གསུམ་པར། ཕྱག་རྒྱ་འཆང་སྟེ། ཧཱུྃ་ཆོས་ཉིད་སྐྱེ་བ་མེད་པ་སྟེ༔ ཞེས་སྔར་རྡོ་རྗེ་ཐེག་པའི་འཇུག་སྒོ་དབང་དུས་ཀྱི་དམ་ཚིག་གསུམ་དྲན་པར་བྱ་སྟེ། སྣང་བ་སྐུའི་དམ་ཚིག་ཏུ་རིགས་དྲུག་པའི་བརྟུལ་ཞུགས། གྲགས་པ་གསུང་གི་དམ་ཚིག་ཏུ་རྗོད་བྱེད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་མཚོན་བྱེད་དྲིལ་བུ། དྲན་རྟོག་ཐུགས་ཀྱི་དམ་ཚིག་ཏུ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ་དེ་ཁོ་ན་ཉིད་མཚོན་བྱེད་རྡོ་རྗེ། དམ་ཚིག་གསུམ་འཆང་བ་ནི། ཟུང་འཇུག་རྡོ་རྗེ་འཆང་གི་དམ་ཚིག་སྟེ་ལམ་འདི་ཉིད་གཅིག་པུར་མ་ཟད་གསང་བ་སྤྱི་ལ་འཇུག་པ་ཆེ་ཞིང་། འདིར་ཐབས་ཤེས་ཕྱག་རྒྱ་གསོར་དཀྲོལ་གྱིས་འགྲོ་བ་མ་རིག་ལྡོང་བའི་གཉིད་ལས་སད་དེ་སངས་རྒྱས་ཀྱི་སར་འཇུག་བྱེད་ཡང་དག་པར་བརྡའི་མཚོན་པས་དོན་ལ་གནས་པར་བྱེད་དོ། །ལེའུ་བཞི་པར། བཛྲ་ས་མཱ་ཛ༔ ས་ཚོགས་ཞིང་སྤྱན་དྲངས་པ་ལ་མདུན་གྱི་ནམ་མཁར་དམིགས་ཏེ། ༀ་ཨཱཿཧཱུྃ་ནམ་མཁའི་མཐར་ཐུག་ཅེས་ཡན་ལག་བཅུ་པ་ངག་འདོན་བཞིན་ཡིད་ལ་བྱ། ལེའུ་ལྔ་པ། ཕྱི་ནང་གི་མཆོད་པ་རྣམས་བྱིན་གྱིས་བརླབས་པ་ནི། ཧཱུྃ་བསམ་
བརྗོད་བྲལ་བའི་སོགས། མཆོད་རྫས་ཐམས་ཅད་མཚན་འཛིན་གྱི་རྟོག་པ་དང་བྲལ་བའི་ངང་ནས་བྷཉྫའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡབ་ཡུམ་བཅུའི་ཡི་གེ་དང་བཅས་འོད་དུ་ཞུ་བ་ལས་སྐུ་གསུང་ཐུགས་ཟག་མེད་ཀྱི་བདུད་རྩི་དཀར་དམར་མཐིང་གའི་རྒྱ་མཚོར་དམིགས་སོ། །ཧཱུྃ་འདོད་ཆགས་ཞེ་སྡང་གཏི་མུག་ཅེས་རཀྟའི་སྣོད་ཀཱ་པཱ་ལར་དུག་གསུམ་ལས་གྲུབ་པའི་འཁོར་བའི་རྩ་བ་ཁྲག་ཆེན་པོ་དེ་ཉིད་རྒྱུ་རྐྱེན་གྱི་ངོ་བོ་རྣམ་པར་དག་པ་རྣམ་རྟོག་དབྱིངས་སུ་བསྒྲལ་བའི་རཀྟ་མ་ཆགས་ཆགས་པ་ཆེན་པོ་བདེ་ཆེན་དམ་ཚིག་གི་རྫས་མཆོག་ལྦུ་འཕྲེང་རྦ་རླབས་གཡོ་བའི་རྒྱ་མཚོ་ནམ་མཁའ་གང་བར་བསྐྱེད། ཧཱུྃ་དུག་ལྔ་རྣམ་དག་ཡེ་ཤེས་ལྔར་ཞེས་གཏོར་སྣོད་བྷནྡྷ་འབར་བར་མི་རྟ་གླང་ཆེན་ཁྱི་དང་བ་ལང་སོགས་དུག་ལྔའི་བརྡར་བསྟན་པའི་ཤ་ལྔའི་རྫས་རྣམ་དག་ཡེ་ཤེས་ཀྱི་རང་བཞིན་དུ་མཉམ་པར་སྦྱོར་བས་ཁམས་དྲུག་གི་ལྷ་མོ་སོགས་འདོད་པའི་ཡོན་ཏན་ལྔའི་དམ་རྫས་ཆེན་པོར་གྱུར་པར་བལྟའོ། །ༀ་ཨཱཿཧཱུྃ་གཟུགས་སྒྲ་དྲི་རོ་རེག་བྱ་ཞེས་ཡུལ་ལྔ་རྣམ་པར་དག་པའི་འདོད་པའི་ཡོན་ཏན་ལྔ་དང་མེ་ཏོག་མ་ལ་སོགས་མཆོད་པའི་ལྷ་མོ་སྤྲིན་གྱི་ཕུང་པོ་ལྟར་གཏིབས་པ་ཟད་མི་ཤེས་པར་བསྒོམ་མོ། །དེ་དག་ནི་སྦྱོར་བའི་ཆོས་སོ། །ད་ནི་དངོས་གཞི་གཞུང་ས་བཅད་ལེའུ་དྲུག་པའི་སྐབས་འཆད་དེ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ༀ་རྣམ་པར་རྟོག་གསུམ་བྲལ་བ་ཞེས་བཟང་ངན་ལུང་མ་བསྟན་གྱི་རྟོག་པ་སྟེ་ཉོན་ཡིད་ཀྱི་རྣམ་ཤེས་ཆགས་སྡང་བར་མ་གསུམ་གྱི་བདག་ཉིད་ཅན་གཟུང་འཛིན་འཁོར་བའི་ཆོས་ཅན་གྱི་རྣམ་རྟོག་དེ་དང་བྲལ་ལ། ཧེ་རུ་ཀ་ཀལ་པོ་ལས། བསམ་དུ་མེད་དེ་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་དབྱིངས་ནམ་མཁའ་བསམ་པ་ཀུན་དང་བྲལ། །བསམ་དུ་མེད་པའི་ཆོས་དབྱིངས་ནམ་མཁའ་
ནི། །ནམ་མཁར་མི་དམིགས་པ་ཡང་དམིགས་སུ་མེད། །ཞེས་པའི་དེ་ཡང་དམིགས་མེད་བརྗོད་བྲལ་གྱི་ཡེ་ཤེས་འཁོར་འདས་ཡོངས་གྲོལ་ཆེན་པོ་དག་པ་གཉིས་ལྡན་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་རིག་སྟོང་བློ་འདས་ཧར་སང་ཡུལ་མེད་རྗེན་ཧྲིག་གེ་བ་ཆུ་བོའི་རྒྱུན་གྱི་རང་རིག་འདི་ཀ་ལས་གཞན་མེད་པས་བབས་ཀྱིས་བཞག་པར་བྱའོ། །དེ་ནི་རྟོག་བྲལ་གྱི་ཏིང་ངེ་འཛིན་དེ་ལམ་སྦྱོང་བྱེད་ཀྱི་སྐབས་དང་མཐར་ཐུག་དོན་དམ་པའི་དེ་བཞིན་ཉིད་ཀྱང་དེ་ཡིན་ཏེ་བྲལ་འབྲས་ཙམ་གྱི་ཁྱད་པར་ལས། འབྲས་བུ་གཞི་རྫོགས་ཀྱི་དོན་འཆད་པ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་དོན་དུ་ལྷུན་གྱིས་གྲུབ་ལ། ཇི་སྐད་དུ། ས་ལེ་སྦྲམ་ནི་གསེར་མིན་ན། །བཏུལ་བས་གསེར་དུ་མི་འགྱུར་བཞིན། །ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དང་དབྱེར་མེད་ཕྱིར། །རིགས་ཡོད་ཕྱིར་ན་སེམས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། ཕྱོགས་ཀྱི་གླང་པོས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་དེ། །རྣམ་རྟོག་དེ་དང་བྲལ་བ་ན། །ཁྱོད་ཉིད་རྟག་ཏུ་མྱ་ངན་འདས། །ཞེས་དང་། ལུང་ལས། སྟོང་གསུམ་དར་ཡུག་ཏུ་བྲིས་པ་རྡུལ་ཕྲན་དུ་ཤོང་བའི་དཔེས་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་རང་་བཞིན་ཡོད་པར་བསྟན་པ་སོགས་ལུང་མང་མོད་ཀྱང་ཡི་གེས་འཇིགས་པ་དང་སྤྲོས་པ་ཡང་ག་ལ་དགོས། གལ་ཏེ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་དོན་ལ་མ་འབྱོངས་བའི་གང་ཟག་ཞིག་ཡིན་ནའང་ཆོས་ཐམས་ཅད་རྡུལ་ཕྲན་ཆ་མེད་དུ་སྟོང་ཞིང་བདག་མེད་དོ་སྙམ་པར་བྱའོ། །གཉིས་པ་ཀུན་སྣང་གི་ལུང་ནི། སྟོང་པ་མཐའ་གཅིག་གི་ཞེན་པ་གྲོལ་ཕྱིར། ལམ་རིམ་ལས། སྟོང་པས་ལམ་ཀུན་མཚན་མ་མེད། །བདག་ཏུ་འཛིན་པའི་ཞེན་པ་གྲོལ། །ཞེས་པས།
ཨ་རྟོག་བྲལ་ངང་ལས་ཞེས་སྟོང་ཉིད་ནམ་མཁའ་ལྟ་བུའི་རྩལ་གདངས་འགགས་མེད་སྙིང་རྗེའི་རང་བཞིན་རང་རིག་ཆོས་སྐུ་དེ་ལྟ་བུ་མ་རྟོགས་པའི་སེམས་ཅན་རྣམས་སྙིང་རེ་རྗེ་སྙམ་པ་དེ་ཡང་ཤེས་རབ་ཆེན་པོས་རེ་དོགས་དང་བྲལ་བར་མཁའ་ཁྱབ་ཏུ་སྤེལ་ལ། སྙིང་རྗེ་རང་རྒྱུད་པ་མ་ཡིན་ཏེ། ཤེས་རབ་དང་ནམ་ཡང་མི་འབྲལ་བ་ཞིག་དགོས་ལ། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བསལ་ནས། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བརྟེན་ནས། །འཕགས་པས་འཁོར་བའམ་མྱ་ངན་འདའ་མི་བཞེད། །ཞེས་པས། སྙིང་རྗེས་ཞི་བར་མི་ཆགས་ཤེས་རབ་ཀྱིས་འཁོར་བར་མི་ལྟུང་བ་བཏང་སྙོམ་ཆེན་པོར་བསྐྱེད་དེ། རྨོངས་པའི་སྤྱོད་ཡུལ་དུ་མ་གྱུར་ལ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་པར་བརྟགས་ལ་སྟོང་ཉིད་དང་སྙིང་རྗེ་མ་བྲལ་བར་སྒྱུ་མ་ལྟ་བུར་བསྐྱེད་དོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། ཧཱུྃ་གསལ་སྟོང་སྙིང་རྗེའི་ངང་ཉིད་ཅེས་སྙིང་རྗེའི་རྩལ་ལས་རིག་པ་རྒྱུའི་ཡི་གེ་ཨ་མཐིང་ནག་གསལ་གདབ་སྟེ་དངོས་མེད་དངོས་པོའི་སེམས་ཉིད་ཡེ་ཤེས་ཀྱི་སྤྲིན་སྤྲོས་པ་ཡང་། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །སྒྱུ་འཕྲུལ་འཁོར་ལོ་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང། གཞན་ཡང་རྒྱུད་དོན་ཡི་གེའི་རང་བཞིན་འཆད་པའི་སྐབས་ཀྱི་གནས་ལུགས་དོན་གྱི་ཡི་གེ་ཞེས་
སེམས་ཉིད་ཡི་གེའི་རང་བཞིན་དུ་གནས་པའི་རྒྱུ་ལས་འཁོར་འདས་བསྐྱེད་པར་གསུངས་པ་བཞིན། འདིར་རིག་པ་རྒྱུའི་ཡི་གེར་ཤར་བས་འཁོར་ལོའི་ལྷ་ཚོགས་སྤྲོ་བའི་གཞི་རུ་བསྒོམ་མོ། །དེ་དག་ནི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་རིམ་པ་སྟེ། དགོས་ཆེད་ཕན་ཡོན་ནི། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། དེ་ཏིང་བསྒོམ་པས་འཆི་བ་སྦྱོང་ཞིང་ཆོས་སྐུའི་དགོངས་པ་མངོན་དུ་བྱེད། ཀུན་སྣང་བསྒོམ་པས་ཆོས་ཉིད་ཀྱི་བར་དོ་སྦྱོང་ཞིང་ལོངས་སྐུའི་གོ་འཕང་མངོན་དུ་བྱེད། རྒྱུའི་ཏིང་ངེ་འཛིན་བསྒོམ་པས་སྐྱེ་བ་སྲིད་པའི་བར་དོ་སྦྱོང་ཞིང་སྤྲུལ་སྐུའི་གོ་འཕང་ཐོབ་པར་བྱེད། ཕྱག་རྒྱ་སྤྲོས་བཅས་རྗེས་སྤྱོད་ལམ་ལྷར་ལྡང་གི་སྐབས་བསྒོམ་པས། སྲིད་པ་ཕྱི་མའི་བག་ཆགས་མཐའ་དག་སྦྱོང་ཞིང་སྤྲུལ་སྐུའི་འགྲོ་དོན་མཛད་པ་དང་བཅས་པ་ལམ་དུ་བྱེད་གསུངས་པ་དང་། དེ་དག་གི་སྐབས་ཀྱི་ཚོགས་ཀྱང་བསྐལ་པ་ཆེན་པོ་ཆགས་འཇིག་གི་བར་གྱི་བསོད་ནམས་གསོགས་པ་དང་མཉམ་པར་གསུངས་སོ། །བཞི་པ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། སྟོང་གསལ་རང་བབས་གདོས་བཅས་ཞེས་པས་ཐོག་མའི་རྒྱུའི་ཨ་ལས་ཨེ་འདིར་ཟུར་དྲུག་ཅེས་པས་བསྣོལ་མའམ་དཔྱད། ཡིག་ཆད་དེ་ནམ་མཁའ་མཐིང་ནག་གྲུ་གསུམ་དབལ་ཐུར་བསྟན་ཕལ་ག་གྱེན་ལྟ། དེ་སྟེང་རིམ་གྱིས་ཨ་ལས་ཡཾ་འདིར་འབྱུང་བ་མེའི་ས་བོན་རཾ་དགོས་ཀྱང་ཡིག་རྙིང་ཁུང་མ་ཐམས་ཅད་ལ་མེད་པ་ལྟར་སོར་གནས་སུ་བཞག་ལ་རིག་ལུང་གི་འཐད་པ་དང་དོན་ལའང་ཡུམ་ལྔའི་མཁའ་ཀློང་ལྔར་གྲུབ་པ་ལྟར་ན་ཆད་སྐྱོན་འདྲ་བས་བློ་ལྡན་རྣམས་ཀྱིས་དཔྱད་པར་ཞུ། བཾ་ལཾ་རྣམས་འཕྲོས་པས་རླུང་ཆུ་ས་རྣམས་ཀྱི་དཀྱིལ་འཁོར་ཆགས་ཤིང་དེའི་སྟེང་དུ་བྷྲཱུཾ་སྤྲོས་པས་འོག་ཁང་ཞི་བ་དང་སྟེང་ཁང་ཁྲོ་བོའི་དཀྱིལ་འཁོར་གཉིས་རིམས་སུ་སྟེང་ཁང་ལ་གཞལ་ཡས་ཁང་
ཕྱི་ནང་སྒོ་སྦྲག་ནང་མར་རྩ་དཀྱིལ་དང་། ཕྱིའི་ལྷ་རྣམས་ལ་དབང་ཕྱུག་མའི་གནས་བཅས་བསྐྱེད་ཚིག་གཅིག་གི་དཔེར་ན་བྱད་གཅིག་ལ་མེ་ལོང་གཉིས་སུ་གཟུགས་བརྙན་འཆར་ནུས་པ་བཞིན་གྲུ་བཞི་སྒོ་བཞི་ཀ་གདུང་བར་ཁྱམས་གྲུ་ཆད་གློ་འབུར་སྟེང་ཕྱུར་བུའི་ཏོག་འོག་གཞི་རྡོ་རྗེའི་ལྟེ་བ་ལ་གནས་པ་བཅས་གྱེར་གཞུང་གསལ་བས་དེ་བཞིན་བསྒོམ། འདིར་ཁྲོ་བོའི་དབུ་ལ་ཞི་དཀྱིལ་འཆད་པའི་ལུགས་སོགས་ཡོད་འདྲ་ཡང་། འདི་ནི་༧རྗེ་བླ་མ་དམ་པའི་གསུངས་ལས་ཡང་བྱུང་ཞིང་གཞན་རྩོད་བྲལ་གྱི་མཁས་དབང་འགའི་བཞེད་སྲོལ་དུ་ཡང་ཡོད་ལ། དེར་མ་ཟད། སེམས་ཉིད་ངལ་གསོ་ལས། གཞལ་མེད་ཁང་མཛེས་སྒོ་བཞི་རྟ་བབ་ལྡན། །རྩིགས་པ་ལྔ་དང་ཕ་གུ་དྲྭ་ཕྱེད་དང་། །མདའ་ཡབ་པུ་ཤུད་གཙང་ཁང་ཕྱུར་བུས་མཛེས། །ཞེས་དང་། ཀུན་གྱི་ནང་ན་སེང་གེ་གླང་ཆེན་རྟ། །རྨ་བྱ་ཤང་ཤང་ཉི་ཟླ་པདྨས་སྤྲས། །ཞེས་དང་། རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་འགྲུབ་ལྔ་པོ་ལྔ་ལྔས་བསྐོར་བ་ལ། །ནམ་མཁའི་དབང་ཕྱུག་རྡོ་རྗེ་མ་མ་ཀི། སངས་རྒྱས་སྤྱན་དང་གོས་དཀར་དམ་ཚིག་སྒྲོལ། །ཡབ་ཡུམ་མཉམ་སྦྱར་སོ་སོའི་རྒྱན་རྣམས་རྫོགས། །ཞེས་དང་། འོག་གཞི་ཞི་བ་སྟེང་གཞི་ཁྲོ་བོའི་ཚུལ། བུདྡྷ་བཛྲ་རཏྣ་པདྨ་ཀར། །ཧེ་རུ་ཀ་དཔལ་ལྔ་ལྔས་བསྐོར་བ་ཡང་། །ཀྲོ་ཏི་ཤྭ་རི་ལྔ་དང་མཉམ་པར་སྦྱོར། །ཞེས་དང་། འཁོར་ནི་ཉིད་ལས་མི་ཞན་རང་སྣང་འཁོར། །སེམས་དཔའ་བརྒྱད་དང་དེ་བཞིན་སེམས་མ་བརྒྱད། །སྒོ་བ་བཞི་དང་སྒོ་མ་རྣམ་པ་བཞི། །ཞི་བའི་རང་བཞིན་བཞི་བཅུ་རྩ་གཉིས་ལ། །ཁྲོ་བོའི་འཁོར་ནི་ཀཽ་སེང་ཕྲ་མེན་བརྒྱད། །སྒོ་སྐྱོང་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད། །ཁྲོ་བོའི་རང་བཞིན་ལྔ་བཅུ་རྩ་བརྒྱད་ལ། །ཞེས་གསུངས་པས་གསལ་ཞིང་། འགྲེལ་བ་ནས་སྟེང་གཞི་ལ་ཁྲོ་བོ་རིགས་ལྔ་
ཡང་ཚུལ་དགུས་བཞུགས་སོ་གསུངས་ལ། དཀྱིལ་འཁོར་དེའི་ཕྱི་རིམ་འཁོར་ཡུག་ཏུ་དུར་ཁྲོད་བརྒྱད་ན་རང་བྱུང་གི་མཆོད་རྟེན་བདེ་བྱེད་བརྩེགས་པ་སོགས་མཆོད་རྟེན་བརྒྱད། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། པདྨ་འབྱུང་གནས། བི་མ་ལ་སོགས་སློབ་དཔོན་བརྒྱད། མེ་ཆུ། སྤྲིན་ཤིང་། ཞིང་སྐྱོང་། ལྷ་ཀླུ་རྣམས་བརྒྱད་བརྒྱད་ཀྱིས་བརྒྱན་པའོ་ཞེས་གསུངས་སོ། །དེ་ལྟར་ཡང་གསང་སྙིང་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་སྟེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོག་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཞེས་སོ། །སྒྱུ་འཕྲུལ་རྔམ་གློག་ལས། མཁའ་འམ་ཡིད་ཀྱི་ནམ་མཁའ་ལ། །འབྱུང་ཆེན་བརྩེགས་པ་ལྷུན་གྱིས་གྲུབ། །དེ་སྟེང་རིན་ཆེན་སྣ་བཞི་ལས། །ལྷུན་གྱིས་གྲུབ་པས་ཚད་དཔག་མེད། །ཞེས་གསུངས་པ་བཞིན་བློས་ཁྱབ་ཚད་དུ་བསྒོམ་མོ། །དེ་ལྟ་བུའི་གཞལ་ཡས་ཁང་ལ་གཞི་ལམ་འབྲས་བུ་དག་པ་དང་སྦྱར་ན། གཞི་སེམས་ཅན་ཐམས་ཅད་ལ་ཡེ་ནས་དེ་ལྟར་གནས་པས། སྒོ་བཞི་ཚད་མེད་བཞི། རྟ་བབས་བཞི་དྲན་པ་ཉེར་བཞག་བཞི། རྩིགས་པ་ལྔ་ནི་ཡེ་ཤེས་ལྔ། ཀ་བ་བརྒྱད་ནི་འཕགས་ལམ་བརྒྱད། དྲིལ་བུ་ཟར་ཚག་ཉི་ཟླའི་ཕྲེང་བ་རྔ་ཡབ་ནོར་བུ་རྣམས་དབང་པོ་ལྔ་དང་སྟོབས་ལྔ། གདུགས་ནི་ཆོས་ཀྱི་དབྱིངས། འཁོར་ལོ་བཞི་བདེན་བཞི། ཕ་གུ་སེམས་ཉིད་མི་འགྱུར་བ། དྲ་ཕྱེད་བྱང་ཆུབ། མདའ་ཡབ་ནི་ཐུགས་རྗེ་ཆེན་པོ། པུ་ཤུད་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད། བུམ་པ་ཟླུམ་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གློ་འབུར་བཞི་ནི་ཡེ་ཤེས་ལྷག་མ་བཞི། གདན་ལྔ་པོ་དུག་ལྔ་ངོ་བོ་ཉིད་ཀྱིས་དག་པ། རྡོ་རྗེ་དང་ནོར་བུའི་ཏོག་ནི་སེམས་ཉིད་ཡེ་ནས་འོད་གསལ་བ། དུར་ཁྲོད་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད། སློབ་དཔོན་བརྒྱད་ནི་
རང་བྱུང་གི་ཡེ་ཤེས། མེ་བརྒྱད་ཡོངས་སུ་གདུང་བའི་ཀུན་ཏུ་རྟོག་པ་བརྒྱད། ཤིང་བརྒྱད་ཉོན་མོངས་པའི་རང་བཞིན་བརྒྱད། ཆུ་བརྒྱད་དག་བྱེད་ཀྱི་ལམ་བརྒྱད། ལྷ་བརྒྱད་ནི་དངོས་གྲུབ་ཀྱི་སྒོ་བརྒྱད། ཀླུ་བརྒྱད་ཡོན་ཏན་གྱི་ཚོགས་བརྒྱད། ཞིང་སྐྱོང་བརྒྱད་བསོད་ནམས་ཡེ་ཤེས་ཀྱི་འདུ་བ་བརྒྱད་དེ། མ་དག་པའི་དུས་ན་ཡང་ཡོན་ཏན་གྱི་ཆ་རེ་དང་སྐྱོན་གྱི་ཆ་རེ་སྟེ་གཉིས་གཉིས་སུ་བརྩིའོ། །དཔེར་ན་ཡེ་ཤེས་ལྔའི་ཆ་ཉོན་མོངས་པ་ལྔར་བརྩི་བ་ལྟ་བུའོ། །ལམ་དང་སྦྱར་ན། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱོར་ཏེ། རྟ་བབས་བཞི་ནི་དྲན་པ་ཉེར་བཞག་བཞི། ཕྲན་བཞི་ཡང་དག་སྤོང་བ་བཞི། འཁོར་ལོ་ལ་སོགས་པའི་རྒྱན་བཞི་རྫུ་འཕྲུལ་གྱི་རྐང་པ་བཞི། རྩིགས་པ་ལྔ་དབང་པོ་ལྔ། ཕ་གུ་དྲ་ཕྱེད་མདའ་ཡབ་པུ་ཤུད་ཕྱུར་བུ་ལྔ་ནི་སྟོབས་ལྔ། སེང་གེ་ལ་སོགས་པའི་གདན་ལྔ་ཉི་ཟླ་གཉིས་ཏེ་བདུན་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། ཀ་བ་བརྒྱད་ནི་འཕགས་ལམ་བརྒྱད། སྒོ་བཞིར་འཇུག་པའི་ཐེམ་སྐས་ཕ་རོལ་ཏུ་ཕྱིན་པ་དྲུག །སྒོ་བཞི་ཚད་མེད་པ་བཞི། རེ་རེའི་གསུམ་གསུམ་ནི་རྣམ་པར་ཐར་པ་གསུམ་ལ་སོགས་ཏེ། ཚོགས་ལམ་ནས་སྒོམ་ལམ་གྱི་བར་གྱི་ཡོན་ཏན་རྣམས་སོ། །འབྲས་བུ་དང་སྦྱར་ན་སངས་རྒྱས་ཀྱི་ཡོན་ཏན་དང་སྦྱོར་ཏེ། ལམ་མཐར་ཐུག་པའི་ཆོས་སུམ་ཅུ་སོ་བདུན་ནི་སྦྱོར་ཚུལ་དེ་དང་འདྲ་ལ། ཁྱད་པར་དུ་མི་འཇིགས་པ་བཞི་སེང་གེའི་ཁྲི། སྟོབས་བཅུ་གླང་པོ་ཆེའི་ཁྲི། དབང་བཅུ་རྨ་བྱའི་ཁྲི། རྫུ་འཕྲུལ་བཞི་རྟའི་ཁྲི། ཤེས་བྱ་ཐམས་ཅད་ལ་ཐོག་པ་མེད་པ་ཤང་ཤང་གི་ཁྲི། ཡེ་ཤེས་ལྔའི་རྩིག་པ། སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོའི་འོད་ཟེར་འཁྱིལ་བ། འགྲོ་བ་སྐྱོབས་པའི་གདུགས། མཚུངས་པ་མེད་པའི་ཏོག་ལ་སོགས་པ་སྟེ་མཐར་ཐུག་གི་ཡོན་ཏན་རིན་པོ་ཆེས་བརྒྱན་པའོ། །འདིའི་ཚུལ་ནི་གསང་སྔགས་གསར་རྙིང་སྤྱི་
མཐུན་ཏུ་ཡོད་ལ། འདི་དག་སྒྱུ་འཕྲུལ་དྲྭ་བའི་ལུགས་བཞིན་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་གསུངས་ལས་བཀོད། སྔགས་པ་ཁ་ཅིག་གིས་དེ་ལྟ་བུ་དག་པ་སྦྱར་བ་ཡིན་ཏེ་དོན་ལ་དཀྱིལ་འཁོར་དུ་མེད་ཅེས་ཟེར་བ་ནི་གསང་སྔགས་ཀྱི་ལུགས་ཕྱིན་ཅི་ལོག་ཏུ་རྟོག་པའོ། །དེའང་བྱད་ཡོད་པའི་མཚོན་བྱེད་དུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར། ཡོན་ཏན་དེ་ལྟ་བུའི་རྩལ་ལས་གཞལ་ཡས་ཁང་ལྷ་རྣམས་འཇའ་ཚོན་ལྟར་རང་ཤར་དུ་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པར་ཤེས་པར་བྱའོ། །འོག་མིན་དུ་རང་སྣང་བ་ནི་གཞི་ལ་ཡོད་པ་སྒྲིབ་པ་ཐ་དག་དང་བྲལ་བའི་ཚེ་ནུས་པ་མངོན་དུ་གྱུར་པའོ། །ཞེས་པའང་རྡོ་རྗེ་གཟི་བརྗིད་ཀྱིས་གསུངས་སོ། །སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་བ་ཀུན་ལ་རབ་གནས་པས། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་མ་ལུས་རྫོགས་པར་ལྡན། །ཞེས་གསུངས་སོ། །ལྔ་པ་བརྟེན་པ་ལྷ་བསྐྱེད་པ་ནི་སྤྱིར་སྐྱེ་གནས་བཞིའི་བག་ཆགས་སྦྱང་ཕྱིར་བསྐྱེད་ཚུལ་ཡང་གསུངས་ལ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པས་སྒོང་སྐྱེས་སྦྱང་བྱེད་ཀྱི་བསྐྱེད་ཚུལ་ལན་གཉིས་ལྡབ་པ་ལྟ་བུ་འདིར་མི་དགོས་ལ། སྐྱེ་གནས་གཞན་གསུམ་དང་མཚུངས་པར་འཆད་ལ། ཐོག་མར་མངལ་སྐྱེས་སྦྱངས་ཕྱིར་ལུང་ནི། སེམས་ཉིད་ངལ་གསོ་ལས། མངལ་སྐྱེས་བག་ཆགས་སྦྱངས་ཕྱིར་བསྟན་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སྟོང་ལས་ས་བོན་དང་། །ཕྱག་མཚན་ལས་ནི་སྐུ་དང་འོད་ཟེར་སོགས། །རིམ་གྱིས་རྒྱས་པར་སྒོམ་གྱིས་སྔར་བཞིན་དུ། །མདོར་བསྡུས་སྔོན་ཏུ་མི་འགྲོ་བསྐྱེད་རྫོགས་ནི། །
ཇི་ལྟར་རླུང་སེམས་ཐིག་ལེ་དཀར་དམར་ལས། །མེར་ནུར་ལྟར་དང་མཁྲང་གྱུར་ལ་སོགས་ནས། །ལུས་ནི་ཡོངས་སུ་བཙའ་བའི་བར་བཞིན་ནོ། །ཞེས་པས། ཧཱུྃ་བདག་ཉིད་ཐ་མལ་རང་སེམས་ཞེས་སེམས་ཉིད་རྡོ་རྗེ་མཐིང་ནག་ཨའི་མཚན་པར་བསྒོམ་ལ་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་ཏེ་དོན་གཉིས་བྱས་ཏེ་ཚུར་འདུས་རྡོ་རྗེ་ཨ་དང་བཅས་པ་འོད་དུ་ཞུ་བ་ལས། མ་རིག་པ་ཉོན་མོངས་པའི་དྲི་མ་སྦྱང་སྟེ་རིག་པ་ཡེ་ཤེས་ཀྱི་སྐུར་སད་པར་བསམ་ལ། བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གཞུང་བཞིན་བསྐྱེད་དེ། དེ་ནས་དྲོད་གཤེར་སྐྱེས་ཀྱི་ཚུལ་ཡང་། སེམས་ཉིད་ངལ་གསོ་ལས། དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱང་བྱའི་ཕྱིར། །སྐྱབས་འགྲོ་སེམས་བསྐྱེད་སྟོང་ལས་ལྷ་རྣམས་ཀྱི། །མཚན་ཙམ་བརྗོད་ལས་ལྷར་གསལ་བསྐྱེད་རྫོགས་བསྒོམ། །ཇི་ལྟར་དྲོད་གཤེར་འདུས་ལས་གྲུབ་པའི་ལུས། །ཤིན་ཏུ་འགྲུབ་པར་སླ་བའི་བཙའ་བ་བཞིན། །ས་བོན་ཕྱག་མཚན་སྤྲོས་པ་དགོས་པ་མེད། །ཅེས་པ་ལྟར། ཚོར་བ་རང་གྲོལ་སྙིང་པོ་ལས། བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔ ཅེས་པས་སོ། །བརྫུས་སྐྱེས་དང་སྦྱར་ཏེ། ངལ་གསོ་ལས། བརྫུས་ཏེ་སྐྱེ་བའི་བག་ཆགས་སྦྱང་བའི་ཕྱིར། །སྐད་ཅིག་ཙམ་གྱི་ཝལ་གྱིས་བསྐྱེད་རྫོགས་བསྒོམ། །ཇི་ལྟར་བརྫུས་སྐྱེས་སྐད་ཅིག་སྣང་བ་བཞིན། །མིང་ལས་རིམ་གྱིས་བསྐྱེད་རྫོགས་སྒོམ་མི་དགོས། །ཞེས་པ་ལྟར། གཞུང་ལས། བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དང་༔ ཞེས་པས་ཆུ་ལས་ཆུ་བུར་རྡོལ་བའམ་ཉ་འཕར་བ་ལྟ་བུར་ཐོལ་སྐྱེས་སམ་ཝལ་གྱིས་བསྐྱེད་པ་རྣམས་ཅིག་ཆར་དུ་དོན་མཐུན་ལ། འདིར་ལམ་ལ་འབྱོངས་བ་དང་དབང་རབ་རྣམས་ལ་འཐད་དེ། བླ་མ་དམ་པའི་ཞལ་ལུང་ལས་ཀྱང་། གཞན་དུ་སྐྱེ་གནས་
བཞིའི་བག་ཆགས་སྦྱང་ཕྱིར་མངོན་བྱང་ལྔ་དང་ཆོ་ག་གསུམ་སོགས་སྤྲོས་བཅས་ཀྱི་བསྐྱེད་ཚུལ་གསུངས་ཀྱང་། འདི་ནི་དབྱིངས་སྐྱེ་མེད་མཐའ་བྲལ་གྱི་ཀློང་ནས་རིག་པ་ཡེ་ཤེས་འགགས་མེད་རང་བྱུང་དོན་གྱི་ལྷར་ཤར་བ་མ་གཏོགས། ཀུན་རྫོབ་སྤྲོ་བསྡུས་མཚན་བཅས་ཀྱི་བསྐྱེད་རིམ་ལ་རག་མ་ལས་པའི་ཕྱིར་ན། རང་གི་ཤེས་རིག་ཀྱི་ངོ་བོ་ཀུན་ཏུ་བཟང་པོ་དང་དཀྱིལ་འཁོར་གྱི་གཙོ་བོ་ལྷུན་གྱིས་གྲུབ་ཅིང་ཞེས་གསུངས་ལ། དེ་དག་ནི། བསྐྱེད་ཚུལ་གྱི་རིམ་པ་མདོ་ཙམ་མོ། །ད་ནི་ལྷ་ཚོགས་འཁོར་བཅས་བསྐྱེད་པར་བྱ་བ་ལ། འདིར་རྣམ་སྣང་ཀུན་བཟང་གི་ཐུགས་ཀར་བསྐྱེད་ནས་སླར་ཀུན་བཟང་རྣམ་སྣང་གི་སྤྱི་བོར་བཏེགས་པ་ཞིག་འདུག་པ། གཞུང་ཚིག་བསླད་མེད་ཡིན་ནམ་བརྟག་ལ་མཁས་གྲུབ་པདྨ་མ་ཏི་དགོངས་པ་ཆོས་དབྱིངས་སུ་མནལ་བས་གཤེགས་རྫོང་སྒྲུབ་པའི་པར་མ་སྟག་བླ་པདྨ་བློ་ལྡན་གྱིས་ཞུས་དག་མཛད་པའི་པར་ཡིག་ཁུང་བཅོལ་བཏུབ་པ་རྣམས་སུ་ཡང་ཡོད་ལ། མིན་ཏུ་ཆུག་ནའང་གཞིར་བཞགས་ལ་གང་ལྟར་ཀྱང་འགལ་བ་སྡུད་པར་མི་སེམས་ཏེ། ཞི་ཁྲོ་ངེས་དོན་སྙིང་པོ་ལས་ཀུན་ཏུ་བཟང་པོའི་འོག་ཏུ་རྣམ་པར་སྣང་མཛད་བསྐྱེད་པར་གསུངས། དེར་མ་ཟད་བཀའ་བརྒྱད་བདེར་འདུས་ཀྱི་དཀྱིལ་ཆོག་གི་རྣམ་བཤད་གཏེར་ཆེན་ཉང་རལ་གྱིས་མཛད་པར། གཙོ་བོ་རྣམ་སྣང་གི་རྒྱབ་མདུན་སྤྱི་བོ་གང་རུང་དུ་བྱ་བྱེད་སྒོམ་པའི་འདམ་ཁར་མཛད་ལ། དེས་ན་སློབ་དཔོན་ཆེན་པོའི་གཞུང་ཚད་མ་འདིར་བསྟུན་རུང་བཀའ་གཏེར་འགའ་ལ་ཀུན་བཟང་རྣམ་སྣང་གི་སྤྱི་བོར་བསྐྱེད་པ་ཀུན་ཏུ་བཟང་པོའི་ཐུགས་ཀར་རྣམ་སྣང་བསྐྱེད་པ་རྣམ་པར་སྣང་མཛད་གཙོ་བོའི་མདུན་དུ་བསྐྱེད་པ་ལ་སོགས་རིགས་མི་མཐུན་པ་མང་ཞིག་འདུག་པས། མཐའ་གཅིག་ཏུ་བཟུང་ནས་འདི་ཁོ་ནའོ་ཞེས་པའང་མ་ངེས་སོ། །དེའང་ཀུན་མཁྱེན་ཆེན་པོས། སྒྱུ་
འཕྲུལ་ལྟར་རྒྱུད་ཅུང་ཟད་འཁྲུགས་སྡེབས་ཀྱི་ཚུལ་དུ་བཤད་གསུངས་ལ། བྱ་བྱེད་བར་ཁྱམས་སུ་བཀོད་པ་ནི་རྣམ་སྣང་གི་ལྟོ་བའི་བར་ཁྱམས་ཏེ། དེ་ཡང་། གཙོ་བོའི་ཐུགས་ཀར་གཞི་ཡི་ཀུན་ཏུ་བཟང་། །ཡབ་ཡུམ་འཁྲིལ་སྦྱོར་མཚན་དཔེས་བརྒྱན་པའི་སྐུ། །མཁའ་ལྟར་དྲི་མེད་མཐོ་མཐིང་སྐྱིལ་ཀྲུང་ཚུལ། །ཚོན་གང་འོད་ཀྱི་གོང་བུར་འབར་བར་བསྒོམ། །གསུངས་ཀྱང་འདིར་སྔ་མ་ལྟར་གཞུང་འདི་ཀའི་ལུགས་མཐུན་རྣམས་དང་སྦྱར་རོ། །ཚོམ་བུ་སྐུ་དྲུག་གི་སྐབས་དབུས་ཀྱི་སྙིང་པོ་ལ་རྣམ་པར་སྣང་མཛད་རྡོར་སེམས་ལ་ཞལ་ཕྱོགས་པར་བསྐྱེད། དེའི་སྤྱི་བོར་ཀུན་བཟང་ཡབ་ཡུམ་བསྐྱེད་དེ། སྒྱུ་འཕྲུལ་རྔམ་གློག་ལས། ཡེ་ཤེས་ལྷ་ཚོགས་མང་པོ་རྣམས། །གཙོ་བོ་ཟུང་དུ་འབྲེལ་བ་སྟེ། །དབུས་ཀྱི་ཕོ་བྲང་སྙིང་པོ་ལ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །དཔའ་བོ་དེ་ཡི་སྤྱན་སྔ་ན། །རྡོ་རྗེ་སེམས་དཔའ་རྒྱ་ཆེན་ཡང་། །ཞེས་གསུངས་ལ། དོང་སྤྲུགས་ཏུ་དབུས་གཙོ་བོའི་གཡས་སུ་མི་བསྐྱོད་པ་མཛད་འདུག་པར། འདིར་ཡང་རྡོར་སེམས་དང་བཛྲ་ཧེ་རུ་ཀ་རྣམས་བསྐང་བཤགས་གནས་སྤར་ལམ་བསྟན་སོགས་ཀྱི་སྐབས་དབུས་གོ་འཕོ་སྟེ། དེ་ཡང་ཇི་སྐད་དུ། ཡེ་ཤེས་གོ་ས་འཕོ་བ་ཡོད། །ཅེས་དང་། རྣམ་སྣང་ལས། རིགས་ཀྱི་བདག་པོ་ཡེ་ནས་ཡིན་པའི་ཕྱིར། །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །ཞེས་དང་། གཞན་ཡང་རྒྱུད་ལས། ཐུགས་ཀྱིི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་པ་སོགས་ཀྱིས་བསྟན་ལ། དེ་བཞིན་དུ་རང་གཞུང་ནས་ཀྱང་གསལ་ལོ། །དེ་ནས་ཤར་ཕྱོགས་ནས་ཕྱོགས་བཞིར་རིམ་གྱིས་ཚོམ་བུ་ལྔ་ཚོམ་བཞིར་རྡོར་སེམས་རིན་འབྱུང་སྣང་མཐའ་དོན་འགྲུབ་རིགས་ཀྱི་ཡུམ་དང་སེམས་དཔའ་སེམས་མར་བཅས་བསྐྱེད་གཞུང་གོང་གསལ་བཞིན་དང་། དེ་བཞིན་དུ་ཐུབ་དྲུག་སྒོ་བ་
ཡབ་ཡུམ་བཅས་པ་བསྐྱེད་དོ། །དེ་དག་གི་དག་པའང་། ཤིང་རྟ་ལས། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ལ་སོགས་པའི་ཕུང་པོ་ལྔ་གནས་སུ་དག་པ་རིགས་ལྔ། ས་ཆུ་མེ་རླུང་ནམ་མཁའ་སོགས་ཁམས་ལྔ་གནས་སུ་དག་པ་ཡུམ་ལྔ། སྣང་སྟོང་ཟུང་དུ་འཇུག་པའི་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ། ཀུན་གཞིའི་རྣམ་ཤེས་ས་ལེ་བ་ཡིད་ཀྱི་རྣམ་ཤེས་སུ་རེ་འཛིན་བྱེད་ཀྱི་ཤེས་པ། ཉོན་མོངས་རྣམ་ཤེས་ཆགས་སྡང་བར་མར་འཛིན་པ། སྒོ་ལྔའི་རྣམ་ཤེས་གཟུགས་སྒྲ་དྲི་རོ་རེག་བྱར་འཛིན་པས་རྣམ་ཤེས་ཚོགས་བརྒྱད་པོ་གནས་སུ་དག་པ་སེམས་དཔའ་བརྒྱད། འཛིན་ཡུལ་སྣང་བའི་ཡུལ་བརྒྱད་པོ་གནས་སུ་དག་པ་སེམས་མ་བརྒྱད། ཞེ་སྡང་སེར་སྣ་གཏི་མུག་ཕྲག་དོག་ང་རྒྱལ་འདོད་ཆགས་ཏེ་ཉོན་མོངས་དྲུག་པོ་ལས་བྱུང་བའི་འགྲོ་བ་རིགས་དྲུག་གནས་སུ་དག་པ་སྤྲུལ་སྐུ་ཐུབ་པ་དྲུག །ལུས་ཀྱི་ཆོས་བཞི་པོ། རེག་པ། རེག་བྱ། རེག་བྱེད། རེག་ཤེས། བཞིས་མཚོན་ནས། དབང་པོའི་ཤེས་པ་དབང་པོ། དབང་པོའི་ཡུལ། དབང་ཤེས་ལས་སྐྱེས་པའི་སྐྱེ་མཆེད་བཞི་གནས་སུ་དག་པ་སྒོ་བ་བཞི། ཆོས་ཐམས་ཅད་རྟག་པར་མ་ཡིན་པ། ཆད་པར་མ་ཡིན་པ། བདག་དུ་མ་ཡིན་པ། མཚན་མ་མ་ཡིན་པར་དག་པ་བཞི་སྒོ་མ་བཞི། ཀུན་གཞིའི་རྣམ་ཤེས་ཀུན་གཞི་དང་བཅས་པ་གནས་སུ་དག་པ་ནི་ཀུན་བཟང་ཡབ་ཡུམ་མོ། །དེ་ནི་ཞི་བ་ཞེ་གཉིས་ཀྱི་བསྐྱེད་ཚུལ་དག་པ་ཆོས་ཉིད་ཀྱི་ངོ་བོ་དང་བཅས་པའོ། །རྒྱས་པར་འདོད་ན་སྒྱུ་འཕྲུལ་རྔམ་གློག་སོགས་སུ་ཤེས་པར་བྱའོ། །ཞེས་སོ། །དེ་ནས་དྲུག་པ་ཁྲག་འཐུང་ལྔ་བཅུ་བསྐྱེད་པ་ནི། ཧཱུྃ་རང་བྱུང་རང་ཤར་ཞེས་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་ཧཱུྃ་བསྒྲིལ་མ་འཕྲོས་པས། སྟེང་ཁང་དབུས་སུ་རིན་ཆེན་བྲག་དང་མཁའ་ལྡེང་པདྨ་ཉི་ཟླའི་གདན་ལ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ།
དེ་བཞིན་དུ་ཆེ་མཆོག་ཡབ་ཡུམ་ཐུགས་ལས་ཧཱུྃ་འཕྲོས་མདུན་དུ་རིན་ཆེན་བྲག་སྟེང་བྱོལ་སོང་གཙོ་བོ་བརྒྱད་དང་པད་ཉི་ལ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། སྔར་བཞིན་ཧཱུྃ་གི་སྦྱོར་བས་རྩིབས་བཞིའི་ཤར་ལྷོ་ནུབ་བྱང་རྣམས་ལ་རིམ་བཞིན་རིན་ཆེན་བྲག་སྟེང་མ་ཧེ་གཟིག་སྟག་དོམ་དེ་དག་ཟུང་རེས་བཏེགས་པའི་པད་ཉི་རྣམས་ཀྱི་ཁྲི་སྟེང་དུ་བཛྲ་རཏྣ་པདྨ་ཀརྨཱ་ཧེ་རུ་ཀ་སོགས་ཁྲག་འཐུང་ཡབ་ཡུམ་བཅུ་བསྐྱེད་ཅིང་། སྐབས་ལ་བབས་དུས་ཤར་དབུས་ཀྱི་བདག་པོ་གོ་ས་བརྗེ་བ་ནི་གོང་སྨོས་བཞིན་ནོ། །ཕྱི་རིམ་མུ་ཁྱུད་ལ་རིམ་པར་ཞིང་ཆེན་གྱི་གདན་ལ་ཀཽ་རི་མ་མོ་བརྒྱད། ཁྱམས་ལ་སེང་ཧ་མ་བརྒྱད། སྒོ་བཞིར་སྒོ་མ་བཞི་རྣམས་བསྒོམ། གཞལ་ཡས་ཁང་ཕྱི་མའི་ཁྱམས་ལ་ཞིང་སྐམ་པོ་རེའི་གདན་གྱི་སྟེང་དུ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་བསྒོམ་མོ། །དེ་ལྟར་ཞི་ཁྲོ་ཡོངས་རྫོགས་གཞུང་ས་བཅད་ལེའུ་དྲུག་པའི་སྐབས་ཀྱི་ནང་གསེས་ས་བཅད་ལྔ་པ་དང་དྲུག་པའི་བར་གྱི་སྒོམ་ཁོག་ཚོར་བ་རང་གྲོལ་བཞིན་བསྐྱེད་ཚིག་རྣམས་གསལ་བས་དེ་བཞིན་བསྐྱེད་ལ། དེ་དག་གི་དག་པ་ནི་གོང་དུ་ཞི་བའི་སྐབས་བསྟན་ལ་འདིར། ཁྲོ་བོར་གནས་འགྱུར་བ་ཡིན་ཏེ། མདོར་བསྟན་ནི། རང་རིག་ཉོན་མོངས་གནས་གྱུར་པ་ཁྲག་འཐུང་ཆེ་མཆོག །ཉོན་མོངས་དུག་ལྔ་གནས་གྱུར་པ་ཁྲག་འཐུང་ཡབ་ལྔ། འབྱུང་བ་ལུས་ལྔ་གནས་གྱུར་པ་ཁྲག་འཐུང་ཡུམ་ལྔ། རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ་ཀཽ་རི་མ་བརྒྱད། རྣམ་འགྱུར་གྱི་རྟོག་པའི་ཡུལ་བརྒྱད་གནས་གྱུར་པ་སེང་ཧ་མ་བརྒྱད། མཐའ་བཞིའི་རྟོག་པ་གནས་སུ་གྱུར་པ་སྒོ་མ་བཞི། ཚོགས་བརྒྱད་ཀྱི་རྣམ་ཤེས་ཉེ་ཉོན་ཉི་ཤུ་ལ་སོགས་སྣ་ཚོགས་ཀྱི་རྟོག་པ་གནས་སུ་གྱུར་པ་དབང་མོ་ཉེར་བརྒྱད། ལྷ་དེ་དག་ཐམས་ཅད་ཀྱང་རང་རིག་ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལམ་རིག་རྩལ་ལས་སོ་སོར་གྲུབ་པ་
མེད་པའི་ཉི་མ་དང་འོད་ཟེར་བཞིན་ནོ། །དེ་ལྟར་རྣམ་པ་ཀུན་ཏུ་ཨ་འཐས་ཐེར་ཟུག་མ་ཡིན་པ་སྣང་སྟོང་ཟུང་འཇུག་གི་སྐུར་བསྒོམ་པས་བདེན་གཉིས་ཕུལ་བྱུང་གི་རྟོགས་པ་ཟབ་མོ། རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་ཀྱང་དེ་ལས་ལྷག་པའི་ཆོས་ཤིག་མ་གསུངས་ལ། མགོན་པོས་ཀླུས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་འདུས། །གཅིག་ནི་བསྐྱེད་པའི་རིམ་པ་དང་། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་གསུངས་པས། དེ་ལྟ་བུའི་བསྐྱེད་རྫོགས་ཀྱི་རིམ་པ་དེ་ཡང་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་སུ་འདུས་ཏེ། གཞི་བདེན་གཉིས་རྟོགས་པར་བྱེད་ཅིང་ལམ་ཟུང་འཇུག་དུ་ཉམས་སུ་ལེན་པར་མ་འདུས་པ་མེད་ལ། དེ་ཡང་། སློབ་དཔོན་ཆེན་པོ་ནཱ་ག་ཛུ་ནས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པས། དེ་ཡང་དབྱེ་ན། ཀུན་རྫོབ་དང་དོན་དམ་མོ། ཀུན་རྫོབ་ནི་ལོག་རྟོག་འཁྲུལ་ངོར་གྲུབ་པ་ཐམས་ཅད་ལ། དོན་དམ་ནི་བློ་ཡི་ཡུལ་བྱར་མེད་པའོ། །ཞེས་འདོད་ལ། དེ་ལ་མཁས་པ་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས། སྔ་མའི་དོན་དམ་འདོད་ལུགས་དེ་ཉིད་མཚན་གཞི་ཡིན་གྱི་མཚན་ཉིད་མིན་ཞེས་མ་བརྟགས་པའི་ངོར་གྲུབ་པ་ཀུན་རྫོབ་ལ་དཔྱད་པའི་ངོར་མ་གྲུབ་པ་དོན་དམ་མོ། །ཀུན་རྫོབ་ལ་ལོག་པའི་ཀུན་རྫོབ་དང་ཡང་དག་ཀུན་རྫོབ་བོ། །ལོག་པའི་ཀུན་རྫོབ་ནི་སྣང་ལ་དོན་བྱེད་མི་ནུས་པ་ཆུ་ཟླ་དང་གཟུགས་བརྙན་ལྟ་བུའོ། །ཡང་དག་ཀུན་རྫོབ་ནི་ཡོད་བཞིན་དོན་བྱེད་ནུས་པ་མེ་དང་ཆུ་ལྟ་བུའོ། །ཞེས་གསུངས་ལ། དེ་ཡང་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །
ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །འོན་ཀྱང་ཚུལ་འདི་དག་ལ་མཁས་པ་དག་དབྱེ་བ་མཛད་ཀྱང་། གངས་རིའི་ཁྲོད་ཀྱི་ཆོས་སྨྲ་བ་དག་གི་ནང་ནས་འགྲན་ཟླ་དང་བྲལ་ཞིང་། མདོ་རྒྱུད་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་ས་མཆོག་འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱིས་སྣང་བ་བཞིའི་རྟོགས་པ་ཚད་ལ་ཕེབས་ནས་སྣང་སེམས་ལོངས་སྐུར་དག་པའི་ས་གནས་ཀྱི་སེམས་དཔའ་ཆེན་པོ་མཁས་ཤིང་གྲུབ་པ་བརྙེས་པ། སྔ་འགྱུར་བསྟན་པའི་ཉི་མ་མཚན་དོན་མཚུངས་པའི་ཀློང་ཆེན་རབ་འབྱམས་བཟང་པོ་དེ་ཉིད་ཀྱིས་བཤད་པ་ལ་ནི། བློ་འཁྲུལ་བ་དང་མ་འཁྲུལ་བའི་ཚུལ་གྱིས་ཕྱེ་ལ། འཁྲུལ་བའི་ངོར་ཀུན་རྫོབ་ཀྱི་ཚུལ་གོང་མ་དང་མཐུན་ལ། དེའང་དོན་དམ་ཅུང་མི་མཐུན་ཏེ་ས་པཎ་གྱི་མཚན་གཞི་ཞེས་པ་དེ་ཉིད་འདིར་ཁས་ལེན་ལ། དེ་ཡང་ལུང་ནི། སློབ་དཔོན་ཆེན་པོ་ཞི་བ་ལྷས། བློ་ནི་ཀུན་རྫོབ་ཡིན་པའི་ཕྱིར། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དཔྱད་པའི་ངོར་མ་གྲུབ་པ་དེ་དོན་དམ་དུ་མི་འདོད་དེ་ཅིའི་ཕྱིར་བློ་ལས་མ་འདས་པས། བློ་མ་འཁྲུལ་པའི་ཀུན་རྫོབ་དང་དོན་དམ་གཉིས་ལས། ཀུན་རྫོབ་ལའང་ལོག་པ་དང་ཡང་དག་གཉིས་སྟེ། ལོག་པ་ནི་ལོག་རྟོག་འཁྲུལ་ངོར་གྲུབ་པའི་ཆོས་ཅན་ཐམས་ཅད། ཡང་དག་ནི་ལམ་གྱི་བདེན་པ་སྟེ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་དང་། ཚོགས་སྦྱོར་མཐོང་སྒོམ་གྱིས་བསྡུས་པའི་ལམ་གྱི་ཚོགས་ཐམས་ཅད་ཡང་དག་ཀུན་རྫོབ་ཏུ་འདོད་དེ། རྒྱུད་བླ་མའི་འགྲེལ་པར། འདུས་བྱས་ཐམས་ཅད་ནི་ལམ་བདེན་ནོ། །ལམ་བདེན་ཐམས་ཅད་ནི་ཀུན་རྫོབ་བོ། །ཞེས་གསུངས་པ་ནི་འཕོ་འགྱུར་བྱེད་པར་གོང་དུ་བགྲོད་དགོས་པའི་ཆ་ནས་
གསུངས་ཀྱི། འདུས་བྱས་བསླུ་བའི་ཆོས་ཅན་གྱི་ཀུན་རྫོབ་དང་མི་གཅིག་གོ། འབྲས་བུའི་དུས་ན་འཕོ་འགྱུར་མེད་པ་རྟག་པ་ལྷུན་གྱིས་གྲུབ་པ་འོག་མིན་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སུ་བཞུགས་པ་ཡིན་ལ་ཡོན་ཏན་རིན་པོ་ཆེའི་གཏེར་དུ་གྱུར་པའོ། །དོན་དམ་ནི་རྩོད་བཟློག་ལས། གལ་དེ་དངོས་གང་དམ་བཅའ་ཡོད། །དེས་ན་ང་ལ་སྐྱོན་ཏེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་ལ། སྟོང་ཉིད་བློས་བཀོད་ཀྱང་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་རྣམ་གྲངས་པའི་དོན་དམ་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་དག་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དམ་བཅའ་ཁས་ལེན་མེད་པ་སྐྱེ་བ་དང་། སྐྱེ་མེད་ལ་སོགས་པ་ཀུན་གྱིས་གྲོལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་པ་ཞེས་བྱ་བ་གཉིས་ཏེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡའ་མཛད་དོ། །ཞེས་སོ། །དེ་ནི་ཀུན་རྫོབ་དོན་དམ་གྱི་དབྱེ་བ་བློ་འཁྲུལ་བ་དང་མ་འཁྲུལ་བའི་ཚུལ་གྱིས་ཕྱེས་སོ། །ད་ནི་བདེན་པའི་རང་བཞིན་བཤད་པ་ལ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་དོན་ལ་རང་བཞིན་མེད་ཀྱང་སྣང་ངོར་འལ་འོལ་སེང་སེང་དུ་གྲུབ་པ་འདི་ཀུན་རྫོབ་ཀྱི་བདེན་པའོ། །སྨྲ་བསམ་བརྗོད་མེད་སྐྱེ་འགག་འགྲོ་འོང་དང་བྲལ་བ་ནི་དོན་དམ་གྱི་བདེན་པའོ། །དེ་ལྟར་བདེན་གཉིས་དབྱེར་མེད་ཀྱི་ཚུལ་ནི་དཔེར་ན་ཆུ་ཟླ་ཡོད་པའི་ཆ་ནས་ཀུན་རྫོབ། ཟླ་བ་བདེན་མེད་ཀྱི་ཆ་ནས་དོན་དམ། དེ་གཉིས་རྫིང་བུར་མེད་ལ་སྣང་བར་མི་གནོད་པར་གཅིག་པ་ནི་བདེན་གཉིས་ཟུང་འཇུག་གམ་དབྱེར་མེད་དེ། གཞུང་འདིར། དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་
བསྒོམ༔ གསུངས་པའང་། ཚུལ་འདིས་རང་བཞིན་ཤེས་ནས་ཉམས་སུ་ལེན་དགོས་ཏེ། བདེན་གཉིས་ལས། བདེན་གཉིས་དབྱེ་བ་ཤེས་པ་དག །ཐུབ་པའི་བཀའ་ལ་མ་རྨོང་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་དང་། དེ་ལྟར་མི་ལྡན་པ་ཡང་། སྔ་མ་ལས། ཡང་དག་བདེན་པ་འདི་གཉིས་ཀྱི། །རྣམ་པར་དབྱེ་བ་མི་ཤེས་པས། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །གསུངས་པས། ཐེག་ཆེན་ཟབ་མོའི་དེ་ཁོ་ན་ཉིད་ཀྱི་གནད་འགག་འགང་ཆེ་ཤོས་མདོ་སྔགས་གཉིས་ཀའི་ཐུག་སྒོ་སྟེ་དོན་ཉམས་ལེན་གྱི་སྐབས་ཤིན་ཏུ་དགོས་སོ། །དེ་ལྟར་ཡང་། རྒྱུ་མཚན་ཉིད་ལ་ཀུན་རྫོབ་སྣང་བའི་དངོས་པོ་ཇི་བཞིན་དང་། དོན་དམ་སྤྲོས་པ་དང་བྲལ་བ་ཞེས་ཟུང་དུ་འཇུག་པ་སྒྱུ་མ་དང་སྨིག་སྒྱུ་ལྟ་བུར་འདོད་དེ། རྒྱལ་བའི་ཡུམ་ལས། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་། དེ་ལས་ལྷག་པའི་ཆོས་ཤིག་བྱུང་ཡང་སྒྱུ་མ་དང་སྨིག་སྒྱུ་ལྟ་བུའོ། །ཞེས་སོ། །དེ་ལས་ཡང་ཁྱད་པར་འཕགས་ཏེ་སྔགས་ལམ་འདིར་ལྷག་པའི་ཀུན་རྫོབ་ཀྱི་བདེན་པ་སྣང་བ་ཐ་མལ་དུ་མི་ལྟ་ལ་ལྷའི་རང་བཞིན་དང་། ལྷག་པའི་དོན་དམ་གྱི་བདེན་པ་སྨྲ་བསམ་བརྗོད་མེད་དེའང་གཏན་ཚིག་ཁོ་ནའི་རྗེས་འབྲང་དུ་མི་ལྟོས་པར། ཐབས་ཁྱད་པར་ཅན་གྱི་སྒོ་ནས་རིག་པ་ཅེར་མཐོང་དུ་སྟོན་པ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱེད་པ་རིམ་གཉིས་ཟུང་འཇུག་གམ་དབྱེར་མེད་དུ་ཉམས་སུ་ལེན་པས་སྣང་སྲིད་གཞི་བཞེངས་ཀྱི་དཀྱིལ་འཁོར་དུ་གདོད་ནས་གྲུབ་པ་ལ་ཡང་གསལ་གདབ་པའི་ཐབས་མཆོག་ཁྱད་འཕགས་ཏེ། ཉེ་རྒྱུའི་ལམ་ཐུན་མོང་མིན་པ་སྟེ། ཐེག་ཆེན་ཐུན་མོང་པ་དང་ཁྱད་པར་ཕྱེས་སོ། །དེ་ཡང་སྒྱུ་འཕྲུལ་རྔམ་གློག་ལས། ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་
ཆོས་ཐམས་ཅད་ཤེས་པར་བྱའོ། །ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་ཁོང་དུ་ཆུད་པར་ནུས་པ་ནི་རིག་པའི་སྐྱེས་བུ་ཞེས་གྲགས་སོ། །ཞེས་གསུངས། དེ་ལྟར་བདེན་གཉིས་དབྱེར་མེད་དུ་འཇུག་པ་ཡང་། སྒྱུ་འཕྲུལ་ལས། ཀུན་རྫོབ་དོན་དམ་དབྱེར་མེད་པས། །བདེན་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་པས། སྣང་སྟོང་དབྱེར་མེད་དུ་བསྐྱེད་པའི་རིམ་པས་སྣང་ཙམ་ལས་རང་བཞིན་གྱི་གཤིས་མ་གྲུབ་པ་དོན་དམ་བདེ་བ་ཆེན་པོ་བསྐྱེད་རྫོགས་དབྱེར་མེད་པ་སྟེ། ཆུའི་རླན་དང་མེའི་དྲོད་ལྟ་བུ་སྟེ། སོ་སོར་བྱར་མེད་པའི་རང་བཞིན་ཤེས་རྒྱུད་ལ་བརླན་ཏེ་བརྟེན་པ་ཐོབ་ན་དམ་ཡེ་དབྱེར་མེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱང་ཡེ་ནས་རང་བཞུགས་ཡིན་ཏེ། སློབ་དཔོན་པདྨས་བདེར་འདུས་སུ། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །ཅེས་དང་། གཞུང་ལས། རང་ཉིད་ལྷ་ལ་ལྷ་ཉིད་རང་༔ དབྱེར་མེད་དུ་མ་རོ་གཅིག་གནས༔ གསུངས་པས། ས་ལ་བཞུགས་པའི་རིག་པ་འཛིན་པ་རྣམས་ཀྱི་ཐུགས་འོག་མིན་རང་སྣང་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པའང་འདི་ལྟ་བུའི་དོན་ལ་ཕྱིན་ཅི་མ་ལོག་པར་བསྒོམ་པས་མངོན་དུ་གྱུར་པ་ཡིན་མོད། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་ཡེ་ནས་མེད་པར་གསར་བསྒྲུབ་བྱ་བ་མིན་ལ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལ། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། ཞེས་གསུངས། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་རང་ལ་དེ་བཞིན་ཏུ་གཞི་འབྲས་དབྱེར་མེད་དུ་རང་ཆས་སུ་བཞུགས་པའི་རྣམ་པ་ལམ་བྱེད་ཀྱི་དུས་སུ་གསལ་བཏབ་པ་དེས་འགྲུབ་པ་ཡིན་པ་ནི་ཤེས་པར་བྱའོ། །འོན་ཀྱང་གློ་བུར་གྱི་དྲི་མ་སྦྱང་བ་ལ་དག་པའི་ཞིང་ལ་
ཚོགས་བསགས་པའི་ཕྱིར་སྤྱན་འདྲེན་མཆོད་བསྟོད་ཀྱང་དགོས་ལ། གསང་སྙིང་ལས། སྟོང་གསུམ་ཏིལ་འབྲུར་འཇུག་ཚུལ་ལ། །དབྱིངས་ནས་དཀྱིལ་འཁོར་སྤྱན་འདྲེན་མཆོད། །ཅེས་གསུངས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བྱ་སྟེ། གཞུང་ས་བཅད་ལེའུ་བདུན་པའི་སྐབས་ཏེ། ཧཱུྃ་དཔེ་མེད་བསམ་བརྗོད་བྲལ་ཞེས་པས་སངས་རྒྱས་ཆོས་ཀྱི་ཁམས་ན་ཡེ་ཤེས་ལྔའི་རང་བཞིན་ནང་གསལ་གྱི་ཚུལ་དུ་གནམ་གང་གི་ཟླ་བ་དང་གྲིབ་མའི་ཤེལ་འོད་ནང་དུ་བསྡུ་བ་ལྟར་སངས་རྒྱས་ཀྱིས་ཀྱང་སངས་རྒྱས་མི་གཟིགས་ན་ཕྱོགས་དང་མཚན་མ་མེད་པར་ཕྱོགས་བྲལ་ཡིན་ཀྱང་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་རྐྱེན་སེམས་ཅན་ལ་ འཆར་ཕྱིར་བྱང་སེམས ་རིག་འཛིན་སོ་སྐྱེས་སོགས་རིམ་གྱིས་རྗེས་སུ་བཟུང་ལ། གཞན་སྣང་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་སྐུ་མཆོག་གི་སྤྲུལ་པ་དང་བཟོ་སྐྱེ་ལ་སོགས་ཀྱི་སྤྲུལ་པ་དཔག་མེད་འགྲོ་བའི་ཁམས་ལ་ཁྱབ་ཅིང་སྣང་བའི་ཕྱིར་ཕྱོགས་དང་མཚམས་མ་ཡོད་པ་ལྟར་ལ། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །མྱ་ངན་འདས་པ་རྟག་སྟོན་པ། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། །འདིར་འབྱོན་པར་སྨོན་ལམ་གྱི་ཞལ་བཞེས་དང་། ཐུགས་བརྩེ་བའི་དབང་དང་རང་གི་སེམས་སྟོབས་དྲི་མ་མེད་པས་མཐུ་ལས་གྲུབ་སྟེ། དཀོན་མཆོག་བརྩེགས་པ་ལས། གང་གིས་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབས་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་གྱི་གནས་གསུམ་ལས་འོད་ཟེར་མཁའ་ཁྱབ་དུ་སྤེལ་ཏེ། ཁྱད་པར་དུ་དབུས་ཕྱོགས་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྟེང་ཕྱོགས་མེ་རི་འབར་བའི་ཞིང་ཁམས་ཚད་མེད་པ་ནས། ཞི་ཁྲོ་
དམ་པ་རིགས་བརྒྱའི་ལྷ་ཚོགས་གཞལ་ཡས་ཁང་དང་བཅས་པ་སྤྲིན་གཏིབས་པ་ལྟར་བྱོན་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པ་བཞིན་ཐིམ་པར་བསམ་ལ། སྤོས་རོལ་དང་བཅས་ཏེ་ཛ་ཧཱུྃ་བཾ་ཧོས་རྒྱས་བཅིངས་ཏེ་དགུག་འཆིངས་སྡོམ་དགྱེས་གཉིས་མེད་དུ་བསྟིམ་མོ། །ལེའུ་བརྒྱད་པར། བཞུགས་སུ་གསོལ་བ་ནི། ཧཱུྃ་སྒྱུ་མ་གཟུགས་བརྙན་ཞེས་དེ་ལྟར་སྤྱན་དྲངས་པའི་ལྷ་ཚོགས་དེ་རྣམས་རང་བཞིན་མེད་པར་གསལ་སྟོང་ཟུང་འཇུག་གི་སྐུར་འཇིག་མེད་སྲ་མཁྲེག་རྡོ་རྗེའི་ཁམས་སུ་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་སོ་སོའི་གདན་ལ་བཞུགས་སུ་གསོལ་ལ། གྱེར་ཚིག་བཞིན་དུ་བསྒོམ་མོ། །ལེའུ་དགུ་པར། ཕྱག་འཚལ་བ་ནི། ཧཱུྃ་ཡིད་ཤེས་རྣམ་དག་ཅེས་ཀུན་གཞི་འཁོར་བའི་ཆོས་ཅན་ཡིད་འཛིན་གྱི་རྟོག་པ་ཐམས་ཅད་མ་སྤང་གནས་སུ་དག་པ་རིགས་བརྒྱ་ཞི་ཁྲོའི་ལྷའི་འཁོར་ལོའི་རྣམ་པར་འཆར་བ་ལ་མཉམ་ཉིད་དུ་ཕྱག་འཚལ་བ་ནི་གཞུང་གི་དགོངས་པ་ལ། གཞན་དུའང་དག་པ་ཡེ་ཤེས་ཀྱི་ཆ་འཁོར་ལོའི་ལྷ་ཚོགས་སུ་ཤར་བ་ལ་མ་དག་འཁོར་བའི་ཆ་རྣམ་སྨིན་བག་ཆགས་ཀྱི་རྟེན། གློ་བུར་རྣམ་འགྱུར་གྱི་འཁྲུལ་ངོ་ཐ་མལ་བའི་ཚུལ་དུ་གྲངས་མེད་རྡུལ་རྙེད་དུ་སྤྲུལ་ནས། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱག་འཚལ་བས་ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་དག་པ་དང་། སྒྲིབ་སྦྱང་གི་རྣལ་འབྱོར་ལ་དོན་མཐུན་པ་དང་གཞན་རིགས་མཐུན་ལ་ཡང་ཡོད་པས་མི་འགལ་ལོ། །ཁྱད་པར་གཞན་དོན་འཕྲིན་ལས་ཀྱི་སྐབས་དག་གཞན་ལ་སྦྱར་བ་འཐད་དམ་སྙམས། འོན་ཀྱང་ལམ་ལ་དབང་འབྱོར་བ་ཞིག་ཡིན་རུང་མི་རུང་མི་འཐད་པར་མི་སེམས་ཏེ། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མ་བརྙེས་པར་ཤེས་སྒྲིབ་དང་འབྲལ་བར་མི་ནུས་ལ། དེ་སྲིད་དུ་སྒྲིབ་སྦྱང་མི་
དོར་ན་སྒོམ་ལམ་ཀྱི་ཡོན་ཏན་འོག་མ་ཙམ་གྱིས་སྒྲིབ་སྦྱང་ཅི་སྟེ་དོར་བར་རིགས། དེས་ན་འཐད་པར་སེམས། འདིར་ཕྱག་འཚལ་བརྒྱ་ཕྱག་སྦྱར་ཆོག་པར་དོང་སྤྲུགས་སོགས་ལས་ཀྱང་གསུངས། ཕྱག་འཚལ་མཆོད་བསྟོད་ཀྱི་རིམ་པ་རྣམས་ནི་ཕལ་བ་དང་བྱ་བྱེད་ཐུན་མོང་པས་བྱེད་པར་དམིགས་སོ། །གཞུང་ས་བཅད་བཅུ་པ། མཆོད་པ་འབུལ་བ་ནི། ཧཱུྃ་སྲིད་པར་གཏོགས་ཞེས་དེ་ལ་དངོས་འབྱོར་ཡིད་སྤྲུལ་གཉིས་ཏེ། དང་པོ་བཤམས་པའི་མཆོད་ཡོན་མེ་ཏོག་བདུག་སྤོས་ལ་སོགས་ཕྱི་ནང་གི་མཆོད་པ་རྣམས་དང་། ཡིད་བྱུང་གི་མཆོད་པ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་མཆོད་ཚིག་བཞིན་ཡིད་ཀྱིས་ནམ་མཁའི་ཁམས་སུ་སྤེལ་ཞིང་མཆོད། གཞན་ཡང་སུམ་ཅུ་རྩ་གསུམ་ལ་སོགས་འཇིག་རྟེན་ཕྱོགས་བཅུ་ཀུན་ན་ཡིད་དུ་འོང་བའི་གཞལ་མེད་ཁང་གླུ་གར་སིལ་སྙན་བསྟོད་དབྱངས་རྒྱན་མཆོག་མེ་ཏོག་ཆར་འབབ་སོགས་འདོད་དགུ་མ་ཚང་བ་མེད་པ་དཔག་ཡས་ནམ་མཁའི་ཁམས་གང་བར་དབུལ། བདག་པོའི་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། སྤྱོད་འཇུག་ལས། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རི་བོ་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་འདབས་དུད་པ་དང་། །ཞེས་སོ། །ངལ་གསོ་ལས། འདབ་སྟོང་གཡོ་བའི་བུང་བ་བཟུངས་བྱས་ནས། །ལག་པའི་གདུབ་བུ་ཀུ་མུད་ཏས་མཚན་ཞིང་། །སྤྲིན་བྲལ་ཉི་ཟླའི་ཟེར་གྱིས་རབ་ཕྱེས་ནས། །ཨུཏྤལ་ལ་སོགས་ཡིད་འོང་རྣམས་ཀྱིས་མཆོད། །ཙནྡན་བསིལ་བུ་ཁ་ཡི་
སྦུབ་བསྐྱོད་པའི། །དྲི་ཞིམ་བསེར་བུ་བདེ་བའི་ངད་རྣམས་དང་། །ཕུག་དང་བྲག་རི་སྨན་ལྗོངས་ཉམས་དགའ་བ། །ཆུ་བསིལ་རྫིང་བུ་གང་བ་རྣམས་ཀྱིས་མཆོད། །དེ་ལྟ་བུ་དང་། མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་བ་སྐད་སྙན་ཤིན་ཏུ་ཡིད་འོང་ལྡན། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ཀྱིས། །ཞེས་དང་། ཡང་སྟོན་ཀའི་མཚན་མོ་དཀར་བའི་རི་བོང་འཛིན། །གཟའ་དང་རྒྱུ་སྐར་ཕྲེང་བས་བསྐོར་བ་དང་། །ཉིན་བྱེད་འོད་སྟོང་དྲ་བས་མཛེས་འབར་བ། །གླིང་བཞིའི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། །ཡང་། འཁོར་ཡུག་རིར་བཅས་བྱེ་བ་ཕྲག་བརྒྱའི་ཞིང་། །མ་ལུས་ཡོངས་བཀོད་འདོད་དགུས་འབྱོར་པ་དང་། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་རྡུལ་སྙེད་ཀུན། །བློ་ཡིས་བླང་དེ་ཐུབ་དབང་སྲས་བཅས་མཆོད། །ཞེས་པ་དང་། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། འདོད་དགུ་འབྱུང་བའི་བུམ་པ་བཟང་པོ། དཔག་བསམ་ཤིང་། འདོད་འཇོའི་བ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། ལྷམ་དང་། ལྷ་སྟན། བཞོན་པ། མལ་ཆ་དང་། ཁྲི་དང་། རལ་གྲི་པགས་པ་སྟེ་ཉེ་བའི་རིན་ཆེན་སྣ་བདུན་ནོ། །ཏིང་ངེ་འཛིན་གྱི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་བཞིན་དབུལ། དེ་དག་ནི་ཕྱི་མཆོད་དོ། །ཐུན་མོང་མིན་པའི་ནང་གི་མཆོད་པ་ནི། ཧཱུྃ་བླ་མ་ཀུན་བཟང་ཞི་ཁྲོའི་ཞེས་རྣམ་གསུམ་གཟུགས་ཀྱི་ལོག་རྟོག་རྣམ་པར་དག་པའི་ལྷ་མོ་གཟུགས་རྡོ་རྗེ་མ་སོགས། དེ་བཞིན་དུ་སྒྲ་དྲི་རོ་རེག་བྱ་ཆོས་རྡོ་རྗེ་མ་སོགས་དཔག་ཏུ་མེད་པར་སྤྲུལ་ཏེ་མཆོད། གསང་བའི་མཆོད་པ་ནི། ཧཱུྃ་གསང་མཆོག་སྐུ་ཡི་བདེ་ཆེན་ཞེས་པའི་ཡིད་སྐྱེས་ཀྱི་ལྷ་མོ་ལྔ་སྐུ་གསུང་ཐུགས་ཡོན་
ཏན་ཕྲིན་ལས་ལྔའི་མཚོན་དཀར་དམར་སེར་མཐིང་ལྗང་བ་བཅུ་དྲུག་ལོན་པའི་ན་ཚོད་ཅན་མཐོ་རིས་ཀྱི་བུ་མོའི་ཁེངས་པ་འཕྲོག་ནུས་པ་ལང་ཚོ་མཆོག་རྒྱས་པས་སྒེག་མོ་རྣམས་རིམ་གྱིས་སྤྲོས་པའི་ལྷ་རྣམས་སོ་སོའི་རིག་མ་དང་གཉིས་སུ་མེད་པར་འཁྱུད་པས་ལྷན་སྐྱེས་བདེ་བ་ཆེན་པོའི་རོས་མཉེས་པར་བསམ་ལ་བདེ་བའི་ཡེ་ཤེས་ཀྱི་ངང་བསྐྱང་ལ་མཆོད་བྱ་མཆོད་བྱེད་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་མཆོག་གི་མཆོད་པའོ། །དེ་ནས་བདུད་རྩི་འབུལ་བ་ནི། ཕུད་འཐོར་ལ། ཧཱུྃ་རིགས་ལྔ་ཡབ་ཡུམ་ཞེས་བསྐྱེད་ཅིང་བྱིན་གྱིས་བརླབས་པ་སྔར་བཞིན་གསལ་བཏབ་ལ་ཟེག་མ་ལས་འོད་ཟེར་འཕྲོས་པའི་སྤྲིན་ལས་བདུད་རྩིའི་རྒྱུན་གྱིས་ནམ་མཁའ་གང་བས། ལྷ་ཚོགས་ཐམས་ཅད་ཀྱི་དགྱེས་པ་བསྐང་ཞིང་ལྷག་མ་ལྕེར་མྱང་བས་མཆོག་གི་དངོས་གྲུབ་ཐོབ་པར་བསམ་ལ། རྣམ་རྟོག་བག་ཆགས་ཐམས་ཅད་ཀྱི་བདུད་དེ་ཉིད་གཞོམ་ཞིང་གཞིག་པའི་རྩི་རྟོག་མེད་ཀྱི་ཡེ་ཤེས་ཡིན་པས་བདུད་རྩིའི་དོན་ལ་མཉམ་པར་བཞག་གོ། །རཀྟ་འབུལ་བ་ནི། ཧཱུྃ་དུག་ལྔ་ཡེ་ཤེས་ལྔ་རུ་ཞེས་དུག་ལྔའི་ངོ་བོ་ཡེ་དག་ཏུ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག་ཆེན་བདེ་ཆེན་ཆགས་པ་ཆེན་པོའི་རྫས་མཆོག་དང་གཉིས་སུ་མེད་པ་ལྦུ་འཕྲེང་རྦ་རླབས་སྤྲིན་ལྟར་འཁྲིགས་པའི་མཆོད་པ་ནམ་མཁའ་ཁྱབ་པར་འཁོར་ལོའི་ལྷ་རྣམས་ཀྱི་སྤྱོད་ཡུལ་དུ་དབུལ་བར་བལྟས་ལ། འཁོར་འདས་དབང་དུ་བསྡུ་བའི་དངོས་གྲུབ་ཐོབ་པར་དམིགས། གཏོར་མའི་མཆོད་པ་ནི། ༀཨཱཿཧཱུྃ་གཟུགས་ཕུང་རྣམ་དག་ཅེས་ཕུང་ལྔ་རྣམ་པར་དག་པའི་གཏོར་ཆེན་དང་། སྟོང་གསལ་ཟུང་འཇུག་གི་གཏོར་མ་དང་། ཕྱི་ནང་སྣོད་བཅུད་སྣང་སྲིད་གཞིར་བཞེངས་ཀྱི་གཏོར་མ་རྣམས་གྱེར་གཞུང་ལས་གསུང་བཞིན་འདོན་
སྒོམ་སྦྲགས། བཤམས་ཤིང་བྱིན་གྱིས་བརླབས་པའི་གཏོར་མ་འདོད་ཡོན་སྣ་ཚོགས་འགོག་མེད་དུ་འཕྲོས་པས་ལྷ་ཚོགས་མཆོད་དོ། །ལེའུ་བཅུ་གཅིག་པ་བསྟོད་པའི་རིམ་པ་ནི། ༀ་བླ་མ་ཀུན་བཟང་ཆོས་ཀྱི་ཞེས་ཐུགས་ལས་སྤྲོས་པའི་ལྷ་དང་ལྷ་མོ་དཔག་ཏུ་མེད་པས་སྔ་མ་བཞིན་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། ལུས་ཀྱིས་གར་བསྒྱུར་ངག་གིས་བསྟོད་དབྱིངས་སེམས་ཀྱིས་ཡོན་ཏན་དྲན་པ་དང་བཅས་ཏེ་ཀུན་བཟང་ཆོས་ཀྱི་སྐུ་དང་ཡེ་ཤེས་ལྔ་ལ་དག་དྲན་གྱི་སྒོ་ནས་བསྟོད། ཞི་བའི་ལྷ་ཚོགས་ལ་ཡོན་ཏན་རྗེས་སུ་དྲན་པའི་ཆ་ལུགས་ལ་བསྟོད་པ། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ་ནུས་མཐུ་ཐོག་པ་མེད་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་ནས་སྤྲུལ་པ་སླར་བསྡུའོ། །དེ་དག་ནི་མཆོད་བསྟོད་ཀྱི་རིམ་པ་རྣམས་ཏེ། གཞུང་འདིའི་ལུགས་ཀྱི་མཆོད་པ་དང་། བསྟོད་པ་ཕལ་ཆེར་འཁོར་འདས་དག་མཉམ་ཡེ་ནས་ལྷུན་རྫོགས་ཡེ་ཤེས་ཆེན་པོར་རོ་གཅིག་པ་ཁོ་ན་སྟེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་ལ། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་། །དམ་ཚིག་ཡེ་ཤེས་གཉིས་མེད་དགུག་གཞུགས་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། །ཞེས་དང་། འགྲེལ་བ་ཤིང་རྟ་ལས། དེའང་ཆོས་ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་པ་ལ་དེ་ལྟར་ཤེས་པ་ཙམ་དུ་གསལ་བཏབ་ནས། ཐམས་ཅད་རང་གི་སེམས་ཉིད་ལྷུན་གྲུབ་ཆེན་པོའི་ངང་ལས་བཟླས་པ་དང་མཆོད་བསྟོད་སོགས་བྱེད་པ་ཡིན་ཀྱི། རྣལ་འབྱོར་རྒྱུད་
མན་ཆད་དུ་བཟང་ངན་གཉིས་སུ་ཞེན་པས་ཕྱི་ནས་ཡེ་ཤེས་པ་རང་ལ་འཇུག་པ་སོགས་དང་། དེ་ཡང་ཐུན་རྗེས་ལ་གཤེགས་གསོལ་བྱེད་པ་ལྟ་བུ་མ་ཡིན་ཏེ། ལུས་ལྷ་ངག་སྔགས་སེམས་ཏིང་ངེ་འཛིན་དུ་གྲུབ་པས་དམ་ཚིག་པ་དང་ཡེ་ཤེས་པ་ཐ་དད་མེད་པའི་ཚུལ་གྱིས་སྤྱོད་པ་ཡིན་ནོ། །ལས་དང་པོ་པ་དང་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་སྤྱན་དྲངས་པ་དང་མཆོད་བསྟོད་ལོགས་སུ་བྱས་ཀྱང་འགལ་བ་ནི་མེད་དོ། །གསུངས་པ་ལྟར་ཚུལ་དེ་བཞིན་དུ་འདིར་གཞུང་ཚིག་གིས་མི་གསལ་བས་དམིགས་པའི་རྣམ་འགྱུར་ཅུང་ཟད་རེ་གསར་བཀབས་སུ་སྦྱར་བ་ཡིན་ཞིང་། དམིགས་གནད་ནི་འཕྲུལ་དགའི་ལྷའི་ཏིང་ངེ་འཛིན་གྱིས་འདོད་ཡོན་ལ་རང་གི་རོལ་པ་བཞིན་ཏུ་རང་ལས་སྤྲུལ་པའི་མཆོད་པ་དང་བསྟོད་པ་ལས་གཞན་དུ་མི་གཉིས་པ་མཉམ་པ་ཆེན་པོའི་དོན་ཁོང་དུ་ཆུད་པར་བྱའོ། །ལེའུ་བཅུ་གཉིས་པ་བཤགས་པ་ནི། ༀ་བླ་མ་ཀུན་བཟང་ཆོས་ཀྱི་ཞེས་ཐོག་མ་ནས་འཁོར་བའི་རྒྱུ་མ་རིག་པ་ལས་བྱུང་བའི་དབང་གིས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་བག་མེད་ཅི་བསགས་ལ་འགྱོད་བཤགས་དང་། སླར་ཉམས་ཆགས་ཀྱི་ངོ་བོ་ལ་བལྟས་པས་ཆགས་ཉམས་ཡེ་ནས་མ་བྱུང་མ་སྐྱེས་པས་བཤགས་བྱ་བཤགས་བྱེད་གཉིས་མེད་དུ་གྲོལ་བ་ཀློང་ཡངས་ཆེན་པོའི་ངང་ལ་བཞག་གོ། །ཞི་ཁྲོ་ལྟ་བའི་ཀློང་བཤགས་འདིར་གསུངས་བཞིན་བཏང་ན་ལེགས་སམ་སྙམ་མོ། །དེ་དག་ནི་གཞུང་ས་བཅད་ལེའུ་བཅུ་གཉིས་པའི་སྐབས་ཀྱི་སྒོམ་དོན་རྫོགས་ལ། དེ་ནས་ཛ྄བ་ལ་འཇུག་པ་ནི། ཐོག་མར་ཛ྄བ་ཁང་དབྱེ་གཞིའི་རྟེན་བརྟེན་པ་གསལ་བཏབ་ལ། ཛ྄བ་དགོངས་བཟླས་ཚད་རང་གྲོལ་ལྟར། ཧཱུྃ་དུར་ཁྲོད་གསང་ཆེན་རོལ་པའི་ཞེས་མཐར། བྷྲཱུཾ་བྷི་ཤྭ་བྷི་ཤུདྡྷེ་ཕཊཿཛ་ༀ་ཧཱུྃ་སྭ་ཨཱཾ་ཧཱ་ཕཊ་ཛ། ཧཱུྃ་ཧ་ཧེ་ཕཊ༔ བྷྱོ་
རཾ་ཕཊ་ཛ༔ ཞེས། དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་འཁོར་ལོ་གཞལ་ཡས་ཁང་ལྷ་ཚོགས་དང་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་དམིགས་སོ། །འདི་ཉིད་ན་རཀ་དོང་སྤྲུགས་བཀའ་མ་ལྟར་ལ། དེ་ཉིད་གཅིག་པུར་མ་ཟད་གཞན་ཡང་བླ་མ་དགོངས་འདུས་ཀྱི་ཞལ་གདམས་དམར་ཁྲིད་ལས་ཀྱང་། ཏིང་འཛིན་རྣམ་གསུམ་ལྷ་བསྐྱེད་སྤྱན་འདྲེན་དབང་བསྐུར་བྱིན་རླབས་མཆོད་བསྟོད་བྱས་ནས་ཡེ་ཤེས་པ་མདུན་དུ་ཕྱེ་སྟེ་ཛ྄བ་བྱ། བཟླས་པ་རྫོགས་ནས་བསྟོད་པ་བྱ། མདུན་དུ་ཕྱེས་པ་བདག་ལ་བསྟིམ་ནས་སླར་བདག་ཉིད་ལྷའི་ང་རྒྱལ་གྱིས་ཉལ། ནང་པར་སྐད་ཅིག་གིས་ལྷར་བསྐྱེད། ཅེས་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི་དགོངས་གཞི་འཁྲུལ་མེད་བཀའ་གཏེར་ཕལ་མོ་ཆེར་བསྟན་པ་བདག་མདུན་དབྱེར་མེད་ཀྱི་གནད་དམ་པ་སྟེེ་ཤེས་པར་བྱ་བའི་གཞིའོ། །རྗེ་གཏེར་བདག་གླིང་པས་ཏིང་ངེ་འཛིན་ལ་བློ་གོམ་པ་དག་གིས་ནི། ཛ྄བ་ཁང་དབྱེའམ་མི་དབྱེ་བར་རུང་སྟེ། ལུས་བསྒུལ་བསྐྱོད་ཐམས་ཅད་ལྷའི་ཕྱག་རྒྱ་ངག་རླུང་གི་འབྱུང་འཇུག་ཐམས་ཅད་སྔགས་ཀྱི་སྒྲ་གདངས་སེམས་དྲན་རྟོག་ཐམས་ཅད་སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་རྟོགས་པའི་ངང་ནས་བཟླའོ། །ཞེས་གསུངས་སོ། །དེ་ནས་བཟླས་པའི་གོང་དུ་བྷོ་དྷི་ལྟ་བུ་ལས་སྤྱི་ལ་ཤེས་པའི་ཕྲེང་བ་བསྣམ་ལ་སྟོང་པར་སྦྱང་སྟོང་པའི་ངང་ལས་འོད་ཀྱི་གོང་བུ་ཨ་ཡིག་གི་མཚན་པར་དམིགས་ལ། ༀ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡེ་ཧཱུྃ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་བཟླས་ལ་ཕུས་གདབ། མཐར་འོད་དུ་ཞུ་ནས་དེ་ཉིད་དུ་གྱུར་པར་བསམ་ལ། དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་རྣམས་གསུམ་གསུམ་བཟླའོ། །བཟླས་པ་ནི། བདག་མདུན་ལྷ་རྣམས་ཀྱི་ཐུགས་ཀར་རང་
