Nitartha Digital Library
Tibetan
བདེ་བར་གཤེགས་པའི་བསྟན་བའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ།

1 occurrence of ཀུན་གཞི་རྣམ་ཤེས་
[Clear Hits]


  
  
  
  
collapse section
  
  
  
  
  
 
བསྟན་བཅོས།
 expand section
 expand section
  
 expand section
  
  
 expand section
 expand section
  
  
  
  
  
  
  
  
  
  
  
  
  


1 occurrence of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousབསྟན་བཅོས།next

བསྟན་བཅོས།

གཉིས་པ་བསྟན་བཅོས་ནི། མཚན་ཉིད། ངེས་ཚིག །དབྱེ་བ་གསུམ་གྱིས་ངེས་པར་བྱ་པ་ལས། དང་པོ་ནི། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་བཤད་ཅིང་ཐར་བ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་སྟེ། རྒྱུད་བླ་མར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་པོས་བླང་། །ཞེས་སོ། །
གཉིས་པ་ནི། སཾ་སྐྲི་ཏ་ལས། ཤཱ་སྟྲ་ཞེས་པའི་ཤཱ་ས་ན་ཞེས་པ་འཆོས་པ་སྟེ། རྒྱུ་ཉོན་མོངས་པ་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏཱ་ཡི་ཞེས་པའམ། ཏ་ར་ཎ་ཞེས་པ་སྐྱོབ་པ་སྟེ། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ། ངེས་ཚིག་འདི་བཀའ་ལའང་གནས་སོ། །རྣམ་བཤད་རིགས་པར། སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་རོ། །ངེས་པའི་ཚིག་ཏུ་ན་འཆོས་པ་དང་སྐྱོབ་པར་བྱེད་པས་དེའི་ཕྱིར་བསྟན་བཅོས་སོ། །ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས། འཆོས་པ་དང་སྐྱོབ་པའི་ཡོན་ཏན་གྱི་ཕྱིར་ཡང་དོན་གཟུང་བ་ལ་འབད་པ་དང་ལྡན་པར་བྱའོ། །ཞེས་གསུངས་སོ། །
གསུམ་པ་ལ། མཆོག་དམན་གྱི་སྒོ་ནས་དང་། བྱེད་པ་ལས་ཀྱི་སྒོ་ནས་དང་། བརྗོད་བྱ་དོན་གྱི་སྒོ་ནས་དང་། བཤད་བྱ་བཀའི་སྒོ་ནས་དབྱེ་བ། བསྟན་བཅོས་ཀྱི་རིགས་བསྡུ་བ་དང་ལྔའོ། །དང་པོ་ནི། དགུར་ས་སྡེར་གསུངས་ཏེ། དོན་མེད་པའི་དང་། དོན་ལོག་པའི་དང་། དོན་ལྡན་པའི་བསྟན་བཅོས་ཏེ་གསུམ་དང་། ངན་གཡོའི་དང་། སྙིང་བརྩེ་མེད་པའི་དང་། སྡུག་བསྔལ་སྤོང་བའི་བསྟན་བཅོས་ཏེ་གསུམ་དང་། ཐོས་པ་ལྷུར་ལེན་པའི་དང་། རྩོད་པ་ལྷུར་ལེན་པའི་དང་། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་གསུམ་སྟེ་དགུ་ལས་ཕྱི་མ་རེ་རེ་མཆོག་ཡིན་ལ། སྔ་མ་གཉིས་གཉིས་དམན་པ་ཡིན་ནོ། །ཁ་ཅིག་ཐོས་རྩོད་ལྷུར་ལེན་གཉིས་ཏེ། ལྔ་མཆོག་ཏུ་འདོད་པ་མི་འཐད་དོ། །བསྡུ་བ་རྣམ་པར་གཏན་ལ་དབབ་པར། དེ་གཉིས་མུ་སྟེགས་ཀྱི་བསྟན་བཅོས་སུ་གསུངས་པའི་ཕྱིར་རོ། །དེས་ན་ཕྱི་མ་རེ་རེ་མཆོག་ཡིན་ཏེ། སངས་རྒྱལ་ཀྱི་བཀར་བཤད་པའི་ཕྱིར་རོ། །
གཉིས་པ་ནི། བཀའ་རྒྱ་ཆེན་པོ་སྡུད་པ་དང་། ཟབ་མོ་རྣམ་པར་འབྱེད་པ་དང་། འཁྲུགས་པ་བསྡེབ་པའི་བསྟན་བཅོས་གསུམ་མོ། །དང་པོ་འདུལ་བའི་མདོ་ལྟ་བུ། གཉིས་པ་མངོན་རྟོགས་རྒྱན་ལྟ་བུ། གསུམ་པ་མདོ་སྡེ་རྒྱན་ནམ་བསླབ་བཏུས་ལྟ་བུའོ། །
