Nitartha Digital Library
Tibetan
བདེ་བར་གཤེགས་པའི་བསྟན་བའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ།

1 occurrence of གཡོན་རུ་
[Clear Hits]


  
  
  
  
 expand section
 expand section
 expand section
  
 expand section
  
  
expand section
གཉིས་པ། ཁྱད་པར་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ།
 expand section
  
  
  
  
  
  
  
  
  
  
  
  
  


1 occurrence of གཡོན་རུ་
[Clear Hits]

 
previousགཉིས་པ། ཁྱད་པར་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ། next

གཉིས་པ། ཁྱད་པར་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ།

སྤྱི་དོན་གཉིས་པ་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ་ལ་གསུམ་སྟེ། བསྟན་པ་སྔ་དར་གྱི་རྣམ་གཞག །ཕྱི་དར་གྱི་རྣམ་གཞག །དེ་དག་ཏུ་ཆོས་བསྒྱུར་བའི་དཀར་ཆག་བསྟན་པའོ། །
དང་པོ་ལ། སྤྱིར་བོད་ཀྱི་ཡུལ་དུ། མིའི་འགྲོ་པ་དང་པོ་བྱུང་ཚུལ་ནི། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པར། སྐྱ་སེང་བུ་ལྔ་དང་། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་དུས་སུ། རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ། རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས། འཕེལ་བ་ཡིན་པར་བཤད་ཅིང་། བོད་ཀྱི་གཏམ་ལས། སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པར་འཆད་དེ། དེ་དག་རྒྱས་པར་གཞན་དུ་བལྟའོ། །བོད་ཀྱི་རྒྱལ་རྒྱུད་ནི། ཁ་ཅིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་བོད་རྣམས་བདུད་དང་གནོད་སྦྱིན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་མནར་བའི་དུས་སུ། བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགེབས་བ་སོར་མོ་དྲ་བས་འབྲེལ་བ། མཚན་ལྡན་ཞིག་བྱུང་བས་སྐྲག་སྟེ། ཟངས་ཁ་སྦྱོར་དུ་བཅུག་སྟེ། གཾ་གཱ་ལ་བསྐྱུར་བ་ཞིང་པས་རྙེད་དེ་གསོས། དེ་ཆེར་སྐྱེས་པ་ན། སྔར་གྱི་གཏམ་བཤད་པས་ཡིད་སྐྱོ་སྟེ། གངས་རིའི་ཕྲག་ཏུ་བྲོས་པ་ན། རིམ་གྱིས་ལྷ་རི་ཡོལ་པའི་ཁར་བྱུང་སྟེ། བཙན་ཐང་སྒོ་བཞིར་བྱོན་པ་ལ། བོན་པོ་རྣམས་དམུ་ཐག་དང་དམུ་སྐས་ལ་ཡོངས་བས་ལྷ་ཡིན་ཟེར་རོ། །དེ་ནས་ཁྱེད་སུ་ཡིན་དྲིས་པས་བཙན་པོ་ཟེར་རོ། །གང་ནས་བྱོན་དྲིས་པས་ནམ་མཁའ་ལ་མཛུབ་མོ་སྦྲེང་ཞིང་། སྐད་མ་གོ་ནས། ཤིང་གི་ཁྲི་ལ་བཞག་སྟེ་མི་བཞིའི་གཉའ་བ་ལ་ཁུར་ནས། འདི་ལ་ཁོ་བོ་ཅག་གི་ཇོ་བོ་བྱའོ་ཟེར་ཏེ། མིང་ཡང་གཉའ་ཁྲི་བཙན་པོར་བཏགས། རྒྱལ་པོ་སྔ་ཤོས་ཡིན་ནོ། །དེའི་སྲས་དམུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི། དེའི་སྲས་སོ་ཁྲི། དེའི་སྲས་ཡེ་ཁྲི། དེའི་སྲས་གདགས་ཁྲི། དེའི་སྲས་སྲི་ཁྲི་བཙན་པོ་དང་བདུན་ལ་ཁྲི་བདུན་ཟེར་ཞིང་། ཐ་མ་དེའི་རིང་ལ་རྡོལ་བོན་དར་རོ། །དེའི་སྲས་གསུམ་གྱི་བྱ་ཁྲི་ལ་སྤུ་ལྡེ་གུང་རྒྱལ་ཞེས་བཏགས། དེའི་སྲས་ཨ་ཤོ་ལེགས། དེའི་སྲས་ཨི་ཤོ་ལེགས་ཀྱིས་འཆིང་བར་སྟག་རྩེ་བརྩིགས་ཏེ། མཁར་སྔ་ཤོས་ཡིན་ནོ། །དེའི་སྲས་དེ་ཤོ་ལེགས། དེའི་སྲས་གུ་རུབ་ལེགས། དེའི་སྲས་འབྲོང་རྗེ་ལེགས། དེའི་སྲས་ཐོ་ཤོ་ལེགས་ཏེ། དྲུག་ལ་སའི་ལེགས་དྲུག་ཟེར་རོ། །དེའི་སྲས་རྒྱལ་ཟ་རྣམ་ཟིན་ལྡེ། དེའི་སྲས་ལྡེ་སྣོལ། གནམ་ནས་བཟུང་སྟེ། ཁྲི་ཐོག་རྗེ་ཐོག་བཙན་གྱི་བར་ཡན་ཆད་རྒྱལ་རབས་ཉི་ཤུ་རྩ་དྲུག་ན། ལྷ་ཐོ་ཐོ་རི་གཉན་བཙན་བྱོན་པའི་ཚེ། དགུང་ལོ་དྲུག་ཅུ་ཐུབ་པ་ན། ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན། བཞུགས་པ་ན་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བས། ཟ་མ་ཏོག་བཀོད་པ། པང་གོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན་ཞིག་བྱུང་སྟེ། མིང་གཉན་པོ་གསང་བར་བཏགས་ཏེ་མཆོད་པས། ལོ་བརྒྱ་ཉི་ཤུར་ཐུབ་སྟེ། དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་། དེ་ཡན་ཆད་ནི་ཆབ་སྲིད་བོན་གྱིས་བསྐྱངས་སོ། །དེའི་རྨི་ལམ་ན། མི་རབས་ལྔ་ན། འདི་ཤེས་པ་འབྱུང་ཞེས་ལུང་བསྟན་ནོ། །དེའི་སྲས་ཁྲི་གཉན་ཟུང་བཙན། དེའི་སྲས་འབྲོ་གཉན་ལྡེ་རུ། དེའི་སྲས་སྟག་རི་གཉན་གཟིགས་དམུས་ལོང་ཞིག་སྐྱེས་པ་རྒྱལ་སར་བཏོན་ཏེ། གཉན་པོ་གསང་བ་མཆོད་པས་སྤྱན་ཕྱེ་སྟེ། སྟག་རི་ལ་གཉན་འགྲོ་བ་གཟིགས་པས་མཚན་དེ་ལྟར་གྲགས་སོ། །དེའི་སྲས་གནམ་རི་སྲོང་བཙན་དང་། བཙུན་མོ་ཚེ་སྤོང་བཟའ་འབྲི་བཟའ་ཐོད་དཀར་གྱི་སྲས་མཚན་དང་ལྡན་པ། དབུ་ལ་ཨ་མི་དེ་བ་བཞུགས་པ་ཞིག །མེ་མོ་གླང་ལ་བལྟམས་ཏེ། ཁྲི་ལྡེ་སྲོང་བཙན་དུ་བཏགས་ཏེ། དབུའི་འོད་དཔག་མེད་དར་ལེ་བརྒན་གྱིས་དཀྲིས་ཏེ། ལོ་བཅུ་གསུམ་པ་ལ་རྒྱལ་སར་བཏོན། མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་ཏེ། སྐྱེས་འབུལ། འཕྲིན་ཡིག་ཀློག་གོ། དེ་ལས་བོད་ལ་ཡི་གེ་མེད་པས། ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་སློབ་ཏུ་བཏང་བས། པཎྜི་ཏ་ལྷའི་རིག་པ་སེང་གེ་ལ་སྒྲ་བསླབས་ཏེ། བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། ཨཱ་ལི་བཞིར་བསྡུས་ཏེ། གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས། ལྷ་སའི་སྐུ་མཁར་མ་རུར་བཅོས་ནས། ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད་དེ། རྒྱལ་པོས་ལོ་བཞི་རུ་མཚམས་བཅད་དེ་བསླབས་སོ། །མདོ་ཟ་མ་ཏོག་བཀོད་པ་དང་། པང་གོང་དང་། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར་རོ། །དེའི་ཚེ་བོད་འབངས་ཀྱིས་རྒྱལ་པོ་ལ་གཤེ་བ་གསན་ནས། དགེ་བ་བཅུའི་ཁྲིམས་བཅས་ཏེ། བོད་རྣམས་ཆོས་ལ་བཀོད་པས། མིང་སྲོང་བཙན་སྒམ་པོར་གྲགས་སོ། །དེ་ནས་རྒྱ་གར་ལྷོ་ཕྱོགས་ནས་ཙན་དན་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་སྤྱན་དྲངས། བལ་བོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་བལ་མོ་ཁྲི་བཙུན་ཁབ་ཏུ་བཞེས་པས། དེས་ལྷ་མི་བསྐྱོད་རྡོ་རྗེ་བྱམས་པ། ཙན་དན་གྱི་སྒྲོལ་མ་རྣམས་སྤྱན་དྲངས། རྒྱའི་རྒྱལ་པོ་སེང་གེ་བཙན་པོའི་སྲས་རྒྱ་མོ་ཀོང་ཅོ་བཞེས་ཏེ། དེས་འཕྲུལ་སྣང་གི་ཇོ་བོ་གདན་དྲངས་སོ། །དེ་ནས་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་འདོད་ཀྱང་། བཞེངས་སུ་མ་བཏུབ་པར། བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བ་འདི་མནན་དགོས་པར་གཟིགས་ནས། དཔུང་པ་གཡས་ལ་སྐ་ཚལ། གཡོན་ལ་ཁྲ་འབྲུག །རྐང་པ་གཡས་ལ་གཙང་འགྲམ།  གཡོན་ལ་གྲོམ་པ་རྒྱང་སྟེ། རུ ་བཞིའི་གཙུག་ལག་ཁང་བཞི། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུ། གཡོན་ལ་ལྷོ་བྲག་ཁོམ་ཐིང་། པུས་མོ་གཡས་ལ་སྐ་བྲག །གཡོན་ལ་པྲ་དུམ་རྩེ་སྟེ་མཐའ་འདུལ་བཞི། ལག་མཐིལ་གཡས་ལ་བྱང་ཚལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་འདན་གློང་ཐང་སྒྲོལ་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་ཡུལ་བུམ་ཐང་སྤ་གྲོ་སྐྱེར་ཆུ་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེངས་ནས་གདོད་འོ་ཐང་མཚོ་ལ་རྡོ་མཁར་བརྩིགས་ཤིང་གིས་ཕུབ། ཀླུའི་འདག་པས་ཞལ་ཞལ་བྱས་ཏེ། ར་ལ་ས་བསྐྱས་ནས་བརྡལ་ཏེ། ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས། གློ་འབུར་བྱང་མར་བཟོ་རྒྱུ་སྤུངས་པ་ལས། རང་བྱོན་དུ་བྱོན་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་སུ་གསོལ་ལོ། །དེ་ནས་རྒྱལ་པོས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས། ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་སོ། །རྒྱ་མོ་ཀོང་ཅོས་ར་མོ་ཆེའི་གཙུག་ལག་ཁང་བཞེངས་སོ། །དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར་དང་། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་ཚེ་དང་། ལོ་ཙྪ་བ་ཐོན་མི་སཾ་བྷ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས། ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ་བོ། །རྒྱལ་པོ་དེ་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང་། ལིའི་བཙུན་པ་གཉིས་ཀྱི་ལོ་རྒྱུས་ཡོད་དོ། །རྒྱལ་པོ་དེས་ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་བཟུང་སྟེ། བརྒྱད་ཅུ་རྩ་གཉིས་ལ་གཤེགས་སོ། །དེ་དང་མཉམ་དུ་ཀོང་ཅོའི་ཞལ་ནས། ལྷ་ཤཱཀྱ་མུ་ནི་ར་མོ་ཆེ་ནས་གདན་དྲོངས་ལ། འཕྲུལ་སྣང་གི་གློ་འབུར་དུ་སྦོས་ལ། སྒོ་ལ་ཞལ་ཞལ་གྱིས་ལ། འཇམ་དབྱངས་བྲིས་ཤིག་གསུང་སྟེ། ཁྲི་བཙུན་དང་མཉམ་དུ། གསུམ་གར་ཐུགས་རྗེ་ཆེན་པོ་ལ་ཐིམ་པའམ་འདས་སོ། །བློན་པོ་རྣམས་ཀྱིས་ཀྱང་ལྷ་གཉིས་བརྗེས་ཏེ། ཞལ་ཆེམས་ལྟར་བྱས་སོ། །རྒྱལ་པོ་དེའི་སྲས་མང་རོང་མང་བཙན། དེའི་སྲས་གུང་སྲོང་གུང་བཙན། དེའི་སྲས་འདུས་སྲོང་མང་པོ་རྗེ་བློ་ནམ་འཕྲུལ་གྱི་རྒྱལ་པོ། དེའི་སྲས་ཁྲི་ལྡེ་གཙུག་བརྟན་ཏེ། དེས་ལྷ་ས་མཁར་བྲག །མཆིམས་ཕུ་གནམ་སྲས། དར་འཕུར་མཁར་ལྷག །མདོ་སྨད་དུ་ལིང་ཆུ་ཁྲི་རྩེ། བྲག་དམར་དུ་སྐ་ཆུ་ཤར་སྒོ། འཕང་ཐང་ཀ་མེད། ཀ་ཆུ་བན་ཆུང་། བྲག་དམར་འབྲིན་བཟངས་ལ་སོགས་པ་བཞེངས། བྲན་ཀ་མུ་ལ་ཀོ་ཤ་དང་། གཉགས་ཛྙཱ་ན་ཀུ་མ་རས་མདོ་སྡེ་ལས་བརྒྱ་པ་དང་། གསེར་འོད་དམ་པ་གཉིས་བསྒྱུར། རྩིས་དང་སྨན་དཔྱད་ལ་སོགས་པ་བསྒྱུར་ཏེ། ཆོས་སྲོལ་ཆེར་མཛད་དོ། །དེའི་སྲས་འཇང་ཚ་ལྷ་དཔོན་ལ། རྒྱའི་རྒྱལ་པོའི་སྲས་གྱིམ་ཤང་ཀོང་ཅོ་བླངས་པས་བུ་ཤི་སྟེ། མེས་དང་འདུས་ནས་ལྷ་ཤཱཀྱ་མུ་ནེ་བཙལ་ཏེ་མཆོད་པ་བྱས་སོ། །དེ་ལ་སྲས་མཚན་ལྡན་ཞིག་ས་ཕོ་རྟ་ལ་འཁྲུངས་ཏེ། རྒྱལ་པོ་ལ་འཕང་ཐང་དུ་བསྟན་པར་ཆས་པ་ན། བུ་སྣ་ནམ་ཟས་ཕྲོགས་ཏེ། སྣ་ནམ་གྱི་བུར་བྱས་ནས། ཁྲི་སྲོང་ལྡེ་བཙན་ཞེས་གྲགས་སོ། །དེ་ཆུང་བའི་དུས་སུ་རྒྱའི་ཡུལ་དུ་སང་ཤི་ལ་སོགས་མི་བཞི་ཆོས་ཚོལ་དུ་བཏང་ངོ་། །དེའི་དུས་སུ་ཧྭ་ཤང་མངོན་ཤེས་ཅན་གྱིས། བོད་ཀྱི་ཕོ་ཉ་བ་འཕགས་པ་བྱང་སེམས་ཀྱི་སྤྲུལ་ཞིག་འོང་སྟེ། འདི་འདྲའོ་ཞེས་འབག་བྱས་སོ། །སླེབ་པ་དང་རྒྱའི་རྒྱལ་པོས་བསྙེན་བཀུར་བྱས། ཧྭ་ཤང་ཞིག་དང་བཅས་བ་བརྫངས་ཏེ། བོད་དུ་སླེབ་པ་ན་རྒྱལ་པོ་འདས། རྒྱལ་བུ་ཆུང་བས་བློན་པོ་རྣམས་ཀྱིས་ཆོས་ཁྲིམས་བཤིག་སྟེ། ཆོས་བྱེད་པ་རྣམས་སྤྱུག་པར་བྱས། ལྷ་ཤཱཀྱ་མུ་ནེ་རྒྱའི་ཡུལ་དུ་སྐྱེལ་བར་བརྩམས་པས། མི་སུམ་བརྒྱས་མ་ཐེག་པར་བྱེ་བྲིམས་སུ་སྦས། ལྷ་སར་བཤའ་ར་བྱས་སོ། །དེའི་ཚེ་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་ཞེས་བྱ་བ་རྒྱབ་གས་ནས་ཤི། ཅོག་གྲུ་སྐྱེས་ངས་རྒྱལ་འགོང་བྱ་བ་བསྐམས་ནས་ཤི་བས། ལྷ་བྱེ་འོག་ཏུ་བཅུག་པས་ལན་ཟེར་ནས། དྲེའུ་གཉིས་ཀྱིས་བཏེག་ནས། ལྷ་མང་ཡུལ་སྐྱིད་གྲོང་དུ་བསྐྱལ་ལོ། །མཁར་བྲག་དང་། འབྲིན་བཟང་གཉིས་བཤིག་གོ། དེའི་ཚེ་བ་ལང་གླག་གི་སྦ་གསལ་སྣང་གི་བུ་ཚ་མིང་སྲིང་གཉིས་དུས་གཅིག་ལ་གུམ་ནས། ཧྭ་ཤང་གིས་ཆོ་ག་བྱས་ཏེ་བུ་མོ་ལོ་དུས་ན་རང་གི་བུར་སྐྱེས་ཏེ། དྲན་པ་ཞིག་བྱུང་སྟེ། རྒྱལ་བུས་མང་ཡུལ་གྱི་ཁ་བློན་པོར་བསྐོས་ཏེ་བཏང་ངོ་། །དེའི་ཚེ་སང་ཤིས་སླེབ་སྟེ། ཆོས་བྲག་ལ་སྦས་སོ། །དེ་ནས་ཁྲི་སྲོང་ལྡེ་བཙན་ལོ་བཅུ་གསུམ་ལོན་ཏེ། རྒྱལ་སར་བཏོན་ཏེ། ཡབ་མེས་ཀྱི་ལེའུ་ཚེ་གཏམ་མཛད་པ་ན། ཆོས་ཀྱི་གཏམ་བྱས་ཏེ། ཆོས་སྦས་པ་བླངས་ཏེ། སྙན་དུ་གསོལ་བས་དད་པར་གྱུར་ཏེ། རྒྱ་མེ་མགོ་དང་། པཎྜི་ཏ་ཨཱནྟ་དང་གསུམ་གྱིས་བསྒྱུར་ཅིག་གསུངས་ཏེ། བསྒྱུར་བར་བརྩམས་པ། བློན་མ་ཞང་གྲོམ་པ་སྐྱེས་ལ་སོགས་པས་བཀག་གོ། དེར་བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་སང་ཤི་མང་ཡུལ་དུ་བརྫངས་སོ། །