རང་གི་ཕྱག་མཚན་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པའི་ཁོང་སེང་ལ་ཞི་བར་ཟླ་དཀྱིལ་དང་ཁྲོ་བོར་ཉི་མའི་སྟེང་དུ་ལྷ་ཚོགས་སོ་སོའི་ས་བོན་ཀྱིས་མཚན་པ་ལ་བཟླས་བྱ་སྔགས་ཀྱིས་བསྐོར་བར་བསམ་ལ། ཧཱུྃ་བཛྲ་ཙིཏྟ་ཨ། ཞེས་བསྐྱེད་སྔགས་རིང་མོ་དང་། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་ཞེས་སྤྱི་དྲིལ་རྣམས་བཟླས་པས་བདག་བསྐྱེད་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་མཆོད་པའི་ཚུལ་དུ་ཕུལ་བས་ཡེ་ཤེས་ཀྱི་ལྷ་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ་ནས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་བསྩལ་ཞིང་ཐིམ་པར་བསྒོམ་ལ། བསྐྱེད་སྔགས་བཟླ་སྐབས་ལྷ་གང་དང་གང་ཡིན་པ་དེ་ཉིད་ཀྱི་ཐུགས་ཀའི་སྔགས་འཁོར་ལ་བློ་བཞག་སྟེ་འོད་ཟེར་སྤྲོ་བསྡུ་བྱེད་པ་གོང་བཞིན་ནོ། །སྤྱི་དྲིལ་དུས་སུ་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་ལྷ་ཚོགས་ཐམས་ཅད་བསྐུལ་ཏེ་སྔ་མ་ལྟར་སྤྲོ་བསྡུ་འགྲེས་སོ། །བཟླས་པ་དེའང་ལྷག་པ་དང་ཆད་པ་དང་། ཧ་ཅིང་མྱུར་བ་དང་། བུལ་བ་དང་། སྒྲ་ཞན་པ་དང་དྲག་ཆེས་པའི་སྐྱོན་དྲུག་སྤང་ལ་བཟླའོ། །སྐབས་སུ་བདག་མདུན་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་དམྱལ་བའི་གནས་སུ་འཕྲོས་པ་ཞེས་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་ཛ྄བ་དམིགས་སྦྱར་ལ། སྟོང་གསུམ་ཐམས་ཅད་སྔགས་སྒྲས་ཁེངས་ཤིང་གསང་སྔགས་ཀྱི་སྒྲ་འབྲུག་སྟོང་གྲགས་པ་ཙམ་ལ་དམིགས་ལ་སྔགས་བཟླ་བ་ཛ྄བ་དགོངས་བཞིན་ནོ། །ཇི་སྐད་དུ། རྟོག་པ་ཀུན་གསལ་ཐུགས་ཀར་ཟླ་བའི་སྟེང་། །སྔགས་འཕྲེང་བཀོད་པ་དེ་ལ་སེམས་གཏད་ནས། །ཞེས་པ་ལྟར་གཞན་དུ་མ་ཡེངས་པར་དག་པ་རབ་འབྱམས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངང་ནས་རྩེ་གཅིག་ཏུ་འཛིན་པ་མེད་པར་བཟླ་བའོ། །ཐུན་མཐར་
དབྱངས་གསལ་རྟེན་སྙིང་གསུམ་གསུམ་གྱིས་ཁ་འགེང་བས་ཛ྄བ་བསྟོད་མཐར། མདུན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ༀ་བཛྲ་ས་མ་ཡ་ཧཱུྃ་ཞེས་པས་དམ་ཚིག་གི་དཀྱིལ་འཁོར་དང་རང་བཞིན་དབྱེར་མེད་དུ་གྱུར་པར་བསམ་མོ། །སྔགས་དམིགས་འདིར་བསྟུན་རུང་དོང་སྤྲུགས་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ལུགས་དང་། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་ཞི་བ་ཞེ་གཉིས་སྒྲུབ་པའི་མན་ངག་སོགས་ནས་འདིར་མ་གསལ་བ་དག་བཏུས་ཏེ་བཀོད་པའོ། །གཞན་དུ་ཡང་འདི་ཀའི་ཛ྄བ་དགོངས་དུ་སྦྱར་བས་བཞེད་པ་ཁ་ཅིག་ལ་ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ་ཅེས་བསྙེན་བསྒྲུབ་སྒྲུབས་ཆེན་སོགས་ཀྱི་དབྱེ་བ་མང་ཞིག་འདུག་ཀྱང་རང་དབང་དུ་ནི་ཁྱི་མོས་ཟའི་དཔེར་སོང་གཤིས། སྨྲས་མ་ཐག་པའི་བླ་མ་རྣམ་གཉིས་ཀྱི་དགོངས་པ་དང་ཀཿཐོག་པ་ཆོས་འབྱུང་གིས་སྦྱར་བའི་ཛ྄བ་དགོངས་བཟླས་ཚད་རང་གྲོལ་ལྟར་བསྙེན་བསྒྲུབ་ཀྱི་དོན་འདུས་ལ་དབྱེ་བ་མ་སྤྲོས། གལ་ཏེ་སྤྲོས་འདོད་དག་གོང་མ་བཞིན་དབྱེ་བ་མཛད་ཀྱང་རུང་སྲིད། འདི་ནི་བསྙེན་བསྒྲུབ་ཆིག་དྲིལ་གྱི་ལུག་ཏུ་ཟོར་ཡང་པར་བྱས། རྗེ་བླ་མ་དམ་པའི་ཕྱག་བཞེས་བཞིན་བཤགས་པའི་མཇུག་དུ་རིགས་ལྔའི་ཡིག་བརྒྱ་བཟླ་བ་ན་གོང་དུ་བཏང་ལ། ཛབ་བཟླས་ཀྱི་ཆོ་ག་རྣམས་སུ་འདི་ཀར་མཛད་འདུག་པ་ལྟར་ནའང་དེ་ལྟར་བྱེད་ལ། བསྙེན་བསྒྲུབ་ལ་མ་མཛད་ཀྱང་ཆད་སྐྱོན་མེད་འདྲ་ལ། སྒྲིབ་སྦྱོང་ལས་སྦྱོར་གྱི་སྐབས་སུ་དམིགས་ཀྱིས་བསལ་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་། ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱང་། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམ་ལ། ཞི་བ་ཁྲག་འཐུང་རིགས་བཅུ་ལ་གཞུང་བཞིན་བཟླ་
ལ་སྤེལ་ཚིག་གདགས། དབང་ཁྲུས་གནས་ལུང་སོགས་ལ་བཟླས་པ་གོང་མ་རྫོགས་འཚམས་བུམ་པ་ལ་དམིགས་པ་རྣམས་ལོགས་སུ་ཕྱེ་ལ་གཟུང་ཐག་ལ་འཇུས་ཤིང་སྤྱི་དྲིལ་སོགས་ལ་དབང་ཁྲུས་ཀྱི་རྣམ་པས་སོ་སོའི་གཤམ་སྔགས་འདོགས་པ་བརྒྱ་ལས་མི་ཉུང་བར་བཟླ་ལ་དུང་ཞལ་གྱི་ཆུ་ཕུལ་བས་ལྷ་ཚོགས་འོད་ཞུ་ནུས་ལྡན་དུ་དམིགས། འདི་ནི་གཞན་དོན་ཕྲིན་ལས་ལ་འཇུག་པ་ཆེ་ཚེ་བསྐང་བཤགས་དབང་ཁྲུས་རྣམས་ལ་ཆོ་གའི་དམིགས་གསལ་ཅུང་ཟད་ཞར་བྱུང་དུ་བརྗོད་པའོ། །གོང་གི་འཕྲོས་བརྗོད་བྱར་ཐུན་དག་ཏུ་ངག་མ་ཤོར་བར་མི་ཚིག་གིས་བར་མ་ཆོད་པར་བྱ་ལ། ཁ་ཟུམ་ནས་ལྕེའི་སྨྲ་བ་སོགས་ཀྱང་མི་འཐད་པར་སེམས་ལ་བརྡ་མི་སྦྱར་ག་མེད་ལ་ལག་པས་བརྡ་བྱེད་དེ། ཟླ་གསང་ནག་པོའི་རྒྱུད་ལས། སྨྲ་ན་རྣལ་འབྱོར་རང་དོན་ཟད། །དེ་ཕྱིར་ལག་བརྡའ་བྱ་ཞེས་གསུངས། ཞེས་པ་ལྟར། ཉམས་རྗེས་ཆོས་སྤྱོད་ཆགས་མེད་རིགས་འདོན་པ་དང་། ངག་ཀྱང་བཏང་དགོས་བྱུང་ན་འགལ་མེད་ཅེས་བསྙེན་ཡིག་ལས་བྱུང་ཚད་ནི་དུས་གྲངས་རྟགས་ཀྱི་རིམ་པ་ལ། དུས་ལ་ངེས་པ་མེད་ཀྱང་གསུང་ལ། འོན་ཀྱང་སྦྱང་སྟོབས་བློ་རིམ་གྱིས་ཕྱེ་བ་ཡིན་གསུང་ནས། རབ་ཟླ་བ་གསུམ། འབྲིང་ཞག་ཉེར་གཅིག །ཐ་མ་བཅོ་ལྔ། བདུན་སོགས་ཀྱང་བཤད་དོ། །གྲངས་ནི་སྔགས་རིང་ལ་གཙོ་འཁོར་གྱིས་འགྲོས་སྦྱར་ཚེ། གཙོ་བོ་ལ་འབུམ་ན། འཁོར་རྣམས་ལ་ཁྲི། དེའི་འགྲེས་སུ་ཤེས་པར་བྱ་ཞིང་ཞེས་པས། དེང་སང་ཕྱག་ལེན་ལ་སུམ་འགྱུར་མཛད་པ་ལྟར་ན་དེའི་རིགས་འགྲེ་སྦྱར་ཆོག་གམ་སེམས་ཀྱང་། ཞལ་ཤེས་ལས་ཞི་ཁྲོ་སྤྱི་དྲིལ་ལ་འབྲུ་འབུམ་དང་། རིགས་བརྒྱར་བཅུ་ཆའི་གྲངས་ལོངས་གཏོང་བ་ནི། རྗེ་བླ་མ་དམ་པས་དོགས་སེལ་ལས་གནང་བ་ལྟར་བྱེད་དོ། །འབྲུ་གྲངས་བཅོ་ལྔ་ཡར་འདས་འདི་
མཚོ་རྒྱལ་ཞུས་ལེན་ལྟར་ན་སུམ་འབུམ་གྲངས་ཀྱི་འགྲུབ་པ་བཞིན་དཔྱད། རྟགས་ནི་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་དགེ་བའི་མཚན་མ་ཅི་བྱུང་གི་བར་བཟླ་བ་སྟེ། རྟགས་སྤྱི་ཁྱབ་བཞིན་གོ་སླ་མོད་འདིར་མདོ་ཙམ་དུ་རྨི་ལམ་ལ་རི་རྩེར་ཕྱིན་པ་གྱེན་ལ་འགྲོ་བ། གོས་དཀར་གྱོན་པ། ཁྲུས་བྱེད་པ། ལུས་ཀྱི་ཕྱི་ནང་ཟང་ཐལ་བ་སོགས་སྒྲིབ་པ་དག་པའི་རྟགས། ཉི་ཟླ་ཤར་བ། འབྲས་བུའི་ཕུང་པོ་རྙེད་པ་ལོངས་སྤྱོད་པ་སོགས་ཚེ་རྒྱས་པའི་རྟགས། བདུད་རྩི་བཏུང་བ། ཕྱག་མཚན་རྙེད་པ། ལྷ་ཞལ་མཐོང་བ། རྒྱན་འདོགས་ཁྲིར་འདུག་གཞན་ལ་ཆོས་འཆད་སོགས་མདོར་ན་ལྟས་བཟང་གང་བྱུང་ཡང་འགྲུབ་རྟགས་སོ། །དངོས་སུ་དྲི་བསུང་འཐུལ་བ། བསྐྱེད་རིམ་གསལ་བ། སྔར་མེད་ཀྱི་ཉམས་རྟོགས་གསལ་བ་སོགས་དང་། མར་མེ་ཡོན་ཆབ་འཛིན་པ། རྒུན་མི་འཁྱག་པ་གཏོར་མའང་དབྱར་རྒུན་ལ་རུལ་འཁེངས་མི་བྱེད་པ་རྣམས་རྟགས་ཁྱད་པར་བའོ། །གཞན་དུ་གེགས་ཕྲན་བུ་བསལ་བ་ནི། བསྐྱེད་རིམ་མ་གསལ་བ་དང་དེར་འཛིན་ཞུགས་ན་གོང་ལྟར་དག་དྲན་ལ་བསླབས་པས་སྟོང་ཉིད་དུ་སྦྱོར། དངོས་སུ་ཉམས་ཤེད་དམན་པ་བསྐྱེད་རྫོགས་མ་གསལ་བ་རྨི་ལྟས་ཀྱང་ངན་པ་བྱུང་ན། སྒྲུབ་རྫས་དང་གནས་ཡོ་ཐམས་ཅད་ལ་བགེགས་བསྐྲད་བྱིན་འབེབས་འདི་ཀར་མ་གསལ་ཀྱང་། གཞན་ནས་འགབ་རུང་དང་ཚིག་བདུན་གསོལ་བྱིན་སོགས་ཀྱིས་དམིགས་གནད་གཅུན་པའི་མོས་གུས་བསྐྱེད་ལ་བྱིན་དབབ། བསྲུང་བའི་འཁོར་ལོ་གསལ་འདེབས་བྱ། དམ་གྲིབ་ལ་འཛེམ། བསྐང་བཤགས་ལ་འབད་པས་སེལ་ལོ། །སྐབས་སུ་ཅི་མི་སྙམ་པའི་སྟོང་གསལ་དབྱེར་མེད་ཆེན་པོའི་ངང་དུ་གསང་སྔགས་བཟླས་པ་ཟབ་གནད་དམ་པའོ། །ཤིན་ཏུ་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ལ་འབྱོངས་བ་ཞིག་ཡིན་ན་སྣང་སྲིད་ཀྱི་ཆོས་ཐམས་
ཅད་སེམས་ཉིད་ཀྱི་ངང་དུ་སྒྱུ་མ་ཙམ་དང་རྟེན་འབྲེལ་ཙམ་ལས་མ་གྲུབ་ལ། བཟང་ངན་མཚན་འཛིན་གྱི་ཀུན་རྟོག་མི་མངའ་བས་དེ་བཞིན་ཉིད་དུ་མཉམ་ཉིད་ཀློང་ཡངས་ཆེན་པོའི་ངང་ནས་སྔགས་བཟླ་ལ་ལྷའི་རྣམ་པ་གསལ་མ་གསལ་གང་ཡང་རུང་ལ་ཡོ་ག་གསུམ་གྱི་གདམས་པའི་སྙིང་པོ་སྟེ། ཕ་ཐབས་ཀྱི་རྒྱུད་བསྐྱེད་པ་མ་ཧཱ་ཡོ་གའི་ལྟ་བ། མ་ཤེས་རབ་ཀྱི་རྒྱུད་རྫོགས་པ་ཨ་ནུ་ཡོ་གའི་དགོངས་པ། གཉིས་སུ་མེད་པའི་རྒྱུད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཉམས་ལེན་དེ་འདི་རུ་མ་འདུས་པ་མེད་དེ། སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་ལས། རང་གི་ཤེས་རིག་ཝ་ལེ་བ་འདི་སངས་རྒྱས་ཡིན་པས། སངས་རྒྱས་གཞན་ནས་བཙལ་དུ་མེད་དོ། །ཞེས་དང་། ལུང་གཞན་ལས་ཀྱང་། དེ་ནས་ལྷ་ཉིད་སེམས་སུ་བརྟག །ཞེས་པ་དང་། སློབ་དཔོན་ཆེན་པོས། སེམས་ཉིད་སྐྱེ་མེད་སྟོང་གསལ་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དྲན་པ་ཙམ་གྱི་རྫོགས་པ་ཉིད༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ ཞེས་གསུངས་པ་བཞིན། ཀྱཻ་རྡོ་རྗེ་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་བསྟན་དུ་མེད། །ཞེས་སོ། །སེམས་ཉིད་ཡེ་ནས་ལྷ་རུ་གནས་བཞིན་སྒོམ་པས་སྤང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་གྱུར་ནས། རང་དོན་ཆོས་སྐུ་མངོན་དུ་བྱས་ནས་གཞན་དོན་གཟུགས་སྐུའི་སྐབས་མཚོན་བྱ་ཆོས་སྐུའི་ཡོན་ཏན་མཚོན་བྱེད་དུ་མཚན་དཔེ་དང་རྒྱན་ཆ་གསལ་བ་ཙམ་ལས། དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་ལྟའོ། །ཞེས་སོགས་ཐེག་ཆེན་གྱི་མདོ་སངས་རྒྱས་བགྲོ་བ་ལས་འཇམ་དཔལ་དང་བྱམས་པས་དྲི་བ་དང་ལན་གྱི་ཚུལ་མང་མོད་ཀྱང་འདིར་ཡི་གེར་མང་གྱི་དོགས་པས་མ་བྲིས། དེ་ལྟར་གོང་དུ་དག་དྲན་གྱི་སྐབས་བཞིན་ཤེས་པར་བྱའོ། །ཐུན་གྱི་ངེས་པ་ནི་བཞིའམ་ཐོར་ཐུན་ནས་ཉིན་གུང་བར་
དང་། དགུངས་ཐུན་ནས་སྲོད་མཇུག་བར་དུ་ཐུན་གཉིས་བྱས་ཀྱང་ཆོག་ལ་བསྙེན་པ་འགྲོ་ཚེ། གསུམ་དུ་བྱེད་ན་མཚན་ཐུན་གཉིས་ཉིན་ཐུན་གཅིག་བྱེད། གང་ལྟར་ཀྱང་ཐོར་ཐུན་ལ་སྐྱབས་སེམས་སྔོན་འགྲོ་སོགས་རྒྱས་པ་དང་། ཐུན་གཞན་རྣམས་སུ་ཏིང་ངེ་འཛིན་རྣམ་གསུམ་ནས་འཇུག་ཏུ་རུང་། དགུང་ཐུན་ལ་ཚོགས་བསྐང་རྒྱས་བསྡུས་གང་སྐབས་ཆོག །སྲོད་ལ་ཆད་ཐོ་བསྟན་མ་བཀྲ་ཤིས་བསྔོ་སྨོན་མཐའ་བརྒྱན་རྣམས་རྒྱས་པར་བྱ། ཐུན་གཞན་དག་ལ་ཉེར་བསྡུ་དགེ་བསྔོ་ཙམ་བྱའོ། །དགུང་ཐུན་མཇུག་ཏུ་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བ་བལྟར་ལ་ཁྱད་པར་དུས་གཉན་རྣམས་དང་ཡར་ངོ་ཚེས་བཅུར་ཉིན་མོ་དང་། མར་ངོ་ཚེ་བཅུར་སྲོད་ཐུན་ལ་ཚོགས་འཁོར་བྱ་སྟེ། དུས་ཚེས་ཁྱད་པར་ཅན་ལ་ནང་དུ་རྡོ་རྗེ་ལུས་ཀྱི་ཁམས་སུ་སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས་དུར་ཁྲོད་ཆེན་པོ་བརྒྱད་རང་བྱུང་གི་གནས་སུ་ཡེ་ཤེས་དང་ཁམས་ཀྱི་དངས་མ་དཀར་དམར་རྒྱུ་ཞིང་། རང་བཞིན་གྱི་དཔའ་བོ་དང་མཁའ་འགྲོ་རྣམས་འདུ་བའི་གནས་དུས་ཁྱད་པར་ཅན་དུ་གསང་བ་བདེ་ཆེན་མཆོག་གིས་མཆོད་པ་དང་། དེ་བཞིན་དུ་བཅོ་ལྔ་གནམ་སྟོང་ཚེས་བརྒྱད་ཚེས་བཅུ་ཉེར་ལྔ་སོགས་ཀྱི་དུས། ཕྱིའི་ཡུལ་གནས་དུར་ཁྲོད་དང་ཤིང་གཅིག་བྲག་རི་མཚོ་གླིང་སོགས་ཉེ་བའི་གནས་དེ་དག་ཏུ་དམ་ཚིག་ཅན་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ་བས་ཉེ་བའི་འདུ་བ་ཞེས་བྱ་སྟེ། ཁྱད་པར་དུ་ཡར་ངོ་མར་ངོའི་ཚེས་བཅུ་ཉིན་དང་མཚན་དུ་སྒྲུབ་པ་པོའི་གནས་སུ་མཁའ་འགྲོ་དང་གྲུབ་པ་ཅན་རྣམས་འདུ་བས་ལས་གང་མྱུར་བས་བསྙེན་སྒྲུབ་རྣམ་པ་བཞི་ཚོགས་དང་བསྐང་བཤགས་ལ་ཟླ་བ་བྱུང་ངོ་ཅོག་ལ་འབད་ན། ཟླ་དེའི་རིང་གི་ཉམས་ཆགས་སོས་ཤིང་མཆོག་ཐུན་མྱུར་བར་འགྲུབ་གསུངས་པ་ནི། ཀུན་མཁྱེན་རྡོ་རྗེ་གཟི་