གསུམ་པ་ལ་གསུམ་སྟེ། ཤེས་བྱ་ཇི་སྙེད་པ་སྟོན་པ་དང་། ཇི་ལྟ་བ་སྟོན་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པ་དང་གསུམ་མོ། །དང་པོ་ལ་ཕལ་བ་དང་། ཁྱད་པར་ཅན་གཉིས་ལས། དང་པོ་ནི། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་བརྟག་པ་བཅོ་བརྒྱད་ལ་སོགས་པ་སྟེ། ཤེས་རབ་བརྒྱ་པ་དང་། སྐྱེ་བོ་གསོ་ཐིགས་དང་། ཚིགས་སུ་བཅད་པའི་མཛོད་ལ་སོགས་པ་སྟེ། དེ་དག་ཀྱང་མངོན་མཐོའི་རྒྱུ་ཡིན་ཞིང་། ཐར་པའི་རྟེན་དུ་འགྲོ་སྲིད་དེ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག་ཅེས་ཤེས་རབ་བརྒྱ་པར་འབྱུང་བས་སོ། །དེའི་ཕྱོགས་མཐུན་མི་བརྟག་པ་རྟ་བརྟག་པ། གླང་པོ་བརྟག་པ་ལ་སོགས་པ་རྣམས་སོ། །
གཉིས་པ་ནི། གཙོ་བོ་རིག་པའི་གནས་ཀྱི་བསྟན་བཅོས་ཏེ། མདོ་སྡེ་རྒྱན་ནས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་འགྱུར། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཞེས་བྱ་བ་ཕྱིར་དེ་ལ་དེ་བརྩོན་བྱེད། ཅེས་པས་གཞན་ཚར་གཅོད་པ་གཏན་ཚིགས་རིག་པ་དང་སྒྲ་རིག་པ་གཉིས། རྗེས་སུ་འཛིན་པ་གསོ་བ་རིག་པ་དང་བཟོ་རིག་པ་གཉིས། བདག་ཉིད་ཀུན་ཤེས་པར་བྱེད་པ་ནང་རིག་པའོ། །གཏན་ཚིགས་རིག་པ་ལ་མངོན་སུམ་རང་དོན་རྗེས་དཔག་གཞན་དོན་རྗེས་དཔག་གཞན་སེལ་དཔེ་ལྟག་ཆོད་བརྟག་པ་སྟེ། དྲུག་ཏུ་བསྡུས་ནས་སྟོན་པ་ཚད་མའི་མདོ་ལྟ་བུའམ། དེའི་དགོངས་འགྲེལ་རབ་ཏུ་བྱེད་པ་སྟེ་བདུན་ལྟ་བུའམ། བརྟག་པ་སྡེ་བདུན་ནམ། གྲུབ་པ་སྡེ་བརྒྱད་དམ། རྗེས་འབྲང་བདུན་ལ་སོགས་པའོ། །རབ་ཏུ་བྱེད་པ་སྡེ་བདུན་ནི། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གྱེས་པ་ཡན་ལག་དང་འདྲ་པའི་བསྟན་བཅོས་བཞིའོ། །དང་པོ་ནི། དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་ཡང་དག་པའི་ཤེས་པ་བདེ་བླག་ཏུ་རྟོགས་པའི་ཐབས་སྟོན་པ་རིགས་ཐིགས་རྣམ་ངེས་རྣམ་འགྲེལ་གསུམ་མོ། །ཁ་ཆེ་ཛྙཱ་ན་ཤྲཱི་རྣམ་ངེས་ཚད་མའི་མདོའི་དགོངས་འགྲེལ་དུ་མི་འདོད་ཀྱང་དེ་ཡི་ལུགས་ནི་གསལ་བར་བྱ། ཞེས་འབྱུང་ཞིང་། སློབ་དཔོན་ཆོས་མཆོག་གིས་མདོའི་དགོངས་འགྲེལ་དུ་མཛད་པ་ཉིད་འཐད་དོ། །ཡན་ལག་གི་བསྟན་བཅོས་བཞི་ནི་མངོན་སུམ་ལེའུ་ལས་འཕྲོས་པ་ནི་མེད། རང་དོན་རྗེས་དཔག་ལས་འཕྲོས་པ་གཉིས་ཏེ། ཕྱོགས་ཆོས་ཁྱབ་པ་སྤྱིར་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ་དང་། རྟོགས་དཀའ་བ་ཁྱབ་པའམ་རྟགས་ཆོས་ཀྱི་འབྲེལ་བ་གཏན་ལ་འབེབས་པས་འབྲེལ་བ་བརྟག་པ་སྟེ་གཉིས། གཞན་དོན་ལེའུ་ལས་འཕྲོས་པ་རྒོལ་ཕྱིར་རྒོལ་རྩོད་པ་དང་རྒྱལ་ཕམ་ཚར་གཅད་ཀྱི་གནས་སྟོན་པ་རྩོད་པའི་རིགས་པ་དང་། ངག་ལས་གཞན་བློ་རྟོགས་པ་ཐ་སྙད་དུ་སེམས་ཙམ་ལའང་མི་འགལ་བར་སྟོན་པ། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །སེམས་ཙམ་ལ་ཡང་ཚུལ་འདི་མཚུངས། ཞེས་སྟོན་པ་རྒྱུད་གཞན་གྲུབ་པ་དང་བདུན་ནོ། །དེ་དག་ལ་སོགས་པ་རྟོག་གེའི་བསྟན་བཅོས་རྣམས་བོད་རྣམས་མངོན་པའི་སྡེ་སྣོད་དུ་སྨྲ་བ་ནི་མི་འཐད་དེ། རྟོག་གེ་གཏན་ཚིགས་རིགས་པའི་བསྟན་བཅོས་ཡིན་ལ། མངོན་པ་ནི་ནང་རིག་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །རྣམ་བཤད་རིགས་པར། དེ་ཡི་