མཁན་སློབ་བོད་དུ་གདན་དྲངས་ཚུལ།

གསལ་སྣང་གིས་མང་ཡུལ་དུ་མ་བསྡད་པར། རྒྱ་གར་དུ་ཕྱིན་ནས་མ་ཧཱ་བྷོ་དྷི་དང་། ཤྲཱི་ན་ལེནྡྲ་ལ་མཆོད་པ་བྱས། བལ་ཡུལ་དུ་མཁན་པོ་བོ་དྷི་ས་ཏྭ་དང་མཇལ་ཏེ། མང་ཡུལ་དུ་སྤྱན་དྲངས་ནས། གཙུག་ལག་ཁང་བཞེངས་སེམས་བསྐྱེད་དེ། ཡེ་ཤེས་དབང་པོ་ཞེས་མིང་བཏགས་སོ། །སློབ་དཔོན་བོད་དུ་བྱོན་པར་ཞུས་པས། ལུང་བསྟན་ཅིང་། ཞལ་གྱིས་བཞེས་ཏེ། བལ་པོར་གཤེགས་སོ། །སྦས་ཆོས་བསླབས་ཏེ་ཕོ་བྲང་རླུང་ཚུབས་སུ་རྒྱལ་པོ་དང་མཇལ་ཏེ། ཆོས་ཀྱི་བཀའ་མཆིད་བྱས། བོ་དྷི་ས་ཏྭའི་ལོ་རྒྱུས་བསྙད་པས། ཁྱོད་ཡིབ་ཅིག །ངས་ཞང་ཉམ་བཟང་ཁད་ཀྱིས་གསོལ་དུ་གཞུག་གོ་གསུངས་ནས། ཞང་ཉམ་བཟང་དང་འགོས་ཁྲི་བཟང་ལ་སོགས་པ་ཆོས་ལ་དགའ་བའི་བློན་པོ་ཀུན་ལ་ཆོས་བྱེད་པར་མོལ་བཏབ་པས། ཉམ་བཟང་ན་རེ། མ་ཞང་དབང་ཆེ་ལ་ཆོས་ལ་གནག་པས། མི་འགྲུབ་མཆི་ཟེར། འགོས་ན་རེ། ཐབས་བགྱི་བར་རྔོ་ཐོག །ཁོ་བོའི་རྟིང་གནོན་སླད་ཀྱིས་མཛོད་ཅིག་ཟེར་རོ། །རྒྱལ་བློན་ཆད་བྱས་ཏེ། འགོས་ཀྱིས་བློ་བཏོན་ནས། མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་དུ་བཅུག་སྟེ་ཁ་ཕ་བོང་གིས་བཅད་དོ། །དེ་ནས་ཡེ་ཤེས་དབང་པོ་ཨཱ་ཙཱརྱ་བོ་དྷི་ས་ཏྭ་སྤྱན་འདྲེན་དུ་བཏང་། ལང་གྲོང་སྣ་ར་དང་། གཉེར་སྟག་བཙན་སྟོང་གཟིགས་དང་། སྦྲང་རྒྱ་ར་ལེགས་གཟིགས་གསུམ་བསུ་རུ་བཏང་ངོ་། །མང་ཡུལ་དུ་མཇལ་ནས་ལང་གྲོང་སྣ་ར་དང་། ཨཱ་ཙཱརྱ་དེར་བཞག་ནས། ཕོ་བྲང་དུ་རྗེ་ལ་ཞེས་ཕུལ་བས། ཞང་བློན་རྣམས་ན་རེ། ལྷོ་བལ་གྱི་ངན་སྔགས་བྱེད་མི་བྱེད་བརྟག་དགོས། ཟེར་ཏེ། སང་ཤི་དང་། སེང་གོང་ལྷ་ལུང་གཟིགས་དང་། མཆིམས་མེ་ལན་གསུམ་བཏང་བས་སྐད་མ་ཤེས་ཏེ། ཁ་ཆེ་ཨ་ནནྡ་ལ་ལོ་ཙྪ་བཅོལ་ཏེ། ཨཱ་ཙཱརྱ་ཅི་འདྲ་དྲིས་པས་བཟང་པོ་ཞིག་སྟེ། ཐུགས་འཕྲིག་མི་འཚལ་ཟེར་ནས་ཕོ་བྲང་དུ་སྤྱན་དྲངས་ཏེ། ཁ་ཆེ་ཨ་ནནྟས་ལོ་ཙྪ་བྱས་ཏེ། ཕོ་བྲང་རླུང་ཚུབས་སུ་ཟླ་བ་བཞིར། དགེ་བ་བཅུ། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་པས། བོད་ཀྱི་ལྷ་སྲིན་ཁྲོས་ཏེ། འཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་རྒྱབ། མི་ནད་ཕྱུགས་ནད་བྱུང་བས། བོད་འབངས་ཡོ་ལོག་ནས། ཆོས་བྱས་པས་ལན་ཟེར་ཏེ། ཨཱ་ཙཱརྱ་བལ་བོར་བཏང་ངོ་། །དེ་ནས་རིང་ཞིག་ནས། སྦ་གསལ་སྣང་རྒྱ་ཡུལ་དུ་ཆོས་ཚོལ་དུ་བཏང་ངོ་། །སང་ཤི་ལ་སོགས་པ་སུམ་ཅུ་ཨཱ་ཙཱརྱ་སྤྱན་འདྲེན་དུ་བཏང་ངོ་། །དེའི་ཚེ་རྒྱའི་ཧྭ་ཤང་ན་རེ། ད་ཟླ་དྲུག་ཞག་དྲུག་ན། འཕགས་པ་རྟ་སྐད་ཀྱི་སྤྲུལ་པ་འདི་འདྲ་ཞིག་འོང་ཞེས་འབག་བྱས་ཤིང་། སླེབ་པ་དང་། རྒྱ་རྗེས་བྱ་དགའ་བྱིན། ཧྭ་ཤང་ལ་བསྒོམ་ལུང་བླངས་ཏེ། འཁོར་བ་ན་སྐྱེས་ཕུལ་ལོ། །ཨཱ་ཙཱརྱ་ད་དུང་སྤྱན་མ་འདྲོངས་པར། ཁྱོད་སོང་ཞིག་གསུངས་ནས། བལ་བོར་ཕྱིན་ནས། ཨཱ་ཙཱརྱ་སྤྱན་དྲངས་ཏེ། བྲག་དམར་འགྲིན་བཟང་དུ་ཕྱིན་ཏེ། རྒྱལ་པོ་ལ། བོད་ཀྱི་ལྷ་སྲིན་མི་ཐུལ་བས། ཆོས་བྱེད་མི་སྟེར་ཞིང་བཙན་པོ་སྐུ་ཚེ་ཐུང་བ་དེས་ལན་པས་འདུལ་བ་ལ། སློབ་དཔོན་པདྨ་སཾ་བྷ་ཝ་ཞེས་བྱ་བ་མཐུ་རྩལ་དང་ལྡན་པ་ཞིག་ཡོད་པས། དེ་སྤྱན་དྲོངས་ཤིག་གསུངས་པ་དང་། བཙན་པོས། རྨི་ལམ་དུ་བྱུང་བ་སྐད་བགྱིས་ཏེ། སྦ་མང་རྗེ་གསལ་སྣང་དང་། སེང་གོང་ལྷ་ལུང་གཉིས་ལ་གཡོག་སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་པུ་དཔལ་གྱི་སེང་གེ་དང་། ལྔ་བཏང་བས། སློབ་དཔོན་གྱིས་མཁྱེན་ཏེ། མང་ཡུལ་གུང་ཐང་དུ་བྱོན་པ་དང་མཇལ་ནས། རིམ་གྱི་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་འདོགས་ཤིང་བྱོན་ཏེ། ཧས་པོ་རི་ལ་ཆགས་ཕབ་སྟེ་བཙན་པོ་དང་མཇལ་ནས་མལ་དྲོའི་ཕུར་བྱོན་ནས་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་སོ། །དེ་ནས་སློབ་དཔོན་བསམ་ཡས་སུ་སྤྱན་དྲངས་ཏེ། ས་ཆོག་མཛད་དེ། སློབ་དཔོན་བོ་དྷི་ས་ཏྭས་ས་དཔྱད་མཛད་དེ། ཨོ་ཏྱནྟ་པཱུ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ་རི་རབ་གླིང་བཅུ་གཉིས། ཉི་ཟླ་ཟུང་གཅིག །མཐའ་ལྕགས་རིས་བསྐོར་བའི་བཀོད་པ་མཛད་དེ། མེ་མོ་ཡོས་བུའི་ལོ་ལ་རྨང་བཏིང་ངོ་། །སྔོན་ལ་ཨརྱ་པ་ལོའི་གླིང་བཞེངས་ལྷ་རྣམས་བོད་ཀྱི་མི་ལ་དཔེ་བྱས་ཏེ་བཞེངས། བཙུན་མོ་ཆེ་བ་ཚེ་སྤོངས་ཟ་དམར་རྒྱལ་མེ་ཏོག་སྒྲོལ་མས་ཁམས་གསུམ་ཟང་ཁང་གླིང་བཞེངས། ཕོ་ཡོངས་ཟ་རྒྱལ་མོ་བཙུན་གྱིས་དབུ་ཚལ་གསེར་ཁང་གླིང་བཞེངས། འབྲོ་ཟ་བྱང་ཆུབ་སྨན་གྱིས། དགེ་རྒྱས་བྱེ་མ་གླིང་བཞེངས་སོ། །ས་མོ་ཡོས་ལ་ཚར་ནས། ཨཱ་ཙཱརྱ་བོ་དྷི་ས་ཏྭ་དང་། པདྨ་སཾ་བྷ་ཝས་རབ་གནས་མཛད་ལོ་བཅུ་གསུམ་དུ་དགའ་སྟོན་བྱས་ཏེ། ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་བོད་ལ་བཅུན་པ་བཏུབ་མི་བཏུབ་སད་པའི་ཕྱིར་དུ། སད་མི་མི་བདུན་རབ་ཏུ་ཕྱུར་སྟེ། རྒན་གསུམ་ནི་དབའ་མཉྫུ་ཤྲི། དབའ་རཏྣ་རཀྟི་ཏ། བྲན་ཀ་མུ་ཏི་ཀ། གཞོན་གསུམ་ནི་འཁོན་ནཱ་གེནྡྲ། པ་གོར་བཻ་རོ་ཙ་ན་རྨ་ཨཱ་ཙཱརྱ་རིན་ཆེན་མཆོག་གོ། བར་པ་གླང་ཀ་ཏ་ན། རབ་ཏུ་འབྱུང་བའི་མཚན་ཡེ་ཤེས་དབང་པོ་ཡིན་ལ། མཁན་པོ་དཱ་ན་ཤཱི་ལས་བྱས་ཞེས་ཁ་ཅིག་ཟེར་རོ། །མཁན་པོ་བོ་དྷི་ས་ཏྭས་བྱས་ནས། ཐོག་མར་བྱ་ཁྲི་གཟིགས་རབ་ཏུ་བྱུང་བས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་ནས་སྤ་གསལ་སྣང་། འབའ་ཁྲི་བཞེར། སང་ཤི་ཏ། པ་གོར་བཻ་རོ་ཅ་ན་རཀྵི་ཏ། ངན་ལཾ་རྒྱལ་བ་མཆོག་དབྱངས། མཁོན་ཀླུའི་དབང་པོ་བསྲུང་བ། རྨ་ཨཱ་ཙཱརྱ་རིན་ཆེན་མཆོག །ཙང་ལེགས་གྲུབ་དང་བདུན་རབ་ཏུ་བྱུང་བའི་མཚན། ཡེ་ཤེས་དབང་པོ་དང་། དཔལ་དབྱངས་ལ་སོགས་པ་ཡིན། སད་མི་མི་བདུན་ཡིན་ཟེར་རོ། །མིང་གི་མཐའ་ལ་བརྟགས་ན། བོ་དྷི་ས་ཏྭའི་མཆན་ཤཱནྟི་རཀྵི་ཏ་ཡིན་པས། དེའི་མཁན་བུར་གསལ་ལ། མཁན་བརྒྱུད་ནི། ཤཱ་རིའི་བུ། སྒྲ་གཅན་ཟིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་བ་དྷི་ས་ཏྭ་རྣམས། བསམ་ཡས་གྱང་རིས་ལ་ཡོད་དོ། །དེ་ནས་སློབ་དཔོན་པདྨས་ངམ་ཤོད་ཀྱི་བྱེ་མ་ནེའུ་གསིང་དུ་བསྒྱུར་བ་དང་། གཙང་པོ་སྦུབས་སུ་འཛུད་པ་ལ་སོགས་པ་མཛད་པར་བྱས་ཏེ། བཙན་པོ་ཁྲུས་བསིལ་བའི་ཆུ་དངུལ་གྱི་བུམ་པ་ནམ་མཁའ་ལ་བསྐྱུར་བས། ལྷའི་ཆུ་འོ་མའི་མདོག་འདྲ་བས་གང་བྱུང་བས། སྐྲ་བསིལ་བར་གསོལ་པས། བློན་པོས་སྐྱོ་མ་བྱས་ཏེ། སླར་བརྫངས་སོ། །གཞན་ཡང་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་དང་། ཤཱནྟི་གརྦྷ་དང་། བི་ཤུདྡྷ་སིང་ཧ་ལ་སོགས་པ་དང་། བོད་ཀྱི་ལོ་ཙྪ་བ་སད་མི་མི་བདུན་དང་། ཆོས་ཀྱི་སྣང་བ་དང་། བནྡེ་ནམ་མཁའ་དང་། སྒྲོ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་ལ་སོགས་པས། ལོ་ཙྪ་བྱས་ཏེ་ཆོས་མང་པོ་བསྒྱུར་ཏོ། །སྔགས་འཆང་དྷརྨཱ་ཀིརྟི་ཞེས་པ་སྤྱན་དྲངས་ཏེ། ཡོ་ག་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་བདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར། ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་ལ་སོགས་པས་རྣམ་དག་ཁྲིམས་གང་གླིང་དུ་ཁྲིམས་ཕོག །རྒྱའི་ཧྭ་ཤང་ལ་སོགས་པ་མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་བྱེད། བརྡ་སྦྱོར་ཚངས་པའི་གླིང་དུ་བརྡ་སྦྱོར། དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག །བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་ལ་སོགས་པས། བསྟན་པ་ཡོངས་སུ་རྫོགས་པར་དར་བར་བྱས་ཏེ། འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་པ་སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས། བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་། བམ་པོ་དང་། ཤུ་ལོ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས། དཀར་ཆག་ཏུ་བྲིས་སོ། །

པདྨའི་ངང་ཚུལ་གདན་དྲངས་ཚུལ།

དེ་ནས་ཨཱ་ཙཱརྱ་བོ་དྷི་ས་ཏྭའི་ཞལ་ནས། བོད་དུ་མུ་སྟེགས་ནི་མི་འབྱུང་གིས། སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ། རྩོད་པར་འགྱུར་བས། དེའི་ཚེ། ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ། རྩོད་པ་བྱེད་དུ་ཆུག་ཅིག་བྱས་པས། རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ། རྟས་འཕྲ་རྒྱབ་སྟེ་ཞི་བར་གཤེགས་སོ། །དཔལ་དབྱངས་སློབ་དཔོན་དུ་བསྐོས་ཏེ་ཆོས་སྟོན། ཡེ་ཤེས་དབང་པོ་བྲོས་ཏེ། ལྷོ་བྲག་ཏུ་བསྒོམ་དུ་སོང་བ་དང་། རྒྱའི་ཧྭ་ཤང་མ་ཧཱ་ཡ་ནའི་སློབ་མ་དར་ཏེ། ལུས་ངག་གི་ཆོས་སྤྱོད་དགེ་བ་བྱས་པས་སངས་མི་རྒྱ། བྱར་མེད་ལ་གནས་ནས་སངས་རྒྱ། ཟེར་ནས། ཆད་ལྟ་ལ་ཞེན་ནས་དགེ་སྦྱོར་མི་བྱེད། བོད་ཕལ་ཆེར་དེ་ལ་དགའ་སྟེ་དེའི་ལུགས་སློབ། དཔལ་དབྱངས་དང་། རྦ་རཏྣ་ལ་སོགས་པ་ཉུང་ཤས་ཤིག་ཨཱ་ཙཱརྱ་བོ་དྷི་ས་ཏྭའི་ལུགས་བྱེད་པས་ལྟ་སྤྱོད་མ་མཐུན་ཏེ་རྩོད་པ་ལ། བཙན་པོས། ཨཱ་ཙཱརྱ་བོ་དྷི་ས་ཏྭའི་ལུགས་བཞིན་དུ་ལྟ་སྤྱོད་གྱིས་ཤིག །གསུངས་པས། ཏོན་མུན་པ་རྣམས་ཁྲོས་ཏེ། ཆུ་གྲི་རྣོན་པོ་རེ་བསྲེལ་ཞིང་། ཙེན་མིན་པ་རིལ་གསོད་ཟེར་ཞིང་། རྒྱལ་པོ་ཐུགས་མ་བདེ་ནས། ཡེ་ཤེས་དབང་པོ་འབོད་དུ་བཏང་བས། ལན་གཉིས་སུ་མ་འཁུགས་ནས། གསུམ་པ་ལ་མ་འཁུགས་ན་གསོད་པར་བྱས་ཏེ་བཏང་བས། བྲག་ཕུག་འདོམ་བཅུ་གཉིས་ལ་སྤྱང་ཐག་ལ་འགྲོ་དགོས་པ་ཞིག་ཏུ་ཕྱིན་ཏེ་གཤེགས་པར་ཞུ། མི་གཤེགས་ན་གསོད་དུ་འོང་བས་ལྕེབ་བྱས་པས་བྱོན་ཏེ། རྒྱལ་པོ་ལ་བདག་དགུག་མི་འཚལ། མཁན་པོའི་ཞལ་ཆེམས་འདི་ལྟར་བདོག་ཞུས་པས། རྒྱལ་པོ་བསྙེལ་སོས་ཏེ། སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་འདྲེན་པའི་ཕོ་ཉ་བཏང་སྟེ། དེ་ཧྭ་ཤང་གིས་ཚོར་ནས། ཡུམ་རྒྱས་པ་ལ་སོགས་པ་མདོ་སྡེ་ཟབ་མོ་རྣམས་སྤྱན་དྲངས་ཏེ། བཤད་བསླབས། བསྟན་བཅོས་ལ་ཆོས་བྱ་མི་དགོས། ཉལ་བས་ཆོག་ཅེས་སྟོན་པ། བསམ་གཏན་ཉལ་བའི་འཁོར་ལོ། །དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན། ཡང་ལོན་གཉིས། དེ་རིགས་པས་བསྒྲུབ་པའི་ལྟ་བའི་རྒྱབ་ཤ། ལུང་གིས་བསྒྲུབ་པ་མདོ་སྡེ་བརྒྱད་ཅུ་ཁུངས་ལ་སོགས་པ་བྱས། མདོ་སྡེ་དགོངས་པ་ངེས་འགྲེལ་རང་གི་ལྟ་སྤྱོད་དང་འགལ་བར་མཐོང་ནས། རྡོག་པས་དྲིལ་ལོ། །དེའི་ཚེ་ཡེ་ཤེས་དབང་པོས། མཁན་པོའི་དགོངས་པ་འདི་བཞིན་ཡིན་ཞེས་སྙན་དུ་གསོལ་བས་བཙན་པོ་དགྱེས་ཏེ། ཁྱེད་ངའི་ཨཱ་ཙཪྻའོ་ཞེས་གསུང་ངོ་། །དེ་ནས་ཀ་མ་ལ་ཤཱི་ལ་བྱོན་པ་དང་། བཙན་པོ་གོང་ལ་བཞུགས། ཧྭ་ཤང་གཡས་གྲལ་དུ་བྱས། སློབ་དཔོན་གཡོན་གྲལ་དུ་བྱས་ཏེ། ཙེན་མིན་རྣམས་དེའི་མཇུག་ཏུ་མཐུད་དེ། བཙན་པོས་གཉིས་ཀའི་ལག་ཏུ་མེ་ཏོག་ཕྲེང་བ་གཏད་དེ། ཁྱེད་གཉིས་ཤགས་གྱིས་ལ་གང་རྒྱལ་བ་ལ། ཕམ་པས་མེ་ཏོག་ཕྲེང་བ་ཕུལ་ཅིག །ཕམ་པ་དེ་འདིར་མ་སྡོད་ཅིག་ཅེས་བཀའ་སྩལ་པ་དང་། ཧྭ་ཤང་ན་རེ། ལས་དགེ་མི་དགེ་སྤྱད་ན་མཐོ་རིས་དང་ངན་སོང་དུ་འགྲོ་བས། འཁོར་བ་ལས་མི་ཐར་ཞིང་། སངས་རྒྱས་ཐོབ་པ་ལ་བསྒྲིབ་པ་ཡིན། དཔེར་ན། སྤྲིན་དཀར་ནག་གང་གིས་ཀྱང་ནམ་མཁའ་ལ་བསྒྲིབ་པ་དང་འདྲ། །གང་ཞིག་ཅི་ལ་ཡང་མི་སེམས། ཅི་ཡང་མི་བསམ་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཅི་ལ་ཡང་མི་སེམས་མི་རྟོག་མི་དཔྱོད་པ་ནི། མི་དམིགས་པ་ཡིན་པས། ཅིག་ཅར་དུ་འཇུག་པ་ནི་ས་བཅུ་པ་དང་འདྲའོ། །ཟེར་རོ། །ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས། དེ་ལྟར་ཅི་ལ་ཡང་མི་བསམ་ཟེར་བ་དེ་ནི། སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་སོ་སོར་རྟོག་པའི་ཤེས་རབ་ཡིན་པས། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤངས་པར་འགྱུར་རོ། །སོ་སོར་རྟོག་པའི་ཤེས་རབ་མེད་ན་རྣལ་འབྱོར་པ་གང་གིས་རྣམ་པར་མི་རྟོག་པ་ལ་གནས། གལ་ཏེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ཡིན་ན། ཉམས་སུ་མྱོང་བ་ཐམས་ཅད་མི་དྲན་ཞིང་། ཡིད་ལ་མི་བྱ་བར་མི་ནུས་སོ། །གལ་ཏེ་བདག་གིས་ཆོས་དྲན་པར་མི་བྱའོ་སྙམ་ན། དེ་ཤིན་ཏུ་དྲན་པ་ཡིད་ལ་བྱས་པར་འགྱུར་རོ། །དྲན་པ་མེད་པ་ཙམ་པོ་ལ་བྱེད་ན། བརྒྱལ་བའམ། འབོག་པའི་དུས་སུ་རྣམ་པར་མི་རྟོག་པར་འགྱུར་རོ། །ཡང་དག་པའི་སོ་སོར་རྟོག་པ་མེད་པར་རྣམ་པར་མི་རྟོག་པ་ལ་འཇུག་པའི་ཐབས་མེད་དོ། །དྲན་པ་ཙམ་པོ་བཀག་ཀྱང་། ཡང་དག་པའི་སོ་སོར་རྟོག་པ་མེད་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག་ནུས། སྟོང་པ་ཉིད་མ་རྟོགས་པར། སྒྲིབ་པ་སྤངས་པར་མི་འགྱུར་བ་ཁོ་ནའོ། །དེས་ན་ཡང་དག་པའི་ཤེས་རབ་ཀྱིས། ཕྱིན་ཅི་ལོག་གི་སྣང་བ་རྒྱང་བསྲིངས་པ་ཡིན་ནོ། །དེས་ན་དྲན་བཞིན་དུ་མི་དྲན་བྱར་མི་རུང་ངོ་། །དྲན་པ་དང་ཡིད་ལ་བྱ་བ་མེད་པར། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། ཉོན་མོངས་པ་ཡང་ཇི་ལྟར་སྤོང་། དེ་བས་ན་ཡང་དག་པའི་ཤེས་རབ་ཀྱིས་དོན་ངེས་པར་རྟོག་པའི་རྣལ་འབྱོར་པས། དུས་གསུམ་ཕྱི་ནང་ཐམས་ཅད་སྟོང་པར་རྟོགས་ནས། རྟོག་པ་ཉེ་བར་ཞི་སྟེ། ལྟ་བ་ངན་པ་ཐམས་ཅད་སྤངས་ཏེ། དེ་བསྟན་ནས་ཐབས་ཤེས་རབ་ལ་མཁས་པས། སྒྲིབ་པ་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་བཙན་པོའི་ཞལ་ནས། འཁོར་ཀུན་གྱིས་ཀྱང་མཆིད་ཤགས་ཐོབ་ཅིག་གསུངས་པ་དང་། དཔལ་དབྱངས་ན་རེ། རྒྱའི་ལྟར་ཅིག་ཅར་འཇུག་ཅིང་རིམ་གྱིས་སྦྱང་བ་མཆིས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་མི་མཐུན་ཕྱོགས་ལས་གདགས་པར་གསུངས་ཏེ། སྦྱིན་པ་ནི་ཡོངས་སུ་འཛིན་པ་ལ་བརྟེན་ནས་གདགས་ཏེ། ཡོངས་སུ་འཛིན་པ་ཐམས་ཅད་བཏང་ན་སྦྱིན་པའི་མཆོག་ལགས། དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་སྦྱར་ནས། སྟོན་པ་འདས་ནས་རིང་ཞིག་ཏུ། ལྟ་བ་ལ་མི་མཐུན་པ་མ་མཆིས། སླད་ནས་དབུ་མ་རྣམ་གསུམ་མ་མཐུན་ཏེ། སྟོན་མུན་ཅིག་ཅར་དུ་འཇུག་པ་མཆིས་ཏེ་མ་འཚལ་མ་རྟོགས་པས་དེ་ལྟར་གྱུར། འཇུག་སྒོ་ཐ་དད་ཀྱང་སངས་རྒྱས་པར་གཅིག་ཅིང་འབྲས་བུའང་གཅིག་སྨྲས་པ་དང་། ཡེ་ཤེས་དབང་པོས་ཅིག་ཅར་འཇུག་བྱ་བ་དང་། རིམ་གྱིས་འཇུག་བྱ་བ་གཉིས་དཔྱོད་དགོས་ཏེ། རིམ་གྱིས་འཇུག་ན་རྒྱུ་མ་མཆིས་པས་ངེད་དང་མི་འདྲ་ཅིག་ཅར་འཇུག་ན་ཁྱེད་ད་རུང་ཅི་བྱེད། དང་པོ་ནས་སངས་རྒྱས་ན་ཅི་ཉེས། དེ་བས་ན་རི་ལ་འཛེག་པའང་གོམ་པ་རེ་རེས་འཛེག་དགོས་ཏེ། གོམ་པ་གཅིག་གིས་བགྲོད་མི་ནུས་པ་ལྟར། ས་དང་པོ་ཐོབ་པའང་དཀའ་ན། ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས། ངེད་ཙེན་མིན་གྱི་ལུགས་ཀྱིས། གསུང་རབ་ཀུན་ལ་ཤེས་རབ་གསུམ་གྱིས་སྦྱངས་པས། དོན་མ་ནོར་བར་ཤེས། ཆོས་སྤྱོད་བཅུ་ལ་བསླབས་ཏེ་བསྒོམས་པས་བཟོད་པ་ཐོབ། ས་དང་པོར་སྐྱོན་མེད་པ་ལ་ཞུགས་ཏེ། ས་བཅུ་རིམ་གྱིས་སྦྱངས་པས་ཚོགས་གཉིས་རྫོགས་ནས་འཚང་རྒྱ་བ་ཡིན། ཁྱེད་ལྟར་ན། ཚོགས་མ་རྫོགས། བློ་མ་སྦྱངས་པར། འཇིག་རྟེན་གྱི་བྱ་བ་ཡང་མི་ཤེས་ན། ཤེས་བྱ་ཐམས་ཅད་ཤེས་པར་ཇི་ལྟར་འགྱུར། ཅི་ཡང་མ་བྱས་པར་ཉལ་བས་ཟན་ཡང་མི་མྱོང་སྟེ་ལྟོགས་ཏེ་འཆི་ན། སངས་རྒྱས་ག་ལ་འགྲུབ། མ་བརྟགས་མ་དཔྱད་པར་གོམ་པ་བོར་ཡང་བརྡེག་འཆོས་ན། ཆོས་ག་ལ་རྟོགས་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨྲས་པས། སྟོན་མུན་པས་ལན་སྨྲ་བར་མ་ནུས་ཏེ། མེ་ཏོག་ཕྲེང་བ་སློབ་དཔོན་ལ་ཕུལ་ཏེ། ཕམ་བླངས་ཏེ། དེའི་ཚེ། ཅོ་རྨ་རྨ་ལ་སོགས་པ་མྱ་ངན་སྐྱེས་ཏེ། རང་གི་རྟེན་རྡོས་བརྡུངས་ཏེ་ཤི་ཞེས་གྲགས་སོ། །དེ་ནས་བཙན་པོས། ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་ཟུང་། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་སློབས། སྟོན་མུན་གྱི་ལུགས་བྱེད་དུ་མི་དབང་ངོ་། །ཞེས་བཀའ་སྩལ་ཏེ། ཧྭ་ཤང་རྒྱའི་ཡུལ་དུ་བརྫངས་དཔེ་རྣམས་བསྡུས་ཏེ་གཏེར་དུ་སྦས་སོ། །སྟོན་མུན་དང་ཙེན་མུན་ནི་རྒྱའི་སྐད་དེ། ཅིག་ཅར་བ་དང་རིམ་གྱིས་པ་ཞེས་སོ། །དུས་ཕྱིས་ཧྭ་ཤང་གི་རྒྱའི་ཤན་པ་མི་བཞིས། སློབ་དཔོན་ཀ་མ་ལ་ཤཱི་ལའི་མཁལ་མ་མཉེས་ཏེ་དཀྲོངས་སོ། །ཡེ་ཤེས་དབང་པོས་ཁམས་ཀྱི་ཟས་སྤངས་ཏེ་གཤེགས་སོ། །བཙན་པོ་ཡང་དགུང་ལོ་དྲུག་ཅུ་རྩ་དགུ་ལ་གཤེགས་ཏེ། དེ་འཇམ་དཔལ་གྱི་སྤྲུལ་པར་གྲགས་སོ། །དེའི་སྲས་མུ་ནེ་བཙན་པོས་ཆུ་ཕོ་སྟག་ལ་རྒྱལ་སྲིད་བཟུང་སྟེ། བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས་ཏེ། བོད་འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་བསྙམས་སོ། །ཆབ་སྲིད་ལོ་གཅིག་དང་ཟླ་བ་བདུན་མཛད་དེ། བཅུ་བདུན་པ་ལ་ཡུམ་གྱིས་དུག་བཏང་སྟེ་འདས་སོ། །
དེ་ནས་གཅུང་ཁྲི་ལྡེ་བཙན་ལོ་བཞི་པ་ལ་རྒྱལ་སྲིད་གཏད་པས། སད་ན་ལེགས་ཞེས་གྲགས་ཏེ། དེས་སྐར་ཆུང་རྒྱལ་སྡེ་བཞེངས། ཆོས་སྲོལ་ཆེར་མཛད་དོ། །དེ་ལ་སྲས་ལྔ་འཁྲུངས་ཏེ། ཁྲི་ལྡེ་སྲོང་བཙན་རལ་པ་ཅན་གཙང་མ་དང་། ཁྲི་དར་མ་ཨུ་དུམ་བཙན། ལྷ་རྗེ་ལྷུན་གྲུབ། ཁྲི་ཆེན་རལ་པ་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་དེས། དགུང་ལོ་བཅོ་བརྒྱད་ལོན་པ་ལ་ཆབ་སྲིད་བཟུང་སྟེ། ཕོ་བྲང་འུ་ཤང་རྡོ་རྒྱ་ཕིབས་དགུ་ཐོག་མ་བཞེངས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། མཁན་པོ་བོ་དྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉམ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྡ་ལ་སོགས་པས་ཆོས་ཀྱི་སྐད། བོད་ལ་མ་གྲགས་པའི་མང་དག་ཅིག་བྱུང་ཞིང་། རྒྱ་དང་། ལི་དང་། ཟ་ཧོར་ལ་སོགས་པ་སྣ་ཚོགས་ནས་བསྒྱུར་བས། བརྡ་མི་འདྲ་བ་མང་པོས་ཆོས་བསླབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏཱ་དང་། དྷརྨ་ཏ་ཤཱི་ལ་དང་། ལོ་ཙྪ་བ་མཁས་པར་ཆུད་པ་ཛྙཱ་ན་སི་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྣ་ཏྲ་ཤཱི་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་བྱུང་བའི་རྒྱ་གར་སྐད་ལས། བོད་ཀྱི་སྐད་དུ་བསྒྱུར་ཅིང་། མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་། ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག །ཅེས་བཀའ་བ་སྩལ་ཏེ། སྔར་བསྒྱུར་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་། བཀས་བཅད་རྣམ་པ་གསུམ་མཛད་དེ། སྡེ་པ་བྱེ་བྲག་ཏུ་གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་དང་། གསང་སྔགས་རྣམས་མ་སྒྱུར་ཅིག་ཅེས་བཀས་བཅད་དོ། །ཐ་ན་བྲེ་དང་སྲང་དང་། ཞོ་ལ་སོགས་པའང་། རྒྱ་གར་དང་མཐུན་པར་བཅོས་སོ། །རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། དབུ་ཐོད་གདན་དུ་གདིངས། ཞབས་སྤྱི་བོར་ལེན་ནོ། །རྒྱ་ལ་དམག་དྲངས་ཏེ་བཅོམ་ནས། དབོན་ཞང་འདུམ་བྱས་པའི་ཡི་གེ། ལྷ་སའི་རྡོ་རིངས་ལ་བྲིས་སོ། །དེས་རབ་ཏུ་བྱུང་བ་ལ་ཆབ་སྲིད་ཕུལ་བས། བློན་པོ་ནག་པོ་ལ་དགའ་བ་རྣམས་ཁྲོས་ཏེ། ཆོས་ཁྲིམས་བཤིག་པར་ལྐོག་ཆད་བྱས་ཏེ། ལྷ་སྲས་གཙང་མ་རབ་ཏུ་བྱུང་བ་གྲོ་མོར་སྦྱུགས། བཙུན་མོ་ངང་ཚུལ་མ་དང་། བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན། ནལ་བཤམས་ཞེས་ཕྲ་མ་བཅུག་སྟེ་བན་དེ་ཆེན་པོ་བཀུམ། བཙུན་མོ་ལྕེབས། །བཙན་པོ་དགུང་ལོ་སོ་དྲུག །ལྕགས་མོ་བྱ་ལ་དབའ་རྒྱལ་ཏོ་རེ་དང་ཅོ་རོ་ལེགས་སྒྲ་གཉིས་ཀྱིས། ཞལ་ལྟག་པར་བསྟན་ཏེ་བཀྲོངས་སོ། །དེ་ནས་བཙན་པོ་གླང་དར་མ་འུ་དུམ་བཙན་ལ་ཆབ་སྲིད་གཏད། ཐེའུ་རང་དབའ་རྒྱལ་ཏོ་རེ་ནང་བློན་དུ་བསྐོས། བློན་སྣ་ནམ་རྒྱ་ཚ་ཁྲི་གསུམ་ལ་སོགས་ཀྱིས། ཆོས་ཁྲིམས་དང་འགལ་བ་མང་དུ་བྱས། ལོ་པཎ་གཉིས་ཀྱིས་ཆོས་བསྒྱུར་བའི་གྲྭ་ཞིག་སྟེ། བསྒྱུར་འཕྲོ་ལ་ལུས། འུ་ཤང་རྡོ་ལ་རབ་གནས་མ་གྲུབ་པར་ལུས་སོ། །དེ་ནས་བཙན་པོ་ནར་སོན་པ་དང་། ཐུགས་སུ་གདོན་གསོལ་ཏེ། རབ་ཏུ་བྱུང་བ་ཀུན་ཕབ། བཙུན་པའི་རྟགས་བོར་དུ་མ་འདོད་པ་ཀུན། མདའ་གཞུ་རྔ་གཤང་བསྐུར་ནས་རྔོན་པ་ལ་བཏང་མི་ཉན་པ་རྣམས་བསད་དོ། །ལྷ་ཤཱཀྱ་མུ་ནི་བསྒུལ་མ་ནུས་པར། བྱེ་ཐེམས་སུ་བཅུག་སྟེ་སྦས། སྒོ་བརྩིགས་ཏེ་ཞལ་ཞལ་བྱས་ནས་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་ཏེ་བཞག་གོ། བསམ་ཡས་དང་། ར་མོ་ཆེའི་སྒོ་ལ་འདག་ཞལ་བྱས། པོ་ཏི་ཕལ་ཆེར་ལྷ་སའི་བྲག་ལ་སྦས་སོ། །དེ་ནས་རིང་ཞིག་ན། ཡེར་པའི་ལྷ་རི་སྙིང་པོ་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་སྒོམ་གྱིན་ཡོད་པས་ཚོར་ཏེ། བཙན་པོ་ལ་སྙིང་རྗེ་ཁྱད་པར་ཅན་སྐྱེས་ཏེ། རྟ་དཀར་པོ་ལ་སོགས་བའི་ཕྱེ་མས་བྱུགས། བེར་ནང་དཀར་ལ་ཕྱི་ནག་པ་གོན། ལྕགས་མདའ་ལྕགས་གཞུ་ཁྱེར་ནས། ལྷ་སར་ཕྱིན་པ་དང་། བཙན་པོ་རྡོ་རིངས་ཀྱི་ཡི་གེ་ཀློག་ཅིང་ཡོད་པས་མཐོང་སྟེ། གཙུག་ལག་ཁང་དང་དགའ་ལྡན་གྱི་མཆོད་རྟེན་ལ་སྐུ་བརྟེན་ནས་བཞུགས་པའི་མདུན་དུ་བབས་ཏེ། པུས་མོ་ལ་བརྟེན་ཏེ་གཞུ་བདུངས་པས། རྒྱལ་པོས་ཞེ་ས་འབུལ་བར་གོའོ། །ཕྱག་དང་པོ་ལ་གཞུ་བདུངས། གཉིས་པ་ལ་མདའ་ལྟོང་སྦྱར། གསུམ་པ་ལ་མཐེབ་དཀྲོལ་ཏེ་མདའ་བཏང་བས། བྲང་དུ་ཕོག་སྟེ། ང་བདུད་ཡ་བཞེར་ནག་པོ་བྱ་བ་ཡིན། རྒྱལ་པོ་སྡིག་ཅན་གསོད་ན་དེ་ལྟར་གསོད་པ་ཡིན་ཟེར་ནས་བྲོས་སོ། །ལྷ་སར་བཙན་པོ་བཀྲོངས་སོ་ར་མདའ་རྒྱུགས་ཞེས་བོས་པས། མི་ནག་མཚོ་ལ་རྟ་བཤན། བེར་ཕྱི་ནང་ལྡོག་སྟེ་གོན་ནས། ང་ལྷ་གནམ་ཐེའུ་དཀར་པོ་བྱ་བ་ཡིན་ཟེར་ཏེ་བྲོས་པས། བདས་པས་མ་ཟིན་ཏེ། ལ་ལ་དྲང་སྲོང་སྲིན་པོ་སྣར་ཟེར། ལ་ལ་གྲིབ་སེ་སྒྲོམ་གྱི་ཕུར་ཟེར། ལ་ལ་ཐན་མོ་རྡོ་རིངས་སུ་ནམ་སྲོས་ནས་མ་ཟིན་ཟེར་རོ། །དེ་ནས་མངོན་པ་ཀུན་ལས་བཏུས། འདུལ་བ་འོད་ལྡན། ལས་ཀརྨ་ཤ་ཏཾ་དང་གསུམ་ཁྱེར་ཏེ། ཁམས་སུ་བྱོན། །པཎྜི་ཏ་ལ་ལ་སྤྱུགས། ལ་ལ་ཡུལ་དུ་བསྐྲད། ལོ་ཙྪ་བ་ཕལ་ཆེར་བྲོས། གཤེད་མ་བཀྱེ་སྟེ། ཉང་ཏིང་ངེ་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་ལ་སོགས་པ་བསད་དེ། བསྟན་པ་མེད་པར་བྱས་སོ། །གླང་དར་མའི་བཙུན་མོ་ཆེན་མས་ང་ལ་སྲས་སྦྲུམས་པ་ཡིན་བྱས་ཏེ། བུ་ཆུང་བཙལ་ནས་ང་ལ་མདང་སྐྱེས་པ་ཡིན་བྱས་ཏེ་བསྟན་པས། བློན་པོ་རྣམས་ན་རེ། མདང་སྐྱེས་པའི་བུ་ཆུང་ལ་སོ་མི་འབྱུང་སྟེ། ཡུམ་གྱི་བཀའ་བརྟན་དུ་ཆུག་གསུངས་པས། ཡུམ་བརྟན་ཞེས་གྲགས་ཏེ། དེའི་སྲས་ཁྲི་ལྡེ་མགོན་པོ། དེའི་སྲས་མགོན་གཉེན། དེ་ལ་སྲས་རིག་པ་མགོན་པོ་དང་། ཉི་འོད་དཔལ་མགོན་གཉིས། རིག་པ་མགོན་གྱི་སྲས་ཁྲི་ལྡེ་པོ། དེའི་སྲས་འོད་པོ། དེ་ལ་སྲས་གསུམ། ཨ་ཙ་ར་དང་། མགོན་པོ་བཙན་དང་། མགོན་པོ་བརྩེགས་སོ། །ཉི་འོད་དཔལ་མགོན་གྱི་སྲས་མགོན་སྤྱོད། དེའི་སྲས་ཚ་ན་ལ་ཡེ་ཤེས་རྒྱལ་མཚན་ཏེ་ཆེ་རྒྱུད་དོ། །བཙུན་མོ་ཆུབ་མ་ལ་སྲས་གཅིག་ཤིང་མོ་གླང་ལ་འཁྲུངས། ཆེན་མས་བསད་དམ་ཕྲོགས་ཀྱིས་དོགས་ནས། ཉིན་མོ་ཉི་མའི་འོད་དང་། མཚན་མོ་མར་མེའི་འོད་རྒྱུན་མི་འཆད་པར་བྱས་ཏེ་བསྲུངས་པས། འོད་སྲུངས་སུ་གྲགས་ཏེ། རྒྱལ་སར་བཏོན་ཏེ། ལོ་དྲུག་ཅུ་རྩ་གསུམ་ལ་འདས་སོ། །དེའི་སྲས་དཔལ་འཁོར་བཙན་ལོ་བཅུ་གསུམ་ལ་རྒྱལ་སར་བཏོན་ཏེ། སོ་གཅིག་ལ་འདས་སོ། །དེ་ལ་སྲས་གཉིས་ཏེ། བཀྲ་ཤིས་བརྩེགས་པ་དཔལ་དང་། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་སོ། །བཀྲ་ཤིས་བརྩེགས་པས་རྒྱལ་སྲིད་བཟུང་། དེ་ལ་སྲས་གསུམ། ཆེ་བ་དཔལ་ལྡེ། བར་པ་འོད་ལྡེ། ཆུང་བ་སྐྱིད་ལྡེའོ། །ཉི་མ་མགོན་མངའ་རིས་སུ་སྤྱུགས་པས་པུ་རངས་སུ་སྐུ་མཁར་ཉི་གཟུངས་བརྩིགས་ཏེ། ཆབ་སྲིད་བཟུང་། དེ་ལ་སྲས་གསུམ་ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང་། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་པུ་རངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། དེ་ལ་སྲས་ཁོ་རེ་དང་སྲོང་ངེ་གཉིས་སོ། །དེའི་དུས་ན་དབུས་གཙང་ན་སྡོམ་པ་དང་བཤད་ཉན་བཀའ་ཆད་དེ་མེད་ཅིང་། གཙུག་ལག་ཁང་གི་གཉེར་པ་ཤམ་ཐབས་གོང་བ་ཅན་གྱོན་པ་ལ། མིང་གནས་བརྟན་དགྲ་བཅོམ་ཟེར་བས་བྱེད། སྡོམ་པ་བསྲུང་ཟེར་ནས། དབྱར་ཟླ་གསུམ་རྩ་བཞི་སྣ་ཡུད་ལ་སྲུང་། དགག་དབྱེ་བྱེད་ཟེར་ནས། དེ་ནས་མི་སྲུང་ངོ་། །སྔགས་པ་རྣམས་ཀྱང་། རྒྱུད་ཀྱི་དོན་མ་རྟོགས་པར། སྦྱོར་སྒྲོལ་ལ་སོགས་ལོག་པར་སྤྱོད་དོ། །

