གྲུབ་ཆེན་ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་རྣམ་བཤད།
གྲུབ་ཆེན་ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་རྣམ་བཤད་དངོས་གྲུབ་སྙེ་མའི་གནད་དོན་སྙིང་པོ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བརྟན་གཡོའི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །སྒྲིབ་བྲལ་ལྷན་སྐྱེས་བདེ་བ་ཆེན་པོའི་ངོར། །སྡོམ་མཛད་དཔའ་བོ་མཁའ་འགྲོ་ཡོངས་ཀྱི་གཙོ། །ཧེ་རུ་ཀ་དཔལ་ཡབ་ཡུམ་ཞབས་ལ་འདུད། །གྲུབ་པ་མཆོག་བརྙེས་ལཱུ་དྲིན་ནག་པོའི་ཞབས། །རྒྱལ་བ་གཉིས་པ་བརྒྱུད་པར་བཅས་པ་དང་། །གནས་གསུམ་དཔའ་བོ་དཔའ་མོ་ཐམས་ཅད་ལ། །འདུད་ཀྱིས་དངོས་གྲུབ་རྒྱ་མཚོ་འདུ་བར་མཛོད། །རྩ་བཤད་རྒྱུད་ལས་རྫོགས་རིམ་འཆད་པའི་ཚུལ། །གྲུབ་ཆེན་བཙོང་ཁ་པ་ཡིས་ཕྱེ་བའི་སྲོལ། །སྔོན་ཆད་ཕྱོགས་འདིར་གསལ་བར་མ་གྱུར་པ། །བླ་མའི་དྲིན་ལས་བདག་གིས་བཤད་པར་བྱ། །དེ་ལ་འདིར་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་ཅུང་ཟད་ཕྱེ་སྟེ་འཆད་པ་ལ་གཉིས། སྔོན་དུ་འགྲོ་བ་རྒྱུད་གཉིས་ཀྱི་རྣམ་གཞག་མདོར་བསྟན་པ་དང་། སྐབས་སུ་བབས་པའི་རྫོགས་རིམ་གྱི་རྣམ་གཞག་རྣམས་སོ་སོར་བཤད་པའོ། །དང་པོ་ནི། རྒྱལ་བས་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱི་ནང་ནས་བརྗོད་བྱའི་ངོས་ནས་རབ་དང་ཕུལ་དུ་གྱུར་པ་ནི་བླ་མེད་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཡིན་ལ། བླ་མེད་ཀྱི་རྒྱུད་དེ་ལ་སྡེ་ཚན་གྱི་སྒོ་ནས་གཉིས་སུ་ཡོད་དེ། ཕ་རྒྱུད། ཐབས་རྒྱུད། རྣལ་འབྱོར་རྒྱུད་ཅེས་གྲགས་པའི་སྡེ་ཚན་གཅིག་དང་། མ་རྒྱུད། ཤེས་རབ་ཀྱི་རྒྱུད། རྣལ་འབྱོར་མའི་རྒྱུད་ཅེས་གྲགས་པའི་སྡེ་ཚན་གཉིས་ཡོད་པའི་ཕྱིར། ནང་ཚན་གྱིས་ཕྱེ་ན་དུ་མ་ཡོད་དེ། ཕ་རྒྱུད་ལ་བྱེ་བ་དྲུག་དང་། མ་རྒྱུད་ལ་བྱེ་བ་བཅུ་དྲུག་ཡོད་པའི་ཕྱིར་ཏེ། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་པའི་ཕྱིར། རྒྱུད་གཉིས་པོ་དེ་ལ་ཕ་མའི་རྒྱུད་དུ་འཇོག་ཚུལ་གཉིས་ཡོད་དེ། ཕལ་པ་བསྐྱེད་རིམ་གྱི་སྒོ་ནས་འཇོག་པ་དང་། གཙོ་བོ་རྫོགས་རིམ་གྱི་སྒོ་ནས་འཇོག་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྫོགས་རིམ་གྱི་ལུགས་འབྱུང་ལུགས་ལྡོག་གི་དགའ་བཞི་འདྲེན་པའི་རྒྱུ་སྨིན་བྱེད་ཀྱི་རིམ་པ་དང་པོའི་རྣལ་འབྱོར་གཙོ་བོར་སྟོན་པས་རབ་ཏུ་ཕྱེ་བའི་རིགས་གནས་ཀྱི་རྒྱུད་དེ་མ་རྒྱུད་དང་། སྒྱུ་མའི་སྐུ་འགྲུབ་པའི་རྒྱུད་སྨིན་བྱེད་ཀྱི་རིམ་པ་དང་པོའི་རྣལ་འབྱོར་གཙོ་བོར་སྟོན་པས་རབ་ཏུ་ཕྱེ་བའི་རིགས་གནས་ཀྱི་རྒྱུད་དེ་ཕ་རྒྱུད་དུ་འཇོག་པའི་ཕྱིར། གཉིས་པ་ཡོད་དེ། དེ་ལྟ་བུའི་དགའ་བཞི་འདྲེན་པའི་ཐབས་ཀྱི་རིམ་པ་གཉིས་པའི་རྣལ་འབྱོར་གཙོ་བོར་སྟོན་པའི་རྒྱུད་དེ་མ་རྒྱུད་དང་། སྒྱུ་མའི་སྐུ་སྒྲུབ་པའི་ཐབས་ཀྱི་རིམ་པ་གཉིས་པའི་རྣལ་འབྱོར་གཙོ་བོར་སྟོན་པའི་རྒྱུད་དེ་ཕ་རྒྱུད་དུ་འཇོག་པའི་ཕྱིར། ཕྱི་མའི་དབང་དུ་བྱས་ན། དེ་གཉིས་སོ་སོའི་འཇོག་བྱེད་ཀྱི་ཁྱད་པར་ཡོད་དེ། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྟོང་ཉིད་རྟོགས་པའི་བདེ་ཆེན་གྱི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་ཅིང་། སྒྱུ་མའི་སྐུ་སྒྲུབ་ཚུལ་དེ་ལྟར་དུ་མི་འཆད་པའི་རྒྱུད་དངོས་སམ་དེའི་སྡེར་གཏོགས་གང་རུང་གི་རྒྱུད་དེ། མ་རྒྱུད་ཀྱི་མཚན་ཉིད་དང་། སྟོང་པ་བཞིའི་རླུང་སེམས་ལས་སྒྱུ་མའི་སྐུ་སྒྲུབ་ཚུལ་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ་དེའི་སྡེར་གཏོགས་གང་རུང་གི་རྒྱུད་དེ། ཕ་རྒྱུད་ཀྱི་མཚན་ཉིད་དུ་འཇོག་རིགས་པའི་ཕྱིར་ཏེ། རྡོ་རྗེ་གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །དེ་ནི་རྣལ་འབྱོར་མར་བརྗོད་དོ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་རྣམས་ལ་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོ་ག་ཤེས། །འོད་གསལ་སྒྱུ་མ་བདག་གིས་ནི། །སྒྱུ་མ་འཇིག་རྟེན་ལ་བཤད་དོ། །ཞེས་གསུངས་པའི་ཕྱིར། ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དུ་འཇོག་པའི་ཤེས་རབ་དང་། ཐབས་ཤེས་རེ་རེ་བའི་རྒྱུད་དུ་འཇོག་པའི་ཤེས་རབ་གཉིས་མིང་འདྲ་ཡང་དོན་མི་གཅིག་སྟེ། སྔ་མ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། ཕྱི་མ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བྱེད་པའི་ཕྱིར། དེ་བཞིན་དུ་དེ་གཉིས་ཀྱི་ཐབས་ཀྱང་དོན་མི་གཅིག་སྟེ། སྔ་མ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བྱེད་ཅིང་། ཕྱི་མ་ནི་སྒྱུ་མའི་སྐུ་ལ་བྱེད་པའི་ཕྱིར། རྒྱུད་གཉིས་པོ་དེ་ལ་ཕ་རྒྱུད་དང་མ་རྒྱུད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་རྒྱུད་ཀྱི་བརྗོད་བྱའི་གཙོ་བོར་གྱུར་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་འདིར་ཐབས་ཤེས་གཉིས་སུ་ཕྱེ་བའི་ཤེས་རབ་ཀྱི་ཕྱོགས་མ་ལྟ་བུ་དང་། ཕ་རྒྱུད་ཀྱི་བརྗོད་བྱའི་གཙོ་བོར་གྱུར་པའི་སྒྱུ་མའི་སྐུ་དེ་ཐབས་ཤེས་གཉིས་སུ་ཕྱེ་བའི་ཐབས་ཀྱི་ཕྱོགས་ཕ་ལྟ་བུ་ཡིན་པར་མ་ཟད། སྔ་མ་སྟོང་ཕྱོགས་ཆོས་སྐུ་སྒྲུབ་བྱེད་དང་། ཕྱི་མ་སྣང་ཕྱོགས་གཟུགས་སྐུ་སྒྲུབ་བྱེད་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། དེ་ནི་ལག་རྗེས་འཇོག་ཚུལ་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། སྤྱིར་སྐུ་དེ་གཉིས་ཀྱི་སྒྲུབ་བྱེད་མི་འགལ་ཏེ། ཐབས་ཤེས་དེ་གཉིས་སོ་སོ་ནས་ཀྱང་སྐུ་གཉིས་ཀྱི་སྒྲུབ་བྱེད་དུ་འགྱུར་བའི་ཕྱིར། སངས་རྒྱས་སྒྲུབ་པའི་ཐབས་ཡིན་པ་ཙམ་གྱིས་ནི་ཐབས་ཤེས་གཉིས་སུ་ཕྱེ་བའི་ཐབས་ཡིན་མི་དགོས་ཏེ། སློབ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ལྟ་བུ་སངས་རྒྱས་སྒྲུབ་པའི་ཐབས་ཡིན་ཡང་། ཐབས་ཤེས་གཉིས་སུ་ཕྱེ་བའི་ཤེས་རབ་ཡིན་པའི་ཕྱིར། གཞི་གཅིག་ལ་ལྟོས་པའི་ཐབས་ཤེས་གཉིས་འགལ་མི་འགལ་ཇི་ལྟར་ཡང་། གཞི་སོ་སོ་ལ་ལྟོས་པའི་དེ་གཉིས་མི་འགལ་ཏེ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་འདིར་ཐབས་ཤེས་གཉིས་མེད་ཀྱི་ཐབས་ཡིན་ཡང་། ཐབས་ཤེས་རེ་རེ་བའི་ཤེས་རབ་ཏུ་འགྱུར་བའི་ཕྱིར། དེས་ན་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱིས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་རྩལ་དུ་བཏོན་ནས་འཆད་པ་ལ་འདྲ་བས། དེའི་སྒོ་ནས་ཐམས་ཅད་ཀྱང་གཉིས་མེད་ཀྱི་རྒྱུད་དུ་འཇོག་པ་ལ་འདྲ་བ་ཡིན་ཏེ། འདུས་པ་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པས། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་པའི་ཕྱིར། གཉིས་པ་ལ་བཞི། འདིའི་རྫོགས་རིམ་རྩ་བཤད་ཀྱི་རྒྱུད་ཀྱི་གཞུང་གང་གིས་བསྟན་པ། གཞུང་དེ་རྣམས་ཀྱིས་དོན་དེ་ཇི་ལྟར་བསྟན་ཚུལ་ཡན་ལག་དང་བཅས་པ། བསྟན་པའི་དོན་ཉམས་སུ་ལེན་ཚུལ་གྱི་རིམ་པ། མཐར་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི། སྐབས་འདིར་རྗེའི་རྣམ་བཤད་དངོས་གྲུབ་སྙེ་མར་བཤད་རྒྱུད་ཀྱི་ལུང་མང་དུ་དྲངས་ནས་དོན་བཤད་འདུག་ནའང་། འདིར་འཇུག་པ་བདེ་ཆེད་ཚིག་དོན་བསྡུས་ཏེ་འཆད་པ་ལ་གཉིས། རྩ་རྒྱུད་ཀྱི་ཆ་གང་གིས་རྫོགས་རིམ་བསྟན་ཚུལ་དང་། བཤད་རྒྱུད་ཀྱི་ཆ་གང་གིས་རྫོགས་རིམ་བསྟན་ཚུལ་ལོ། །དང་པོ་ཡོད་དེ། རྩ་རྒྱུད་ཀྱི་ལེའུ་དང་པོར། ཤྲཱི་ཧེ་རུ་ཀར་ཡང་དག་སྦྱོར། །ཞེས་སོགས་ཀྱི་རྐང་པ་བཞི་དང་། གཞུང་གི་ཆ་གཞན་མང་པོས་རྫོགས་རིམ་བསྟན་ཀྱང་། བསྐྱེད་རིམ་སྟོན་པའི་ཆས་རྫོགས་རིམ་སྦས་ནས་སྟོན་པའི་གཞུང་གི་གཙོ་བོ་ནི། རྒྱུད་ཀྱི་འགྲེལ་བ་སྦས་དོན་ཀུན་གསལ་ལས། རྩ་རྒྱུད་དུ་རྫོགས་རིམ་སྦས་པའི་སྐབས་མང་དུ་ཡོད་ཀྱང་འགངས་ཆེ་བ་ནི། བསྐྱེད་རིམ་གྱི་སྐབས་སུ་གསང་བ་ཞེས་སོགས་ཀྱི་ཚིགས་བཞི་དང་། བ་ལང་གནས་ཞེས་སོགས་ཀྱི་ཚིག་བཞིས་འབྱུང་བ་རིམ་བརྩེགས་སྒོམ་པ་དང་། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །ཞེས་པས་སྟེང་དུ་རི་རབ་སྒོམ་པ་དང་། དེའི་སྟེང་དུ་པདྨ་དང་། དེའི་ལྟེ་བར་དབྱངས་གསལ་ལས་ཧེ་རུ་ཀ་བསྐྱེད་པར་བཤད་པ་འདི་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། གཉིས་པ་ནི། རྩ་རྒྱུད་ཀྱི་གཞུང་དེ་དག་གི་དོན་འགྲེལ་བའི་དབང་དུ་མཛད་ནས། བཤད་རྒྱུད་ཀུན་སྤྱོད་ལས། ཨཱ་ལི་ཨཱ་ལི་མདུན་བསམས་ནས། ། རྣལ་འབྱོར་ཆེན་པོ་ངལ་གསོ་བྱ། །ཟླ་བའི་དཀྱིལ་འཁོར་རྫོགས་པར་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཞེས་པ་ནས། དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་པ་ཉིད་དུ་མཚོན་པ་མིན། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་གཟུངས་ནི་འཐོབ་པར་འགྱུར། །ཞེས་པའི་བར་དང་། ཁ་ཊྭཱཾ་ཀ་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཞེས་པ་ནས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའི་བར་གྱིས་ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོ་བསྒོམ་ཚུལ་བསྟན་པ་ཡིན་ཏེ། ལཱུ་ཧི་པའི་སྒྲུབ་ཐབས་སུ་འདི་རྣམས་བཀོད་ཅིང་། འགྲེལ་པས་དེའི་བཤད་པ་མཛད་པའི་ཕྱིར་བཤད་རྒྱུད་གཞན་གྱིས་རྩ་རྒྱུད་ཀྱི་གཞུང་དེའི་དོན་འགྲེལ་ཚུལ་ཡོད་དེ། བཤད་རྒྱུད་མངོན་བརྗོད་ལས་དེའི་དོན་འཆད་པའི་དབང་དུ་མཛད་ནས། ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནི་བཤད་པ་ཉིད། །དཀྱིལ་འཁོར་ལུས་ནི་ཡིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། །དེ་ལ་ལྟེ་བའི་འཁོར་ལོ་ཆེ། །ཞེས་སོགས་དང་། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐམས་ཅད་མཁྱེན་པས་འདི་བཤད་པའམ། །ཞེས་སོགས་དང་། ཧེ་རུ་ཀ་མངོན་འབྱུང་ལས་ཀྱང་། །གང་གིས་ཇི་ལྟར་སྔོན་གསུངས་པ། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །ལུས་ཀྱི་དཀྱིལ་འཁོར་ཞེས་སུ་བརྗོད། །ཞེས་སོགས་དང་། ཁྱོད་ཀྱིས་སྔར་བཤད་གསང་བ་དང་། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་སོགས་རྣམས་ཀྱིས་ཀྱང་རྩ་རྒྱུད་ཀྱི་ལེའུ་དང་པོ་དང་ཐ་མས་བསྟན་པའི་རྫོགས་རིམ་དེ་ཉིད་འཆད་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། དེ་རྣམས་ཀྱི་རྫོགས་རིམ་ཇི་ལྟར་བསྟན་པ་དང་། རིམ་གཉིས་ཀྱི་ངོ་བོ་གོ་རིམ་སྦྱང་གཞི་སྦྱོང་ཚུལ་ལམ་གྱི་སྙིང་པོ་དང་བཅས་པ་དང་། སྙིང་པོ་དེ་བསྐྱེད་པའི་ཐབས་ཇི་ལྟར་བསྟན་པའོ། དང་པོ་ནི། རྩ་རྒྱུད་ཀྱི་གཞུང་དེའི་དོན་ལ་དྲངས་ངེས་ཀྱི་བཤད་པ་གཉིས་ཡོད་དེ། ཕྱི་བསྐྱེད་རིམ་དང་ནང་རྫོགས་རིམ་ལ་སྦྱོར་ཚུལ་གཉིས་ཡོད་པའི་ཕྱིར་ཏེ། གསང་བ་ཞེས་སོགས་ཀྱི་དོན་བསྐྱེད་རིམ་ལ་སྦྱར་ན་གསང་བ་ས་དང་མཆོག་ཆུ་དང་དགྱེས་པ་མེ་དང་ཐམས་ཅད་བདག་ཉིད་རླུང་དང་རྟག་ཏུ་བཞུགས་ཀྱིས་ནམ་མཁའ་རི་རབ་དང་བཅས་པ་སྟོན་པ་ཡིན་ལ། རྫོགས་རིམ་ལ་སྦྱར་ན་ལུས་ཀྱི་རྐང་པ་ནས་མགོའི་བར་གྱི་གནས་ཚུལ་སྟོན་ཅིང་། དེ་ལའང་རྫོགས་རིམ་པས་གང་ལ་གནད་དུ་བསྣུན་པའི་རྡོ་རྗེའི་ལུས་ཀྱི་གནས་ཚུལ་སྟོན་པ་དང་། ངེས་དོན་གྱི་ལྷན་སྐྱེས་བསྐྱེད་ཚུལ་དང་སྦྱར་བ་གཉིས་ཡོད་པའི་ཕྱིར་ཏེ། དེའི་དང་པོ་ནི་འཆད་པར་འགྱུར་ལ། ཕྱི་མ་ནི། དངོས་གྲུབ་སྙེ་མ་ལས། གསང་བ་ནི་སྟོང་པ་ཉིད་ཡིན་ལ། དེར་བཞུགས་པ་ནི་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་སོ། །གསང་བ་དེ་ཡང་ཡེ་ཤེས་མཆོག་སྟེ་དམ་པའི་ཡུལ་དང་། དེ་ཡུལ་དུ་བྱས་ནས་དགྱེས་པ་སྟེ་བདེ་བ་ཆེན་པོ་བསྐྱེད་པ་དང་། གསང་བ་འདི་ཡང་ཐམས་ཅད་ཁྱབ་པའི་བདག་ཉིད་དང་དེར་རྟག་ཏུ་བཞུགས་པ་ནི་དེ་དོར་ནས་གང་དུ་ཡང་མ་བཞུད་པའོ། །འདི་ལ་བཤད་ཚུལ་མང་ཡང་འདིར་ལྷན་སྐྱེས་ཀྱི་ངེས་དོན་བཤད་པ་སྐབས་སུ་བབ་པ་ལྟར་རོ། །ཞེས་གསུངས་པ་བཞིན་ཡིན་པའི་ཕྱིར། གོང་དུ་དྲངས་པ་དང་མ་དྲངས་པའི་བཤད་རྒྱུད་ཀྱི་དོན་ཕལ་ཆེར་ནི་དངོས་གྲུབ་སྙེ་མར་ཤེས་པར་བྱ་ཞིང་། ཀུན་སྤྱོད་ཀྱི་ཨཱ་ལི་ཀཱ་ལི་མདུན་བསམས་ནས། ཞེས་སོགས་ཀྱི་དོན་ཡོད་དེ། ཨཱ་ལི་ཀཱ་ལི་མདུན་ཏེ་ངག་ཏུ་བརྗོད་པ་སྔོན་དུ་འགྲོ་བའི་རྗེས་གཞིག་གི་སྡུད་རིམ་གྱིས་རྫོགས་རིམ་རྣལ་འབྱོར་ཆེན་པོ་བསྒོམ་པའི་ཚུལ་འཆད་པར་འགྱུར་བ་ལྟར་བསྟན་པའི་ཕྱིར། མདོར་བསྡུ་ན་དེ་ཐམས་ཅད་ཀྱིས་ཀྱང་ལྟེ་བར་རྩ་འཁོར་བསྒོམ་པ་སོགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོ་བསྟན་པ་ཡིན་ཏེ། དངོས་གྲུབ་སྙེ་མ་ལས། དེ་ལྟར་ན་ཟླ་བའི་དཀྱིལ་འཁོར་བསྒོམ་པ་སོགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོ་ནི་རྩ་རྒྱུད་ཀྱི་གང་གིས་གསུངས་པ་ཀུན་སྤྱོད་ན་མི་གསལ་ཡང་། མངོན་བརྗོད་ལས་གསལ་བར་བཤད་ལ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་སོགས་ཀྱིས་ལྟེ་བའི་རྩ་འཁོར་ལ་བརྟེན་ནས་རྫོགས་རིམ་བསྒོམ་པ་དང་། དེ་ཡང་ཀུན་སྤྱོད་དང་མཐུན་པར་མངོན་བརྗོད་ལས་གསུངས་ཤིང་ཧེ་རུ་ཀ་མངོན་འབྱུང་ཡང་མངོན་བརྗོད་དང་བསྟུན་དགོས་པར་སྔར་གྱི་ལུང་དྲངས་པ་རྣམས་ཀྱིས་ཤེས། ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ། རིམ་གཉིས་ཀྱི་ངོ་བོ་དང་གོ་རིམ་ངེས་ཚུལ། དེ་གཉིས་ཀྱི་སྦྱང་གཞི་སྦྱོང་ཚུལ། ལམ་གྱི་སྙིང་པོ་ཐབས་ཤེས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ལ། རིམ་གཉིས་ཀྱི་ངོ་བོ་ཡོད་དེ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་སྟོབས་ཀྱིས་མ་བྱུང་ཞིང་། སྐྱེ་ཤི་བར་དོ་གསུམ་ཅི་རིགས་དང་རྣམ་པ་མཐུན་པར་བསྒོམ་དགོས་པའི་རིགས་སུ་གནས་པའི་སྒོ་ནས་རང་འབྲས་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་ཀྱི་རིམ་པ་དང་པོའི་རྣལ་འབྱོར་དེ། བསྐྱེད་རིམ་གྱི་ངོ་བོའམ་མཚན་ཉིད་དང་། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་ཞིང་། རང་རྒྱུ་བསྐྱེད་རིམ་བསྒོམས་སྟོབས་ཀྱིས་ཐོབ་དགོས་པའི་རིགས་སུ་གནས་པའི་རིམ་པ་གཉིས་པའི་རྣལ་འབྱོར་དེ། རྫོགས་རིམ་གྱི་ངོ་བོའམ་མཚན་ཉིད་དུ་རིགས་པའི་ཕྱིར། དེ་གཉིས་ཀྱི་མིང་གི་རྣམ་གྲངས་ཀྱི་ཁྱད་པར་ཡོད་དེ། བསྐྱེད་རིམ། རིམ་པ་དང་པོ། བཏགས་པའི་རྣལ་འབྱོར། བཅོས་མའི་རྣལ་འབྱོར་རྣམས་མིང་གི་རྣམ་གྲངས་དང་། རྫོགས་རིམ་རིམ་པ་གཉིས་པ། མ་བཏགས་པའི་རྣལ་འབྱོར། མ་བཅོས་པའི་རྣལ་འབྱོར་རྣམས་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོས་པའི་དུས་མཚམས་ཡོད་དེ། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ནུས་པའི་མཚམས་ནས་རྫོགས་རིམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་བར་འཇོག་པའི་ཕྱིར། རྫོགས་རིམ་གྱི་རྟོགས་པ་རྣམས་རྫོགས་པར་རྒྱུད་ལ་སྐྱེ་བ་ལ་བསྐྱེད་རིམ་མཐར་ཕྱིན་དགོས་ཀྱང་ཆ་ཤས་འགའ་རེ་སྐྱེ་བ་ལ་ནི་ངེས་པ་མེད་དེ། དབང་རྣོན་ལ་དབང་གི་སྐབས་སུ་ཡང་དེ་སྐྱེ་བ་ཡོད་པའི་ཕྱིར། བསྐྱེད་རིམ་གྱིས་རྒྱུད་སྨིན་པར་བྱས་པའི་འོག་ཏུ་རྫོགས་རིམ་བསྒོམ་དགོས་པ་ཡིན་ཏེ། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། ། རྫོགས་པའི་རིམ་པ་འདོད་རྣམས་སུ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པའི་ཕྱིར། དེ་ཡང་བསྐྱེད་རིམ་མཐར་ཕྱིན་པའམ། ཅུང་ཟད་ལས་རུང་དུ་བྱས་ནས་ཀྱང་འཇུག་ཏུ་རུང་བ་ཡིན་ཏེ། འཕགས་པ་ཡབ་སྲས་རྗེས་འབྲང་དང་བཅས་པས་ནི་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་འོག་ཏུ་རྫོགས་རིམ་སྒོམ་པར་བཞེད་ལ། ལཱུ་ཧཱི་པ་ལ་སོགས་པས་ནི་སྔར་ལྟར་རམ། བསྐྱེད་རིམ་ལ་ལས་རུང་ཙམ་བྱས་ནས་ཀྱང་རྫོགས་རིམ་ལ་འཇུག་པར་བཤད་པའི་ཕྱིར་ཏེ། ལཱུ་ཧི་པའི་ལུགས་ཀྱི་སྒྲུབ་ཐབས་སུ་བསྐྱེད་རིམ་གྱི་མཇུག་ཏུ་རྫོགས་རིམ་རྣལ་འབྱོར་ཆེན་པོ་བསྒོམ་ཚུལ་བཤད་པ་ལྟར་ཡོད་པའི་ཕྱིར་རོ། །གཉིས་པ་ལ། རྫོགས་རིམ་གྱི་སྦྱང་གཞི་དང་དེ་སྦྱོང་བའི་ཚུལ་སོགས་ཇི་ལྟར་ཡིན་ཞེ་ན། འདི་ལ་གཉིས། སྦྱང་གཞི་ངོས་བཟུང་ནས་སྦྱོང་ཚུལ་དང་། ཆོས་མཐུན་སྦྱོར་བའི་ཚུལ་ལོ། །དང་པོ་ནི། རྫོགས་རིམ་ཙམ་དུ་མ་ཟད། རིམ་གཉིས་ཀྱི་སྦྱང་གཞིའི་གཙོ་བོ་ཡོད་དེ། རྣལ་འབྱོར་པ་རང ཉིད་ལ་འབྱུང་རྒྱུའི་སྐྱེ་ཤི་བར་དོ་གསུམ་པོ་དེ་རིམ་གཉིས་ཀྱི་སྦྱང་གཞིའི་གཙོ་བོ་ཡིན་པའི་ཕྱིར། ཇི་ལྟར་སྦྱོང་བའི་ཚུལ་ཡོད་དེ། དེ་ཡང་འདིར་མདོ་སྔགས་གཉིས་ཀྱི་སྐབས་སུ་སེམས་སྔ་མ་དྲི་མ་དང་བཅས་པ་ལམ་བསྒོམས་སྟོབས་ཀྱིས་དྲི་བྲལ་དུ་བྱས་པའི་ཚུལ་གྱིས་སྦྱོང་བ་དང་། ཆོས་ཉིད་མངོན་དུ་འགྱུར་བ་ལ་གེགས་བྱེད་ཀྱི་དྲི་མ་བསལ་བའི་ཚུལ་གྱིས་སྦྱོང་བ་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་དང་འཛིན་སྟངས་འགལ་བའི་སྒོ་ནས་དེ་རྒྱུན་གཅོད་པའི་ཚུལ་གྱིས་སྦྱོང་བ་ལྟ་བུ་མ་ཡིན་གྱི། སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་ཇི་ལྟ་བ་བཞིན་དུ་མཐུན་པའི་ལམ་བསྒོམས་པའི་སྟོབས་ཀྱིས་དེ་གསུམ་སྦྱོང་བ་ཡིན་པའི་ཕྱིར། རིམ་གཉིས་ཀྱི་སྐབས་སུ་དེ་གསུམ་སྦྱོར་བ་ཙམ་འདྲ་ཡང་ཁྱད་པར་ཡོད་དེ། རིམ་པ་དང་པོའི་སྐབས་སུ་སྦྱང་གཞི་གསུམ་པ་དེ་མངོན་གྱུར་མགོ་མནོན་པའི་ཚུལ་དང་མོས་པ་ཡིད་བྱེད་ཀྱིས་སྦྱོང་། རིམ་པ་གཉིས་པའི་སྐབས་སུ་ས་བོན་སྤོང་བའི་སྒོ་ནས་དངོས་གནས་ལ་སྦྱོང་ཞིང་། སྦྱང་གཞི་གསུམ་པ་དེ་དང་རྣམ་པ་ཇི་ལྟ་བ་བཞིན་མཐུན་པའི་ལམ་དང་འབྲས་བུའི་སྐུ་གསུམ་དངོས་གནས་ལ་འགྲུབ་པར་བྱེད་པའི་ཕྱིར། གཉིས་པ་ཆོས་མཐུན་སྦྱོར་ཚུལ་ཡོད་དེ། འཛམ་བུའི་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་ཞིག་ས་ཆུ་མེ་རླུང་སྣང་མཆེད་ཐོབ་གསུམ་དང་བཅས་པ་རིམ་གྱིས་ཐིམ་ནས་འཆི་བ་འོད་གསལ་ཤར་བ་ནི་ལམ་འབྲས་ཀྱི་ཆོས་སྐུ་དང་ཆོས་མཐུན། འཆི་བ་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་གང་དུ་སྐྱེ་འགྱུར་གྱི་བཞིན་ལག་གི་རྣམ་པ་ཅན་གྱི་བར་དོ་རླུང་གི་ལུས་ཅན་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་ནས་གྲུབ་པ་ནི་ལམ་འབྲས་ཀྱི་ལོངས་སྐུ་དང་ཆོས་མཐུན། བར་དོ་བ་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ཏེ་སྐྱེ་བ་བླངས་པ་ནི་ལམ་འབྲས་ཀྱི་སྤྲུལ་སྐུ་དང་ཆོས་མཐུན་ལ། དེར་མ་ཟད་གཞི་ལམ་འབྲས་གསུམ་གྱི་ཆོས་སྐུ་གསུམ་ཕན་ཚུན་ཆོས་མཐུན་ཞིང་། དེ་བཞིན་དུ་ལོངས་སྐུ་གསུམ་དང་སྤྲུལ་སྐུ་གསུམ་ཡང་ཕན་ཚུན་ཆོས་མཐུན་པའི་ཕྱིར། དེས་ན་སྦྱང་གཞི་གསུམ་པོ་དེ་ལ་གཞིའི་སྐུ་གསུམ་གྱི་ཐ་སྙད་མཛད་པ་ཡིན་ཏེ། མཐུན་ཡུལ་ལམ་དང་འབྲས་བུའི་སྐུ་གསུམ་དང་ཆོས་མཐུན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། འདིིར་འདུས་པ་འཕགས་ལུགས་ལྟར་གཞིའི་རིམ་ལྔའི་ཐ་སྙད་དངོས་སུ་མ་བཤད་ཀྱང་བྱས་ནའང་མི་འགལ་བར་སེམས་ཏེ། འདུས་པ་ལྟར་ལམ་གྱི་རིམ་ལྔ་དང་སྐུ་གསུམ་པོ་དེ་གཞིའི་རིམ་ལྔ་དང་སྐུ་གསུམ་དང་རྣམ་པ་མཐུན་པར་བསྐྱེད་པ་ནི། ལུགས་འདིར་ཡང་ཤིན་ཏུ་རུང་བར་བསྲེ་བའི་སྐབས་སོགས་ལས་ཤེས་པའི་ཕྱིར། དེ་ལྟར་ན་གཞིའི་རིམ་ལྔ་འཇོག་ཚུལ་ཡོད་དེ། སྐྱེས་ནས་མ་ཤིའི་བར་སྣ་བུག་ཏུ་རླུང་འབྱུང་འཇུག་བྱེད་པ་ནི་གཞིའི་རིམ་པ་དང་པོ་རྡོར་བཟླས། འཆི་དུས་ཀྱི་སྣང་མཆེད་ཐོབ་གསུམ་ནི་གཞིའི་རིམ་པ་གཉིས་པ་སེམས་དབེན། འཆི་བ་འོད་གསལ་ནི་གཞིའི་རིམ་པ་བཞི་པ་འོད་གསལ། སྲིད་པ་བར་དོ་ནི་གཞིའི་རིམ་པ་གསུམ་པ་དང་ལྔ་པའི་སྒྱུ་མའི་སྐུར་འཇོག་པའི་ཕྱིར། ཞག་གཅིག་གི་རིམ་ལྔ་དང་སྐུ་གསུམ་ཡང་འཇོག་ཚུལ་ཡོད་དེ། ཞག་གཅིག་ལ་རླུང་སྣ་སྒོར་འབྱུང་འཇུག་བྱེད་པ་ནི་ཞག་གཅིག་གི་རྡོར་བཟླས། གཉིད་དུས་ཀྱི་སྣང་མཆེད་ཐོབ་གསུམ་ནི་ཞག་གཅིག་གི་སེམས་དབེན། གཉིད་ཀྱི་འོད་གསལ་ནི་ཞག་གཅིག་གི་འོད་གསལ། རྨི་ལམ་གྱི་ལུས་ཁྱད་པར་ཅན་ནི་ཞག་གཅིག་གི་སྒྱུ་མའི་སྐུ་གཉིས་སུ་འཇོག་ཅིང་། ཕྱི་མ་འོད་གསལ་དང་སྒྱུ་ལུས་གཉིས་ནི་རིམ་པ་གཞིན་དུ་ཞག་གཅིག་གི་ཆོས་སྐུ་དང་ལོངས་སྐུ། རྨི་ལམ་གྱི་ལུས་ཁྱད་པར་ཅན་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལ་ཞུགས་ནས་སད་པ་ནི་དེའི་སྤྲུལ་སྐུར་འཇོག་པའི་ཕྱིར། བླ་མེད་ཀྱི་རྒྱུད་ཀུན་གྱི་དགོངས་པས། རིམ་པ་དང་པོར་རྟེན་བརྟེན་པའི་དཀྱིལ་འཁོར་སྒོམ་པ་དེ་སྦྱང་གཞི་སྲིད་པ་སྐྱེ་འཇིག་གི་རིམ་པ་དང་མཐུན་པར་མཛད་ཅིང་། དེ་ལྟར་མཛད་པ་ལ་དགོས་པ་ཡོད་དེ། བསྐྱེད་རིམ་ནི་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་དུ་འགྱུར་པའི་ཆེད་ཡིན་ལ། གཙོ་བོ་རྫོགས་རིམ་གྱི་ལམ་རྣམས་སྦྱང་གཞི་དེ་རྣམས་དང་རྣམ་པ་མཐུན་པར་བསྒོམ་དགོས་པར་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། སྔགས་རིམ་ལས། སྦྱང་གཞི་དང་བསྒྲིགས་ནས་རིམ་གཉིས་ཀྱི་གནད་རྣམས་ཤེས་པར་བྱས་ཏེ། རིམ་པ་དང་པོས་གཉིས་པའི་རྒྱུ་བྱེད་ཚུལ་ལ་ངེས་པ་བརྟན་པོ་བསྐྱེད་པར་བྱའོ། །ཞེས་གསུངས་པའི་ཕྱིར། སྦྱང་གཞི་དང་ཆོས་མཐུན་གྱི་ཁྱད་པར་ཡོད་དེ། རྣལ་འབྱོར་པ་རང་ཉིད་ལ་འབྱུང་འགྱུར་གྱི་སྣོད་དང་སྐྱེ་ཤི་བར་དོ་གསུམ་ནི་སྦྱང་གཞི་དང་ཆོས་མཐུན་གཉིས་ཀར་རུང་ཞིང་། གཞན་ལ་བྱུང་བ་དང་འབྱུང་འགྱུར་གྱི་དེ་རྣམས་ནི་ཆོས་མཐུན་ཡིན་ཡང་སྦྱང་གཞིའི་གཙོ་བོ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། ཐབས་ཤེས་ཀྱི་ཁྱད་པར་དང་། དེ་རྣམས་ཨེ་ཝཾ་གཉིས་ཀྱི་དོན་དུ་འགྱུར་བའི་ཚུལ་ལོ། །དང་པོ་ལ་བཞི། ཤེས་རབ་སྟོང་པའི་ཕྱོགས་བཤད་པ། ཐབས་བདེ་བའི་ཕྱོགས་བཤད་པ། ཐབས་ཤེས་གཉིས་སྦྱོར་ཚུལ་བཤད་པ། བདེན་གཉིས་དབྱེར་མེད་ཀྱི་དོན་བཤད་པའོ། །དང་པོ་ལ། སྟོང་ཕྱོགས་ཤེས་རབ་དེ་འདིའི་རྒྱུད་གང་ལས་བསྟན་པའི་ཚུལ་ཡོད་དེ། རྩ་རྒྱུད་ལས། རྒྱུ་སོགས་སྟོང་པ་སྔོན་འགྲོ་བས། ཞེས་དང་། བཤད་རྒྱུད་ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ་ཞེས་སོགས་དང་། མཁའ་འགྲོ་རྒྱ་མཚོ་ལས་ཀྱང་། ཨེ་ཝཾ་ལ་སོགས་གཉིས་མེད་པའང་། ཤྲཱི་ཞེས་བྱ་བའི་ཡིག་དེས་བརྗོད། ཞེས་སོགས་དང་། བདེ་མཆོག་འབྱུང་བ་ལ་སོགས་པའི་གཞུང་དུ་མས་ཀྱང་བསྟན་པའི་ཕྱིར། དེ་རྣམས་ཀྱིས་ཀྱང་སྟོང་ཉིད་ཀྱི་ལྟ་བ་ཁྱད་པར་ཅན་སྟོན་པ་ཡིན་པས་སྟོང་ཉིད་ཀྱི་ལྟ་བ་དེ་ཐོས་བསམ་གྱིས་ངེས་པར་བཙལ་དགོས་ཏེ། དེ་ནི་ཐར་བར་བགྲོད་པའི་ལམ་གྱི་སྲོག་ལྟ་བུ་མེད་དུ་མི་རུང་བ་ཡིན་པའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །སོ་སོར་དེར་བརྟགས་གང་ཞིག་སྒོམ་བྱེད་པ། །དེ་ནི་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་གསུངས་པའི་ཕྱིར། སྟོང་ཉིད་ཀྱི་ལྟ་བ་རྣམ་དག་རྙེད་པ་ལྟ་ཅི། ཚུལ་དེ་ལ་དོན་འགྱུར་གྱི་ཐེ་ཚོམ་ཙམ་སྐྱེས་པས་ཀྱང་ཐར་པའི་ས་བོན་འཇོག་ཅིང་། སྲིད་པ་ཧྲུལ་པོར་བྱེད་ནུས་པ་ཡིན་ཏེ། འཕགས་པ་ལྷས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱད་པར་དུ་བདེ་སྟོང་སྦྱོར་བ་ལ་སྟོང་ཉིད་ཀྱི་ལྟ་བ་རྙེད་དགོས་ཏེ། མ་རྙེད་ན་བདེ་སྟོང་སྦྱོར་བར་འདོད་ཀྱང་མི་ནུས་པའི་ཕྱིར་རོ། །སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབ་ཚུལ་རྒྱས་པར་ནི་དབུ་མའི་གཞུང་ལས་འབྱུང་བ་ལྟར་ཤེས་དགོས་པ་ཡིན་ཡང་། བསྡུ་ན། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་མེད་དེ། རང་གི་རྒྱུ་རྐྱེན་ལས་བྱུང་བའི་རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན་ཞེས་པའི་རྟེན་འབྲེལ་གྱི་རིགས་པའམ། དེ་རྣམས་ཆོས་ཅན། བདེན་པར་མེད་དེ། གཅིག་དང་དུ་མ་གང་དུའང་བདེན་པར་མེད་པའི་ཕྱིར། དཔེར་ན། སྒྱུ་མ་བཞིན་ཞེས་པའི་གཅིག་དུ་བྲལ་གྱི་རིགས་པ་ལྟ་བུས་བདག་མེད་པའི་དོན་གཏན་ལ་དབབ་བར་བྱའོ། །དེ་གཉིས་ཀྱི་ཕྱོགས་ཆོས་སྒྲུབ་ཚུལ་ཅུང་ཟད་བཤད་ན་འདི་ལྟར་བྱ་སྟེ་སྔ་མ་ཕྱི་ནང་གི་དངོས་པོ་རྣམས་རང་གི་རྒྱུ་རྐྱེན་དང་ཆ་ཤས་ལ་ལྟོས་ཤིང་། ཆ་ཤས་རྣམས་ཀྱང་རང་རང་གི་ཆ་ཤས་ཚོགས་པ་ལ་བརྟེན་ནས་བཞག་པས་ན་དེ་ལ་རག་ལས་པའི་ཕྱིར་རང་དབང་ངམ་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་སོགས་ཀྱིས་འགྲུབ་ལ། ཕྱི་མ་ནི་དངོས་པོ་རྣམས་རང་གི་ཆ་ཤས་དུ་མ་ཚོགས་པའི་དབང་གིས་བྱུང་བ་ཡིན་པས་ཆ་མེད་ཀྱི་གཅིག་ཏུ་བདེན་པར་མ་གྲུབ་ཅིང་། གཅིག་ཏུ་བདེན་པར་གྲུབ་པ་མེད་པའི་ཕྱིར་དུ་མར་ཡང་བདེན་པར་གྲུབ་པ་མེད་དོ་ཞེས་བྱ་བ་ལ་སོགས་ཀྱི་རིགས་པས་འགྲུབ་པའི་ཕྱིར། དེ་བཞིན་དུ་ཆོས་ཐམས་ཅད་ལའང་སྦྱར་བར་བྱ་སྟེ། རྡོ་རྗེ་མཁའ་འགྲོ་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་པ་ནི་མ་ལུས་པའི། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །ཞེས་གསུངས་ཤིང་། དེའི་དོན་འཆད་པ་ན་རྗེས་དངོས་གྲུབ་སྙེ་མ་ལས། དེ་ལ་ནམ་མཁའ་ནི་ཐོགས་པའི་རེག་བྱ་བཀག་ཙམ་གྱི་མིང་ཙམ་ཡིན་པས་མཚན་ཉིད་གཞན་མེད་པ་བཞིན་དུ། ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ནམ་མཁའི་མཚན་ཉིད་དེ་མིང་ཙམ་པ་ཡིན་ནོ། །འོན་ཀྱང་ནམ་མཁའ་ནི་དོན་བྱེད་ནུས་པས་སྟོང་པ་དང་མི་འདྲ་བས་ཁམས་གསུམ་མ་ལུས་པའི་འགྲོ་བ་ནི་རྫུན་པ་ཡིན་ཀྱང་། དོན་བྱེད་པའི་ནུས་པ་དང་ལྡན་པའི་སྒྱུ་མ་ལྟ་བུ་ཡིན་ཏེ། སྣོད་བཅུད་ཀྱི་འགྲོ་བ་རྣམས་ལ་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་ན་འགའ་ཡང་དམིགས་སུ་མེད་ལ། ཞེས་གསུངས་པའི་ཕྱིར། སྐབས་འདིར་ཡང་རྟེན་འབྲེལ་དང་གཅིག་དུ་བྲལ་ལ་སོགས་པའི་རིགས་པས་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་གཏན་ལ་འབེབས་དགོས་པ་ཡིན་ཏེ། དེ་ཉིད་ལས། དངོས་པོ་རྣམས་བདེན་པར་མ་གྲུབ་པ་གཟུགས་བརྙན་དང་སྒྱུ་མ་ལ་སོགས་པ་དང་འདྲའོ་སྙམ་པ་ཙམ་མ་གཏོགས་པ་སྒྲུབ་བྱེད་ཀྱི་རིགས་པ་མེད་ན་ཚིག་ཙམ་དུ་ཟད་པས་ཡང་དག་པའི་ལྟ་བ་མི་རྙེད་པས། སྒྲུབ་བྱེད་ཀྱི་རིགས་པས་ལུང་གི་དོན་གཏན་ལ་ཕབ་པའི་ངེས་པ་བསྐྱེད་དགོས་སོ། །དེ་ཡང་རྡོ་རྗེ་མཁའ་འགྲོའི་འགྲེལ་བར་གཅིག་དང་དུ་བྲལ་གྱི་རིགས་པས་གཏན་ལ་ཕབ་པས། གཅིག་དུ་བྲལ་ལམ་རྟེན་འབྲེལ་ལ་སོགས་པའི་རིགས་པས་གཏན་ལ་ཕབ་པ་སྟེ། རྒྱས་པར་གཞན་དུ་བཤད་ཟིན་ཏོ། །ཞེས་དང་། དེ་ལྟར་ན་བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་ཀུན་ལས་རང་བཞིན་མེད་པ་སྟེ་བདག་མེད་པའི་སྟོང་པ་ཉིད་བསྒོམ་པར་གསུངས་པས། བདེ་སྟོང་སྦྱོར་བའི་ལམ་བསྒོམ་པར་འདོད་པས་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པ་བཙལ་བར་བྱའོ། །བླ་མེད་ཀྱི་ཐེག་པ་འདིར་དེ་འདྲ་བའི་ལྟ་བའི་གོ་བ་བཙལ་མི་དགོས་སམ་སྙམ་པའི་ལོག་རྟོག་སྔགས་ཀྱི་གཞུང་ལ་བརྟེན་ནས་འགོག་པ་རྒྱས་པར་ནི་གཞན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ། །ཞེས་དང་། སྟོང་ཉིད་ཀྱི་གོ་བའི་ཕུ་ཐག་གཅོད་ལུགས་དབུ་མ་ལས་ལྷག་པོ་མེད་པས་ཐེག་པ་འདི་དང་ཕར་ཕྱིན་གྱི་ཐེག་པ་གཉིས་སྟོང་ཉིད་ཀྱི་ལྟ་བ་ལ་མཆོག་དམན་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། བདག་མེད་རྟོགས་པའི་ལྟ་བ་ངེས་པར་དགོས་ཏེ། འདིར་གཡོན་པའི་ཀུན་སྤྱོད་གཙོ་ཆེ་བར་གསུངས་ཤིང་། དེའི་ངེས་དོན་ནི། རང་བཞིན་གྱིས་སྟོང་པ་དང་དེ་རྟོགས་པའི་ཤེས་རབ་ལ་ གཡོན་དུ ་བྱས་ནས། དང་པོ་ནི། རང་བཞིན་གྱིས་སྟོང་པ་ལས་བརྟན་གཡོ་སྣོད་བཅུད་ཐམས་ཅད་འབྱུང་ཞིང་བྱ་བྱེད་ཐམས་ཅད་འཐད་པའི་དབང་གིས་དང་། ཕྱི་མ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་ཀྱིས་དག་པའི་སྣོད་བཅུད་གཉིས་སྤྲོ་བ་དང་བསྡུ་བའི་གཞི་བྱེད་པས་ན་དེ་ལྟར་ དུ་གསུངས་པའི་ཕྱིར་ཏེ། རྡོ་རྗེ་མཁའ་འགྲོ་ལས། བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་གཡོན ་ལས་བྱུང་བས་ན། །ཞེས་དང་། མངོན་བརྗོད་ལས་ཀྱང་། གཡོན་པའི་སྤྱོད་པ་ཤེས་རབ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་ཡུལ་གྱི་སྟོང་པ་དེ་ལ་བཞི་ཡོད་དེ། རང་རྒྱུད་པ་མན་ཆད་ཀྱིས་འདོད་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་དང་། སེམས་ཙམ་པས་འདོད་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དང་། རང་རྒྱུད་པས་འདོད་པ་ལྟར་ཆོས་རྣམས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྟོད་ལུགས་ཀྱི་ངོས་ནས་གྲུབ་པས་སྟོང་པའི་སྟོང་ཉིད་དང་། ཐལ་འགྱུར་པས་འདོད་པ་ལྟར་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་མ་གཏོགས། རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དང་བཞི་ཡོད་པའི་ཕྱིར། དེ་ཡང་སྐབས་འདིར་སྟོང་པ་དང་པོའི་དབང་དུ་བྱས་ཏེ་བདེ་སྟོང་སྦྱོར་བ་ནི་ལུས་ཀྱང་མ་བཤད་ལ། གང་ཟག་དམན་པ་བཞིས་བར་པ་གཉིས་ཀྱི་དབང་དུ་བྱས་ནས་བདེ་སྟོང་སྦྱོར་བ་ཡོད་ཀྱང་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་བདེ་སྟོང་གཙོ་བོར་སྦྱོར་རྒྱུའི་སྟོང་པ་དང་ལྟ་བ་ཡིན་ན། བཞི་པ་དེ་ཡིན་དགོས་ཏེ། ཕར་ཕྱིན་ཐེག་པའི་གདུལ་བྱ་དབང་རྣོན་གྱིས་བསྒོམ་བྱའི་གཙོ་བོར་གྱུར་པའི་སྟོང་ཉིད་ཡིན་ན་བཞི་པ་དེ་ཡིན་དགོས་ཞིང་། དེའི་གདུལ་བྱ་དབང་རྣོན་ལས་རིན་པོ་ཆེ་ལྟ་བུའི་གང་ཟག་ནི་ཆེས་དབང་པོ་ཤིན་ཏུ་རྣོ་བ་ཡིན་པའི་ཕྱིར། གཉིས་པ་ནི། བདེ་སྟོང་སྦྱོར་རྒྱུའི་བདེ་བ་དེ་ཅི་ལྟ་བུ་ཡིན་ཞེ་ན། དེ་ཡང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཙམ་ཞིག་བསྒོམས་པས་སེམས་ཤིན་སྦྱངས་སྐྱེས་པ་ན། དེའི་མཐུས་ལུས་ཀྱི་རླུང་རྣམས་ལས་རུང་དུ་སོང་ནས་ནང་དུ་ཕན་འདོགས་པའི་རྣམ་པ་ཅན་གྱི་ལུས་ཤིན་སྦྱངས་སྐྱེ། དེ་ལ་བརྟེན་ནས་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་ཆེན་པོ་སྐྱེ་བའི་བདེ་བ་དེ། སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མིན་ཏེ། དེ་ནི་ཕྱི་ནང་གཉིས་དང་། ཐེག་པ་ཆེ་ཆུང་གཉིས་དང་། མདོ་སྔགས་གཉིས་དང་། རྒྱུད་སྡེ་བཞི་ཀ་དང་། བསྐྱེད་རྫོགས་གཉིས་ཀ་དང་ཡང་ཐུན་མོང་བ་ཡིན་པའི་ཕྱིར། བསམ་གཏན་དང་པོའི་དངོས་གཞི་དང་ཉེར་བསྡོགས་བསྒོམས་པ་ལ་བརྟེན་ནས་བྱུང་བའི་བདེ་བ་དེ་ཡང་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མ་ཡིན་ཏེ། དེ་ནི་ཕྱི་རོལ་པ་དང་གཟུགས་ཁམས་པའི་སོ་སྐྱེ་རང་ག་བ་ལ་ཡང་ཡོད་པའི་ཕྱིར། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ་བརྟེན་ནས་ཐོབ་པའི་བདེ་བ་དེ་ཡང་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མ་ཡིན་ཏེ། དེ་ནི་ཐེག་པ་གསུམ་གྱི་འཕགས་པ་ལ་ཡང་ཡོད་པའི་ཕྱིར། ཉན་ས་དང་མངོན་པ་མཛོད་སོགས་ནས་གསུངས་པའི་རླུང་འབྱུང་རྔུབ་བསྒོམ་པ་དང་། བྱ་རྒྱུད་བསམ་གཏན་ཕྱི་མ་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་སོགས་ནས་གསུངས་པའི་རླུང་ཕྱིར་རྒྱུ་བ་བཀག་ནས་ནང་དུ་བཟུང་སྟེ་ལྷའི་རྣལ་འབྱོར་དང་འབྲེལ་བའི་སྲོག་རྩོལ་བསྒོམ་པའི་བདེ་བ་དེ་ཡང་