ཕྱིར་རྟག་རྟོག་ཕྱིར་དང་། །སྔོན་གོམས་ཕྱིར་སྔོན་མ་བྱས་ཕྱིར། །ལུང་ལ་མི་བརྟེན་ཉིད་ཕྱིར་དང་། །བརྩོན་ཕྱིར་ཡིད་ལ་བྱེད་ཕྱིར་དང་། །སྔོན་ཕངས་ཕྱིར་དང་ཡོངས་གཟུང་ཕྱིར། །ཡོངས་སུ་བྱ་བ་བྱས་པའི་ཕྱིར། །རྟོག་གེ་ཕུན་སུམ་རྣམ་ལྔར་འདོད། ཅེས་ལུང་ལ་མི་བརྟེན་པར་བཤད་པའི་ཕྱིར་དང་། མདོ་སྡེ་རྒྱན་ནས། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། ཅེས་འབྱུང་ཞིང་། མངོན་པ་ནི་མ་མོ་ཡིན་པས་དེ་ལྟར་འགལ་བའི་ཕྱིར་རོ། །ཚད་མ་ཀུན་ལས་བཏུས་པར་ཡང་། ཚད་མ་དང་གཞལ་བྱ་ཉེ་བར་བརྗོད་པ་ཉིད་ཀྱིས་མུ་སྟེགས་པའི་འདོད་པ་སྙིང་པོ་མེད་པའི་ཕྱིར། དེར་ཞེན་པ་རྣམས་ལྡོག་པའི་དོན་དུ་འདི་བརྩམས་པ་ཡིན་གྱི། འདི་ཙམ་གྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གཞུག་པའི་དོན་དུ་ནི་མ་ཡིན་ཏེ། དེའི་ཆོས་ནི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ། །ལྡོག་པ་ལས་ནི་སྟོན་པའི་ཆོས་ཉིད་ཐོས་ནས་འབད་པ་མེད་པར་རྟོགས་པར་འགྱུར་ཏེ། བར་དུ་མ་བསྐལ་བའི་ཕྱིར་རོ། །ཞེས་བྱ་བ་དང་། དེ་ཉིད་ལས་གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་འཁྲིད་ན། །ཐུབ་པའི་བསྟན་ལས་ཆེར་བསྲིངས་ཉམས་པར་བྱས་པ་ཡིན། །དེ་ལྟ་ན་ཡང་དེ་བཞིན་གཤེགས་པའི་ཆོས་མཚན་ཉིད། །གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་རིགས། །ཞེས་འབྱུང་བས་སོ། །
སྒྲ་རིག་པའི་བསྟན་བཅོས་ནི། རང་བཞིན་དང་རྐྱེན་དང་རྣམ་འགྱུར་གསུམ་དུ་བསྡུས་ནས་སྟོན་པ་ལ། སྒྲའི་མདོ་ཡན་ལག་དང་བཅས་པ་སྟེ། རང་བཞིན་ནི་བྱིངས་དང་མིང་། རྐྱེན་ལ་བྱིངས་ལས་མིང་བསྒྲུབ་པ་བྱེད་ལྡན་གྱི་རྐྱེན། མིང་ལས་མིང་གཞན་སྒྲུབ་པ་དེ་ཕན་གྱི་རྐྱེན། དེ་ལའང་སྤྱི་དང་གྲངས་མེད་དང་དངོས་པོའི་རྐྱེན་གསུམ་མོ། །བྱིངས་ལས་ཚིག་བསྒྲུབ་ཅིང་དུས་རྣམ་པར་འབྱེད་པ་ཏིང་དང་། མིང་ལས་ཚིག་བསྒྲུབ་ཅིང་དོན་རྣམ་པར་འབྱེད་པ་སུ་པ་དང་། རང་བཞིན་དང་རྐྱེན་གྱི་བར་དུ་གཞུག་པ་ཨ་ག་མ་དང་། བྱིངས་གཞན་དུ་སྒྱུར་བའི་ཉེར་སྒྱུར་རྣམས་སོ། །ཉེར་བསྒྱུར་ནི་རང་བཞིན་དུ་རིགས་སོ། །རྣམ་འགྱུར་ནི་མཚམས་སྦྱོར་ལ་སོགས་པའི་དབང་གིས་ཡི་གེ་དབྱི་བ་དང་བསྒྱུར་བ་ལ་སོགས་དང་ཚིག་གི་བསྡུ་བ་རྣམས་སོ། །དེ་དག་གི་སྒྲའི་བརྗོད་བྱ་བསྡུས་པའམ། ཡང་ན་མཚམས་སྦྱོར་དང་མིང་དང་ཀུན་བཤད་པ་དང་། ཀྲྀཏ་དང་བཞིས་མདོའི་དོན་རྩ་བ་བསྟན་ལ། བྱིངས་ཉེ་བསྒྱུར་ཨུ་ཎ་ལ་སོགས་ཡན་ལག་སྟེ། དེ་དག་གིས་འཆད་པ་ཀ་ལཱ་པ་ལྟ་བུའམ། ཡི་གེའི་ཚོགས། མིང་གི་ཚོགས། ཚིག་གི་ཚོགས་གསུམ་དུ་བསྡུས་ནས་འཆད་པ་སྨྲ་སྒོ་ལྟ་བུ་རྣམས་སོ། །དེ་དག་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པའི་རྒྱུར་བསླབ་པར་བྱའི་སྡེ་སྣོད་གསུམ་གང་ཡང་མིན་ནོ། །དེ་དག་དང་འབྲེལ་བ་ཡི་གེ་ལྕེ་ཡང་གི་བྱེ་བྲག་གི་སྦྱོར་ཚུལ་དང་། པྲ་སྟཱ་ར་དགོད་པ་སྟོན་པ་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ལྟ་བུ་དང་། མིང་གི་རྣམ་གྲངས་དང་རྟགས་གསུམ་གྱི་དབྱེ་བ་དང་། མིང་གཅིག་དོན་མང་པོ་ལ་འཇུག་པའི་ཚུལ་ལ་སོགས་པ་སྟོན་པ་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ལྟ་བུ་དང་། སྙན་དངགས་ཀྱི་བསྟན་བཅོས་ལ་སྙན་དངགས་ཀྱི་མཚན་ཉིད་དང་སྙན་དངགས་ཀྱི་གྲུབ་མཐའ་འདོད་ཚུལ་མི་འདྲ་བའི་ཚུལ་དང་། རྒྱན་སུམ་ཅུ་རྩ་ལྔ་དང་། བྱ་དཀའ་དང་། གབ་ཚིག་ལ་སོགས་པ་སྟོན་པ་མེ་ལོང་ལྟ་བུའམ། དེ་སྦྱར་ནས་སྟོན་པ་ཟློས་གར་ལ་སོགས་པའོ། །སྙན་དངགས་ལ་སོགས་པ་འདི་དག་སྒྲའི་ཡན་ལག་གམ། ཡང་ན་རིག་བྱེད་ཀྱི་ཡན་ལག་སྟེ། འཆི་མེད་མཛོད་ལས། སྙན་དངགས་ངེས་བརྗོད་མཆོད་སྦྱིན་ཏེ། །འདི་གསུམ་རིག་བྱེད་གསུམ་པ་ཡིན་ཞེས་སོ། །གསོ་པ་རིག་པའི་བསྟན་བཅོས་ནི། ནད་དང་ནད་ཀྱི་གཞི་དང་ནད་ཀྱི་གཉེན་པོ་སྨན་དང་དེས་གསོ་བའི་སྤྱོད་ལམ་དང་བཞི་སྟོན་པའམ། ཡང་ན། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་རྩ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་པས་སྦྲུམ་མ་དང་། བུ་ཆུང་དང་། དེའི་གདོན་ནད་དང་ལུས་ཏེ། བྱང་ཁོག་གམ་འདུ་བ་དང་སྟོད་དེ་མགོ་པོ་དང་མཚོན་གྱིས་རྨས་པ་དང་། མཆེ་བས་རྨས་པ་དང་། དཔྱད་དང་བརྒྱད་དུ་བསྡུས་ནས་སྟོན་པ་ཡན་ལག་བརྒྱད་པ་ལྟ་བུའོ། །བཟོ་རིག་པའི་བསྟན་བཅོས་ནི་གསར་འགྱུར་དང་། སྐུ་གཟུགས་ཀྱི་ཚད་ལ་སོགས་པའི་བསྟན་བཅོས་སོ། །ནང་རིག་པའི་ཡང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དམ། དེའི་དབྱེ་བའམ། བྱེ་བྲག་སྟོན་པ་རྣམས་ཇི་སྙེད་པ་སྟོན་པ་སྟེ། མངོན་པ་ཀུན་བཏུས་སམ། མཚན་ཉིད་ཀུན་ལས་བཏུས་ལྟ་བུའོ། །
གཉིས་པ་ཇི་ལྟ་བ་སྟོན་པ་ནི། བདེན་པ་བཞི་རྣམ་པ་བཅུ་དྲུག་ཏུ་སྟོན་པའམ། གཟུང་འཛིན་གཉིས་མེད་ཀྱི་དོན་སྟོན་པ་དང་། རང་བཞིན་མེད་པའི་དོན་སྟོན་པ་བདེན་པ་རྣམ་ངེས་སམ་སུམ་ཅུ་པའམ། དབུ་མ་རྒྱན་ལྟ་བུའོ། །གསུམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་ནི། བྱང་ས་ཉན་སའམ། སྤྱོད་འཇུག་ལ་སོགས་པའོ། །ཁ་ཅིག་ན་རེ། དེ་དག་རེ་རེ་ཙམ་སྟོན་པ་རབ་ཏུ་བྱེད་པ་ཡིན་ལ། མ་ལུས་པར་སྟོན་པ་བསྟན་བཅོས་ཆེན་པོ་སྟེ། ཀུན་ལས་བཏུས་སམ། མཛོད་ལྟ་བུའོ། །ཟེར་རོ། །
བཞི་པ་ལ། བཀའ་སྤྱི་དང་བྱེ་བྲག་གི་དགོངས་འགྲེལ་ལོ། །དང་པོ་ནི། བཀའ་སྤྱིའི་ཚིག་གི་ཆ་གསལ་བར་བྱེད་པ་བརྡ་སྤྲོད་པ་སྒྲའི་བསྟན་བཅོས་སམ། དོན་གྱི་ཆ་གསལ་བར་བྱེད་པ་ཏར་ཀ་རིག་པའི་བསྟན་བཅོས་གཉིས་སོ་ཞེས་གསུངས་སོ། །ཁོ་བོ་ནི་གཞན་དུ་སེམས་སོ། །གཉིས་པ་བྱེ་བྲག་གི་དགོངས་འགྲེལ་ལ་གསུམ། བཀའ་དང་པོའི་དགོངས་འགྲེལ་ལ་ལྟ་བའི་ཆ་གསལ་བར་བྱེད་པ་དང་། སྤྱོད་པའི་ཆ་གསལ་བར་བྱེད་པ་གཉིས་སོ། །དང་པོ་ནི། མངོན་པ་སྡེ་བདུན་ཏེ། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོ་གལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀཱ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲག །ཅེས་པ་ལྟར་རོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ། བདུན་པོ་འདི་བཀའ་ཡིན་ཏེ། སྟོན་པས་ཡུལ་དུས་གང་ཟག་ཐ་དད་ལ་ཐོར་བུར་གསུངས་པ་རྣམས་ཉན་ཐོས་དགྲ་བཅོམ་པས་བསྡུས་པ་ཡིན་ཏེ། དཔེར་ན། ཆེད་དུ་བརྗོད་པའི་ཚོམས་བཞིན་ནོ། །དེ་ལྟ་མིན་ན་བཀའ་ལ་སྡེ་སྣོད་པ་གསུམ་མ་ཚང་བར་འགྱུར་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་ན་རེ། མ་མོ་ནི། མདོ་སྡེ་འདུལ་བ་གཉིས་ཀར་སྤྱི་ཁྱབ་བམ། གསེབ་ཚང་ནས་བསྟན་པས་སྐྱོན་མེད་ལ། བདུན་པོ་བསྟན་བཅོས་སུ་འདོད་དོ། །བདུན་པོ་དེའི་དོན་བསྡུས་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ། དེའི་དོན་བསྡུས་པ་མངོན་པ་མཛོད་ལ་སོགས་པའོ། །