བསྟན་པ་ཕྱི་དར་གྱི་ཚུལ།

གཉིས་པ་བསྟན་པ་ཕྱི་དར་གྱི་ཚུལ་ནི། དར་མས་བསྟན་པ་བསྣུབས་པའི་དུས་སུ་འཇད་ཀྱི་གྱེལ་མི་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང་སྟོད་ལུངས་པ་སྨར་ཤཱཀྱ་མུ་ནི་དང་གསུམ། དཔལ་ཆུ་བོ་རི་ན་སྒོམ་ཞིང་ཡོད་པ་ན། བཙུན་པ་ཁྱི་ར་བྱེད་པ་མཐོང་སྟེ། གཏམ་དྲིས་པས། རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་ཏེ། འདུལ་བ་དྲེའུ་ཁལ་ཞིག་བཀལ་ཏེ། མངའ་རིས་སྟོད་དུ་བྲོས་ནས། གར་ལོག་ནས་ལམ་ཐོན་ནས། ཧོར་ཡུལ་དུ་ཕྱིན་ཏེ། སྐད་རིགས་མི་གཅིག་པའི་སར་བསྟན་པ་དར་བར་བྱ་སྙམ་པ་ལ། དར་བར་མ་ནུས་ཏེ། མདོ་སྨད་ལྷོ་ངོས་ཀྱི་བེ་རོ་ཚ་ཚོ་ན་ཚུར་བྱོན་ཏེ་རྨ་ལུང་རྡོ་རྗེ་བྲག་ར་ཨ་ཆུང་གནམ་རྫོང་དག་དིག་ཤེལ་གྱི་ཡང་དགོན་ན་བསྒོམ་ཞིང་ཡོད་པ་ལས། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ། དགོངས་ཀ་མི་འདུས་པ་རྣམས་ལ་སྨྲས་པས། ལས་དང་སྐལ་བར་ལྡན་པ་མོས་པས་སྤྱོད་པའི་ས་པ། མུ་གཟུ་གསལ་འབར་བྱ་བས་བལྟར་ཕྱིན་པས། དད་ནས་རབ་ཏུ་འབྱུང་བར་ཞུས་པས། འདུལ་བའི་པོ་ཏི་གཏད་ནས་འདི་ལྟོས། དད་ན་རབ་ཏུ་དབྱུང་གསུང་། བལྟས་པས་དད་དེ་མཆི་མ་བྱུང་ངོ་། །དེར་གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་སོ། །མཁན་སློབ་ལས་མིང་སྦྱར་ཏེ། དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས་སོ། །དེ་ནས་བསྙེན་རྫོགས་ཞུས་པས། དགེ་སློང་ལྔ་མ་ཚང་བས་མི་འོང་གསུང་བ་དང་། སྔར་ལྷ་ལུང་དཔལ་གྱི་རྡོ་རྗེ་བ་དགེ་སློང་གསུམ། ཀློང་ཐང་དུ་འདུག་པ་མཐོང་བས། བཙལ་ཏེ། དཔལ་གྱི་རྡོ་རྗེ་དང་མཇལ་ནས་ཞུས་པས། ངས་རྒྱལ་པོ་བསད་པས། ཁ་སྐོང་མི་འོང་གིས། ངས་བཙལ་གྱི། གསུངས་ཏེ། རྒྱ་ནག་ཧྭ་ཤང་ཀེ་བང་དང་། གྱི་བན་བྱ་བ་གཉིས་བཙལ་ཏེ་བཏང་ངོ་། །དེ་ནས་དགེ་ཚུལ་ལོ་གཅིག་ལོན་ཏེ། སྔར་གྱི་མཁན་སློབ་ཀྱིས། མཁན་སློབ་བྱས། སྨར་གྱིས་གསང་སྟོན་བྱས། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ཏེ། ལྔའི་ཚོགས་ཀྱིས་བསྙེན་རྫོགས་བྱས་སོ། །དེ་ནས་ལོ་ལྔ་ལོན་པ་དང་། དབུས་ནས་ཀླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་དང་ལྔ། གཙང་ནས་འགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་བ་ཨུ་པ་དེ་དཀར་དང་ལྔ་སྟེ། མི་བཅུ་འོངས་ནས་གཙང་ལ་བཀའ་དྲིན་ཞུས་པས། ང་རྒས་ནས་མཁན་བུ་མི་སྐྱོངས་བས། བླ་ཆེན་པོ་ལ་ཞུས་གསུངས་པས་ཞུས་པས། ངས་བསྙེན་རྫོགས་བྱས་ནས་ལོ་ལྔ་ལས་མ་ལོན་པས་མཁན་པོ་མི་བཏུབ་གསུང་བ་ལ། གཙང་ན་རེ། དམིགས་བསལ་ལ་བཏུབ་པས་གྱིས་གསུངས་ནས། བླ་ཆེན་པོས་མཁན་པོ་བྱས། གཙང་དང་གཡོས། ལས་སློབ་དང་གསང་སྟོན་བྱས། སྨར་དང་ཧྭ་ཤང་གིས་ཁ་སྐོང་བྱས་ཏེ། ཐམས་ཅད་ཆིག་རྫོགས་བྱས་སོ། །དེ་ནས་བླ་ཆེན་གྱི་ཞལ་ནས། ལོ་སྟོན་མཐུ་ཆེ་བས་བསྟན་སྲུང་གྱིས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་བསྐོས་མཁས་པས་གནས་གཞི་ཟུངས་གསུངས་སོ། །དེ་ནས་བྱིངས་པོ་ཚོ་ཡར་ཡོངས། ཀླུ་མེས་ཀྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་འདུལ་བ་ཉན་ཅིང་བསྡད་དོ། །དེའི་དུས་སུ་རག་ཤིའི་གཅུང་དང་། རྦའི་གཅུང་གཉིས་ཕུ་བོ་བསུ་རུ་འོངས་པ་དང་། ཀློང་ཐང་དུ་མཇལ་བས། གཅུང་གཉིས་དད་དེ། ལོས་མཁན་པོ་བྱས། ཕུ་བོ་གཉིས་ཀྱིས་སློབ་དཔོན་བྱས་ཏེ། རབ་ཏུ་བྱུང་སྟེ། ད་ལྟ་རྦ་རག་གཉིས་གཅིག་ཏུ་སྡེབ་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ནས་ལོ་སྟོན་ན་རེ་ཁྱེད་ཚོ་སྡོད་ཅིག །ངས་ཚོང་པ་འདི་རྣམས་དང་འགྲོགས་ཏེ། དབུས་གཙང་དུ་ཕྱིན་ལ། བསྟན་པ་དར་བར་ནུས་མི་ནུས་བལྟས་ལ། ནུས་ན་ང་བསྡད་ཀྱིས། ཁྱེད་རྣམས་ཡར་བྱོན། མི་ནུས་ན་ང་མར་ལོག་ལ་འོང་གི་གསུང་ནས། འདན་མའི་ཚོང་པ་དང་འགྲོགས་ཏེ་བྱོན་པས། ཚོང་པ་རྣམས་སུམ་འཕྲང་དུ་ཚོང་བྱ་སྙམ་ནས་ལྡོག་པར་འདུག་པ་ལ། ཁྱེད་རྣམས་འདིར་ཚོང་མ་བྱེད་པར་གཙང་དུ་སོང་ལ། འགུར་མོ་རབ་ཁ་བྱ་བ་ན། ལོ་ནད་གཙུག་ན་བྱ་བ་ཡོད་པས་དེ་ལ་ཁྱོད་ཀྱི་བུ་རབ་ཏུ་བྱུང་ནས། དབུས་ན་ཡོད་གྱིས་ཤིག་བྱས་ཏེ་བཏང་བས། ཚོང་ལེགས་པོ་བྱུང་བས། དིང་སང་བར་དུ་འགུར་མོར་ཚོང་འདུས་བྱུང་བའང་། ལོ་སྟོན་གྱི་དྲིན་ཡིན་ནོ། །དེའི་ཕྱི་ལོ་དེ་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས། མཆོད་གནས་ཤིག་ཞུ་བྱས་པས། བོན་པོའི་ཞྭ་འོབ་ཞུ་ཕོག་ནས། ས་སེར་བཏབ་པ་ཞིག་གསོལ་འཕྲོ་ལ་གནང་སྟེ། འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུང་ངོ་། །ཡར་བྱོན་ཏེ་ཐམས་ཅད་དབུས་སུ་བྱོན་པ་དང་། སྔོན་མཁས་བཙུན་རྣམས་ཀྱི་གདན་ས་ལྷ་ས་ཡིན་ཡང་ཆད་པས་གཅོད་པའི་ས་ཡིན་པས། འགྲོ་མ་ནུས་པར། བསམ་ཡས་སུ་བྱོན་ཏེ། ཀླུ་མེས་ཀྱིས་ཀ་ཆུ་བཟུང་། རྦ་མཆེད་ཀྱིས་དབུ་ཚལ་དང་དབུ་རྩེ་བཟུང་། རག་ཤི་མཆེད་ཀྱིས་དགེ་རྒྱས་བཟུང་། འབྲིང་གིས་ཟངས་ཁང་བཟུང་ངོ་། །དེ་ནས་དབུས་པ་ལྔས་རང་ཅག་གནས་གཞི་བརྩིག་དགོས་གསུངས་ནས། ཀླུ་མེས་ཀྱིས་ལ་མོ་ཆག་དེའུ་བརྩིགས། དེ་ལ་མཁན་བུ་བཞི་བྱུང་། གྲུ་མར་ཚུལ་ཁྲིམས་འབྱུང་གནས་ཀྱིས་སོལ་ནག་ཐང་ཆེན་བརྩིགས། དེ་ལས་མཆེད་པ་ལ་ཐང་སྐོར་ཟེར། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ར་ཚག་དང་རྒྱལ་བརྩིགས། དེ་ལས་མཆེད་པ་ལ་ཞང་སྐོར་ཟེར། རྡོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པ་བ་རང་བརྩིགས། སྨད་ཀྱི་ལ་མཆེད་པ་གཟད་ཀྱི་ལྡིང་བ་དང་། ཆུ་ཤུལ་གྱི་ན་བོ་དང་། སྦུ་སྡེ་ལྷོ་གོང་དང་། ཡོལ་ཐང་དང་། ལབ་སོ་དང་། གྲལ་མ་ཐང་དང་། ཁ་རག་སོ་གཅིག་རྣམས་བརྩིགས། དེ་ནས་གཙང་དུ། གཞུའི་ཀུན་དགའ་ར་བ་དང་ཚ་མིག་བརྩིགས། སྐྱིད་ཤོད་དུ་རྡོག་དང་། སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་གཡུ་སྒྲོ་ཁང་དམར་བརྩིགས་ཏེ། དེ་དག་ལས་མཆེད་པ་ལ་རྡོག་ཚོ་སྐོར་ཟེར། གླན་ཡེ་ཤེས་ཤེས་རབ་ཀྱིས་རྒྱལ་གསར་སྒང་དང་། གླག་མདའ་ལྷ་ཁང་དང་། མཚལ་ཆུང་གཉིས་བཟུང་། དེ་དག་ལས་མཆེད་པ་ལ་གླན་སྐོར་ཟེར་རོ། །སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་འབྲོ་ས་ཐང་དུ་རྨེ་རུ་བརྩིགས་ཏེ། ཞིག་ནས་མེད་ལ། མཆེད་པའང་མེད་དོ། །རག་ཤིས་རག་ཤི་འཕྲང་འོག་གི་ལྷ་ཁང་བརྩིགས། སྦས་ཡུངས་འགུར་བརྩིགས། དེ་ནས་ལན་པ་སྤྱིལ་བུ་བཟུང་། དེའི་མཁན་བུ་མ་ལ་སེམས་པ་ཤེས་རབ་ཀྱིས། སྟོད་ལུངས་ཚ་ཐོག་བཞེངས། དེ་ནས་ཐག་མ་ལྷ་ཁང་དང་མོན་གྲ་བཟུང་སྟེ། དེ་ཚོ་ལ་རྦ་ཚོ་ཟེར་རོ། །སྦའི་གཅུང་གིས་གྱེ་རེ་འཚར་སྣའི་མདའ་གྲོང་ལྷ་ཁང་བརྩིགས། དེ་ནས་གཞོའི་འཆད་ཁང་བཟུང་། རག་ཤིས་ཀ་ཚལ་དང་ཞ་བཟུང་དེ་ལས་མཆེད་པ་ལ་རག་ཚོ་ཟེ་རོ། །རག་ཤིའི་གཅུང་གིས་དགེ་རྒྱས་བཟུང་། དེའི་མཁན་བུ་མཐའ་བཞི་རྒྱལ་འཕགས་ཀྱིས་ཀྱང་དེ་ཀ་བཟུང་། དེའི་མཁན་བུ་ཞང་བཙུན་ཤེས་རབ་འཕགས་ཀྱིས་ལན་པ་རྟ་བྲེས་བརྩིགས། དེ་ནས་མཆེད་པ་ལ་རག་ཤིའི་གཅུང་གི་བརྒྱུད་པ་ཟེར་རོ། །འབྲིང་གིས་ངན་ལམ་སྤྱི་མོ་བརྩིགས། དེ་ནས་དཀར་ཆུང་བཟུང་། དེ་ནས་སྙེ་ཐང་བྲག་སྣ་བཟུང་། དེའི་ལམ་སྟེགས་སུ་བྲང་ར་མོ་ཆེ་བརྩིགས། དེ་ནས་མཆེད་པ་ལ་འབྲིང་ཚོ་སྨད་པ་ཟེར། ངན་ལམ་པའི་འབྲིང་ཚོ་ལ་འབྲིང་ཚོ་སྟོད་པ་ཟེར། ཀླུ་གོང་ནས་མཆེད་པ་ལ་འབྲིང་ཚོ་བར་པ་ཟེར་རོ། །གཙང་གི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་རྒྱན་གོང་བརྩིགས། དེ་ལ་མཁན་བུ་ཉི་ཤུ་རྩ་བཞི། རྒྱ་ཤཱཀྱ་གཞོན་ནུས། ལ་སྟོད་མར་ལ་ཐལ་བརྩིགས། དེ་ལ་འབྲིང་མཚམས་ཀྱི་བུལ་ཏོག་ལྷ་ཁང་ལ་སོགས་པ་གྱེས་པ་ལ་རྒྱ་ཚོ་ཟེར། སྐྱོ་ཤེས་རབ་རྡོ་རྗེས་དོན་མོ་རི་བརྩིགས། སྟོད་ཀྱི་དེ་ནས་མཆེད། སྟག་ལོ་གཞོན་བརྩོན་གྱིས་སྟག་ལོ་ལྷ་ཁང་བརྩིགས། དེ་ནས་མཆེད་པ་ལ་སྟག་ཚོ་ཟེར། ཨ་མེ་ཞུ་གཅིག་མས་འཕྲང་དང་བྲག་དམར་བཟུང་། དེ་ནས་མཆེད་པ་ལ་ཞུ་ཚོ་ཟེར་རོ། །འདར་ཤཱཀྱ་ཡོན་ཏན་གྱིས་གཟུས་པོ་བཟུང་། དེ་ནས་མཆེད་པ་ལ་འདར་ཚོ་ཟེར། ལི་བློ་གྲོས་གཞོན་ནུས་ཇོ་མོ་བརྩིགས། དེ་ནས་མཆེད་པ་ལ་ལི་ཚོ་ཟེར། སྨད་ཀྱི་ལྔ་ལ་རྒྱན་གོང་མའི་སྐོར་དང་། གླག་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་བརྩིགས། དེ་ནས་མཆེད་པ་ལ་གླག་ཚོ་ཟེར། ཆག་སའི་འགའ་ཤེས་རབ་བླ་མས་སྙེམས་བརྩིགས། རྡོག་ཡེ་ཤེས་འབྱུང་གནས་ཀྱིས་སྤང་དཀར་ལྷ་ལུང་བརྩིགས་ཏེ། དེ་གཉིས་ཀྱིས་རྐྱ་མ་ཐུབ་པས་གླག་ཚོ་ལས་གཞན་མེད་དོ། །གླང་བཙུན་བྱམས་པས་འོམ་ཕུག་བརྩིགས། དེ་ནས་གཙང་འགྲམ་བཟུང་། དེ་ནས་བུམ་ཐང་། ཆག་ས། ཏྲི་གོང་། མགོས་སྟོན་ཁྲིལ་མ་ལ་སོགས་པ་ལ། གླང་ཚོ་སྟོད་སྨད་ཟེར་རོ། །མགོ་བ་ཡེ་ཤེས་གཡུང་དྲུང་གིས་སྦྲེ་ལྷ་ཁང་བཟུང་ངོ་། །དེའི་མཁན་བུ་ལྕེ་བཙུན་ཤེས་རབ་འབྱུང་གིས། ཞ་ལུ་མོ་བརྩིགས་ཏེ་རྒྱ་གར་དུ་བྱོན་ནས་སྡོམ་པ་བསྐྱར་ནས་བླངས་ནས་ཤུལ་དུ་འགོ་བ་གཡུང་དྲུང་གིས་ཞ་ལུ་བཟུང་། དེ་ལ་ཀ་བཞི་གདུང་དྲུག །དེ་ལས་མཆེད་པ་ལ་ཞ་ལུ་བརྒྱ་སྐོར་ཟེར། ཀྱི་ཡེ་ཤེས་དབང་པོས་ཤངས་ཀྱི་མཁར་ལུང་བརྩིགས། དེ་ནས་གྱི་རེ་གླང་ར་བརྩིགས། དེ་གཉིས་ཀྱི་ལམ་སྟེགས་སུ་མུ་ཤངས་ཀྱི་རོ་སྐམས་བརྩིགས། གླང་ར་ནས་མཆེད་པ་ལ་གླང་ར་སྐོར་ཟེར། ཉུག་གི་ཨུ་ལུང་ནས་གྱིས་པ་ལ། ཨུ་ཚོ་ཟེར། དེ་གཉིས་ཀ་ལ་ཀྱི་ཚོ་སྨད་པ་ཟེར་རོ། །གླང་ར་ནས་འཁྲིས་ཀྱི་ཁ་ཆད་དགོན་པ་བཟུང་། དེ་ནས་ཨ་མེའི་མཁན་བུ་ཞང་སྟོན་ཚུལ་འཕགས་ཀྱིས་བྱ་རྒྱུས་བཟུང་། ཨ་མེའི་མཁན་བུ་ཀོང་པོ་ཐར་པ་རིན་ཆེན་ལ་མཁན་བུ་བཞི་བྱུང་སྟེ། གཟུ་སྟོན་འཕན་གྲགས་ཀྱིས་སྒྲེའི་ལྕེ་མཚམས་དང་། རྒྱ་མཁར་སྟག་ལུང་བཟུང་། དེ་ལས་མཆེད་པ་ལ་གཟུ་ཚོ་ཟེར། ལྕེ་བཙུན་དཀར་པོས་ཨང་ཡིག་བཟུང་། གཡུང་སྟོན་འཛའ་ཀ་རིས་པས་འོར་ཟུང་། དེ་གཉིས་འ་མོའི་སྐོར་དུ་སོང་ནས་མཆེད་པ་མེད། ཤབ་རྩས་ཤབ་རྩེ་ལྷ་ཁང་བརྩིགས་ཏེ། དེ་ཚོ་ལ་ཀོང་ཚོ་ཟེར་རོ། །དེ་ཚོ་ལ་གྱི་ཚོ་བར་པ་ཟེར་རོ། །ཨ་མེས་ཁ་ཆད་དགོན་པ་ནས་སད་ཀྱི་ལ་སྟེ་ར་བཟུང་། དེར་སྟོད་ཀྱི་མཁན་བུ་ཨོང་པ་ཞང་རྣམ་གསུམ་བྱུང་། །ཁྲི་སྟོན་བརྩོན་འབར་གྱིས་ཤོང་སྣ་ར་བཟུང་། དེ་ནས་མཆེད་པ་ལ་ཁྲི་ཚོ་ཟེར། ས་རྦད་བཙུན་ཆུང་གིས་བྲན་ཆུང་བཟུང་། དེ་ནས་མཆེད་པ་ལ་བྲན་ཆུང་སྐོར་ཟེར། རྒྱ་སྟོན་ཨརྱ་དེ་བས་སྒོ་རུ་དུ་སྣ་བཟུང་། དེ་ནས་མཆེད་པ་ལ་རྒྱ་ཚོ་ཟེར་རོ། །མཁན་པོ་གཞོན་ནུ་ཤཱཀྱས་ས་ཕུག་བཟུང་། དེ་ནས་མཆེད་པ་ལ་ས་ཆོ་ཟེར། དེ་རྣམས་ལ་སྟོད་ཀྱི་ཁྲལ་ཚོ་བཞི་སྟེ། ཀྱི་མཚོ་སྟོད་པ་ཟེར་རོ། །ཨ་མེའི་མཁན་བུ་སྤང་གིས་འཁྲིས་བསྐྱངས། ཞང་བཙུན་བསོད་གྲགས་ཀྱིས་བྱ་རྒྱུས་བཟུང་སྟེ། དེ་གཉིས་ལ་ཀྱི་ཚོ་བར་པ་ཟེར། ཀྱི་ཚོ་སྟོད་ནས་མཆེད་པའི་མཁན་བུ་གཞོན་ནུ་འབྱུང་གནས་ཀྱིས་རྒྱན་མཁར་ཐུར་ལ་བཟུང་། དེ་ལས་གྱེས་པ་ལ་ཐུར་ཚོ་ཟེར་རོ། །ཀྱི་བཙུན་དཔལ་གྱི་ཡེ་ཤེས་ཀྱིས་འབྲུང་ཀུན་དགའ་ར་བ་གཟུང་། དེ་ཀྱི་ཚོ་སྟོད་ནས་མཆེད་པ་ཡིན་ནོ། །ཚོང་ཚོ་ལ་ཁྲལ་ཚོ་དགུ་བྱུང་སྟེ། ཚོང་ཚོ་སྟོད་པ་ལ་སྐལ་སྐོར་དང་རྒྱན་སྐོར་གཉིས་བྱུང་། ཚོང་ཚོ་བར་པ་ལ་གནས་གསར་དང་གནས་རྙིང་གཉིས་བྱུང་། སྨད་པ་ལ་ཁྲལ་ཚོ་ལྔ་ཡོད་དེ། ཨ་མེས་ཚོང་བཙུན་གྱིས་རྩིས་ཀྱི་ཡང་དབེན་བཟུང་བའི་དུས་སུ་རྩིས་ལྷ་ཁང་ཕུལ། དེ་ཉེ་གནས་རྦ་བཙུན་བློ་གྲོས་ཡོན་ཏན་ལ་གཏད། དེས་མཁན་པོ་བྱས་ནས་བསྐྱངས་པ་ཚོ་ལ། རྦ་ཚོ་ཟེར་ཏེ། དེའི་མཁན་བུ་ཡོལ་ཆོས་དབང་གིས་སྐྱེགས་གནས་རྙིང་བཟུང་། དེ་ནས་མཆེད་པ་ལ་སྦ་ཚོ་སྟོད་པ་ཟེར། ཡོལ་ཐོག་འབེབས་ཀྱིས་ལྕང་ར་བཟུང་། སྟག་པ་ཇོ་བཙུན་གྱིས་ལྕེ་སྦེ་བཟུང་། དེ་གཉིས་ལ་རྦ་ཚོ་བར་པ་ཟེར། རྩིས་ནས་མཆེད་པ་ལ་རྦ་ཚོ་སྨད་པ་ཟེར། དེ་ནས་ཨ་མེས་ལ་ཉན་ཚོ་ཕུལ་ནས། མཁན་བུ་རྭ་བློ་གྲོས་བཟང་པོ་དང་། ཁམས་པ་གཉིས་ལ་ཉན་ཚོ་གཏད། རྭས་ངུར་སྨྲིག་བཟུང་། ཁམས་པས་ལྕགས་མཁར་བཟུང་སྟེ། དེ་གཉིས་ལ་རྭ་ཚོ་དང་ཁམས་ཚོ་ཟེར་ཞིང་། གཉིས་ཀ་ལ་ཉན་ཚོ་སྐོར་དུ་གྲགས་སོ། །ཨ་མེས་ལ་སྟག་ཚལ་གྱི་བྱ་ཆོས་མཁར་པོ་ཆེ་ཕུལ་བས། མཁན་བུ་རྒྱ་རྒྱལ་བུ་ཚུལ་སེང་ལ་གཏད། རྒྱས་ཀོང་པོ་ཡེ་འབྱུང་ལ་གཏད། ཀོང་པོས་དམུའི་གནས་མོ་ཆེ་དང་། བྱ་ཆོས་གཉིས་ཀ་བསྐྱངས་ཏེ། རྒྱས་བྲ་ཐང་བརྩིགས་ཏེ། དེ་རྣམས་ལ་བྱ་ཆོས་སྐོར་ཟེར་རོ། །དེ་ནས་ཨ་མེས་ལ་མར་ཤུལ་ལ་ཡོན་བདག་མོ་གཉོས་མོས་སྨོན་གྲོ་ཕུལ། དེས་མཁན་བུ་མར་པ་རྡོ་རྗེ་ཡེ་ཤེས་ལ་གཏད། དེའི་མཁན་བུ་སྣེ་པོ་གྲགས་པ་རྒྱལ་མཚན་ལ་གཏད་དེ། རོང་མཁར་ཕུག་བཟུང་། ཕྱིས་ཨ་མེས་སྤྱུགས་མཚམས་སྟག་ཚལ་སྐྱུས་ཐང་བཞེངས་ནས་ཕུལ། མར་པས་བྲན་མ་སྒང་པོ་བརྩིགས། ལན་གྲོའི་སྟག་ཚང་དང་བཞི་ལ་སྨོན་གྲོའི་མ་དང་མཉམ་པའི་བུ་བཞིར་གྲགས་ཏེ། དེ་རྣམས་ལ་སྨོན་གྲོ་སྐོར་ཟེར་རོ། །དེ་ནས་ཡང་ཨ་མེས་ཀྱིས་སེར་གྱི་སྒོང་ཁྲོག་བཟུང་ནས། དེས་མཁན་བུ་ཞང་པ་ཚེར་ཁྲོད་པ་ལ་གཏད། དེས་སེར་གྱི་བྲག་ཤོད་བརྩིགས། དེ་ནས་བཙན་མོ་སྡིངས་བཟུང་། དེ་ནས་རྩིས་ཀྱི་ཡང་དབེན་བཟུང་། དེ་ནས་ར་སོག་མཚར་ལ་དང་། སྟག་ཚལ་མཁར་པོ་ཆེ་བཟུང་ནས། མཁན་བུ་རྦ་དགེ་མཐོང་ལ་གཏད། དེས་རོང་གི་བ་དོ་བཟུང་། དེའི་མཁན་བུ་བྲེ་བཙུན་སྔོན་མོ་ལ་གཏད། དེ་རྣམས་ལ་དོ་ཚོ་ཟེར་ཏེ། ཁྲལ་ཚོ་འདུས་ནས་འདུན་མ་བྱེད་པའི་དུས་སུ། དེ་དག་གི་བཙུན་ཆུང་གསུམ་བྱུང་བ་ལ་ཁྱེད་ཅག་གི་དཔོན་པོ་གར་སོང་བྱས་པས་ཤི་ཟེར། འོ་ན་ཁྱེད་དྭ་ཕྲུག་ཏུ་འདུག་པ་བྱས་པས། མིང་དྭ་ཚོར་ཆགས་སོ། །དེ་དག་ཐམས་ཅད་ལ་སྨད་ཀྱི་ཚོང་ཚོ་ལྔ་ཟེར་རོ། །ཚོང་ཚོ་དགུ་པོ་ཐམས་ཅད་ཀྱི་འ་མོ་སྔོ་གླིང་ཡིན་ནོ། །གཞན་ཡང་འ་ཞ་མགོ་བོ་ཆེའི་བུ་འ་ཞ་ཡེ་ཤེས་གཡུང་དྲུང་གིས། ཁམས་སུ་སྡོམ་པ་ལེན་དུ་འགྲོ་བར་འདོད་ནས། ལྷ་སར་ཕྱིན་པས་ལྷ་སའི་སྟེང་ཁང་དུ་འགྲོ་བའི་སྐས་གཅིག་གི་མར་ཟུར་སྔ་གདོང་ལ་དཔལ་མགོན་པོའི་གཟུགས་རི་མོར་བྲིས་ནས་ཡོད་པ་ལ། ཡར་འགྲོ་ཙ་ན་རི་མོར་འདུག་པ་ལ། མར་འོང་ཙ་ན་དཔལ་དགོན་པོ་དངོས་ཐོད་པའི་ནང་ན་མིའི་སྙིང་དང་ཁྲག་བསྲེས་ནས། མིའི་རྩིབ་མས་ཐུར་མ་བྱས་ནས་གསོལ་ཞིང་འདུག་པ་ལ། གསོལ་བ་བཏབ་པས། །ངས་ཁྱོད་ཀྱི་ཆོས་སྐྱོང་བྱ་ཡིས་ཟླ་བ་གཅིག་ལ་འཁོར་བར་ཤོག་ཟེར་ཏེ། འ་ཚོ་མཐུ་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ནས་འ་ཞས་ཁམས་ཀྱི་གྲྭར་ཕྱིན་ནས། བླ་ཆེན་པོའི་མཁན་བུ་ཀྲེ་བོ་མཆོག་བླ་བྱ་བ་ལ། བཀའ་དྲིན་ཞུས་པས། ངས་ཆུ་གཏོར་བཏང་ལ་འོང་གི་གསུངས་ནས། བཀའ་དྲིན་ནོད་ལོང་མེད་པར་མཁན་པོ་འདས་པས། ངས་ཆུ་གཏོར་བཏང་ལ་འོང་གིས་ཟེར་བ་ཙམ་ལ་སྡོམ་པ་ཐོབ་པར་བྱས་ནས། དེ་ལ་དགེ་ཚུལ་ཆུ་གཏོར་མ་ཞེས་གྲགས་སོ། །དེས་མཁན་པོ་བྱས་ནས་སྣ་ནམ་འདྲེ་བརྡས་བཟུང་། དེ་ནས་འོ་ཡུག་མདའི་ར་ཤ་བཟུང་། དེ་གཉིས་ཀྱི་ལམ་སྟེགས་སུ་སྟག་གི་གནས་པོ་ཆེ་བཟུང་ངོ་། །དེའི་མཁན་བུ་ཤེའུ་སྙེ་ནམ་པས་ལྷན་གྱི་བ་སོ་ཐང་བཟུང་། དེ་ནས་འཁོར་རེ་སྐྱི་སྒང་དང་ཉང་རོ་བུད་མདོ་དང་འཁོར་རེ་བ་འཁོར་དང་། ལྷན་གྱི་དྲོ་ཤོང་རྣམས་རིམ་གྱིས་བཟུང་ངོ་། །དེའི་མཁན་བུ་སོག་ཚུལ་ཁྲིམས་བླ་མས་པ་སོ་ཐང་བཟུང་། དེའི་མཁན་བུ་སྤང་འདུལ་འཛིན་གྱིས། སྟག་གི་སྤེན་ཅན་བཟུང་། དེའི་མཁན་བུ་སྣུབས་རིན་ཆེན་གྲགས་ཀྱིས། ཁུ་ལུང་ལྷ་གྲལ་བཟུང་། ར་ཤ་ནས་འུ་ཡུག་གསལ་སྒང་བཟུང་སྟེ། དེ་རྣམས་ལ་འ་ཚོ་ཟེར་རོ། །ཡང་འབྲེ་གཞོན་ཚུལ་གྱིས་ཁམས་སུ་སྡོམ་པ་ལེན་དུ་ཕྱིན་པས། ཁམས་ཀྱི་ཁྲི་ཁ་མཁར་སྣར་བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་བྱ་བ་དང་མཇལ་ནས། བཀའ་དྲིན་ཞུས་པས་དེར་བས་ཟེར་ནས་སྡོམ་པ་སྦྱིན་ལོང་མེད་པར་འདས་པ་དང་། ངས་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་ཡིན་ཏེ། མཁན་བུ་ན་རེ་དེར་བས་གསུངས་བའི་ཕྱིར་རོ། །ཞེས་ཟེར་བས་དེར་བས་ཀྱི་བསྙེན་རྫོགས་སུ་གྲགས། དེས་རྟ་ནག་ཕུའི་བྱ་ཚང་བཟུང་། དེ་ནས་ཤངས་ཀྱི་བྱེ་ཕུག་བཟུང་། བྱ་ཚང་ནས་མཆེད་པ་འཇད་ཀྱི་གནས་བརྒྱད་བྱུང་སྟེ། དེ་ཚོ་ལ་འབྲེ་ཚོ་ཟེར་རོ། །དེ་ལྟར་མི་བཅུས་ཕྱིན་ཡང་དབུས་ཀྱི་སུམ་པ་དང་། གཙང་གི་འོ་བརྒྱད་སྤུན་གཉིས་ལས་མཆེད་པ་མེད་པས། མི་དྲུག་ཏུ་གྲགས་ཤིང་། འ་འབྲེ་གཉིས་དེ་རྣམས་ལ་མ་གཏོགས་སོ། །ཁ་ཅིག་ན་རེ་མཁན་པོ་བོ་དྷི་ས་ཏྭའི་མཁན་བུ་རྦ་རཏྣ། དེས་ལྷ་ལུང་རབ་འབྱོར་དབྱངས། དེས་བླ་ཆེན་པོ་དགོངས་པ་གསལ། དེས་ཡ་གོང་ཡེ་ཤེས་གཡུང་དྲུང་དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེས་ལ་སོགས་པའོ། །ཞེས་ཟེར་བ་དང་། བཀའ་ཚེམས་ཀྱི་ཡི་གེ་ཁ་ཅིག་ནས། མཁན་པོ་བོ་དྷི་ས་ཏྭས། སློབ་དཔོན་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲས་བྱས་ནས། རྦ་རཏྣ། དེས་གཡོ་དགེ་འབྱུང་། དེས་བླ་དགོངས་པ་གསལ། དེས་སྒྲོ་མཉྫུ་ཤྲཱི། དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེས་ཞེས་འབྱུང་བ་དང་། རིགས་རལ་ན་རེ་བླ་ཆེན་པོའི་མཁན་བུ་གྲུམ་ལ། དབུས་གཙང་གི་མི་བཅུས་སྡོམ་པ་བླངས་ཟེར་བ་རྣམས་བརྟག་དགོས་སོ། །ཡང་གཡོ་ལ་སོགས་པ་རྣམས་ཁ་ཅིག །ཛི་ན་མི་ཏྲའི་མཁན་བརྒྱུད་དུ་འདོད། ཁ་ཅིག་ཞི་བ་འཚོའི་མཁན་བརྒྱུད་དུ་འཆད་པས་བརྟག་པར་བྱའོ། །དེ་ལྟར་དབུས་གཙང་དུ་བསྟན་པ་མེད་པ་ལོ་བདུན་ཅུ་བྱུང་ནས། དབུས་གཙང་གི་མི་བཅུས་བསྟན་པ་བཙུགས་པ་ཡིན་ཏེ། མི་བཅུས་དབུས་སུ་བྱོན་ཙ་ན། རྒན་མོ་ཞིག་ན་རེ། ང་ལོ་དྲུག་ལོན་པ་ན་བཙུན་པ་མཐོང་ཟེར། ད་ཇི་ཙམ་ལོན་དྲིས་པས། བདུན་ཅུ་དོན་དྲུག་ལོན་ཟེར་བས་སོ། །ཞེས་ཟེར་ལ། ཁ་ཅིག །ལོ་བརྒྱ་རྩ་བརྒྱད་སོང་ཟེར་རོ། །རིགས་རལ་ན་རེ། མི་བཅུ་ནས་ལོ་ཙཱ་བ་རིན་བཟང་མ་བྱོན་བར་དུ། བཤད་ཉན་མེད་པས་བསྟན་པའི་གཟུགས་བརྙན་ཡིན། དེ་ནས་རྒྱལ་པོས་སྦྱིན་བདག་བྱས་ནས། ལོ་པཎ་གྱིས་ཆོས་བསྒྱུར་བ་ནི་བསྟན་པ་བར་དར་ཡིན། དེ་ནས་རྒྱལ་པོས་མ་བྱས་པར། རྔོག་ལ་སོགས་པས་འགྱུར་མཛད་པ་བསྟན་པ་ཕྱི་དར་ཡིན་ཟེར་བ། མི་འཐད་དེ། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཡོད་པར་ཁས་བླངས་ནས། བསྟན་པའི་གཟུགས་རྙན་དུ་འཆད་པ་འགལ་ཞིང་། བཤད་ཉན་མེད་པ་མ་གྲུབ་སྟེ། པཎྜི་ཏ་ཛི་ན་མི་ཏྲས་ལོ་ཙྪ་བ་ཀླུའི་རྒྱལ་མཚན་དང་། གཡོ་དགེ་འབྱུང་ལ་སོགས་པ་ལ། དེས་བླ་ཆེན་པོ་ལ། དེས་གྲུམ་ལ། དེས་ཀླུ་མེས་ལ། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ། དེའི་སློབ་མ་བཞི། གླན་ཚུལ་བྱང་། ཀ་ཆུ་བ་ཚུལ་འབྱུང་། སྣེ་པོ་གྲགས་རྒྱལ། འཛིམས་པ་ཤེར་འོད། སྣེ་པོའི་སློབ་མ་སོག་ཚུལ་ཁྲིམས་བླ་མ། ཀ་ཆུ་བའི་སློབ་མ་ཉང་མཚམས་རིན་ཆེན་བླ་མ། འཛིམས་པའི་སློབ་མ་ཀོ་ཁྱིམ་པ་ཡེ་ཤེས་བླ་མ། དེ་གསུམ་གྱིས་རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས། དེ་ལ་སློབ་མ་རྨ་ཚོ་བྱང་རྡོར་དང་། བྱ་འདུལ་འཛིན། གྱི་པོ་ཚུལ་འཕགས། ཤ་མི་ལ་སོགས་པའི་བར་དུ་འདུལ་བའི་བཤད་པ་མན་ངག་དང་བཅས་པ་ཡོད་པའི་ཕྱིར་དང་། ཛི་ན་མི་ཏྲས། སྐ་ཅོག་ཞང་གསུམ། ནམ་ནད་ཟླ་བའི་རྡོ་རྗེ། དཔལ་གྱི་རྡོ་རྗེ། སྦ་རྒྱལ་བ་ཡེ་ཤེས། ཅོག་གྲུ་མཆོག་གི་ཡེ་ཤེས། སེ་བཙུན་གཞོན་ནུ། གར་མི་ཡོན་ཏན་གཡུང་དྲུང་། ཁུ་སྟོན་ཤེས་རབ་བརྩོན་འགྲུས། ར་ཁྲི་བཟང་འབར། རྒྱ་རྒྱལ་བུ་ཚུལ་ལེ། བྲང་ཏི་དར་མ་སྙིང་པོ། དེའི་སློབ་མ་འབན་རོག་གཉིས་ལ་སོགས་པའི་བར་དུ་མངོན་པའི་བཤད་ཉན་མ་ཆད་པར་བྱུང་པའི་ཕྱིར་རོ། །བར་དར་དང་ཕྱི་དར་དུ་འབྱེད་པའང་མི་འཐད་དེ། བར་དུ་བསྟན་པ་མེད་པས་བར་ཆོད་པ་མེད་པས་སོ། །སྔ་དར་དང་ཕྱི་དར་དུ་འབྱེད་པ་ནི་གླང་དར་མས་བསྟན་པ་བསྣུབས་པས་དབུས་གཙང་དུ་བསྟན་པ་ཡེ་མེད་པ་ལོ་འགའ་བྱུང་བས། དེ་ཡིས་བཞག་གོ། མཁས་པ་གཙང་ནག་པས་ཀྱང་། བསྟན་པ་ཕྱི་མ་དར་བའི་ཚུལ་ནི་ཞེས་བཤད་པས་སོ། །དེ་ལྟར་བསྟན་པའི་མེ་རོ་སྨད་ནས་བླངས་ཏེ་མངའ་རིས་ནས་དར་ཞིང་རྒྱས་པར་མཛད་དོ། །
བཙན་པོ་འཁོར་རེས་རྒྱལ་སྲིད་གཅུང་སྲོང་ངེ་ལ་གཏད་ནས། རབ་ཏུ་བྱུང་སྟེ། མཚན་ཡེ་ཤེས་འོད་ཅེས་བྱའོ། །དེས་མཚན་ཉིད་ཀྱི་ཐེག་པ་བཀར་ཤེས་ཀྱང་། སྔགས་པ་རྣམས་ཀྱིས་སྦྱོར་སྒྲོལ་ལ་སོགས་སྤྱོད་ལོག་གིས་བཀའ་ཡིན་མིན་ཐེ་ཚོམ་དུ་གྱུར་ཏེ། རིན་ཆེན་བཟང་པོ་ལ་སོགས་པ་ཁྱེའུ་ཉི་ཤུ་རྩ་གཅིག་བརྫངས་ནས། རྒྱ་གར་དུ་ཆོས་སློབ་ཏུ་བཏང་བ་ལ། རིན་ཆེན་བཟང་པོ་དང་ལེགས་པའི་ཤེས་རབ་མ་གཏོགས་པ་གཞན་ཤི་ནས་ཆོས་མ་ལོབས། རིན་ཆེན་བཟང་པོ་སྔགས་མཚན་ཉིད་ཐམས་ཅད་ལ་མཁས་པར་གྱུར་སྟེ། པཎྜི་ཏ་ཤྲ་དྡྷ་ཀ་ར་ཝརྨ་དང་། པདྨ་ཀ་ར་གུཔྟ་དང་། བུདྡྷ་ཤྲཱི་ཤཱནྟི་་དང་། བུདྡྷ་པཱ་ལ་དང་། ཀ་མ་ལ་གུཔྟ་ལ་སོགས་པ་སྤྱན་དྲངས་ཏེ་མཚན་ཉིད་ཀྱི་ཐེག་པ་དང་། རྒྱུད་སྟེ་བཞི་ཀ་བསྒྱུར། ཁྱད་པར་ཡོ་ག་དང་གསང་འདུས་ལ་སོགས་མང་པོ་བསྒྱུར་ཞིང་སྔགས་གཏན་ལ་ཕབ། པཎྜི་ཏ་དྷརྨ་པཱ་ལ་དང་པྲཛྙ་པཱ་ལ་སྤྱན་དྲངས་ཏེ། ཞང་ཞུང་པ་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བླངས་ཤིང་། བལ་པོར་བྱོན་ནས་འདུལ་འཛིན་པྲེ་ཏ་ཀ་ལ་འདུལ་བའི་ལག་ལེན་ཞུས། དེའི་སློབ་མ་དཔལ་འབྱོར་དང་། ཞིང་མོ་ཆེ་པ་བྱང་ཆུབ་སེང་གེ་ལ་སོགས་པ་བརྒྱུད་དེ། འདུལ་བ་སྟོད་ལུགས་ཀྱི་བཤད་པ་དར་རོ། །ལྷ་བླ་མས་ཞང་ཞུང་ཐོ་ལིང་གི་གཙུག་ལག་ཁང་བཞེངས། ལོ་པཎ་མང་པོའི་ཡོན་བདག་མཛད་དོ། །དེའི་གཅུང་སྲོང་ངེའི་སྲས་ལ་ལྡེས་ཀྱང་། པཎྜི་ཏ་སུ་བྷ་ཥིས་ཏ་སྤྱན་དྲངས། དེའི་སྲས་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད་དང་། བཙུན་པ་བྱང་ཆུབ་འོད་དང་གསུམ་གྱི་བྱང་ཆུབ་འོད་ཀྱིས་ནག་ཚོ་ཚུལ་རྒྱལ་ལ་སོགས་པ་མི་ལྔ་ལ་གསེར་བསྐུར། ལོ་ཙྪ་བ་རྒྱ་བརྩོན་འགྲུས་སེང་གེ་དཔོན་དུ་བསྐོས་ནས་པཎྜི་ཏ་བཟང་པོ་གདན་དྲོངས་ལ་ཤོག་བྱས་པས། ཤར་ཕྱོགས་རྒྱལ་པོ་དགེ་བ་དཔལ་གྱི་སྲས་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ལེགས་པར་སྦྱངས་པ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྤྱན་དྲངས་པས། སྒྲོལ་མས་ལུང་བསྟན་ཏེ་བྱོན་པས། རྒྱ་བརྩོན་སེང་ལམ་དུ་འདས། ནག་ཚོས་ལོ་ཙྪ་བྱས་ཏེ་བྱོན། ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོའི་གཟིམས་ཁང་དུ་བྱོན་པའི་ཚེ། དང་པོ་ལོ་ཙྪ་བས་ཕྱག་མ་མཛད་དེ། པཎྜི་ཏས་ལོ་ཙྪ་བའི་གཟིམས་ཁང་གི་གསང་སྔགས་ཀྱི་ལྷ་རྣམས་ལ་བསྟོད་པ་རེ་མཛད་པས། ལོ་ཆེན་མཉེས་ཏེ། ཆོས་ཀྱི་འབེལ་གཏམ་མང་པོ་མཛད་དེ། ཕྱག་བྱས་ཆོས་ཞུས། འགྱུར་མང་པོ་མཛད་དེ་ཁྱད་པར་དུ། ཡོ་ག་རྣམས་ཀུན་དགའ་སྙིང་པོའི་འགྲེལ་པ་དང་བསྟུན་ནས། དག་པར་བཅོས་ཏེ། དབང་བཀའ་དང་བཤད་སྒྲུབ་ཀྱི་མན་ངག་རྒྱ་ཆེར་སྤེལ་ལོ། །ཇོ་བོ་རྗེས་རིམ་གྱིས་དབུས་སུ་བྱོན་ཏེ། སློབ་མ་ཁུ་རྔོག་འབྲོམ་གསུམ་ལ་གདམས་པ་དང་ཆོས་མང་པོ་གནང་སྟེ། ཁྱད་པར་འབྲོམ་ལ་བཀའ་གདམས་ཀྱི་ཆོས་ལུགས་གནང་སྟེ། དར་བར་མཛད་དོ། །ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོའང་མངའ་རིས་སུ་ཀླུ་སྐར་རྒྱལ་བཏུལ། སྔགས་ལོག་སྤྱོད་པ་རྣམས་ཆོས་ཀྱིས་སུན་ཕྱུང་སྟེ། ཉེ་རྒྱུའི་སྒྲུབ་པ་མཛད་དེ་མཁའ་སྤྱོད་དུ་གཤེགས། ཞེས་གྲག་གོ། དེའི་ལོ་ཆུང་གྲགས་འབྱོར་ཤེས་རབ་ཀྱིས་ཀྱང་། བདེ་མཆོག་དང་། ཕག་མོ་དང་། ཚད་མ་ལ་སོགས་པ་བསྒྱུར་ཅིང་། མཁའ་སྤྱོད་དུ་གཤེགས་སོ། །བལ་ལོ་ཆུང་འགར་ཆོས་བཟངས་ཀྱིས་ཀྱང་། ལོ་ཙྪའི་ཆོས་དྲུག་ཅེས་གྲགས་པ་རྣམས་བསྒྱུར་ནས། རི་བོ་རྩེ་ལྔར་གཤེགས་སོ། །ཇོ་བོ་རྗེ་ལ་ལོ་ཙྪ་བ་སྔར་གྱི་དེ་དག་དང་ཤཱཀྱ་འོད་དང་ཡོལ་ལྕགས་རྡོ་རྗེ་དབང་ཕྱུག་དང་། དགེ་བའི་བློ་གྲོས་ལ་སོགས་པས་ཆོས་མང་པོ་བསྒྱུར་ཏེ་གཏན་ལ་ཕབ་བོ། །ལྷ་ཞི་བ་འོད་ཀྱིས་ཀྱང་དཔལ་མཆོག་དང་། ཞི་བ་འཚོའི་ཚད་མ་ལ་སོགས་པ་བསྒྱུར་རོ། །ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ། པཎྜི་ཏ་སྨྲྀ་ཏི་དང་ཕྲ་ལ་རིང་བ་བྱ་བ་གཉིས་བལ་བོ་པད་མ་རུ་ཙེ་བྱ་བས་གདན་དྲངས་འོངས་པས། ལོ་ཙྪ་བ་བལ་བོར་ཕོ་ལོག་གིས་ཤི་སྟེ། པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས། དབུས་གཙང་ན་མར་འཁྱམས་ཏེ། སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད། ཕྱིས་དཔྱལ་སེ་རྩ་བ་བསོད་ནམས་རྒྱལ་མཚན་གྱིས་སྨན་ལུངས་སུ་སྤྱན་དྲངས་ཏེ་ཆོས་ཞུས། ཁམས་སུ་བྱོན་ནས་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། ཕྱིས་བོད་སྐད་མཁས་པར་གྱུར་ཏེ། གདན་བཞི་དང་འཇམ་དཔལ་གསང་ལྡན་གྱི་སྐོར་དང་། སྔགས་དོན་རྣམ་གཟིགས་ལ་སོགས་པ་རང་འགྱུར་མང་པོ་མཛད། ཕྱིས་ལི་ཆུ་གསེར་ཁང་ཏུ་བྱོན་ཏེ། སྨྲ་སྒོ་བརྩམས་སོ། །པཎྜི་ཏ་ཕྲ་ལ་རིང་བས་རོང་པ་ཆོས་བཟངས་ལ་གྲོང་འཇུག་བྱས་པས། རོང་པས་ཆོས་མང་པོ་ཏོལ་ཤེས་སུ་བྱུང་བ་ཡོན་ནོ། །མངའ་བདག་འོད་ལྡེས་ཀྱང་། སུ་ནྱ་ཤྲཱི་སྤྱན་དྲངས་སོ། །དེའི་སྲས་རྩེ་ལྡེས་ཀྱང་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས་ཏེ། ཁྱུང་པོ་ཆོས་བརྩོན་གྱིས་ལོ་ཙྪའི་བྱས་ནས་རྒྱུད་རྡོ་རྗེ་རྩེ་མོ་དང་་སྦྱོང་རྒྱུད་དང་། ཚད་མ་རྣམ་ངེས་དང་། དེའི་ཊིཀྐ་ཁོང་ཉིད་ཀྱིས་མཛད་པ་ལ་སོགས་པ་བསྒྱུར་རོ། །གཞན་ཡང་ཙནྡྲ་རཱ་ཧུ་ལ་སྤྱན་དྲངས་ཏེ། ལོ་ཙྪ་བ་ཏིང་ངེ་འཛིན་བཟང་པོས་ཚད་མ་ཀུན་ལས་བཏུས་ལ་སོགས་པ་བསྒྱུར་རོ། །རྩེ་ལྡེས་རྔོག་བློ་ལྡན་ཁ་ཆེར་བརྫངས་ཏེ། གཞན་ཕན་བཟང་པོ་དང་སྐལ་ལྡན་རྒྱལ་པོ་ལ་ཚད་མ་བསླབས། བྲམ་ཟེ་སད་ཛ་ན་དང་། གོ་མི་འཆི་མེད་ལ་སོགས་པ་ལ་བྱམས་ཆོས་བསླབས། དབང་སྡེས་ཡོན་བདག་བྱས་ཏེ་ཚད་མ་རྒྱན་ལ་སོགས་པ་བསྒྱུར། ཁྲི་བཀྲ་ཤིས་དབང་ཕྱུག་ནམ་མཁའ་བཙན་གྱིས་ཀྱང་། འགྱུར་གྱི་ཡོན་བདག་བྱས། ཁ་ཆེར་ལོ་བཅུ་བདུན་བཞུགས། བོད་དུ་བཅུ་བདུན་ཕྲག་གཉིས་བཞུགས། པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། ཨ་ཏུ་ལྱ་དཱ་ཤ་དང་། སུ་མ་ཏི་ཀིརྟི་དང་། ཨ་མ་ར་ཙནྡྲ་དང་། གཞོན་ནུ་འབུམ་པ་ལ་སོགས་པས་ལོ་ཙྪ་མཛད་དེ་ཆོས་མང་པོ་བསྒྱུར། གསང་ཕུ་ནེའུ་ཐོག་ལ་སོགས་པར་བཤད་པ་མཛད་དེ། རྒྱན་ཆོས་མཆོག་ཕར་ཕྱིན་