བརྗིད་ཀྱི་ཞལ་ལུང་དང་། གཞན་ཡང་གསར་རྙིང་རྒྱུད་སྡེའི་དགོངས་པ་བཞིན་དུ་ཚོགས་བསྐང་བཤགས་དུས་གཉན་རྣམས་ལ་བཏང་བ་གལ་པོ་ཆེའོ། །སྤྱིར་ཡང་ལམ་ཚོགས་གཉིས་ལ་བརྟེན་དགོས་པ་ཡང་མངོན་སུམ་གྱི་ཚད་མས་གྲུབ་བོ། །དེ་ནས་ལེའུ་བཅུ་གསུམ་པའི་སྐབས་ཚོགས་འཁོར་ནི། ཧཱུྃ་ཉོན་ཅིག་བགེགས་ཞེས་པས་དེའང་མཆོད་རྫས་ལ་ཆེ་ཆུང་འབག་རྩོག་རློམ་སེམས་གྱི་དྲི་མ་ཐམས་ཅད་ཀྱང་མ་རིག་པ་ལས་བྱུང་སྟེ། རྣམ་རྟོག་དུག་ལྔ་དུག་གསུམ་ལས་ཕྱིར་འདྲེ་བགེགས་ཀྱི་རྣམ་པར་དམིགས་པའང་དེ་བཞིན་དུ་ཀུན་འབྱུང་གི་རྒྱུ་ལས་རྐྱེན་གྲུབ་སྟེ། དེ་ཉིད་རང་རིག་ཡེ་ཤེས་ཀྱི་ལྷའི་ང་རྒྱལ་གྱིས་མཚན་རྟོག་ལས་གྱུར་པའི་ལན་ཆགས་ཀྱི་བགེགས་རིགས་ཐམས་ཅད་བསྐྲད་དོ། །རྫས་བསང་སྦྱངས་ཤིང་བདུད་རྩི་འཐོར་ལ། ཧཱུྃ་བདག་ཉིད་རྡོ་རྗེ་སེམས་ཞེས་ཐུགས་ཀ་ནས་ཡི་གེ་འབྲུ་གསུམ་འཕྲོས་པས་དྲི་མ་ཐམས་ཅད་སྦྱངས་ཤིང་། ཟད་མི་ཤེས་པའི་ཡེ་ཤེས་ཀྱི་བདུད་རྩི་རོ་མཆོག་བརྒྱ་ལྡན་ནམ་མཁའ་ཁྱབ་པར་དམིགས་པ་གཞུང་ཚིག་གསལ་བཞིན་ནོ། །ཧཱུྃ་འོག་མིན་ཆོས་དབྱིངས་ཞེས་ཚོགས་ཞིང་རྒྱལ་བ་ཞི་ཁྲོ་བླ་མ་རིག་འཛིན་མ་ཚོགས་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ལ་མདུན་རྟེན་དང་གཉིས་མེད་དུ་གསལ། སྤྱན་འདྲེན་གྱི་གོང་དུ་བྱེད་སྲོལ་འདུག་ཀྱང་འདིར་ཡང་མི་འཐད་པར་མི་མངོན་པས། ཕྱི་ཐུན་མོང་གི་མཆོད་པས་བསྐང་བ་རྣམས་དང་། ནང་ཐུན་མོང་མ་ཡིན་པའི་རྫས་ཀྱིས་བསྐང་བ་རྣམས་བཏང་ངོ་། །ཧཱུྃ་བླ་མ་ཀུན་བཟང་ཐིག་ལེའི་ཞེས་ཚོགས་ཀྱི་མཆོད་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཞལ་དུ་བསྟབས། ཧཱུྃ་བདག་ཅག་ཞེས་མ་རིག་དབང་གྱུར་གྱིས་ཉེས་བྱས་ལ་འགྱོད་བཤགས་འབུལ། བསྒྲལ་བསྟབས་བྱ་བ་ནི། ཧཱུྃ་མི་མངོན་དབྱིངས་ནས་ཞེས་བདག་ཉིད་ཆེ་མཆོག་ཧེ་
རུ་ཀའི་སྐུ་རྣམ་པར་འགྱིང་བ་འཇིགས་རྔམ་ཅན་དུ་བསྒོམ། མདུན་དུ་མ་རིག་བདག་འཛིན་ལས་གྲུབ་པའི་བཙོན་ཁང་ཐར་མེད་ནང་དུ། ཉོན་མོངས་ལྔའི་རང་བཞིན་ཅན་གྱི་དགྲ་བགེགས་གནོད་བྱེད་ཀྱི་ཚོགས་ཐམས་ཅད་ཡེ་ཤེས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དབང་མེད་དུ་བཀུག་ནས་གཟུགས་ལ་བསྟིམ་སྟེ། རིམ་བཞིན་ལྷ་དང་ཕྲལ་བ། བྱད་དུ་གཞུག་པ། གཏུན་ཏུ་བརྡུང་བ། སྨྱོ་རུ་གཞུག་པ། རྟེན་དང་ཕྲལ་བ་རྣམས་ཀྱིས་་་་་་་་་་་་་་དངས་མའི་རྣམ་ཤེས་སྐྱེ་མེད་ཀྱི་དབྱིངས་སུ་སྤར་ཞིང་དཔལ་ལྡན་རྡོ་རྗེ་སེམས་དཔའི་སྲས་སུ་བསྐྱེད། སྙིག་མའི་བདག་ཅན་གྱི་ཕུང་ལྔ་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བྱིན་པར་བསྒོམ་པས། དུག་ལྔ་གནས་སུ་བསྒྲལ་ཏེ་གཞི་འབྲས་དབྱེར་མེད་བྱང་ཆུབ་མཆོག་གི་གོ་འཕང་ལ་སྦྱོར་བའི་ཐབས་ཁྱད་པར་ཅན་ནོ། །འདི་ནི་ཁ་སྦྱོར་དབྱེ་བའི་ཆོ་ག་སྟེ་རྡོ་རྗེ་ཐེག་པའི་ཁྱད་ཆོས་མངོན་སྤྱོད་ཀྱི་ལས་ཆེན་ཐུན་མོང་མིན་པ་ལ། གཞི་ལམ་འབྲས་བུ་རྫོང་འཕྲང་སྲོག་གསུམ་སོགས་ཀྱི་རྣམ་བཞག་ཅུང་ཟད་སྤྲོས་པས་ཆོག་ཀྱང་སྐབས་དང་འཚམས་པར་མདོར་བསྡུས་ཙམ་ལས་སྤྲོས་པ་བསྐྱུངས་སོ། །གསང་བ་བླ་མེད་ལྷ་ཚོགས་དག་གྱུར་གྱི་བསྐང་བ་དང་། ཡང་གསང་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་འགགས་གནས་གསུམ་དང་བྲལ་བ་བསྐང་བྱ་བསྐང་བྱེད་གཉིས་མེད་དེ་ཁོ་ན་ཉིད་ཀྱི་བསྐང་བ་རྣམས་རིམ་གྱིས་བྱ། དེ་ནས་རྡོ་རྗེ་རྒྱལ་པོ་ལ་བརྡ་དང་བརྡའི་འབུལ་ལེན་གྱིས། རྣལ་འབྱོར་ཕོ་མོ་ཞེས་ཐམས་ཅད་དག་པ་རབ་འབྱམས་ཀྱི་འཁོར་ལོར་དམིགས་ལ་དངོས་སུ་འབྱོར་བ་དགའ་ལྡན་ལྷའི་ལོངས་སྤྱོད་ལྟ་བུ། ཡིད་ཀྱི་སྤྲུལ་པ་འཕྲུལ་དགའི་ལྷའི་ཏིང་ངེ་འཛིན་གྱི་ལོངས་སྤྱོད་ལ་རོལ་པ་བཞིན་ཏུ་དག་པ་ཆེན་པོར་རོལ་ལ་སྐུ་གསུང་
ཐུགས་མི་འགྱུར་བའི་དངོས་གྲུབ་འཐོབ་པར་བལྟའོ། །ལྷག་ཆོག་ནི་དཀྱིལ་འཁོར་ཤར་ལྷོའི་མཚམས་སུ་ལྷག་མའི་དཀྱིལ་འཁོར་ཡོད་ན་དེར་འགོད་ལ། རྣལ་འབྱོར་པས་གཙང་ཕུད་དང་གཏོར་གྲལ་ནས་འབབ་བླང་སྟེ་གཏོར་མ་གཙང་དམེ་གཉིས་བཤམས་ཏེ། ཧཱུྃ་ཆོས་དབྱིངས་སྐྱེ་མེད་ཅེས་ཕུད་གཏོར་བསྟབ་ལ་སླར་ཡང་ལྷག་འབབ་དམེ་གཏོར་ཏུ་ཕབ་བསྲེ་བྱ་ལ། ཧེ་རུ་ཀའི་དམ་རྒྱའི་ཁ་ཆུ་བྲན་པ་བདུད་རྩིར་བསྐྱེད་ལ་བསྐུལ་ཚིག་བཏང་སྟེ་དབུལ་ལ་ཅི་འདོད་ཀྱི་འཕྲིན་ལས་བཅོལ། བྱང་ཤར་དུ་བཙོན་དུ་འཇོག་པ་བསྙེན་བསྒྲུབ་གྱི་དབང་སྟེ་གཞན་དུ་ཕྱི་རོལ་གཙང་སར་དོར། དེ་ཡན་ཆད་ལ་ཚོགས་ཀྱི་ཆོ་ག་གྲུབ་བོ། །སྲོད་ཐུན་བསྡུ་ཁར་བཀའི་ཆད་མདོ་བྱ་སྟེ། གཏོར་མ་དགུག་བྲན་བརླབས་པ་ཚར་ནས། ལེའུ་བཅུ་བཞི་པ་ཐུགས་དམ་བསྐུལ་པ་ནི། ཧཱུྃ་བྷྱོ༔ རྣམ་དག་ཆོས་དབྱིངས་ཞེས་སྔོན་གྱི་སྨོན་ལམ་དམ་བཅའ་བཞིན་དུ་ལོག་འདྲེན་བསྟན་དགྲ་དམ་ཉམས་རྣམས་འདུལ་བར་ཞི་ཁྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་གནད་ལ་བོར་ཏེ་བསྐུལ་པ་བྱ་ཞིང་ཕོ་ཉ་དགོས་སུ་བསྐུལ་ལ་ཐུན་གཏོར་བཏང་། དེ་བཞིན་དུ་བཀའ་སྲུང་ལ་གཏོར་མ་བསྔོ། ལེའུ་བཅོ་ལྔ་པ་ཆད་ཐོ་བསྒྲག་སྟེ། ཧཱུྃ་དུས་གསུམ་དུས་མེད་ཅེས་འདིར་གཞན་དག་དུས་གསུམ་དུས་བཞི་ཞེས་བཤད་ལ། ཀུན་ཏུ་བཟང་པོའི་དུས་མེད་ཀ་དག་གི་དུས་གསུམ་མཉམ་ཉིད་ཀྱི་དུས་ཡིན་པས་མཉམ་པ་ཉིད་ལ་ཆེ་ཆུང་བཟང་ངན་སྔ་ཕྱི་འཕོ་འགྱུར་སོགས་མི་མཉམ་པར་མི་བགོ་བར་མཉམ་ཉིད་དུ་བཞག་ལ་དེ་ལ་དུས་མེད་ཅེས་བཏགས། སྤྱིར་དུས་བཞི་ཞེས་པའང་ཡོངས་སུ་གྲགས་ལ་དུས་གསུམ་ལས་གཞན་པའི་དམིགས་པ་ཅན་གྱི་དུས་གཅིག་ནི་མེད་ལས་ཆེ་ལ་དུས་གསུམ་གྱི་གཞི་འམ་ཁྱབ་བྱེད་མཉམ་ཉིད་ཀྱི་དུས་ཡིན་ནའང་དུས་
མེད་ལས་མ་འདས་སོ། །དེ་ལ་འཁོར་འདས་གཞི་གྲོལ་གྱི་ནུས་པ་ཀུན་ཏུ་བཟང་པོ་ལ་མངའ་ལ་རང་ཤར་རང་གྲོལ་གྱི་གཏོར་མ་ཕུལ་ལ་ཀུན་གཞི་ཆོས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་འཆོལ། གྱེར་དགོངས་བསྐྱངས། དེ་ནས་ཐ་ཚིག་རིམ་གྱིས་བསྒྲག་ཚིག་བཞིན་གྱི་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ཏེ་ཕུལ་ལ་ལྷག་མ་ནད་མཚོན་དུག་རླང་སྡེ་བརྒྱད་དྲེགས་པའི་དམག་ཚོགས་སུ་བསྒོམ་སྟེ་ཟོར་དུ་འཕེན་པ་ནི། ལེའུ་བཅུ་དྲུག་པ་སྒོ་དབྱེ་བ། འདི་ནི་ནུབ་ཐ་མའི་ཚེ་མ་གཏོགས་མི་བྱེད་པ་ཕྱག་སྲོལ་ལ། ཧཱུྃ་ཛ་ཤར་ཕྱོགས་ཞེས་སྒོ་མ་རྣམས་བསྐུལ་ལ་རང་རང་གི་ཕྱག་རྒྱས་སྒོ་ཕྱེ་བར་བསམ་པ་ནི་དཀྱིལ་འཁོར་ཕྱོགས་བཞིར་སྒྲིབ་བཞིས་སྒོ་བཅད་པ་ཡེ་ཤེས་བཞིའི་སྒོ་མས་མཚོན་སྒོ་དབྱེ་བས་ཉོན་མོངས་བཞིའི་དགྲ་བགེགས་སྟེང་དུ་ཟོར་ལམ་སྟོན་པའི་ཕྲིན་ལས་བཅོལ་ལ་ཐོག་ལྟར་འཕང་བས་རྡུལ་དུ་བརླག་པར་བསམ་མོ། །ལེའུ་བཅུ་བདུན་པ་བསྟན་མ་སྐྱོང་བ་ནི། གཏོར་གཞོང་བཤལ་ཆུས་གཏོར་མ་བརྒྱན་ལ་དམ་འདས་ཀྱི་ཤ་ཁྲག་ཏུ་དམིགས་ཏེ། རང་ཉིད་ཚོགས་ཀྱི་བདག་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ཕྱི་ཁྱམས་ཀྱི་སྲིན་མོ་བདུན་ཚན་བཞི་དང་། སྐྱོང་མ་རྣམས་བྱ་ཁྱུ་ལྷགས་པ་བཞིན་དུ་བཀུགས་ནས། དར་དཀར་གྱི་ཡོལ་བས་བར་བཅད་དེ་དབུ་སྨད་ནས་དཔའ་བོ་ཆེན་པོ་ཅི་བགྱིས་བཀའ་སྩོལ་ཞིག་ཅེས་པར་དམིགས་ལ། བྷྱོ༔ བསྟན་མ་སྐྱོང་མཛད་ཅེས་དབང་ཕྱུག་ཉེར་བརྒྱད་དང་བདག་ཉིད་ཆེན་པོ་རྡོ་རྗེ་ཀུན་གྲགས་མ་སོགས་བདུད་མོ་བཞི། གངས་དཀར་ཤ་མེད་མ་སོགས་གནོད་སྦྱིན་མོ་བཞི། ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི་རྣམས་ལ་གཏོར་མ་སྦྱིན་ལ་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཞི་རྒྱས་དབང་དྲག་གི་
ལས་སྒྲུབ་པ་དང་སློབ་དཔོན་པདྨ་ཐོད་ཕྲེང་གི་བསྟན་འཛིན་དཔོན་སློབ་བུ་བཞིན་སྐྱོང་བའི་བཀའ་བསྒོ་ལ་ཆེ་ཞེ་རྣམས་རང་གནས་སུ་གཏོང་། ལེའུ་ཐ་མ་བཅོ་བརྒྱད་པ་གཏོར་བྲོ་བརྡུང་བ་ནི། མ་རིག་ཉོན་མོངས་དབང་གིས་དགྲ་བགེགས་དམ་སྲི་རྣམས་དགུག་གཞུགས་ཐར་མེད་རིམ་བདུན་ས་འོག་ཏུ་མནན་པར་བསམ་ལ། ཧཱུྃ་ཕྱོགས་མེད་ཕྱོགས་དང་ཞེས་པས་ཆོས་ཀྱི་དབྱིངས་ལ་སྟེང་འོག་ཕྱོགས་མཚམས་མི་དམིགས་ཀྱང་མཚན་འཛིན་གྱི་རྣམ་རྟོག་ལ་དེ་བཞིན་ཡོད་ལ་འདུལ་བྱེད་དུ་ཡེ་ཤེས་ལྔས་མཚོན་སྟེང་འོག་ཕྱོགས་བཞིར་རིགས་ལྔའི་རང་བཞིན་གྱི་མཐིང་དཀར་སེར་དམར་ལྗང་བའི་སྒྱུ་མ་ལྟ་བུའི་ལྷ་ཚོགས་ཀྱིས་གླུ་བླངས་ཤིང་བྲོ་བརྡུང་པས་ཐར་མེད་དུ་ཚུད་པར་མནན་ནོ། །ནང་གསང་དུ་མ་རིག་པའི་ཉོན་མོངས་ཀ་དག་གི་དབྱིངས་སུ་མནན་པའི་དོན་ལ་བལྟའོ། །དེ་ནས་བཟོད་གསོལ་ནི། བདག་ཉིད་སྤྱི་གཙུག་ཅེས་བསྐྱེད་བཤགས་འདོན་ཚིག་གསལ་བས་དེ་བཞིན་བྱ་ཞིང་། ཡིག་བརྒྱ་དབྱངས་གསལ་རྣམས་བཟླས་ལ་སྔགས་དང་ཆོ་གའི་ལྷག་ཆད་ནོར་འཁྲུལ་བསྐྱེད་རྫོགས་གཞུང་བཞིན་མ་རྟོགས་པ་མདོར་ན་ཉེས་གྱུར་ཐམས་ཅད་མི་འཆབ་པར་མཐོལ་བཤགས་བྱའོ། །ཤེས་བརྗོད་ནི། ༀ་སྟོང་ཞིང་བདག་མེད་ཅེས་ནམ་མཁའི་ཁམས་གང་བར་འཁོར་ལོའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་པས་གཞི་འབྲས་ལམ་གསུམ་དུ་དགེ་མཚན་ཕུན་སུམ་ཚོགས་པ་མི་འགྱུར་རྟག་པར་ལྷུན་གྱིས་གྲུབ་པའི་བདག་ཉིད་གྱིས། དུས་གསུམ་སྐུ་གསུམ་དུ་འགྲུབ་པའི་སྨོན་པ་དང་བཅས་དགོངས་གཅིག་དང་དབྱངས་གཅིག་གིས་ཤེས་པ་བརྗོད་པ་དང་ལྷན་ཅིག་གི་ཕྱོགས་ཀུན་ཁྱབ་པར་མེ་ཏོག་འཐོར་བར་བསམ་མོ། །བསྔོ་བ་ནི། ན་མོ་འཁོར་གསུམ་ཡོངས་དག་ཅེས་བདག་ཉིད་རབ་དཀར་གྱི་དགེ་
བའི་རྩ་བ་འདིས་ཐོག་དྲངས་བྱས་པ་བྱེད་འགྱུར་མཁའ་ཁྱབ་ཀྱི་འགྲོ་བའི་དུས་གསུམ་གྱི་དགེ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བདག་གཞན་སེམས་ཅན་ཐམས་ཅད་བླ་ན་མེད་པ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱ་བའི་ཆེད་དུ་བསྔོ་བར་བགྱིའོ། །ཞེས་དགེ་བའི་དངོས་པོ་དམིགས་མེད་སྒྱུ་མ་ལྟ་བུས་རྒྱས་གདབ་པས་ཟད་པ་མེད་པར་བྱས་པ་ཐར་པ་ཆ་མཐུན་གྱི་དགེ་བ་སྟེ། དེ་ལ་བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་གསུམ་མི་དམིགས་པ་ལ་འཁོར་གསུམ་ཡོངས་དག་ཅེས། སྒྲ་ལས། ཏྲི་ཎི་མཎྜ་ལ་པ་རི་ཤུདྡྷ་ཞེས་བྱུང་བས་དཀྱིལ་འཁོར་གསུམ་ཡོངས་སུ་དག་པ་ལ། འདིར་སྒྲ་བསྡུས་ཏེ་འཁོར་གསུམ་ཡོངས་དག་ཏུ་འཆད་དོ། །ཡང་། པ་རི་ཎི་ཏ་ཞེས་པའི་སྒྲ་ལས་སྤེལ་བའམ་བསྒྱུར་བར་ཞེས་འབྱུང་བས། སྤེལ་བ་ནི་སྟོང་ཉིད་ཀྱི་རྒྱས་གདབ་པས་འཛད་མེད་ནམ་མཁའི་མཛོད་དུ་སྤེལ་ལ། བསྒྱུར་བ་ནི་འདུན་པ་དང་ཚིག་གི་བྱང་ཆུབ་ཏུ་བསྒྱུར་བའོ། །འདི་ལ་ནོར་བ་ཆེ་སྟེ། ཁ་ཅིག་གིས་དགེ་བ་ཟག་བཅས་སུ་འཛིན་པའི་བདེན་བདེན་པོར་ལུས་པའི་བསོད་ནམས་ཆ་མཐུན་ཏེ། བདེ་འབྲས་ལན་ཅིག་ཕྱུང་སྟེ་ཟད་པར་འགྱུར་བ་ཆོས་ཅན་གྱི་མཚན་ཉིད་ཡིན་ལ། འབྲས་བུ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ཀྱང་འཕོ་འགྱུར་བྱེད་ལ། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ན་ཡང་། །སླར་ཡང་ལས་ཀྱིས་དབང་གིས་ས་སྟེང་ལྷུང་། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ན་ཡང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་ལ། དེ་ནི་བསོད་ནམས་ཆ་མཐུན་ཀྱི་དགེ་བས་དེ་དག་ཏུ་འཕང་ཀྱང་ཟད་པའི་སྐྱོན་ནོ། །ཁ་ཅིག་གིས་ཅི་ཡང་མེད་པར་སྟོང་པ་མི་དམིགས་པར་འདོད་དེ་སྟོང་རྐྱང་ཁོ་ནས་ཀྱང་འབྲས་བུ་འབྱིན་མི་ནུས་པར་གསུངས་ཏེ་རྒྱུ་འབྲས་ཀྱི་རྣམ་བཞག་དང་འགལ་ལ།
རྨི་ལམ་དང་སྒྱུ་མ་ལྟ་བུའི་ཚུལ་གྱིས་བདེན་འཛིན་མེད་པར་བསྔོ་དགོས་ཏེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་སྒྱུ་མ་ལྟ་བུའོ། །དགེ་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའི་ཚུལ་གྱི་ཡོངས་སུ་བསྔོ་བར་བྱའོ། །ཞེས་གསུངས་སོ། །འདི་ལ་ཀུན་མཁྱེན་ཀློང་རམ་པས། ཁ་ཅིག་གིས་རྗེས་ལ་སྟོང་ཉིད་ཀྱི་རྒྱས་འདེབས་བྱེད་པ་ནི་ཤིན་ཏུ་མི་འཐད་ཏེ། འདིས་ཅི་བྱ་དམིགས་པ་མེད་པའོ་ཞེ་ན། རྣམ་པར་མ་གོ་བར་སྣང་སྟེ། དགེ་བ་ཡང་རྨི་ལམ་ལྟ་བུ་གསོག་པ་པོའང་རྨི་ལམ་ལྟ་བུ་ལེན་པོའང་རྨི་ལམ་ལྟ་བུ་སྟེ། འཁོར་གསུམ་བདེན་ཞེན་མེད་པ་ལ་དམིགས་པ་མེད་ཟེར་གྱི། དགེ་བ་ཅི་ཡང་མེད་པར་བསྒོམ་པའི་སྟོང་པ་ནི། ཆད་ལྟ་ཡིན་པས་ལུགས་ངན་པར་གོ་བས་སྤང་བར་བྱའོ། །སྤྱིར་དགེ་བ་གང་བྱེད་ཀྱང་། སྦྱོར་བ་བྱང་ཆུབ་ཀྱི་སེམས་དམ་པས་ཟིན་པ། དངོས་གཞི་དམིགས་པ་དང་མཚན་མ་མེད་པའི་ཤེས་རབ་དམ་པས་ཟིན་པ། རྗེས་རྨི་ལམ་སྒྱུ་མ་ལྟ་བུ་བསྔོ་བ་དམ་པས་ཟིན་པ་སྟེ། དམ་པ་གསུམ་དང་མ་བྲལ་བས་ཐར་བ་ཆ་མཐུན་གྱི་དགེ་བ་ཞེས་བྱ་བ་སངས་རྒྱས་ཀྱི་ལམ་མམ་རྒྱུ་བྱེད་པ་ཡིན་ནོ། །དེས་མ་ཟིན་ན་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ་རང་རང་གི་དགེ་འབྲས་ལན་ཅིག་ཕྱུང་ནས་ཟད་པར་འགྱུར་བ་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །དེ་ནས་གཤེགས་གསོལ་ནི། ༀ་ཁྱེད་ཀྱིས་ཞེས་ངེས་དོན་སངས་རྒྱས་ཀྱི་ཁམས་ལ་གཤེགས་བཞུགས་མེད་ནའང་དྲང་དོན་སེམས་ཅན་གྱི་ངོར་གཤེགས་བཞུགས་ལྟར་ཡོད་པས། ཡེ་ཤེས་པ་བཛྲ་མུཿས་ཆོས་ཀྱི་དབྱིངས་སུ་གཤེགས་ལ། རྫོགས་རིམ་ནི། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ཞེས་དམ་ཚིག་གི་འཁོར་ལོ་རིམ་གྱིས་བསྡུས་ཏེ་གཙོ་བོ་ཡབ་ཡུམ་ལ་དེ་ཐུགས་སྲོག་ཧཱུྃ་ལ་ཐིམ། དེའང་ཞབས་ཀྱུ་འ་ཆུང་ཧ་ཁོག་