གཉིས་པ་ནི། ལུང་གཞི་བཅུ་བདུན་རབ་བྱུང་གི་གཞི་དང་པོར་བསྟན། དེ་ནས་རྣམ་འབྱེད་གཉིས་དང་གཞི་བཅུ་དྲུག་བསྟན་པ་གཞིར་བྱས་པ་ལ། གཞུང་དམ་པའི་ཞུ་བ་འདུལ་བྱེད་ལ་སོགས་པ་དང་ཕྲན་ཚོགས་ཀྱི་སྐབས་ནས་འབྱུང་བ་རྣམས་ཇི་ལྟར་རིགས་པར་སྦྱར་ནས་འཆད་པ་མདོ་རྩ་དང་། རྣམ་འབྱེད་གཞིར་བྱས་ནས། གཞན་ཇི་ལྟར་རིགས་པར་སྦྱར་ནས་འཆད་པ་མེ་ཏོག་ཕྲེང་རྒྱུད་དམ། སུམ་བརྒྱ་པ་ལྟ་བུའོ། །
གཉིས་པ་བཀའ་བར་པའི་དགོངས་འགྲེལ་ལ་ལྟ་བའི་ཆ་དང་སྤྱོད་པའི་ཆ་གསལ་བར་བྱེད་པ་གཉིས་སོ། །དང་པོ་ལ། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། མདོས་དངོས་སུ་བརྗོད་པའི་དོན་ནམ། སྙིང་པོའི་དོན་སྟོན་པ་དབུ་མ་རིག་པའི་ཚོགས་དྲུག་སྟེ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པ་སྟོང་ཉིད་བདུན་ཅུ་པ། དེ་ལས་གཞན་སྐྱེ་བ་ལ་སོགས་པར་བདེན་པ་འགོག་པ་རྩ་བ་ཤེས་རབ་སྟེ། གཉིས་པོ་རྩ་བའམ་གཙོ་བོའོ། །དེ་རིགས་པས་སྒྲུབ་པ་རིགས་པ་དྲུག་ཅུ་པ། དེ་ལ་གཞན་གྱིས་རྩོད་པའི་སྐྱོན་སྤོང་བ་རྩོད་པ་བཟློག་པ། གཞན་རྟོག་གེ་པ་དང་རྩོད་པའི་ཚུལ་སྟོན་པ་ཞིབ་མོ་རྣམ་འཐག །དོན་དམ་པར་རབ་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ་ཞེས་གསུངས་སོ། །ཤུགས་ལ་བསྟན་པའི་དོན་ནམ་མངོན་པར་རྟོགས་པའི་དོན་གཙོ་བོར་སྟོན་པ་མངོན་རྟགས་རྒྱན་ཏེ།  རྣམ་མཁྱེན་ལམ་ཤེསགཞིཤེས་ཏེ་འཇུག་ཡུལ་མཁྱེན་གསུམ། རྣམཀུན ་མངོན་རྫོགས་དང་རྩེ་མོ་དང་མཐར་གྱིས་པ་དང་། སྐད་ཅིག་མ་སྟེ་འཇུག་པ་སྦྱོར་བ་བཞི། ཞུགས་འབྲས་ཆོས་ཀྱི་སྐུ་སྟེ་བརྒྱད་དུ་འདུས་པར་སྟོན་པའོ། །དེ་དག་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་སྟོན་པ་བརྒྱད་སྟོང་དོན་བསྡུས་ཏེ། དེ་ཉིད་ལས། རྟེན་དང་དབང་དུ་བྱ་བ་དང་། །ལས་དང་བསྒོམ་པ་དང་བཅས་དང་། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པར་ཡང་དག་བརྗོད། །ཅེས་པས་རྟེན་སྟོན་པ་སངས་རྒྱས་དང་། དབང་དུ་བྱ་བ་འཁོར་དང་། ལས་ཡུམ་ལ་ཆོས་སྤྱོད་བཅུས་ཇི་ལྟར་སྤྱོད་པ་དང་། སྒོམ་པ་ལ་དངོས་མེད་དངོས་པོ་སྒྲོ་འདོགས་སྐུར་འདེབས་གཅིག་དང་ཐ་དད་ངོ་བོ་དང་ཁྱད་པར་མིང་ཇི་ལྟ་བ་བཞིན་དུ་དོན་དང་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྟོག་པ་སྟེ་རྣམ་གཡེང་བཅུའི་གཉེན་པོར་བསྒོམ་པ་བཅུ་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར། རབ་ཏུ་དབྱེ་བ་སྟོང་ཉིད་བཅུ་དྲུག་དང་། རྟགས་ལ་བདུད་ལས་ཀྱི་རྟགས་དང་ཕྱིར་མི་ལྡོག་གི་རྟགས་གཉིས་དང་། ཤེར་ཕྱིན་སྤངས་ན་རྣམ་སྨིན་ངན་སོང་དུ་ལྟུང་བ་དང་། སྟོང་གསུམ་ལ་སོགས་པ་རིན་པོ་ཆེས་བཀང