སྤྱོད་འཇུག་ལ་སོགས་པ་དར་བར་མཛད་དེ། ཤིན་ཏུ་བཀའ་དྲིན་ཆེའོ། །པ་ཚབ་ཉི་མ་གྲགས་ཀྱིས་ཀྱང་ཁ་ཆེར་ལོ་ཉི་ཤུ་རྩ་གསུམ་སྦྱངས་ཏེ། པཎྜི་ཏ་ཀ་ན་ཀ་ཝརྨ་སྤྱན་དྲངས་ཏེ། དབུ་མའི་སྐོར་རྣམས་བསྒྱུར་ཅིང་བཤད་པས་སློབ་མ་པ་ཚབ་ཀྱི་བུ་བཞི་ལ་སོགས་པ་བྱུང་ངོ་། །འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་ཀྱང་། པཎྜི་ཏ་ག་ཡ་དྷར་ར་སྤྱན་དྲངས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ཏེ། ཀྱེ་རྡོ་རྗེ་གུར། སཾ་པུ་ཊི་དང་། ར་ལི་བཞི་དང་། ཨར་ལི་བཞི་ལ་སོགས་པ་མ་རྒྱུད་ཀྱི་སྒྲུབ་སྐོར་མན་ངག་དང་བཅས་པ་བསྒྱུར་རོ། །འགོས་ཁུག་པ་ལྷས་བཙས་ཀྱིས་རྒྱ་གར་དུ་ལན་གསུམ་བྱོན། པཎྜི་ཏ་གྲུབ་པ་བརྙེས་པ་བདུན་ཅུ་དོན་གཉིས་ལ་ཆོས་ཞུ། ཁྱད་པར་དུ་ཞི་བ་བཟང་པོ་དང་། སྒྲ་གཅན་འཛིན་བཟང་པོ་ལ་སོགས་པ་བསྟེན་ཅིང་གསང་འདུས་འཕགས་སྐོར། བདེ་མཆོག་རྡོ་རྗེ་མཁའ་འགྲོ། གདན་བཞི། མ་ཧཱ་མཱ་ཡཱ། ཀྱེ་རྡོ་རྗེའི་རྒྱུད་གསུམ་ལ་སོགས་པ་བསྒྱུར་རོ། །གྱི་ཅོ་ཟླ་བའི་འོད་ཟེར་གྱིས་ཀྱང་དུས་འཁོར། སངས་རྒྱས་ཐོད་པ། རྡོ་རྗེ་བདུད་རྩི། བདེ་མཆོག་ལ་སོགས་པ་བསྒྱུར། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཀྱང་། རྒྱ་གར་དུ་ལན་གསུམ་དུ་བྱོན། བླ་མ་ན་རོ། མཻ་ཏྲི། ཞི་བ་བཟང་པོ། ཕམ་ཐིང་པ་ལ་སོགས་པ་བསྟེན་ནས། གསང་འདུས། བདེ་མཆོག །ཀྱེ་རྡོ་རྗེ། མ་ཧཱ་མཱ་ཡཱ། གདན་བཞི་ལ་སོགས་པའི་མན་ངག་མང་པོ་ཞུས་ཏེ། སྒྲུབ་རྒྱུད་ཀྱི་སློབ་མ་ཤིན་ཏུ་དར་རོ། །ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་ཀྱང་། པཎྜི་ཏ་ཁ་ཆེ་དགོན་པ་བ་དང་། ཏེ་ཛ་དེ་བ་དང་། པ་ར་ཧི་ཏ་བྷ་དྲ་ལ་སོགས་བསྟེན་ནས། ཡོ་ག་དང་། གཙུག་ཏོར་དང་། ཕྱག་ན་རྡོ་རྗེ་འགྲོ་བཟང་གི་སྐོར་དང་། རྣམ་ཐོས་སྲས་དང་། སྤྱོད་འཇུག་གི་འགྲེལ་ཆེན་དང་། བདེ་མཆོག་གི་སྐོར་ལ་སོགས་པ་བསྒྱུར་རོ། །གཉན་དར་མ་གྲགས་ཀྱིས་རྒྱ་གར་དུ་ལོ་བཅུ་གཉིས་བཞུགས་ཏེ། པཎྜི་ཏ་མ་ཏི་བསྟེན། པཎྜི་ཏ་པུ་ཎྱ་ཤྲཱི་གདན་དྲངས་ཏེ། སྤྱོད་འཇུག་གི་འགྲེལ་ཆེན་དང་། སྒྲོལ་མ་དང་། ཆོས་སྐྱོང་ལ་སོགས་བསྒྱུར་རོ། །ཁྱེའུ་གད་པ་འཁོར་ལོ་གྲགས་དང་། སྤོང་ཞོ་གསལ་བ་གྲགས་དང་། ཙོང་ཁ་མི་ཉག་རྩ་མི་་སངས་རྒྱས་གྲགས་རྣམས་ཀྱིས་པཎྜི་ཏ་ཨ་བྷྱ་ཡཱ་ཀ་ར་གུཔྟ་བསྟེན་ནས། དུས་འཁོར། ཕྲེང་བ་སྐོར་གསུམ། ཐུབ་པ་དགོངས་རྒྱན། མན་ངག་སྙེ་མ་ལ་སོགས་པ་བསྒྱུར་རོ། །བྲེ་བོ་ལོ་ཙཱ་བ་ཤེས་རབ་དཔལ་གྱིས་ཀྱང་། པཎྜི་ཏ་དེ་བསྟེན་ནས་གནད་ཀྱི་ཟླ་ཟེར་ལ་སོགས་བསྒྱུར་རོ། །བ་རི་རིན་ཆེན་གྲགས་ཀྱིས་པཎྜི་ཏ་དོན་ཡོད་རྡོ་རྗེ་སྤྱན་དྲངས་ཏེ། དོན་ཞགས་དང་། སྲུང་བ་ལྔ་དང་། རྣམ་རྒྱལ་རྣམ་འཇོམས་ཀྱི་སྐོར་དང་བདེ་མཆོག་གི་སྐོར་དང་། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར་རོ། །ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་ཀྱང་། མཚན་བརྗོད་དང་། སྒྲོལ་མའི་སྐོར་དང་། དབུ་མ་འཇུག་པ་ལ་སོགས་པ་བསྒྱུར་རོ། །དེའི་སློབ་མ་མལ་གྱོ་བློ་གྲོས་གྲགས་པས། བདེ་མཆོག་དང་། སྒྲོལ་མ་ཉི་མ་སྦས་པའི་ལུགས་རྣམས་བསྒྱུར་རོ། །འབྲོ་ཤེས་རབ་གྲགས་ཀྱིས་ཁ་ཆེར་བྱོན་ཏེ། པཎྜི་ཏ་ཟླ་བ་མགོན་པོ་སྤྱན་དྲངས་ཏེ། དུས་འཁོར་ཆ་ལག་རྒྱས་པ་དང་། རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་སྟོང་འགྲེལ་ལ་སོགས་པ་བསྒྱུར་རོ། །བ་རེག་ཐོས་པ་དགའ་དང་། རྨ་བན་ཆོས་འབར་དང་། མཚུར་ལོ་ཙཱ་རྣམས་ཀྱིས། རྒྱ་གར་ཕྱག་ན་རྡོ་རྗེ་བསྟེན་ནས། ཕྱག་རྒྱ་ཆེན་པ་གྲུབ་པའི་སྐོར་དང་། སྙིང་པོའི་སྐོར་དང་། དོ་ཧ་སྐོར་གསུམ་དང་། དོ་ཧ་མཛོད་དང་། མཻ་ཏྲི་པའི་བདེ་མཆོག་ལ་སོགས་བསྒྱུར་རོ། །དཔྱལ་ཀུན་དགའ་རྡོ་རྗེས་བལ་པོ་ཧང་དུ་དཀར་པོ་བསྟེན། པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་སྤྱན་དྲངས་ཏེ། མན་ངག་མང་པོ་ཞུས་སོ། །རྭ་རྡོ་རྗེ་གྲགས་ཀྱིས་བལ་པོ་ཐུགས་རྗེ་ཆེན་པོ་བསྟེན་ནས། དགྲ་ནག་འཇིགས་སྐོར་གསུམ་དང་ཧེ་རུ་ཀ་མངོན་འབྱུང་གི་སྐོར་ལ་སོགས་པ་བསྒྱུར་རོ། །དབོན་པོ་རྭ་ཆོས་རབ་ཀྱིས། པཎྜི་ཏ་ས་མནྟ་ཤྲཱི་སྤྱན་དྲངས་ཏེ། དུས་འཁོར་དང་ཕག་མོ་མངོན་འབྱུང་དང་། མགོན་པོ་མངོན་འབྱུང་ལ་སོགས་པ་བསྒྱུར་རོ། །ཞང་ཤེས་རབ་བླ་མས་ཀྱང་པཎྜི་ཏ་ཨ་མོ་གྷ་བཛྲ་སྤྱན་དྲངས་ཏེ། དགྲ་ནག་གི་སྐོར་རྒྱར་པར་བསྒྱུར་རོ། །རྒྱུས་སྨོན་ལམ་གྲགས་ཀྱིས་ཀྱང་པཎྜི་ཏ་གཞན་ལ་ཕན་པ་བསྟེན་ཏེ། སྡོམ་འབྱུང་བསྒྱུར་རོ། །ཞ་མ་སེང་རྒྱལ་གྱིས་ཀྱང་། པཎྜི་ཏ་ནོར་བཟང་སྲུང་བ་ལ་སོགས་བསྟེན་ནས། ཚད་མ་ཀུན་ལས་བཏུས་རྩ་འགྲེལ་བསྒྱུར་རོ། །ཡར་འབྲོག་གི་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གིས་ཀྱང་། བདེ་མཆོག་གི་རྒྱུད་འགྲེལ་སྒྲུབ་སྐོར་རྒྱས་པར་བསྒྱུར་རོ། །དཔྱལ་ཆོས་ཀྱི་བཟང་པོས་རྒྱ་གར་དུ་ལོ་བཅུ་བཞུགས། བླ་མ་རྡོ་རྗེ་གདན་པ་ནི་སྐ་ལངྐ་ལ་བདེ་མཆོག་དང་། གཤིན་་རྗེ་གཤེད་དམར་གྱི་སྐོར་རྣམས་ཞུས་ཏེ་བསྒྱུར། ཁ་ཆེ་ཤཱཀྱ་ཤྲཱི་ལ་དགེ་ཚུལ་བྱས་སོ། །ཁྲོ་ཕུ་ལོ་ཙྪ་བ་བྱམས་པའི་དཔལ་གྱིས་ཐོག་མར། ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནནྡ་ཞེས་པ་མི་ཏྲ་ཛོ་ཀི་ཞེས་གྲགས་པ་སྤྱན་དྲངས་ཏེ། བདེ་ཆེན་རལ་གཅིག་གི་སྐོར་དང་། སེམས་ཉིད་ངལ་བསོའི་སྐོར་དང་། བསྟན་པའི་གྲུ་ལ་སོགས་པ་བསྒྱུར་རོ། །དེ་ནས་ཁ་ཆེའི་པཎྜི་ཏ་བུད་དྷ་ཤྲཱི་ཛྙཱ་ན་སྤྱན་དྲངས་ཏེ། མངོན་རྟོགས་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མེ་དང་། རྒྱལ་བའི་ལམ་འཇུག་དང་། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྒྱ་རྩ་ལ་སོགས་པ་བསྒྱུར་རོ། །དེ་ནས་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ་སྤྱན་དྲངས་ཏེ། དཔྱལ་ཆོས་བཟང་གིས་ནཱ་རོ་འགྲེལ་ཆེན་བསྒྱུར་ཏེ། དེའི་བཤད་བཀའ་མན་ངག་དང་བཅས་པ་གནང་། པཎྜི་ཏ་དེ་ལ་འཁོར་པཎ་ཆུང་བི་བྷུ་ཏི་ཙནྡྲ་དང་། དཱ་ན་ཤཱི་ལ་དང་། བལ་པོ་སཾ་གྷ་ཤྲཱི་དང་། སུ་ག་ཏ་ཤྲཱི་ལ་སོགས་པ་དགུ་བྱོན་ཏེ། བི་བྷུ་ཏི་དང་དཱ་ན་ཤཱི་ལས་བོད་དུ་ཡུན་རིང་པོ་བཞུགས་ཏེ་རང་འགྱུར་ཡང་མཛད་དོ། །བྱམས་པའི་དཔལ་གྱིས་འདུལ་བ་མེ་ཏོག་ཕྲེང་བརྒྱུད་བསྒྱུར། དེའི་བཤད་བཀའ་ནོད། རྡོ་རྗེ་ཕྲེང་བ་དང་། བདེ་མཆོག་ལ་སོགས་པ་བསྒྱུར་རོ། །ཁ་ཆེ་པཎ་ཆེན་དེ་ལ་ས་སྐྱ་པཎྜི་ཏས་བསྙེན་རྫོགས་བྱས་ནས། བལ་པོ་སཾ་ག་ཤྲཱི་དང་བཅས་པ་ལ་སྒྲ་བསླབས་ཏེ། པཎ་ཆེན་དང་དཱ་ན་ཤི་ལ་ལ་རྣམ་འགྲེལ་བསླབས་ཏེ། འགྱུར་བཅོས་བྱས་ཏེ། མཁས་པ་ཆེན་པོར་གྱུར་ནས་ཆོས་མ་དག་པ་རྣམས་སུན་ཕྱུང་ངོ་། །པཎ་ཆེན་ལ་བྱང་ཆུབ་དཔལ་དང་རྡོ་རྗེ་དཔལ་གཉིས་ཀྱིས་བསྙེན་རྫོགས་བྱས་ཏེ། གདན་གཅིག་པའི་བརྟུལ་ཞུགས་བཟུང་ངོ་། །དེ་ནས་བརྒྱུད་དེ། པཎ་ཆེན་གྱི་མཁན་བརྒྱུད་ཀྱི་བསླབ་པ་འཛིན་པ་མང་པོ་བྱུང་ངོ་། །པཎ་ཆེན་གྱིས་སྲིན་པོ་རིར་རྡོ་རྗེ་ཕྲེང་བའི་དབང་བསྐུར་རྫོགས་པར་མཛད་ནས། དབང་བཀའ་དར་བར་འཕེལ་ལོ། །ཆག་དགྲ་བཅོམ་གྱིས་ཀྱང་། རྒྱ་གར་དུ་བྱོན་ནས། རྒྱལ་བའི་ལམ་འཇུག་ལ་སོགས་བསྒྱུར་རོ། །དེའི་དབོན་པོ་ཆག་ཆོས་རྗེ་དཔལ་གྱིས་རྒྱ་གར་དུ་བྱོན། རེ་བེནྡྲ་དང་རཏྣ་རཀྵི་ལ་སོགས་པ་གྲུབ་ཐོབ་མང་པོ་བསྟེན། གཙུག་དགུའི་རྒྱུད་བསྒྱུར། འགྱུར་བཅོས་མང་པོ་མཛད་དོ། །ཤོང་རྡོ་རྗེ་རྒྱལ་མཚན་གྱིས་བལ་པོར་བྱོན། པཎྜི་ཏ་ལཀྵི་ཤྲཱི་སྤྱན་དྲངས་ཏེ། སྙན་ངག་མེ་ལོང་དང་། དཔག་བསམ་འཁྲི་ཤིང་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། བསྟོད་པ་བརྒྱ་པ་ལ་སོགས་བསྒྱུར་རོ། །དེའི་གཅུང་པོ་བློ་གྲོས་བརྟན་པས་ཀྱང་གཤིན་རྗེ་གཤེད་དམར་གྱི་རྒྱུད་བསྒྱུར། འགྱུར་བཅོས་བྱས་སོ། །ཡར་ལུང་པ་གྲགས་པ་རྒྱལ་མཚན་གྱིས་ཀྱང་། མི་གཡོ་བའི་རྒྱུད་དང་སྒྲུབ་ཐབས་རྒྱ་མཚོ་དང་བྱ་བ་བསྡུས་པ་ལ་སོགས་བསྒྱུར་རོ། །བདག་གི་བླ་མ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བལ་པོར་ལོ་བཅུ་བཞིར་སྦྱངས་པ་མཛད། རིའི་ཀུན་དགའི་མདོ་ལ་སོགས་མདོ་བཅུ་གསུམ་ཙམ་པཎྜི་ཏ་ཨ་ནནྡ་ཤྲཱི་སྤྱན་དྲངས་ཏེ་བསྒྱུར་རོ། །གཞན་ཡང་གཞི་འགྱུར་དང་འགྱུར་བཅོས་མང་པོ་མཛད་དོ། །དཔང་བློ་གྲོས་བརྟན་པས་ཀྱང་ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་རྒྱལ་དབང་བློས་མཛད་པ་དང་། དུས་འཁོར་གྱི་བཤད་སྦྱར་སྙིང་པོ་སྣང་བ་ལ་སོགས་པ་བསྒྱུར་ཏེ། དེ་དག་གིས་བསྟན་པ་དར་བར་བྱས་པ་ཡིན་ནོ། །ཞིབ་ཏུ་རང་རང་གི་རྣམ་པར་ཐར་པའི་ཡི་གེ་ལས་ཤེས་པར་བྱའོ། །