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མ་ཡིན་ཏེ། དེ་ནི་ལས་ཀྱི་རྩ་འཁོར་སོགས་ལ་གནད་དུ་བསྣུན་པ་དང་བྲལ་བའི་ཕྱིར། བསྒོམས་པའི་ལྷ་མོ་ལ་བལྟས་པ་དང་བགད་པ་དང་ལག་པ་བཅིངས་པ་ལས་བྱུང་བའི་བདེ་བ་དེ་ཡང་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མ་ཡིན་ཏེ། དེ་ནི་རྣལ་འབྱོར་རྒྱུད་མན་ཆད་ལ་ཡང་ཡོད་པའི་ཕྱིར། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་དང་སྙོམས་པར་ཞུགས་པ་ཙམ་ལས་བྱུང་བའི་བདེ་བ་དེ་ཡང་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་ནི་མིན་ཏེ། དེ་ནི་བསྐྱེད་རིམ་ཙམ་ལ་གནས་པ་ལ་ཡང་ཡོད་པའི་ཕྱིར། མདོར་ན་གཏུམ་མོ་ཕལ་པ་འབར་བའི་བདེ་བ་སོགས་རླུང་དབུ་མའི་ནང་དུ་ཆུད་པ་མ་ཡིན་པའི་ཟག་བཅས་ཟག་མེད་ཀྱི་བདེ་བ་ཐམས་ཅད་ཀྱང་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་ནི་མིན་ཏེ། འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་ལ་ནི་བསྒོམས་སྟོབས་ཀྱིས་རླུང་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ཞིག་དགོས་པའི་ཕྱིར་རོ། །གསུམ་པ་བདེ་སྟོང་དབྱེར་མེད་དུ་སྦྱོར་ཚུལ་ལ། ལྷན་སྐྱེས་ཀྱི་བདེ་བ་དང་དེའི་ཆོས་ཉིད་གཉིས་ཆོས་དང་ཆོས་ཅན་དུ་ངོ་བོ་གཅིག་ཏུ་སྦྱོར་བ་ནི་སྐབས་འདིར་བདེ་སྟོང་སྦྱོར་བའི་དོན་མ་ཡིན་ཏེ། བདེ་བ་ནམ་གྲུབ་ཙམ་ནས་རང་གི་ཆོས་ཉིད་དང་ངོ་བོ་གཅིག་ཏུ་ཡོད་པའི་ཕྱིར་ཏེ། ཆོས་ཐམས་ཅད་རང་གྲུབ་ཙམ་ཉིད་ནས་རང་གི་ཆོས་ཉིད་དང་ངོ་བོ་གཅིག་ཏུ་གྲུབ་པའི་ཕྱིར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ནི་དེ་རྣམས་ཀྱི་ཆོས་ཉིད་ཡིན་ལ། གཟུགས་སོགས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་སྟོང་ཞིང་། རང་བཞིན་གྱིས་སྟོང་བཞིན་དུ་ཐ་སྙད་དུ་དེར་སྣང་བས། དེ་རྣམས་ནི་རང་གི་རང་བཞིན་སྟོང་པ་ཉིད་ལས་ངོ་བོ་གཞན་མ་ཡིན་པ་དང་། དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དེ་ཡང་དེ་རྣམས་ལས་ངོ་བོ་གཞན་ཏེ་ཐ་དད་མ་ཡིན་ཏེ། མདོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་ལ་དེ་བཞིན་དུ་སྦྱོར་བར་གསུངས་པའི་ཕྱིར། ཡང་ལྷན་སྐྱེས་ཀྱི་བདེ་བ་ལ་སྟོང་ཉིད་ཀྱི་ལྟ་བ་གཞན་ཞིག་གིས་རྒྱས་འདེབས་པ་དང་། སྟོང་ཉིད་ཀྱི་ལྟ་བ་ལ་ལྷན་སྐྱེས་ཀྱི་བདེ་བ་གཞན་ཞིག་གིས་རྒྱས་འདེབས་པ་དེ་ཡང་སྐབས་འདིར་བདེ་སྟོང་སྦྱོར་བའི་དོན་མ་ཡིན་ཏེ། དེ་ལ་ནི་ལྷན་སྐྱེས་ཀྱི་བདེ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ཡོད་ཀྱང་། ལྷན་སྐྱེས་ཀྱི་བདེ་བ་ཉིད་སྟོང་ཉིད་རྟོགས་པའི་བློའི་ངོ་བོར་སོང་བ་མེད་པའི་ཕྱིར། དཔེར་ན། སྦྱིན་སོགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཡང་དེའི་ངོ་བོར་མ་སོང་བ་བཞིན་ནོ། །འོ་ན། ཇི་ལྟར་བྱ་སྙམ་ན་དེའི་ཚུལ་ཡོད་དེ། བསྒོམས་སྟོབས་ཀྱིས་རླུང་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པའི་ཡིད་ཀྱི་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེ་ཉིད་ཀྱིས་ཡུལ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡུལ་ཡུལ་ཅན་སྦྱོར་བ་ཉིད་སྐབས་འདིར་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་དོན་དང་། སྟོང་ཉིད་རྟོགས་པའི་བློ་དང་ལྷན་སྐྱེས་ཀྱི་བདེ་བ་གཉིས་གྲུབ་སྡེ་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཡང་སྐབས་འདིར་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་དོན་ཡིན་པའི་ཕྱིར་ཏེ། སཾ་བྷུ་ཊི་ལས། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམ་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་གྲགས། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས་ཀྱང་། གཉིས་པོ་རོ་གཅིག་དབྱེར་མེད་པ། །དགའ་བའི་བདེ་བ་ཆེན་པོ་ཉིད། །ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོན་མ་དང་ནི་འོད་ཟེར་བཞིན། །ཞེས་གསུངས་པའི་ཕྱིར། དེ་ཡང་དོན་གྱི་འོད་གསལ་སྐྱེས་པའི་ཚེ་ཆུ་ལ་ཆུ་ཞུགས་པ་བཞིན་དུ་རོ་མཉམ་ངོ་བོ་དབྱེར་མེད་དུ་སྦྱོར་བ་དངོས་སུ་ཡོད་ལ། དེའི་སྔོན་དུ་ནི་མོས་པ་ཡིད་བྱེད་ཀྱི་ཚུལ་ལམ་དོན་སྤྱིའི་ཚུལ་དུ་དེ་ལྟར་སྦྱོར་བ་ཡིན་ཏེ། དངོས་གྲུབ་སྙེ་མ་ལས། དེ་ཡང་དོན་གྱི་འོད་གསལ་སྐྱེས་པའི་དུས་སུ་ཡུལ་ཡུལ་ཅན་གཉིས་འོ་མ་ཆུ་ལ་ཞུགས་པ་བཞིན་དུ་རོ་གཅིག་ཏུ་གྱུར་ནས་གཉིས་སྣང་ཕྲ་མོ་ཡང་དག་པ་ཡིན་ལ། དོན་གྱི་ལྷན་སྐྱེས་མ་སྐྱེས་གོང་དུ་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པས་མོས་པ་ཡིད་བྱེད་ཀྱིས་འཇུག་པ་ཙམ་མོ། །ཞེས་གསུངས་པའི་ཕྱིར། མདོར་ན་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་མེད་ན་འཁོར་བ་ལས་མི་གྲོལ་ཞིང་། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མེད་ན་སྔགས་ལམ་གྱི་གནད་ཁྱད་པར་ཅན་མ་ཚང་བས་རེ་རེས་མི་ཆོག་གི