་ནས་སྦྱིན་པ་བྱས་པ་བས་ཤེར་ཕྱིན་ལ་སྤྱད་ན་བསོད་ནམས་ཆེ་བ་ལ་སོགས་པའི་ཕན་ཡོན་དང་པོ་གཉིས་ཀྱིས་ཐམས་ཅད་བསྡུས་ཤིང་དེ་ཉིད་དགོས་པའི་དབང་གིས་ཟླས་ཏེ་བཤད་པར་འདོད་དོ། །སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྟན་པ་འབུམ་ཏཱིག་སྟེ་དེ་ལ་རྒྱལ་བའི་ཡུམ་ཐོག་མར་གླེང་གཞིས་སྐབས་ཕྱེ་ནས་གདུལ་བྱ་དབང་པོ་རྣོན་པོ་ལ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་པ་གང་ཟག་གང་གིས་གང་གི་ཕྱིར་དུ་གང་ལ་བསླབ་ཚུལ་བཞིས་དོན་ཐམས་ཅད་བསྡུས་ཏེ་བསྟན་པའི་སྒོ་དེ་ནས་སྐབས་དང་པོའི་བར་ལ་འབྲིང་དུ་བསྟན་པའི་སྒོ། དེ་ནས་མཇུག་རྫོགས་ཀྱི་བར་ལ་རྒྱས་པར་བསྟན་པའི་སྒོ་སྟེ་གསུམ་མོ། །རྣམ་གྲངས་བཅུ་གཅིག་ནི་དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པ་དང་། དེ་ནས་རབ་འབྱོར་གྱིས་བཤད་པ་གཅིག་དང་། དེ་ནས་བརྒྱ་བྱིན་ལ་བཀའ་སྩལ་པ་གཉིས་དང་། རབ་འབྱོར་ལ་བཀའ་སྩལ་པ་བཞི་དང་། བྱམས་པ་ལ་བཀའ་སྩལ་པ་གཉིས་དང་། ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པ་སྟེ་བཅུ་གཅིག་གོ། འདི་དཾ་ཥྚ་སེ་ནས་བྱས་ཟེར་ཀྱང་དབྱིག་གཉེན་གྱི་གཞུང་འགྲེལ་དུ་རིགས་ཤིང་འདི་དང་བརྒྱད་སྟོང་དོན་བསྡུས་གཉིས་ཀྱིས་སེམས་ཙམ་དུ་བསྟན་ནོ། །
གཉིས་པ་ནི། བསླབ་བཏུས་སམ། མདོ་བཏུས་སམ་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་སྤྱོད་འཇུག་གམ་སྒོམ་རིམ་རྣམ་གསུམ་ལ་སོགས་པའོ། །གསུམ་པ་བཀའ་མཐའ་མའི་དགོངས་འགྲེལ་ལ་ལྟ་བ་དང་སྤྱོད་པའི་ཆ་གསལ་བྱེད་གཉིས་ཀྱི། དང་པོ་ནི་འཕགས་པ་བྱམས་པས་མཛད་པའི་མདོ་སྡེ་རྒྱན། དབུས་དང་མཐའ་རྣམ་འབྱེད་ཆོས་དང་ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ་སྟེ་བཞིའི་དང་པོ་གཉིས་མངོན་པའི་སྡེ་སྣོད། ཐ་མ་གཉིས་མདོ་སྡེའི་སྡེ་སྣོད། མངོན་རྟོགས་རྒྱན་འདུལ་བའི་སྡེ་སྣོད་ཅེས་ཁ་ཅིག་འཆད་ཀྱང་ཤེས་བྱེད་མ་མཐོང་ངོ་། །མདོ་སྡེ་རྒྱན་ནི་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་དོན་ལྔར་བསྡུས་ཏེ་སྟོན་པ་ཡིན་ཏེ། གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པར་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟར། །ཆོས་དེ་འདིར་བཤད་པས་ཀྱང་དགའ་བའི་མཆོག་བསྐྱེད་དོ། །ཞེས་པའི་དོན་བསྟན་ནོ། །དབུས་དང་མཐའ་རྣམ་འབྱེད་ནི། མཐའ་ཞེས་པ་ཡོད་མེད་དམ་ལྟག་ཆད་ཀྱི་ལྟ་བ། དབུས་ཞེས་པ་དེ་ཉིད་སྤངས་པ་དབུ་མའི་ལམ། དེ་དག་རྣམ་པར་འབྱེད་པས་ན་དབུས་མཐའ་རྣམ་འབྱེད་ཅེས་བྱ་ལ། དེ་ཡང་མཚན་ཉིད་སྒྲིབ་པ་དེ་ཁོ་ན། །གཉེན་པོ་དང་ནི་བསྒོམ་པ་དང་། །དེ་ཡི་གནས་དང་འབྲས་བུ་ཐོབ། །ཐེག་པ་བླ་ན་མེད་པ་ཡིན། ཞེས་དོན་བདུན་གྱིས་བསྟན་པ་ཡིན་ནོ། །ཆོས་དང་ཆོས་ཉིད་རྣམ་འབྱེད་ནི། ཆོས་ཞེས་པ་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་སོ། །ཆོས་ཉིད་མྱ་ངན་ལས་འདས་པའི་ཆོས་དེ་གཉིས་ཀྱི་རྣམ་པར་དབྱེ་བ་སྟོན་པས། ཆོས་དང་ཆོས་ཉིད་རྣམ་འབྱེད་ཅེས་བྱའོ། །རྒྱུད་བླ་མ་ནི་ཐེག་པ་ཆེན་པོའི་རྒྱུད་དམ། རྒྱུན་ཆགས་པའི་ཆོས་རྣམས་ཀྱི་བླ་མ་སྟེ། ཆོས་རྣམས་ཀྱི་གོང་མར་གྱུར་པས་དེ་སྐད་ཅེས་བྱའོ། །ཡང་ན་ཨུཏ་ཏ་ར་ནི་ཕྱི་མ་སྟེ། ཐེག་པ་ཆེན་པོའི་རྒྱུད་ཕྱི་མའི་དགོངས་པ་འགྲེལ་པས་དེ་སྐད་ཅེས་བྱ་ཞིང་དེ་ཡང་། དཀོན་མཆོག་གསུམ་དང་དེའི་ཁམས་དང་འབྲས་བུ་བྱང་ཆུབ་དང་སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་། འཕྲིན་ལས་ཏེ་བདུན་སྟོན་པ་སྟེ། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ། ཞེས་སོ། །དེའི་སྟེང་དུ་མངོན་རྟོགས་རྒྱན་བསྣན་པ་ལ། བྱམས་པའི་ཆོས་ལྔའོ། །དེའི་རྗེས་སུ་འབྲང་བ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང་། བསྡུས་པའི་བསྟན་བཅོས་སྡོམ་རྣམ་པ་གཉིས་དང་། དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པའོ། །དེ་ལ་ས་སྡེ་ལྔ་ནི་རྩ་བ་ལྟ་བུ། སའི་དངོས་གཞི་ནི་ས་བཅུ་བདུན་དུ་བསྡུས་ནས་སྟོན་པ་དེ་་ཉིད་ལས། སྡོམ་ནི། རྣམ་ཤེས་ལྔ་དང་ལྡན་པའི་ས། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་བཅས་ལ་སོགས་པ་དང་། །ཏིང་འཛིན་བཅས་དང་མ་ཡིན་དང་། །སེམས་ཡོད་པ་དང་སེམས་མེད་དང་། །ཐོས་དང་བསམ་དང་སྒོམ་ལྡན་དང་། །དེ་བཞིན་ཐེག་པ་གསུམ་ལྡན་དང་། །ཕུང་པོར་བཅས་དང་ཕུང་མེད་གཞན། ཞེས་སོ། །བཅུ་བདུན་པོ་དེ་ཡང་རྟེན་དང་དཔྱོད་པ་དང་འབྲས་བུ་གསུམ་གྱི་དབང་དུ་མཛད་ནས་བསྟན་ལ། དེ་ལའང་གསུམ་སྟེ། རྣམ་ཤེས་ལྔ་ལྡན་གྱི་ས་དང་ཡིད་ཀྱི་ས་གཉིས་རྟེན་གྱི་རང་བཞིན་ནོ། །རྟོག་བཅས་དཔྱོད་བཅས་དང་། རྟོག་མེད་དཔྱོད་བཅས་དང་། རྟག་མེད་དཔྱོད་མེད་ཀྱི་ས་སྟེ། གསུམ་རྟེན་གྱི་འཇུག་ཚུལ་ལོ། །མཉམ་པར་བཞག་མ་བཞག་དང་། སེམས་ཡོད་མེད་ཀྱི་ས་སྟེ་བཞི་རྟེན་གྱི་གནས་སྐབས་སོ། །སྤྱོད་པའི་དབང་དུ་བྱས་པ་ཐོས་བསམ་སྒོམ་གསུམ་གྱི་ས་གསུམ་མོ། །འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ཉན་ས་བྱང་ས་རང་ས་གསུམ། མཐར་ཐུག་གི་འབྲས་བུ་ཕུང་པོ་ལྷག་བཅས་ལྷག་མེད་དོ། །དེའི་འགྲེལ་པ་ལྟ་བུ་རྣམ་པར་གཏན་ལ་དབབ་པར་བསྡུ་བ་སྟེ། སའི་དངོས་གཞིའི་ཚིག་དོན་གཉིས་ཀ་མུ་བཞི་ལ་སོགས་པར་གཏན་ལ་དབབ་པར་བསྟན་ལ། རང་སངས་རྒྱས་ཀྱི་ས་མ་གཏོགས་པ་ལ་བསྡུ་བ་གཏན་ལ་དབབ་པ་ཡོད་དོ། །དེ་གཉིས་ཀྱིས་གསུང་རབ་རྣམས་ཀྱི་དོན་བསྟན་ནོ། །གཞི་བསྡུ་བ་ནི་སྔར་གྱི་གཞུང་དེ་དག་སྡེ་སྣོད་གསུམ་དུ་སྡུད་ཚུལ་ཏེ། འདིའི་མདོར་བསྟན་དུ་སྡེ་སྣོད་གསུམ་ག་བསྡུ་བ་སྨོས་ནས་རྒྱས་བཤད་དུ་མདོ་སྡེ་དང་འདུལ་བ་བསྡུ་བ་གཉིས་ལས་མ་བཤད་པ་ནི། མ་མོ་བསྡུ་བ་ས་སྡེ་ལྔ་པོ་ཉིད་ཡིན་པས་ལོགས་སུ་མ་བཤད་དེ། ཐོས་པའི་ས་གཏན་ལ་དབབ་པ་བསྡུ་བར། དེ་ལ་མ་མོ་བསྡུ་བ་ནི་ས་བཅུ་བདུན་དང་བསྡུ་བ་བཞིའོ། །ཞེས་འབྱུང་བས་སོ། །རྣམ་གྲངས་བསྡུ་བ་ནི། རྗོད་བྱེད་མིང་གི་རྣམ་གྲངས་བསྟན་པའམ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྣམ་གྲངས་བྱེ་བྲག་ཏུ་འཆད་པའོ། །དེ་གཉིས་གཞུང་ངོ་། །རྣམ་པར་བཤད་པའི་སྒོ་བསྡུ་བ་ནི་དེ་དག་འཆད་ཚུལ་སྟོན་པ་སྟེ། དེ་ལྟར་གསུང་རབ་ཀྱི་དོན་དང་གཞུང་དང་བཤད་ཚུལ་གྱི་དབང་གིས་ས་སྡེ་ལྔའོ། །སྡོམ་རྣམ་པ་གཉིས་ཀྱི་ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་ནི་མཚན་ཉིད་ཀུན་ལས་བཏུས་པ་དང་བདེན་པ་རྣམ་ངེས། ཆོས་རྣམ་ངེས། ཐོབ་པ་རྣམ་ངེས། འབེལ་གཏམ་རྣམ་ངེས་ཏེ་ལྔར་བསྡུས་ནས་སྟོན་པའོ། །ཐེག་པ་ཆེན་པོའི་སྡོམ་ཐེག་ཆེན་བསྡུས་པ་ནི། ཤེས་བྱའི་གནས་ལ་སོགས་པ་དོན་བཅུས་ཐེག་ཆེན་བསྡུས་ནས་སྟོན་པའོ། །དབྱིག་གཉེན་གྱི་རབ་ཏུ་བྱེད་པ་སྟེ་བརྒྱད་ནི། ཆོས་ཐམས་ཅད་སེམས་ཙམ་དུ་སྟོན་པ་སུམ་ཅུ་པ། དེ་རིགས་པས་སྒྲུབ་པ་ཉི་ཤུ་པ། དེའི་གཞི་ཕུང་པོ་ལྔ་འཐད་པར་སྟོན་པ་ཕུང་པོ་ལྔ་པ། དེ་ལྟར་ཡིན་ཡང་བཤད་ཉན་འཐད་པར་སྟོན་པ་རྣམ་བཤད་རིགས་པ། སྒོ་གསུམ་གྱི་ལས་འཐད་པར་སྟོན་པ་ལས་གྲུབ་པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་དུ་བརྩམས་པ་ལྔ། ཕྱིན་དྲུག་སོགས་སྤྱོད་པ་རྒྱ་ཆེན་དང་། རྟེན་འབྲེལ་བཅུ་གཉིས་དང་། མཚན་ཉིད་གསུམ་འཐད་པར་སྟོན་པ་མདོ་སྡེ་རྒྱན། རྟེན་འབྲེལ་གྱི་མདོ། དབུས་དང་མཐའ་རྣམ་འབྱེད་གསུམ་གྱི་འགྲེལ་པ་སྟེ། གཞན་འགྲེལ་དུ་བརྩམས་པ་གསུམ་སྟེ་བརྒྱད་དོ། །ཞེས་གསུངས་སོ། །ཁ་ཅིག་སློབ་དཔོན་འདིས་ས་བཅུ་པའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་པས། སྡེ་བརྒྱད་ངེས་པ་མེད་ཅིང་། བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའི་གྲངས་ངེས་མེད་ཟེར་རོ། གྲངས་ངེས་མཛད་པ་རྣམས་ནི་ས་སྡེ་ལྔ་སྡོམ་གཉིས་བྱམས་ཆོས་ལྔ། རབ་ཏུ་བྱེད་པ་སྡེ་བརྒྱད་དེ་དེ་དག་ལ་འདོད་དོ། །གཉིས་པ་ནི། སྡོམ་པ་ཉི་ཤུ་པ་ལ་སོགས་པའོ། །
ལྔ་པ་ནི། བསྟན་བཅོས་ཀྱི་རིགས་བསྡུ་ན་བཀའ་ལ་མི་བརྟེན་པ་དང་། བརྟེན་པ་གཉིས། མི་བརྟེན་པ་ལ་བཀའ་ཉིད་ལ་འགྲེལ་པར་བཏབ་པ་དང་བཀའི་དོན་རང་རྒྱུད་དུ་བརྩམས་པ་གཉིས། དང་པོ་ལའང་ཚིག་དོན་གཉིས་ཀ་རྒྱ་ཆར་འགྲེལ་པ་སོ་སོ་ཐར་པའི་འགྲེལ་པ། བམ་པོ་ལྔ་བཅུ་པ་ལྟ་བུ་རྒྱ་ཆེར་འགྲེལ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལྟ་བུ་ཚིག་གི་འགྲེལ་པ། གོ་དཀའ་བའི་དོན་རྣམ་པར་འབྱེད་པ་སྡུད་འགྲེལ་གཉིས་ལྟ་བུ་དཀའ་འགྲེལ། དོན་གྱི་གཙོ་བོ་བསྡུས་ནས་སྟོན་པ་སྡུད་པའི་དོན་བསྡུས་དྲི་མེད་བཤེས་གཉེན་གྱིས་མཛད་པ་ལྟ་བུ་བསྡུས་དོན་གྱི་འགྲེལ་པ། ངག་གི་དོན་དྲིལ་ནས་སྟོན་པ་ངག་དོན་ཙམ་གྱི་འགྲེལ་པ་སྟེ་ལྔའོ། །
གཉིས་པ་ལ་བཀའ་གཅིག་གི་དོན་རྫོགས་པར་སྟོན་པ་དང་། ཐོར་བུར་སྟོན་པ་དང་། བཀའ་མང་པོའི་དོན་སྟོན་པ་གསུམ་མོ། །དང་པོ་ནི། མངོན་རྟོགས་རྒྱན་ནམ་མདོ་རྩ་ལྟ་བུའོ། །གཉིས་པ་ནི། དགེ་ཚུལ་གྱི་ཀཱ་རི་ཀཱ་ལྟ་བུའོ། །གསུམ་པ་ནི། བསླབ་བཏུས་སམ། བཤེས་འཕྲིན་ལ་སོགས་པའོ། །སྤྱིར་འགྲེལ་པ་ལ་འགྲེལ་པ་དང་བཤད་པ་དང་རྣམ་པར་བཤད་པ་དང་། བཤད་སྦྱར་དང་། དོན་བསྡུས་དང་། དཀའ་འགྲེལ་དང་། རྒྱ་ཆེར་འགྲེལ་དང་། ལེགས་པར་སྦྱར་བ་དང་། རྣམ་པར་ཕྱེ་བ་ལ་སོགས་པ་མིང་མང་པོ་འབྱུང་ངོ་། །དེ་ལྟར་བསྟན་བཅོས་ཀྱི་དབྱེ་བ་ནི་བློ་གྲོས་འཕེལ་བར་བྱ་བའི་ཕྱིར། བསྟན་བཅོས་ཙམ་གྱི་དབྱེ་བ་ཡིན་ལ། སྔར་གྱི་མཚན་ཉིད་དང་ངེས་ཚིག་ནི། བསྟན་བཅོས་ཁྱད་པར་ཅན་གྱི་ཡིན་པས་འགལ་བར་མི་བསམ་མོ། །


previousབསྟན་བཅོས།next