ཞར་བྱུང་། བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དང་ལོ་ཙཱ་བའི་མཚན་ཐོ།

དེ་ལྟར་བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་བོད་དུ་བྱུང་བ་ནི། མཁན་པོ་ཤནྟ་རཀྵི་ཏ་བོད་སྐད་དུ་ཞི་བ་འཚོ་དང་། པདྨ་འབྱུང་གནས་དང་། སྔགས་འཆང་དྷརྨ་ཀིརྟི་དང་། བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་དང་། སངས་རྒྱས་གསང་བ་དང་། བསམ་ཡས་ཀྱི་རབ་གནས་མཁན་ཤཱནྟི་གརྦྷ་ཞི་བ་སྙིང་པོ་དང་། བི་ཤུདྡྷ་སི་དྷ་ཧ་རྣམ་དག་སེང་གེ་དང་། ཀ་མ་ལ་ཤཱི་ལ་པདྨའི་ངང་ཚུལ་དང་། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར་དང་། བལ་པོ་ཤཱི་ལ་མཉྫུ་དང་། བྲམ་ཟེ་ཨ་ནནྡ་དང་། ཀ་ལྱེ་མི་ཏྲ་དགེ་བའི་བཤེས་གཉེན་དང་། ཛི་ན་མི་ཏྲ་རྒྱལ་བའི་བཤེས་གཉེན་དང་། སུ་རེནྡྲ་བོ་དྷི་ལྷའི་དབང་པོ་བྱང་ཆུབ་དང་། ཤཱི་ལེནྡྲ་བོ་དྷི་ཚུལ་ཁྲིམས་དབང་པོ་བྱང་ཆུབ་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། མུ་ནི་ཝརྨ་ཐུབ་པའི་གོ་ཆ་དང་། སརྦ་ཛྙཱ་དེ་བ་ཀུན་མཁྱེན་ལྷ་དང་། བིདྱ་ཨ་ཀ་ར་པྲ་བྷུ་རིག་བྱེད་འོད་ཟེར་དང་། ཤུདྡྷ་ཀ་ར་ཝརྨ་དད་བྱེད་གོ་ཆ་དང་། པདྨ་གུཔྟ་པདྨ་སྦས་པ་དང་། མུཀྟི་མི་ཏྲ་གྲོལ་བའི་བཤེས་གཉེན་དང་། བུདྡྷ་ཤྲཱི་ཤཱནྟི་དང་། བུདྡྷ་པཱ་ལ་སངས་རྒྱས་སྐྱོང་དང་། དྷརྨ་པཱ་ལ་དང་། པྲ་ཛྙཱ་པཱ་ལ་དང་། སུ་བྷ་ཥི་ཏ་ལེགས་པར་གསུངས་པ་དང་། པྲཛྙ་ཝརྨ་དང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་རྗེ་དང་། དེའི་དབོན་པོ་དཱ་ན་ཤྲཱི་དང་། སྨྲྀ་ཏི་ཛྙཱ་ན་ཀིརྟི་དྲན་པའི་ཡེ་ཤེས་གྲགས་པ་དང་། ཕྲ་ལ་རིང་བ་དང་། སུ་ནྱ་ཤྲཱི་ལེགས་པར་རིག་པའི་དཔལ་དང་། ཁ་ཆེ་ཛྙཱ་ན་ཤྲཱི་དང་། ཙནྡྲ་རཱ་ཧུ་ལ་དང་། ར་དྷི་པཱ་ལ་བརྟན་སྐྱོང་སྟེ་འབུམ་ཕྲག་གསུམ་པ་དང་། ཨ་ཏུ་ལྱེ་དཱ་ཤ་མི་མཉམ་ཁོལ་པ་དང་། སུ་མ་ཏི་ཀཱི་རྟི་བློ་བཟང་གྲགས་པ་དང་། ཨ་མ་ར་ཙནྡྲ་དང་། ཐིག་ལེ་བུམ་པ་དང་། གཞོན་ནུ་བུམ་པ་དང་། ཀ་ན་ཀ་ཝརྨ་་དང་། དམ་པ་རྒྱ་གར་དང་། ཛ་ཡ་ཨ་ནནྟ་དང་། ག་ཡ་དྷ་ར་དང་། དོན་ཡོད་རྡོ་རྗེ་དང་། ཟླ་བ་མགོན་པོ་དང་། སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེ་དང་། ཡེ་ཤེས་རྡོ་རྗེ་དང་། ཤེས་རབ་གསང་བ་དང་། མ་ཧཱ་ཛ་ན་དང་། ཝ་ལ་ཙནྟྲ་དང་། མནྟྲ་ཀ་ལཀྵུ་དང་། སུ་ག་ཏ་ཤྲཱི་དང་། ཀརྨ་བཛྲ་དང་། ཛ་མཱ་རི་དང་། བཻ་རོ་ཙ་ན་བཛྲ་དང་། མཉྫུ་གྷོ་ཥ་དང་། སཱུརྱ་ཀིརྟི་དང་། པྲ་ཛྙཱ་ཤྲཱི་ན་དང་། གང་གཱ་དྷ་ར་དང་། ནོར་སྦས་དང་། ས་མནྟ་ཤྲཱི་དང་། ནིསྐ་ལང་ཀ་དེ་ཝ་དང་། ཛ་ག་ཏ་མི་ཏྲ་ཨ་ནནྟ་དང་། བུད་དྷཱ་ཤྲཱི་ཛྙཱ་ན་དང་། ཤཱཀྱ་ཤྲཱི་བྷ་དྲ་དང་། བི་བྷུ་ཏི་ཙནྡྲ་དང་། དཱ་ན་ཤཱི་ལ་དང་། སཾ་གྷ་ཤྲཱི་དང་། ལོངས་སྤྱོད་རྡོ་རྗེ་དང་། རཏྣ་ཤྲཱི་དང་། བལ་པོ་མ་ཧཱ་པ་ན་དང་། བལ་པོ་བཛྲ་ཀིརྟི་དང་། བལ་པོ་ཀ་ཡ་ཤྲཱི་དང་། བལ་པོ་གྲགས་པ་དཔལ་དང་། ཀུ་མཱ་ར་དང་། ཐམས་ཅད་མཁྱེན་པའི་དཔལ་དང་། སཱ་དྷུ་ཀིརྟི་དང་། བི་ན་ཡ་ཤྲཱི་དང་། ཤཱི་ལ་ཤྲཱི་དང་། མཾ་ག་ལ་ཤྲཱི་དང་། བི་མ་ལ་ཤྲཱི་དང་། དར་པན་ཨཱ་ཙཱརྱ་དང་། ཛ་ཡ་དེ་བ་དང་། ལཀྵཾ་ཀ་ར་དང་། རཏྣ་ཤྲཱི་དང་། ཨ་ནནྟ་ཤྲཱི་དང་། རཱ་ཧུ་ལ་ཤྲཱི་དང་། བླ་མ་ཟངས་གླིང་པ་དང་། ཀིརྟི་པཎྜི་ཏ་ལ་སོགས་པ་བྱོན་ནོ། །ལོ་ཙྪ་བ་ལ་སྔ་བ་ཐོན་མི་སཾ་བྷོ་ཊ་དང་། དྷ་རྨ་ཀོ་ཥ་དང་། རྡོ་རྗེ་དཔལ་དང་། བྲན་ཀ་མུ་ལ་ཀོ་ཥ་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྦ་ཡེ་ཤེས་དབང་པོ་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། འབའ་ཁྲི་བཞེར་སང་ཤི་ཏ་དང་། སྦྲང་རྒྱར་ལེགས་གཟིགས་དང་། སེང་གོང་ལྷ་ལུང་གཟིགས་དང་། རྦ་རྨང་རྗེ་གསལ་སྣང་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་པུ་དཔལ་གྱི་སེང་གེ། དབའ་མཉྫུ་ཤྲཱི། རྩངས་དེ་ཝེནྟྲ་རཀྵི་ཏ། བྲན་ཀ་མུ་ཏི་ཀ། པ་གོར་བཻ་རོ་ཙ་ན་རཀྵི་ཏ། འཁོན་ནཱ་གེནྟྲ་རཀྵི་ཏ། རྨ་རིན་ཆེན་མཆོག །རྩངས་ས་ལའི་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨ་ལོ་ཀ་དང་། དྲན་པ་ནམ་མཁའ་དང་། དགྲ་བཅོམ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་དང་། ལྕེ་ཁྱི་འབྲུག་དང་། ཉང་ཁམས་པ་གོ་ཆ་དང་། ཛྙཱ་དེ་བ་ཀོ་ཥ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། འགོས་ཆོས་གྲུབ་དང་། སྟོང་ཙ་ཨཱ་ཙཱརྱ་དང་། དྷརྨ་ཏཱ་ཤཱི་ལ་དང་། ཀླུའི་རྒྱལ་མཚན་དང་། དཔལ་བརྩེགས་རཀྵི་ཏ་དང་། རཏྣ་རཀྵི་ཏ་དང་། ཡེ་ཤེས་སྡེ་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་་དང་། རཏྣེནྟྲ་ཤཱི་ལ་དང་། བཟང་སྐྱོང་དང་། ལྷའི་ཟླ་བ་དང་། དཔལ་གྱི་ལྷུན་པོ་དང་། དཔལ་འབྱོར་དང་། ཡེ་ཤེས་སྙིང་པོ་དང་། རྒྱལ་བ་ཤེས་རབ་དང་། ཤཱཀྱ་བཤེས་གཉེན་དང་། དགེ་བ་དཔལ་དང་། ལེགས་ཀྱི་སྡེ་དང་། སྣུབས་ནམ་མཁའི་སྙིང་པོ་དང་། ཡི་གེ་པ་དགོན་གླིང་རྨ་དང་། གཞོན་ནུ་བསྲུང་བ་དང་། ནམ་མཁའ་སྐྱོང་དང་། རིན་ཆེན་བཟང་པོ་དང་། གྲགས་འབྱོར་ཤེས་རབ་དང་། འབྲོ་སེང་དཀར་ཤཱཀྱ་འོད་དང་། རྔོག་ལེགས་པའི་ཤེས་རབ་དང་། ལྷ་བླ་མ་ཞི་བ་འོད་དང་། རྒྱ་བརྩོན་འགྲུས་སེང་གེ་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང་། ཁུ་དངོས་གྲུབ་དང་། ཆོས་ཀྱི་ཤེས་རབ་དང་། མར་ཐུང་དད་པ་ཤེས་རབ་དང་། རྨ་དགེ་བའི་བློ་གྲོས་དང་། ག་རོང་ཚུལ་ཁྲིམས་འབྱུང་གནས་དང་། ཤཱཀྱ་བློ་གྲོས་དང་། འབྲོམ་རྒྱལ་བའི་འབྱུང་གནས་དང་། ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་དང་། སྟག་ལོ་ཙྪ་བ་དང་། འགར་ཆོས་ཀྱི་བཟང་པོ་དང་། ཤེའུ་བཛྲ་དེ་བ་དང་། རབ་ཞི་བཤེས་གཉེན་དང་། རྔོག་བློ་ལྡན་ཤེས་རབ་དང་། ཟངས་དཀར་འཕགས་པ་ཤེས་རབ་དང་། གཉན་དར་མ་གྲགས་དང་། ཟུ་དགའ་བ་རྡོ་རྗེ་དང་། གྱི་ལྗང་དབུ་དཀར་དང་། ཆོས་ཀྱི་ཡོན་ཏན་དང་། ཆོས་ཀྱི་རིན་ཆེན་དང་། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་དང་། འགོས་ཁུག་པ་ལྷས་བཙས་དང་། གྱི་ཅོ་ཟླ་བའི་འོད་ཟེར་དང་། ཀློག་སྐྱ་ཤེས་རབ་བརྩེགས་དང་། མལ་གྱོ་བློ་གྲོས་གྲགས་དང་། སེ་རྩ་བ་བསོད་ནམས་རྒྱལ་མཚན་དང་། རོང་པ་ཆོས་བཟངས་དང་། ཡོལ་ལྕགས་རྡོ་རྗེ་དབང་ཕྱུག་དང་། མང་འོར་བྱང་ཆུབ་ཤེས་རབ་དང་། རྩ་མི་སངས་རྒྱས་གྲགས་དང་། ཁྱེའུ་གད་པ་འཁོར་ལོ་གྲགས་དང་། སྤོང་ཞོ་གསལ་བ་གྲགས་དང་། དིང་རི་ཆོས་གྲགས་དང་། རྒྱུས་སྨོན་ལམ་གྲགས་དང་། པ་ཚབ་ཉི་མ་གྲགས་དང་། བ་རི་རིན་ཆེན་གྲགས་དང་། འབྲོ་ཤེས་རབ་གྲགས་དང་། རྭ་རྡོ་རྗེ་གྲགས། ཀྲེ་བོ་ཤེས་རབ་དཔལ་དང་། བཀྲ་ཤིས་རྒྱལ་མཚན་དང་། བ་རེག་ཐོས་པ་དགའ་དང་། རྨ་བན་ཆོས་འབར་དང་། མཚུར་དབྱིག་གི་རྒྱལ་མཚན་དང་། མཚུར་དབང་ངེ་དང་། དཔྱལ་ཀུན་དགའ་རྡོ་རྗེ་དང་། དཔྱལ་ཀུན་དགའ་གྲགས་དང་། མར་དོ་ཆོས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་སྙིང་པོ་དང་། ཀཾ་ཆོས་ཀྱི་ཡེ་ཤེས་དང་། ཕྱུགས་མཚམས་དབང་ཕྱུག་རྒྱ་མཚོ་དང་། ཚུལ་ཁྲིམས་ཡོན་ཏན་དང་། ཁྱེའུ་གད་པ་ཡོན་ཏན་དཔལ་དང་། བསོད་ནམས་བཟང་པོ་དང་། སུམ་པ་དཔལ་མཆོག་རྡོ་རྗེ་དང་། ཉི་མ་རྡོ་རྗེ་དང་། ཁུ་དགེ་བསྙེན་ནེ་ཙོ་དང་། ཀློག་སྐྱ་གཞོན་ནུ་འབར་དང་། ལྷ་ཡེ་ཤེས་རྒྱལ་མཚན་དང་། བྱང་ཆུབ་འབྱུང་གནས་དང་། སླན་ཆོས་ཀྱི་བློ་གྲོས་དང་། ཅོག་གྲུ་ཏིང་ངེ་འཛིན་བཟང་པོ་དང་། ཤེས་རབ་ཡེ་ཤེས་དང་། རིག་པ་གཞོན་ནུ་དང་། གཞོན་ཚུལ་དང་། ཁུ་མདོ་སྡེ་འབར་དང་། ཤེས་རབ་བརྩོན་འགྲུས་དང་། གཡུང་དྲུང་འོད་དང་། བསོད་ནམས་རྒྱལ་བ་དང་། ཅོག་གྲུ་ཤེས་རབ་བླ་མ་དང་། ཅོག་གྲུ་མྱ་ངན་མེད་པའི་དཔལ་དང་། ལ་ཆིངས་ཡོན་ཏན་འབར་དང་། བསོད་ནམས་མོས་པ་དང་། དགེ་ཚུལ་ཁྱུང་གྲགས་དང་། ཚུལ་ཁྲིམས་བརྩེགས་དང་། ལྷ་བཙུན་པ་དང་། ལྷ་བཙན་པོ་མུ་ནི་རཱ་ཛཱ་དང་། རྔོག་བུད་དྷ་པཱ་ལ་དང་། རྒྱ་ལོ་ཙྪ་དང་། སྦལ་རྡོ་རྗེ་རྒྱལ་པོ་དང་། ལྷ་རིན་པོ་ཆེ་དང་། ལྷ་ཆོས་ཀྱི་རིན་ཆེན་དང་། སྐྱུར་ཚུལ་ཁྲིམས་འོད་ཟེར་དང་། དགེ་སློང་བྱའི་གདོང་ཅན་དང་། ར་བྱིད་ལོ་ཙྪ་དང་། ཕུར་བུ་འོད་དང་། པ་ཚབ་ཚུལ་རྒྱལ་དང་། ཤེས་རབ་ལེགས་དང་། ནག་ཚོ་དར་མ་གྲགས་དང་། མར་པ་བློ་གྲོས་བཟང་པོ་དང་། སེ་ལོ་ཙྪ་དང་། ཟླ་བ་གྲགས་པ་དང་། མཉལ་མི་ཡེ་ཤེས་ཆོས་དང་། ཆོས་ཀྱི་ཟླ་བ་དང་། དགེ་སློང་ཤེས་རབ་སྐྱབས་དང་། ནག་ཚོ་ཤེས་རབ་རྒྱལ་མཚན་དང་། འ་ཞ་རྒྱ་གར་བརྩེགས་དང་། གཉན་བསོད་ནམས་དང་། བ་རི་ཆོས་གྲགས་དང་། ཨོང་པོ་ལོ་ཙྪ་དང་། གཞོན་ནུ་ཤེས་རབ་དང་། འགར་ཤེས་རབ་འབྱུང་གནས་དང་། འཇམ་དཔལ་གཞོན་ནུ་དང་། ཤེས་རབ་འོད་ཟེར་དང་། ལྕེ་དགའ་བ་དཔལ་དང་། ཡེ་ཤེས་འབྱུང་གནས་དང་། ཤཱཀྱ་བརྩོན་འགྲུས་དང་། རྭ་ཆོས་རབ་དང་། ལོ་བཙུན་ཆུང་རྡོ་རྗེ་རྒྱལ་མཚན་དང་། ཞ་མ་དགེ་བསྙེན་སེང་རྒྱལ་དང་། ལྕེ་བཀྲ་ཤིས་དང་། ཆག་དགྲ་བཅོམ་དང་། དཔྱལ་ཆོས་བཟངས་དང་། གནུབས་བྱམས་བའི་དཔལ་དང་། ས་སྐྱ་པཎྜི་ཏ་དང་། ཆག་ཆོས་རྗེ་དཔལ་དང་། དཔྱལ་ཤེས་རབ་འོད་དང་། ཞང་གྲུབ་པ་དཔལ་དང་། གློ་པོ་ཤེས་རབ་རིན་ཆེན་དང་། ལྷོ་བྲག་པ་དར་སེང་དང་། མི་མཉམ་བཟང་པོ་དང་། ཤོང་རྡོ་རྗེ་རྒྱལ་མཚན་དང་། ཤོང་བློ་གྲོས་བརྟན་པ་དང་། ཁམས་པ་བློ་གྲོས་རྒྱལ་པོ་དང་། འདན་མ་ཚུལ་སེང་དང་། རས་གཞོན་བརྩོན་དང་། ཤུད་སྐྱེ་གྲགས་པ་རྒྱལ་མཚན་དང་། ཉི་མ་རྒྱལ་མཚན་དཔལ་བཟང་པོ་དང་། དཔང་བློ་གྲོས་བརྟན་པ་དང་། སྒྲ་ཚད་པ་རིན་རྒྱལ་དང་། ལེགས་པའི་བློ་གྲོས་ལ་སོགས་པ་སྟེ། དེ་དག་གིས་གང་བསྒྱུར་འོག་ཏུ་འཆད་ཅིང་། འདིར་མ་ཆུད་པའི་པཎྜི་ཏ་བོད་དུ་བྱོན་པའི་དྲིན་ཅན་དང་། ལོ་ཙྪ་བ་རྣམས་ཀྱང་ཇི་ལྟར་རྙེད་པ་བསྣན་པར་བྱའོ། །ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ལས། བོད་དུ་ཆོས་བྱུང་ཚུལ་གྱི་ལེའུ་སྟེ་གསུམ་པའོ།། །།


previousགཉིས་པ། ཁྱད་པར་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ། next