མགོ་བོ་ཟླ་ཚེས་ཐིག་ལེ་དེའང་རིམ་གྱིས་ཇེ་ཕྲར་གྱུར་པས་ནཱ་ད་དང་བིནྡྷུ་ཞེས་པ་ཤིན་ཏུ་ཕྲ་བའི་སྲོག་གི་ཡི་གེ་སྟེ་རྟ་རྔ་བརྒྱར་གཤག་གི་ཚད་ཙམ་ལ་བསྡུ་དེའང་དམིགས་མེད་ཆོས་ཀྱི་དབྱིངས་སུ་ལ་བཟླའོ། །ཆད་མཐའ་བསལ་ཕྱིར་སླར་ཡང་། སྐད་ཅིག་སྟོང་གསལ་ཞེས་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱིས་བསྐྱེད་ལ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་མི་ཤིག་པའི་རང་བཞིན་ཏུ་བྱས་ལ་ཉལ་བའམ་སྤྱོད་ལམ་ལ་འཇུག་གོ། །གཤེགས་གསོལ་སྒྲུབ་པ་གྲོལ་ཁ་བར་དུ་མི་བྱ། བསྡུ་རིམ་ནི་དམ་ཡེ་མི་ཕྱེ་བར་ཐུན་རྟིང་ཐམས་ཅད་ལ་བསྡུ་བ་དང་སྤྱོད་ལམ་ལྷར་ལྡང་བཅས་པ་བྱའོ། །དེ་བཞིན་རྩར་ཕྲེང་ཚོར་བ་རང་གྲོལ་གྱི་ཚིག་ཧ་ཅིང་མང་བ་ལ་འཇིགས་པ་དག་གང་གི་ཚེ་ཡང་ཚོར་བ་རང་གྲོལ་གྱི་སྙིང་པོའི་ངག་འདོན་ལ་སྒོམ་བྱ་དག་སྦྱར་བས་ཁྱབ་བོ། །དེ་ལྟར་བསྐྱེད་པའི་རིམ་པ་ཕལ་ཆེར་ལག་ལེན་གྱི་མཐའི་༼མཐུས་༽རྟོགས་ནུས་ལ་འོན་ཀྱང་ཐམས་ཅད་མ་ངེས་ཏེ། བདུད་འཇོམས་སྤྲུལ་པ་དགེ་སློང་དམ་པ་པདྨ་ཕྲིན་ལས་ཀྱི་ཞལ་སྔ་ནས་མདུན་བསྐྱེད་བསྒྲུབ་གཏོར་ལས་གཏོར་སོགས་སྣང་བ་མ་འགག་རང་རྩལ་དུ་སྣ་ཚོགས་སུ་ཤར་བ་ཞིག་ཡོ་ག་གསུམ་གྱི་རྣལ་འབྱོར་བ་རྣམས་ལ་གལ་ཆེའོ། །གསུངས་པ་བཞིན་དུ་གང་ལའང་རྗེས་དཔག་ལས་ཀྱི་རིག་པས་འཇུག་པ་མི་ནོར་བར་ཤེས་པར་བྱའོ། །དེ་ལྟར་ལས་བྱང་རྩར་ཕྲེང་ཚོར་བ་རང་གྲོལ་གྱི་སྒོམ་འགྲེལ་དག་ཞིབ་པར་སྨྲོས་པ་ག་ལ་ལོངས་ཀྱང་། རགས་རིམ་ཙམ་བརྗོད་པ་སོང་ནས། སླར་ཡང་བསྙེན་བསྒྲུབ་ལ་མཁོ་བའི་དགོས་པ་ཕྲན་བུ་ནི། ནུབ་གཉིས་པའི་ཐོ་རེངས་ལ་བབ་ཚེ་ནམ་མཁར་མཁའ་འགྲོ་མ་དམར་མོས་གར་སྟབས་མཛད་ཅིང་ཌཱ་མ་རུ་དང་དྲིལ་བུའི་སྒྲས་གཉིད་ལས་སད་པར་བསམ། སྔར་
གྱི་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ལྡང་ལ་འདུས་བྱས་མི་རྟག་དྲན་བསྐུལ་གསལ་པོ་གདབ་སྟེ། སྤྱིར་དགེ་སྦྱོར་གྱི་ལྕག་འཆི་བ་མི་རྟག་པ་དྲན་པ་ཡིན་གསུངས་ལ་དེ་ཉིད་མ་དྲན་པ་ཁོ་ནས་སྒོ་གསུམ་ཐ་མལ་སྙོམ་ལས་སུ་ཤོར་བ་ཡིན་པས། འཆི་བ་སྙིང་ལ་གཟིར་བས་ཅི་བྱས་དགེ་སྦྱོར་ལས་མི་འདའ་བ་དང་དྲན་པའི་ཕན་ཡོན་དང་མ་དྲན་པའི་ཉེས་པ་སོགས་རྒྱ་ཆེར་གསུང་པས་དེ་བཞིན་ཡིད་ལ་བཅག །དེ་ནས་ཉམས་ལེན་ཐམས་ཅད་སྔར་ཉིན་བཞིན་ནོ། །ཐུན་མཚམས་སུའང་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པ་ལས་མ་འདས་པ་བྱེད་ལ་སྔགས་བཟླས་པ་གྲངས་སུ་མི་བརྩི། གླལ་སྦྲིད་སྒྲེག་པ་འོག་རླུང་སོགས་རླུང་སྐྱོན་རྣམས་དང་གཅིན་རྟུག་མཆིལ་སྣབས་དོར་བ་སོགས་དང་། བཟའ་བཏུང་གང་ལའང་དབྱངས་གསལ་རྟེན་སྙིང་བཟླ་བར་གསུངས་སོ། །སྐྲ་དང་ཁ་སྤུ་མི་བྲེག །མལ་སྟན་དང་གོས་མི་བརྗེ། མེ་ཉི་སྤང་ཞིང་གདན་དྲོད་མི་ཡལ་བ་རྣམས་སྒྲུབ་པ་མ་གྲོལ་བར་དམ་ཚིག་གོ། །སྐབས་སུ་ཤེས་པ་འཕྱོ་གཡེང་སོགས་བྱུང་ན་རུས་ཐང་བཏུང་བ་དང་བུ་རམ་མར་ཁུ། ལྕེ་ལྡིབ་ཞིང་སྔགས་བསྒྲང་མི་ནུས་པ་ལ་ཇ་དཀར་གྱི་བཏུང་བ་བརྟེན་ནས་སེལ་གསུངས་སོ། །ཡང་ཐེ་ཚོམ་དང་སྒྱིད་ལུགས་དཀའ་ཚེགས་སོགས་ཀྱི་སྣང་བ་བྱུང་ན། ཡིད་གཉིས་ཐེ་ཚོམ་ནི་བྱང་ཆུབ་སྒྲུབ་པའི་གེགས་ཆེན་ཡིན་ཏེ་གཏན་ནས་མི་རུང་ལ། ཨོ་རྒྱན་ཆེན་པོས་ཞལ་གདམས་ལས། ཆོས་བརྒྱད་ཐེ་ཚོམ་སེམས་ངན་གསུམ༔ འབྲས་བུ་མི་འབྱུང་གེགས་གསུམ་ཡིན༔ གསུངས་པ་ལྟར་ཐེ་ཚོམ་ལོག་ལྟ་རིང་དུ་སྤང་ལ། རྒྱུ་འབྲས་བསླུ་བ་ནམ་ཡང་མེད་ཏེ་རང་གི་ལྷག་བསམ་རྩེ་གཅིག་པས་སྨིན་གྲོལ་ཟབ་མོའི་ལམ་གྱི་བསྐྱེད་རྫོགས་འདི་ལྟ་བུའི་མཐུ་ལས་མཆོག་ཐུན་གྱི་དངོས་གྲུབ་འཐོབ་པར་གདོན་མི་ཟའོ་སྙམ་
དགོས་ཏེ། རྒྱུ་འབྲས་ལ་ཡིད་ཆེས་བྱ་བ་ནི། བདེ་བར་གཤེགས་པ་རྫུན་མི་སྨྲ་བས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པའི་གསུངས། །ཞེས་པ་བཞིན་དང་། དད་མོས་རྩེ་གཅིག་པས་འགྲུབ་སྟེ། རྒྱལ་བའི་གསུངས་ལས། གང་ལ་དད་ཅིང་མོས་པ་མགོ་གཅིག་པ་དེ་ལ་གང་གིས་མི་བརྫི་བ་སྟེ། དེའི་དྲུང་དུ་བདུད་ཀྱིས་སངས་རྒྱས་སུ་བསྒྱུར་ནས་འོངས་ཏེ་དེ་ནི་ཁྱོད་ཀྱི་ཆོས་མ་ཡིན་ནོ་ཞེས་བསྒྱུར་བར་བྱེད་ཟློག་པར་བྱེད་ཅིང་དེ་ནི་འབྲལ་བར་མི་བྱེད་དོ། །དེ་ཡང་འབྱུང་བ་ཆེན་པོ་གཞན་ཏུ་འགྱུར་སྲིད་ཀྱང་དད་པའི་སྟོབས་ལས་གང་མོས་པ་དེ་ནི་འབྲལ་བར་མི་ནུས་སོ། །ཞེས་དང་། བཀའ་གདམས་གཏམ་རྒྱུད་ལས། གྲ་བ་དད་མོས་ཅན་གཅིག་གིས་བླ་མ་ཐུགས་བྲེལ་བའི་སྐབས་ཤིག་གདམས་པ་ཞུས་པས། ཕྱག་ཀྱོག་པ་ཞིག་མཛད་ནས་མ་ར་ཛྷ་ཞེས་གསུངས་པས། སློབ་མ་དེས་ལག་པ་ཀྱོག་མཛད་པ་དེ་ཕྱག་རྒྱ་དང་། མ་ར་ཛྷ་ཞེས་པ་དེ་ཉིད་སྔགས་ཡིན་སྙམ་ནས་བསྒྲུབ་པས་ཕྲིན་ལས་བཞི་འགྲུབ་པ་ཅིག་བྱུང་བར་བཤད་པས། དད་མོས་ཀྱིས་འགྲུབ་ལ། གཞན་ཡང་། དམ་པས་འཇམ་དཔལ་སྨྲ་སེང་གི་ལོ་རྒྱུས་དང་། དབྱངས་ཅན་སྒྲ་མཁན་སློབ་དཔོན་ཨ་ནུ་བྷུ་ཏིའི་ལོ་རྒྱུས་སོགས་ཡིད་གཉིས་མེད་པའི་རྩེ་གཅིག་གི་དད་པས་འགྲུབ་པ་ནི་མཐའ་ཡས་པས་འབྲིར་མི་ལང་། ཇོ་བོ་ཨ་ཏི་ཤས་ཁྱེད་བོད་འདིར་དད་མོས་ཁོ་ནས་འགྲུབ་པར་འདུག་གསུངས་སོ། །དེ་སྐད་དུའང་རྒྱུད་ལས་ཀྱང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཡོད། །ཞེས་གསུངས་པས་སོ། །དེ་ལྟར་འགྲུབ་པ་ལ་ལོག་རྟོག་དང་སོམ་ཉི་མི་དགོས་ཏེ། སྙིགས་མ་ལྔ་བདོའི་དུས་འདིར་གསང་སྔགས་འབྲས་བུའི་ཉེ་ལམ་ཡིན་
པ་གསར་སྙིང་རྒྱུད་སྡེ་ཐམས་ཅད་མཐུན་ཏེ། འཕགས་མཆོག་རྒྱལ་བའི་བསྟན་པ་བགྲངས་བྱ་ལྔ་བརྒྱ་ཕྲག་བཅུར་གནས་དགོས་ལ། འབྲས་བུའི་དུས་ལྔ་བརྒྱ་ཕྲག་གསུམ་འདས། བསྒྲུབ་པའི་དུས་ལྔ་བརྒྱ་ཕྲག་གསུམ་འདས། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ། སྙིག་མར་བབས་པས་ལྔ་བརྒྱ་ཐ་མ་རྩོད་དུས་སོ། །དུས་གང་ཟག་ལྟ་བ་ཉོན་མོངས། ཚེ་ལ་སོགས་པའི་སྙིག་མ་ལྔ་བདོ་བའི་དུས་སུ་གསང་སྔགས་འགྲུབ་ལ། ཁྱད་པར་རྫོགས་ལྡན། སུམ་ལྡན། གཉིས་ལྡན། རྩོད་ལྡན་དུས་བཞི་ལ་དགོངས་པས། བྱ་སྤྱོད་རྣལ་འབྱོར་བླ་མེད་དེ། ཀྲི་ཡ། ཨུ་པ། ཡོ་ག །རྣལ་འབྱོར་བླ་མེད་བཞིའི་ནང་ནས། བླ་ན་མེད་པ་ནང་རྒྱུད་ཡོ་ག་སྡེ་གསུམ་འགྲུབ་པའི་དུས་ཡིན་ལ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལས། གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །དུས་མཐར་དངོས་གྲུབ་མི་ཐོབ་ལ། །ཆོས་འདི་དེ་ལྟར་ཤེས་ནས་ནི། །བསམ་པ་ཐམས་ཅད་རྫོགས་པ་ཡིན། །ཅེས་དང་། ཁྲག་འཐུང་མངོན་འབྱུང་ལས། ཧེ་རུ་ཀ་དཔལ་གཟུང་བྱས་ན། །སྙིག་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་དང་། རྒྱུད་ལས། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར། །ཞེས་པས་ཐེ་ཚོམ་མི་བྱེད་ལ། རིག་པས་ཀྱང་གྲུབ་སྟེ་སྔོན་བྱོན་རྒྱ་བོད་ཀྱི་མཁས་གྲུབ་ནམ་མཁའི་སྐར་ཚོགས་ཙམ་གྱིའང་སྒྲུབ་པས་འགྲུབ་པ་དག་ཀྱང་མངོན་སུམ་གྱིས་གྲུབ་པ་གོར་མ་ཆག་གོ། །སྒྱིད་ལུག་པར་ཡང་མི་བྱ་སྟེ། བདག་ལྟ་བུའི་སངས་རྒྱས་མི་འགྲུབ་བོ་སྙམ་པའང་མི་རུང་ལ་སངས་རྒྱས་དང་སེམས་ཅན་གཉིས་ཀ་དུས་གཅིག་དུ་བློས་བཏང་བ་ཤིན་ཏུ་བློ་ངན་ཏེ། ཐེག་ཆེན་གཞུང་ལུགས་ཀྱི་སེམས་བསྐྱེད་ཉམ་པས་ཉན་རང་དང་ཐ་མལ་གྱི་ལམ་དུ་ལྟུང་སྟེ་དམྱལ་བར་འགྲོ་བ་དང་ཉན་རང་གི་ལམ་ལ་སངས་རྒྱས་པ་ལ་ཉན་རང་ལམ་གྱི་རིང་བས་སྤོང་
དགོས་གསུངས་ཤིང་། མདོ་ལས། དམྱལ་བར་འགྲོ་བའི་བྱང་ཆུབ་ཀྱི། །གཏན་ཀྱི་གེག་བྱེད་མ་ཡིན་གྱི། །ཉན་ཐོས་དང་ནི་རང་རྒྱལ་གྱི། །བྱང་ཆུབ་ཀྱིས་ནི་གཏན་གེག་བྱེད། །ཅེས་སོགས་རྒྱ་ཆེར་གསུངས་ལ། བྱང་ཆུབ་སྤྱོད་འཇུག་ལས། བདག་གི་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུགས་པར་ནི་མི་བྱ་སྟེ། །ཞེས་དང་། དེ་ཉིད་ལས། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུགས་འགྱུར། །གསུངས་པ་བཞིན་རང་གི་དོན་ཁོ་ནའང་མ་ཡིན་ལ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་བསྐྱེད་རླབས་པོ་ཆེའི་ངང་ནས་བསྒྲུབས་པ་ནི་ཕན་ཡོན་གཞལ་དུ་མེད་ལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་མདོ་ཙམ་སྟེ་ཕན་ཡོན་མཐའ་ཡས་པ་ལ་སྨོས་ཅི་དགོས། ཡང་དཀའ་ཚེག་ལྟ་བུའི་སྣང་བ་ཤར་བ་ལ། སྔོན་གྱི་རྒྱལ་བ་གོང་མ་དག་གི་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ནས་ལུས་སྲོག་འབེན་བཙུག་ཤ་ཁྲག་གཟན་བོར་གྱིས་བྲག་ཕུག་ཞྭ་ལྟར་གྱོན་ནས་དཀའ་ཚེག་ཁྱད་དུ་བསད་ནས་བསྒྲུབ་པས་གྲུབ་པ་ཐོབ་ཚུལ་ལ་བསམ་ན། རང་རེས་གང་བདེ་ཐམས་ཅད་དངས་དུ་བླངས་དཀའ་ཐུབ་རྒྱབ་ཏུ་བསྐྱུར། བརྒྱག་དྲོ་ལོངས་སྤྱོད་གང་བདོག་གི་ཆ་ཙམ་ཡང་འདོར་མི་ནུས་པར་བུང་བ་རྩི་འབྱར་གྱི་རྣམ་ཐར་བསྐྱང་བས། བྱང་ཆུབ་སྒྲུབ་པ་ལ་དཀའ་སྤྱད་མ་ཐུབ་པ་གཅིག་གིས་ནོང་པ་ལགས། དེས་ན་སྙིང་ལ་རུས་པ་བཅུག་ནས་དམ་བཅའ་དྲག་པོས་བསྒྲུབ་ལ། ཇི་སྐད་དུ། སྲོག་གི་ཕྱིར་ཡང་མིགཏོང་ངོ་། །ཞེས་པ་དང་། མ་འགྲུབ་བར་དུ་དགོངས་པ་མི་གཏོང་ངོ་། །ཞེས་གསུངས་པ་ལྟར་
གྱིས། བསྐྱེད་རྫོགས་བཟླས་པ་ནན་ཏན་དུ་བྱེད་པ་ངལ་བ་ཁྱད་གསོད་དུ་སྤྲོ་བསྐྱེད་དང་བཅས་པའི་སྒྲུབ་པས་འབྲས་བུ་ཆུད་མི་འཛའ་བའོ། །ཨོ་རྒྱན་གཏེར་བདག་གླིང་པས་བསྙེན་ཡིག་ཏུ། སྤྱིར་མཚམས་ཀྱི་འགོ་ལྷོད། བར་དམ། རྗེས་སུ་ལྷོད། ཤེས་པ་བྱིང་ནས་གཉིད་བྲོ་བ་སོགས་བྱུང་ན་རིག་པ་ངར་བསྐྱེད་དེ་སྔགས་སྒྲ་དང་བཅས་པས་བཟླ། ཤེས་པ་རྒོད་ནས་དམིགས་པ་མི་གསལ་ན་ཏིང་ངེ་འཛིན་སེམས་དཔའ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་ཤུབ་བུར་བཟླ། སུན་སྙམ་བྱུང་ན་བླ་མ་གོང་མ་རྣམས་ཀྱི་བཟོད་བསྲན་དཀའ་སྤྱད་ཀྱི་ཚུལ་ལ་གཞིག་ནས་རིག་པ་ཧུར་བསྐྱེད། རྩ་ཁམས་དངས་བ་དང་ལྕེ་བདེ་བའི་དུས་སྔགས་འགྲོ་ཆེ་ན་མྱུར་དུ་འགྲོ་སྙམ་བྲོད་ཁ་མི་བྱ། དེ་ལས་བཟློག་ནས་གུ་དོག་སྙམ་བྱུང་ན་སྙིང་རུས་ཆེར་བསྐྱེད་ཅིང་ངལ་མི་བྱ། ཞེས་གསུངས་སོ། །དེ་ལྟར་ཚད་དུ་ཕེབས་ནས་སྒྲུབས་པ་སང་གྲོལ་རྒྱུའི་དགུངས་ལ་མཆོད་པ་རྣམས་གསར་གསོ་བྱེད། མཆོད་གཏོར་གཞན་གསར་བ་གྲུབ་ན་གྱ་ནོམ་པར་བཅའ་ལ། དམིགས་པ་ནི། གཏོར་མ་དངོས་གྲུབ་ཀྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའི་མཛོད་དུ་དམིགས་འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པས་བྱིན་རླབས་ཚུར་འདུས་ནས་རྫས་ལ་ཐིམ་པས་མཆོག་ཐུན་ལྷུན་གྱིས་གྲུབ་པའི་ནུས་པ་དང་ལྡན་པའི་འདོད་པའི་ཡོན་ཏན་གྱི་རྒྱ་མཚོར་དམིགས་ལ་རྩ་སྔགས་སྤྱི་དྲིལ་གྱི་མཇུག་ཏུ། ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཅི་ནུས་བཟླ་ཞིང་། སང་ཐོར་ཐུན་མཐར་སྐྱ་རེངས་འཆར་ཁར་བསྒྲིགས་ལ་ཛ྄བ་མཐར་དངོས་གྲུབ་ལེན་པ་ནི་ཐོག་མར་བར་ཆད་ཀྱི་བགེགས་བསྐྲད་ལ་རང་ཉིད་ལྷའི་ང་རྒྱལ་གྱིས་
དྲགས་སྔགས་དང་བཅས་པས་ཡུང་ཐུན་གྱིས་བྲབ་འདྲེ་་་་་འཇིགས་བསྲེག་ལ་བར་ཆད་ཉེ་མི་ནུས་པར་བསམ། བསྲུང་བའི་འཁོར་ལོ་གསལ་གདབ། བྱིན་རླབས་དཔུང་བསྐྱེད་ལ་བྱིན་དབབ། ལྷ་དང་འཁོན་བཅུག་བཤགས་པས་ཡིག་བརྒྱ་བཟླ་ལ། སྒྲུབ་རྫས་ཐམས་ཅད་ལྷར་གསལ་བཞིན་གྱི་ངང་ནས་མོས་གུས་ཐུན་མོང་མིན་པས་འདི་ལྟར་བསྐུལ། ཧཱུྃ་བདེ་མཆོག་བདེ་ཆེན་ནམ་མཁའི་ཀློང་ཡངས་ནས༔ ཡང་དག་རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་ཅན༔ བླ་མ་ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ ཚེ་ཆོས་ཟས་གོས་ནོར་གྱི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ བཀའ་བརྒྱུད་བླ་མ་སྟོང་ཉིད་སྙིང་རྗེའི་བདག༔ སྤྲོས་བྲལ་ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་པདྨ་སྐྱེ་འཆི་གཉིས་མེད་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཡི་དམ་ཞི་ཁྲོ་དངོས་གྲུབ་ཀུན་གྱི་དཔལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ རྡོ་རྗེ་ཕག་མོ་དགོས་འདོད་རེ་བ་སྐོངས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ མ་དང་མཁའ་འགྲོ་མི་ཟད་གཏེར་གྱི་བདག༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩལ་དུ་གསོལ༔ དམ་ཅན་རྒྱ་མཚོ་བསྟན་པ་བསྲུང་བའི་བདག༔ རིགས་རྒྱུད་སྤེལ་དང་དབང་གི་དངོས་གྲུབ་སྩོལ༔ ཆོས་སྐྱོང་བསྲུང་མ་མངོན་སྤྱོད་ཕྲིན་ལས་བདག༔ དྲག་རྩལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ བཀའ་ཡི་བསྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ རྫུ་འཕྲུལ་མྱུར་མགྱོགས་དངོས་གྲུབ་སྩལ་དུ་གསོལ༔ སྙན་གྲགས་སྤེལ་དང་འབྱོར་བ་རྒྱས་པ་དང་༔ བདག་ལ་འདོད་པའི་དངོས་གྲུབ་དུས་འདིར་སྩོལ༔ རྩ་སྔགས་དང་། ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཀྐི་ནི་སརྦ་སིདྡྷི་ས་མ་ཡ༔ མ་མ་སིདྡྷི་ཕ་ལ་ཨཱ༔ གོང་གི་སྔགས་ཤམ་ཡང་
བཟླ་ལ་དབང་བཞི་ཏིང་ངེ་འཛིན་བརྟན་པོས་བླང་ལ། ཡི་དམ་ལྷའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་རང་གི་གནས་གསུམ་དུ་ཐིམ་སྐུ་གསུང་ཐུགས་ཀྱི་དབང་ཐོབ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་མཐར་ཐུག་སྐུ་གསུམ་ཐོབ་པར་བསམ། སླར་ཡང་གནས་གསུམ་ལས་འོད་ཟེར་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ་ཡེ་ཤེས་ཀྱི་དྲི་མ་དག་རྫོགས་ཆེན་སྒོམ་པར་དབང་འབྲས་བུ་སྐུ་བཞི་ཐོབ་པར་བསྒོམ་ལ། གནས་སོ་སོར་བཞགས་ལ་དངོས་གྲུབ་རྣམས་ལྕེར་མྱོང་རྩ་ཁམས་བདུད་རྩིས་གང་བས་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཆེན་པོ་འཁོར་གསུམ་མི་རྟོག་པའི་ངང་དུ་བཞག །ལྷག་མའི་གོང་དུ་དངོས་གྲུབ་ལེན་པའི་ཕྱག་ལེན་ཀྱང་ཡོད་དོ། །དེ་ནས་རྗེས་ཀྱི་ཆོ་གའི་བྱ་བ་ཐམས་ཅད་ཚང་བར་བྱེད་ལ་མཐའ་བརྒྱན་ནོ། །ངག་འགྲོལ་ལ་རྗེས་སྤྱོད་ལ་འཇུག །མཐར་ཁ་སྐོང་བྱ་བ་གཙོ་ཆེ་སྟེ། གུང་ཐུན་ནས་སྦྱིན་སྲེག་གི་ཆོ་གའི་གཞི་ཚུགས་པར་བྱ་ལ། སྦྱིན་སྲེག་གི་ལས་མྱུར་ལ་འདིར་ཁ་སྐོང་ལ་ཤིན་ཏུ་དགོས་ཏེ། རྒྱུད་ལས། སྦྱིན་སྲེག་ལྷ་རྣམས་ཚིམ་པར་བྱེད། །ཚིམ་པས་ལས་ཀྱི་དངོས་གྲུབ་སྩོལ། །སྔགས་ནི་ལྷག་ག །མ་མ་ཚང་ན། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོངས། ཞེས་དང་། དབང་ཆེན་རྒྱུད་ལས། ལྷ་ཚིམ་བར་ཆད་བགེགས་ལ་སོགས། ཞི་ཕྱིར་སྦྱིན་སྲེག་ཆོ་ག་བྱ། གང་འདོད་དངོས་གྲུབ་སྦྱིན་བྱེད་ཅིང་། །རྟོག་སྒྲིབ་ལ་སོགས་བསྲེག་པར་བྱེད། །ཅེས་དང་གཞན་ཡང་། གསང་སྔགས་མ་བཟླས་ལྷ་མི་འགྲུབ། །སྦྱིན་སྲེག་མ་བྱས་འབྲས་མི་སྨིན། །ཞེས་དང་། ཀུན་འདུས་རིག་པའི་མདོ་ལས། རྡོ་རྗེ་མེ་ཡི་ལས་མཆོག་འདིས། །རྣལ་འབྱོར་ཐབས་སུ་བདེ་སྦྱར་བས། །རྒྱལ་བ་ཀུན་མཉེས་ཀུན་སྲེག་སྐོངས། །དོན་འགྲུབ་ལས་ཀྱི་མཆོག་ཏུ་བཤད། །ཞེས་པས། དངོས་གྲུབ་ལ་
ཉེ་རྒྱུའི་མཆོག་ཏུ་བསྔགས་སོ། །དེ་ལ་གཙོ་འཁོར་སོ་སོ་ལ་ཁ་སྐོང་མ་གྲུབ་ཀྱང་སྤྱི་སྔགས་ལ་རྫས་སྔགས་བཏགས་པ་བཅུ་ཆའི་གྲངས་སྤྱི་དྲིལ་གྱི་གྲངས་ལ་དཔེར་ན་བདུན་འབུམ་གྱི་གྲངས་ལ་ཁྲི་བདུན་བཏང་བ་དེས་དཔག་གོ། །རྫས་ནི་ཏིལ་གཙོ་ཆེར་འབུལ་བ་ཞི་བའི་སྐབས་ཏེ་ཞལ་ཤེས་དང་ཕྱག་སྲོལ་ཡོད་པས་དེ་བཞིན་དབུལ། སྤེལ་ཚིག་ནི། ཏིང་འཛིན་མ་གསལ་བ་དང་སྔགས་ཀྱི་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད། ཞར་བྱུང་གཤིན་དོན་སོགས་ལ་རྫས་བྱེ་བྲག་པ་ཡོད་ཀྱང་ཏིལ་སྔགས་ཁོ་ནས་དབུལ་སྲོལ་སྨིན་གླིང་ཕྱག་བཞེས་རྗེ་བླ་མ་སྐལ་བཟང་མཚན་ཅན་དང་འགྱུར་མེད་བསྟན་འཕེལ་སློབ་དཔོན་ནས་ཞལ་ཤེས་ཐོས་ཤིང་ཕྱག་ལེན་མཐོང་བའང་ཡོད། སྤྱན་འདྲེན་གྱི་སྐབས་སྒྲུབ་དཀྱིལ་ནས་མེ་ཏོག་བླངས་ལ་ཐབས་ཏུ་འཁོད་པ་ཡེ་ཤེས་པར་མོས། སྒྲུབ་པ་དང་རབ་གནས་གཉིས་མ་གཏོགས་གཞན་མར་མི་མཛད། ཆོ་ག་རེའི་ནང་ནས་སྔགས་ཅི་འགྲོ་བྱེད། ཐ་མའི་ཚེ་ཡེ་ཤེས་པ་སྔར་གནས་སུ་གཤེགས། སྦྱིན་སྲེག་མ་གྲུབ་ན་གོང་དུ་ཡིག་བརྒྱ་དང་ཡིག་དྲུག་གིས་ཁ་སྐོངས་གྲངས་ལོངས་སུ་བཏང་ཀྱང་ཆོག་གསུངས་སོ། །སླར་ཡང་རྩ་བའི་དཀྱིལ་འཁོར་དུ་མཆོད་པ་རྣམས་གསོས་ལ་ཆོ་ག་རྒྱས་པ་བསྐང་ཆོག་བཅས་གཏང་རག་ཏུ་ཕུལ་མཐར་ཡེ་ཤེས་པ་གཤེགས་དམ་ཚིག་གི་འཁོར་ལོ་རང་ལ་བསྡུ་ཞིང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན། སྤྱོད་ལམ་སྣང་སྲིད་ཡོངས་དག་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བསླབས། བསྲུང་འཁོར་བསྡུ། ཐོ་ཕྱི་ནང་ལྷར་གསལ་ལ། གཏང་རག་གི་གཏོར་མ་ཕུལ་ལ་གཤེགས་གསོལ་བྱ། ནང་འཚམས་རིམ་གྱིས་གྲོལ་ལ་ཧར་འདོན་མི་བྱ། ལས་ཀྱི་རྗེས་གཞན་གྱིས་མི་མཐོང་བར་བྱའོ། །དེ་ལྟར་བསྙེན་བསྒྲུབ་ཀྱི་ལག་ལེན་
སྒོམ་དོན་འགྲེལ་བ་དང་བཅས་ཅུང་ཟད་གསལ་བར་བྱས་པ་ལ་ཐོག་ཐ་བར་དུ་ལུང་ཁུང་ཕྲ་མོ་རེ་སྐབས་འཚམས་སུ་སྤྲོས་ལ། གཞི་གཏན་མིན་པ་ལ་ཡིན་སྒྲུབས་ཀྱི་ཤེས་བྱེད་ཅི་ལ་འོས། སྤྱིར་གསང་སྔགས་གསར་རྙིང་ལ་ཤེས་བྱེད་གསལ་སྟོན་འདོད་པ་ནི་ཉི་མ་ལ་མེ་ཁྱེར་གྱི་སྣང་བས་གསལ་འདོད་ལས་འོས་མེད། བྱེ་བྲག་ཏུ་ཆོས་འདི་ཉིད་ལའང་སྙོམས་ལས་རྨོངས་དྲེད་བདག་འདྲའི་གཏན་ཚིག་ཀྱིས་ཡིན་སྒྲུབས་ག་ལ་རུང་། དེ་ལྟ་མིན་ལ་སྐལ་ལྡན་སྤྲོ་བ་དང་ངེས་ཤེས་ཀྱི་སྣ་དྲངས་ཏེ་ཐར་ལམ་ཟབ་མོ་འདི་ལྟ་བུ་ལ་ཞུགས་པ་དག་ལ། སྤྲོ་བསྐྱེད་ཡིད་ཆེས་མེ་ལ་བུད་ཤིང་བསྣན་པའི་དཔེ་སྟེ། རྒྱལ་བས་གསུངས་པའི་ངེས་འབྱེད་ཆ་བཞི་ལས་སྡིག་ཏོ་མི་སྲུན་པའི་སེམས་མ་སྐྱེས་པ་མི་བསྐྱེད་ལ་སྐྱེས་པ་མི་འཕེལ་བར་སྡོམ་པ་དང་། དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་སེམས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་གོང་དུ་འཕེལ་བ་ལ་འབད་རྩོལ་བརྩོན་འགྲུས་བྱ་བ་དག་དང་། དེ་བཞིན་འདིར་སྐབས་གང་དང་གང་ལ་ཡིད་ཆེས་ངེས་ཤེས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་དག་གོང་དུ་འཕེལ་ཕྱིར་ལུང་དོན་སྐབས་ལ་ཕོག་པར་སྨོས་ཏེ། རྣམ་འགྲེལ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་དེ། །ཉེས་པ་ཟད་ཕྱིར་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་གསུངས་པས་སོ། །དེ་དག་གིས་དགོས་དོན་རྫོགས་པར་སོང་ནས། དེ་ལྟར་ཐར་འདོད་གསང་ཆེན་ལམ་མཆོག་ལ། །བློ་གྲོས་གོམ་སྟབས་ལྷོད་པོས་རྒྱུ་ཐབས་ཀྱིས། །བསྙེན་བསྒྲུབ་ཟོང་གྱིས་བསྒྲུབ་པའི་དངོས་གྲུབ་སྐྱེས། །གྱ་ནོམས་བདག་གིར་བྱས་འདི་སྐལ་བ་བཟང་། །ཞེས་པ་བར་སྐབས་སུ་ཚིགས་སུ་བཅད་པའོ། །༡ཀུན་སློང་རབ་དཀར་མེ་ཞལ་ཡངས་པ་ལ། །ཆོས་ཚུལ་སྤྲིན་གྱི་རྔ་སྒྲས་ལེགས་བསྐུལ་བས། །ངན་འགྲོའི་གཡང་སར་འཁྱམས་པའི་མ་
གྱུར་འགྲོ། །མ་རིག་ལྡོང་བའི་གཉིད་ལས་སད་གྱུར་ཅིག །༢སྲིད་པའི་ཆུ་བོ་ངང་གིས་རབ་འགྲུབ་པ། །ལས་ངན་རླུང་གིས་གཡོ་བའི་རྦ་རླབས་ཅན། །སྡུག་བསྔལ་མི་བཟད་རྒྱུན་ཀྱི་འཁོར་ལོ་འདི། །དགེ་དེས་ཞི་བའི་རྒྱ་མཚོར་དངས་གྱུར་ཅིག །༣གང་ཞིག་འགྲོ་ཁམས་བདེ་གཤེགས་སྙིང་པོ་ཅན། །སྤང་རྟོགས་ཕུན་ཚོགས་ལྷུན་གྲུབ་ཡོངས་འཁྱུད་པས། །རྟག་ཏུ་དགེ་མཚན་དམ་པའི་བདག་ཉིད་ཀྱི། །བཀྲ་ཤིས་དེས་ཀྱང་རང་བཞིན་ལྷུན་གྲུབ་ཤོག །༤ལེགས་བྱས་དངོས་པོ་ནམ་མཁའི་ནོར་བུའི་བཞིན་རས་ཡོངས་བདལ་བས། །མི་དགེའི་ཉེས་ཚོགས་ཀུན་འབྱུང་མ་རིག་མུན་པ་རབ་བཅིལ་ཞིང་། །འགྲོ་རྣམས་ཐར་མཆོག་བླ་མེད་མོད་མི་དམའ་བ་རྙེད་གྱུར་ནས། །རྣམ་མཁྱེན་གོ་འཕང་ཡེ་ཤེས་སྣང་བ་འབར་བའི་ཤེས་པ་སྩོལ། །༥གནས་སྐབས་ཀུན་ཏུ་འཇིག་རྟེན་ཐམས་ཅད་ལ། །ཕུན་ཚོགས་རྒྱུན་གྱི་བདག་ཉིད་བླ་མ་ལྷས། །བཀྲ་ཤིས་དགེ་བའི་དངོས་པོ་མི་ཟད་མཛོད། །འཁོར་ཡུག་ཁྱབ་པའི་མེ་ཏོག་འཐོར་བར་ཤོག །ཅེས་སྨོན་ལམ་ཤེས་བརྗོད་ཀྱིས་མཐའ་བརྒྱན་པ་གྲུབ་བོ། །༦སླར་སྨྲས་པ། འདི་ནི་ཆོས་ཟབ་ཐེག་མཆོག་ཆོས་ཀྱི་བཅུད་ཕྱུངས་བ། །ཉོན་ཡིད་ཕུང་ཁམས་ཞི་དག་ཁྲོ་བོར་གནས་བསྒྱུར་གྱིས། །སྒྲུབ་ཐབས་མཆོག་འདི་དགོངས་བརླིང་ཟབ་པ་ཆེས་རྨད་བྱུང་། །ཆོས་རྣམས་རང་བཞིན་ཡེ་གྲོལ་བར་དོ་དྲུག་ཆིངས་བསྟན། །༧ཚུལ་འདི་དབྱར་མཚོ་ཇི་བཞིན་ཁྱབ་ཆེ་ཞིང་། །བྱིན་རླབས་སྲོལ་ཁ་མ་ཉམས་དར་ན་ཡང་། །གཞུང་ལུགས་དགོངས་བཞེད་ཕྱག་རྒྱུན་ལ་མ་བསྟར། །སྔ་རབ་རྣམས་ཀྱང་ཕྱག་བཞེས་འདྲེས་མར་སོང་། །༨འོན་ཀྱང་ཆིག་མཐར་ལྷུང་བ་མ་ངེས་ཀྱང་། །རང་གཞུང་རྐང་ཚུགས་མཁས་བཞེད་པདྨའི་དགོངས། །དེ་ཕྱིར་
རྗེ་བཙུན་བླ་མའི་ཞལ་ལུང་སོགས། །གཞིར་བཞགས་རྗེས་དཔག་བློ་ཡིས་འདིར་གསལ་བྱས། །༩སྤང་གཉེན་ཡོན་ཏན་རུས་སྦལ་སྤུས་སྲད་བུས། །མཆོག་ཐུན་ཐོབ་རློམས་རི་རྭ་ཆིངས་བཅིངས་བཞིན། །སྒྱུ་མའི་སྐྱེས་བུའི་ཁུར་གྱི་ངང་ཚུལ་གྱིས། །བླུན་བདག་བསྟན་འཆོས་ཁུལ་འདིར་སྙིང་པོ་ཅི། །༡༠དེ་ལྟ་ན་ཡང་རྡོ་རྗེའི་མཆེད་འགའི་གསུངས། །མ་ལྡོག་ལྷག་བསམ་མི་འདོར་ཐེག་ཆེན་གཞུང་། །ཡིན་ཕྱིར་བཏང་སྙོམ་བརྟུལ་ཏེ་ཚུལ་འདི་དག །གཞུང་ཚད་གཞིར་བཞག་བསྟུན་རུང་ཁ་འགེངས་བཀོད། །༡༡འགའ་ཞིག་ཚིག་གིས་ཁེངས་པས་གཞན་དག་དམོད། །ཀླུ་རྒྱལ་གཙུག་གི་གདེངས་ཀའི་ནུས་པ་ཡིས། །རང་གཞན་ཕྱི་མའི་བདེ་འབྲས་རྒྱང་འཕེན་ལས། །དགོས་མེད་མི་སྨྲ་ཏིང་འཛིན་འདིར་གནས་བྱ། །༡༢དེ་ལྟར་སྒྱུ་འཕྲུལ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་བསྒྲུབ་ཀྱི་ལག་ལེན་སྒོམ་དོན་གསལ་བའི་རེག་ཟིག་གསང་ཆེན་ལམ་བཟང་ཞེས་བྱ་བ་འདི་ནི། གཏི་ཐུག་ཀྱི་རང་བཟོ་དང་རྫུན་ཕུག་རིགས་མཐུན་ལ་སྙེག་པའི་གཞུང་གནད་བཅོས་པས་པར་བཀབ་མང་པོ་དག་སྤང་ཏེ། གཞུང་ཚིག་ཚད་མའི་དགོངས་པ་ལ་དཔྱད་ཅི་ནུས་བགྱིས་ཤིང་གཙོ་བོར་བཟུང་། ཐེ་ཚོམ་གྱི་གནས་དག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རྗེ་བླ་མའི་ཞལ་ལུང་ཞུས་ཏེ། ཡང་གསལ་ཁ་མི་མངོན་པ་ཛ྄བ་བཟླས་ལ་སོགས་སློབ་དཔོན་ཆེན་པོའི་གཞུང་སྤྱིར་ཤུགས་བསྟན་དང་། འདིར་ཉེ་བར་བསྟུན་སྔ་རབས་མཁས་དབང་རྣམས་ཕྱག་བཞེས་ཀྱིས་ཅུང་ཟད་ཁ་བསྐང་ལྟ་བུ་བྱས་ཏེ་བཀོད་པ་འདི་ནི། མདོ་སྨད་པ་ཆོས་ལྡན་བླ་མ་དམ་པ་དཀོན་མཆོག་མཚན་ཅན་དང་མཆེད་པོ་འགའ་ཞིག་གིས་དུས་རིང་མོ་ཞིག་ནས་དགོས་གསུང་པ་ལ་བཏང་སྙོམས་སུ་བཞག །ཉེ་ཆར་རང་ཡང་བདག་ལྟའི་བློ་དམན་ཁ་ཤས་ལ་དམིགས་ཏེ་དགོས་པ་འདྲ་སྙམ་ཡོད་པའི་ཁར། གྲོགས་མཆོག་བློ་གསལ་ཅན་ཐོས་པའི་ནོར་འཛིན་པ་དྲེ་བོ་པདྨ་ནོར་བུས་ངོ་མཐོན་གྱི་གསུང་གིས་བསྐུལ་བ་མ་ལྕོགས་པས་བྱེད་པ་པོ་ནི། དཔལ་ཨོ་རྒྱན་ཆེན་པོའི་ཆོས་སྤྱོད་པ་ཀུན་གྱི་ནང་ཕུལ་དུ་གྱུར་པ་སྔ་འགྱུར་བསྟན་པའི་སྲོག་ཟུང་འཛིན་པ་མཚན་གྱི་སྙན་པ་དབྱར་
གསང་གྱི་རྔ་བཞིན་ཕྱོགས་མཐར་ཁྱབ་པ། རྗེ་བཙུན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧འགྱུར་མེད་ཐེག་མཆོག་བསྟན་འཛིན་ཡོངས་འདུས་དབང་གི་རྒྱལ་པོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དེ་ཉིད་ཀྱི་གསུང་གི་བདུད་རྩིས་འཚོ་ཞིང་ཞབས་ཀྱི་པདྨོ་ལ་ཆགས་པའི་དད་ལྡན་རྐང་དྲུག་པའི་ངང་ཚུལ་ཅན་སྙོམས་ལས་ལྷུར་ལེན་པ་རྨོང་བརྟུལ། ངག་དབང་པདྨ་བཟང་པོས། ཨོ་ཊི་ཡ་ནའི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས་བདུད་རྩི་སྨན་གྱི་ལྷ་ཚོགས་བསྒྲུབས་པའི་གནས་ཡུལ་རུ་དམ་ལུང་པ་ནག་པོའི་ཆར་ཟོ་དོར་གཉན་པོ་ཁྲོ་རི་ཟིལ་ཁྲོམ་གྱི་མགུལ། གྲུབ་པའི་དབང་ཕྱུག་ཆེན་པོ་པདྨའི་མཚན་ཅན་དང་རྗེ་ག་ག་བྷ་ཝ་ཡབ་སྲས་བླ་མ་མཆོག་རྣམས་ཀྱི་མཛད་ཕྲིན་ཟླ་བྲལ་གྱི་སྒོ་ནས་དམ་པ་ཆོས་ཀྱི་གསེར་འཁོར་རྩིབས་སྟོང་ཕྱོགས་བཅུར་བསྐོར་ཞིང་། ཁྱད་པར་ངེས་གསང་རྫོགས་པ་ཆེན་པོའི་གནས་ལུགས་མཐར་ཕྱིན་ཅིང་གྲུབ་རིགས་ཟམ་མ་ཆད་པར་བྱོན་པའི་བསྟི་གནས་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་སྒྲུབ་སྡེར་རྒྱལ་བའི་ཆོ་འཕྲུལ་ཟླ་བའི་ཡར་ངོར་མགོ་བརྩམས་ཏེ་དབོ་ཟླའི་དཀར་ཕྱོགས་ཀྱི་རེས་གཟའ་ལྷའི་བླ་མ་དར་བའི་ཉིན་གྱི་ཚེས་བཟང་པོར་གྲུབ་པར་བགྱིས་པའོ། །བདེན་ཚིག་འདིས་ཕྱོགས་རྣམས་ཀུན་ལས་རྒྱལ་གྱུར་ཅིག། །།