གཉིས་ཀ་དགོས་པ་ཡིན་ཏེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པས། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་འཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་པའི་ཕྱིར། འདིར་བསྟན་སྙིང་རྗེ་ནི་སྟོང་ཉིད་རྟོགས་པའི་ལྷན་སྐྱེས་ཀྱི་བདེ་བ་ཡིན་ལ། མདོ་སྔགས་གཉིས་ཀའི་ངེས་རྒྱུའི་སྟོང་ཉིད་ཕྲ་མོ་ལ་ཁྱད་པར་མེད་ཀྱང་། ངེས་བྱེད་ཀྱི་བློ་ལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ངེས་པའི་ནུས་པ་འདྲ་བ་ཡུལ་ཅན་གཞན་གང་ལ་ཡང་མེད་པས། སྔགས་ཀྱི་ལམ་ཁྱད་པར་དུ་འཕགས་པ་ཡིན་ཏེ། དངོས་གྲུབ་སྙེ་མ་ལས། ངེས་རྒྱུའི་དོན་གཅིག་ཡིན་ཀྱང་ངེས་བྱེད་ཀྱི་བློ་ལ་ལྡན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ངེས་པའི་སྟོབས་འདྲ་བ་ཡུལ་ཅན་གཞན་གང་གིས་ངེས་པ་ལ་མེད་པས། སྟོང་པ་ལ་ཁྱད་པར་མེད་ཀྱང་ཐབས་བདེ་བས་ཁྱད་པར་དུ་འཕགས་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར། སྤྱིར་སྔགས་བླ་མེད་ཀྱི་ལམ་མྱུར་བའི་རྒྱུ་མཚན་གྱི་གཙོ་བོ་ལ་གཉིས་ཡོད་དེ། གཅིག་ནི་སྒྱུ་མའི་སྐུས་ཕར་ཕྱིན་ཐེག་པའི་བསྐལ་བ་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་གསོག་པའི་དོད་དུ་འགྱུར་བས་ཡིན་ལ། གཅིག་ནི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱིས་ཚོགས་གཉིས་དང་དེའི་ནང་ནས་གཙོ་བོར་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་སྡུད་པའི་རྒྱུ་མཚན་གྱིས་མྱུར་བ་ཡིན་པའི་ཕྱིར། བདེ་སྟོང་དབྱེར་མེད་ཀྱི་གཏམ་ནི་གྲགས་ཆེ་ཡང་བདེ་སྟོང་སོ་སོའི་ཁྱད་པར་དང་དེ་གཉིས་ཀྱི་སྦྱོར་ཚུལ་ནི་ཇི་ལྟ་བ་བཞིན་ཤེས་དཀའ་བ་ཡིན་ཏེ། ས་ར་ཧས། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང་། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །ཅེས་གསུངས་པའི་ཕྱིར། དོན་འདི་ནི་ཆེས་གསང་བའི་གནས་ཡིན་ཞིང་། འདི་ཤེས་པ་ལ་འབད་དགོས་པ་ཡིན་ཏེ། དངོས་གྲུབ་སྙེ་མར་ལུང་སྔར་ལྟར་དྲངས་པའི་མཇུག་ཏུ། གསང་བ་ལས་ཀྱང་ཆེས་གསང་བའི་དོན་འདི་རྟོགས་པ་ལ་ཡུན་རིང་དུ་འབད་པར་བྱའོ། །ཞེས་གསུངས་པའི་ཕྱིར། །བཞི་པ་ནི། སྔར་བཤད་པའི་བདེ་སྟོང་དབྱེར་མེད་དེ་ལ་རྣལ་འབྱོར་མ་རྒྱུད་ཀྱི་གཞུང་མང་པོར་བདེ་སྟོང་ཟུང་འཇུག་དང་བདེན་གཉིས་ཟུང་འཇུག་ཅེས་པའི་ཐ་སྙད་མཛད་པ་ཡང་ཡོད་མོད། བདེན་གཉིས་ཟུང་འཇུག་གི་གཙོ་བོ་ནི་དེ་ཙམ་མ་ཡིན་ཏེ། འཕགས་ལུགས་དང་མཐུན་པར་ཤེས་རབ་དོན་དམ་བདེན་པ་དོན་གྱི་འོད་གསལ་དང་། ཐབས་ཀུན་རྫོབ་བདེན་པ་དག་པ་སྒྱུ་མའི་སྐུ་གཉིས་སྐུ་ཐུགས་སུ་དངོས་པོ་གཅིག་པའམ་ཐབས་ཤེས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི། སྐབས་འདིར་བདེན་གཉིས་ཟུང་འཇུག་གམ། བདེན་གཉིས་དབྱེར་མེད་དུ་སྦྱོར་བའི་དོན་ཡིན་པའི་ཕྱིར། ཀུན་སྤྱོད་ལས། ཁ་ཊྭཱཾ་ཀ་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཞེས་དང་། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པའི་གཞུང་གཉིས་ཀྱིས་ཀྱང་དོན་དེ་སྟོན་པའི་ཕྱིར་རོ། །འོ་ན། ལམ་དུས་སུ་དག་མ་དག་གི་སྒྱུ་མའི་སྐུ་དེ་ལྟ་བུ་འབྱུང་ན། དེ་ལ་སྒྲུབ་བྱེད་ཀྱི་རིགས་པ་ཇི་ལྟར་ཡོད་ཅེ་ན། འདི་ལ་རིགས་པ་བཞི་སྟེ། གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པའི་གནད་ལ་བརྟེན་ནས་སྒྲུབ་པ། སྦྱང་གཞིའི་གནད་ལ་བརྟེན་ནས་སྒྲུབ་པ། ལྷ་བསྐྱེད་ཚུལ་གྱི་གནད་ལ་བརྟེན་ནས་སྒྲུབ་པ། ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་གནད་ལ་བརྟེན་ནས་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། གཟུགས་སྐུའི་ཉེར་ལེན་གྱི་རིགས་འདྲའི་རྒྱུའི་གཙོ་བོ་ནི་སྒྱུ་ལུས་སུ་ངེས་ཏེ། གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་རྣམས་ཀྱིས་གཟུགས་སྐུ་ལ་བརྟེན་ནས་གཞན་དོན་བྱེད་དགོས་པ་ཡིན་ཞིང་། གཟུགས་སྐུའི་རིགས་འདྲའི་རྒྱུའི་གཙོ་བོ་ནི་རང་གི་ཉེར་ལེན་དུ་གྱུར་པའི་སྒྱུ་མའི་སྐུ་ལས་གཞན་དུ་མི་འཐད་པའི་ཕྱིར་ཏེ། གཟུགས་སྐུ་དེ་རང་དང་རྣམ་པ་ཤིན་ཏུ་མཐུན་པའི་རང་གི་རིགས་འདྲའི་རྒྱུ་ཁྱད་པར་ཅན་ལ་བརྟེན་ནས་སྒྲུབ་དགོས་པ་ཡིན་ལ། དེ་ནི་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་དང་རིམ་པ་དང་པོའི་སྐབས་སུའང་མེད་པའི་ཕྱིར། ཕར་ཕྱིན་ཐེག་པ་ལ་མེད་དེ་ཕར་ཕྱིན་ཐེག་པར་བླ་མ་སྐྱེལ་བསུ་སོགས་བྱས་པ་ལ་བརྟེན་ནས་ཕྱག་ཞབས་འཁོར་ལོས་མཚན་པ་ལ་སོགས་པ་འབྱུང་བར་འདོད་ཀྱི། གཟུགས་སྐུ་དེ་རང་དང་རྣམ་པ་མཐུན་པའི་ལམ་གྱིས་སྒྲུབ་པར་མི་འདོད་པའི་ཕྱིར། གལ་ཏེ། རྒྱུན་མཐའི་ལུས་དེ་མཚན་དཔེས་སྤྲས་པའི་ཡིད་ལུས་ཡིན་པས་གཟུགས་སྐུའི་དངོས་ཀྱི་ཉེར་ཡིན་དུ་གྱུར་པའི་རིགས་འདྲའི་རྒྱུའོ་སྙམ་ན། མི་འཐད་དེ། དེའི་ལུས་དེ་ཡིད་ལྟར་ཐོགས་པ་མེད་པས་ཡིད་ཀྱི་རང་བཞིན་གྱི་ལུས་ཞེས་བརྗོད་པ་ཡིན་གྱི། ཡིད་ཤེས་དང་ངོ་བོ་གཅིག་པའི་ལུས་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་སྟོབས་ཀྱིས་ཐོབ་པའི་ལུས་ཡིན་པའི་ཕྱིར། རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་མེད་དེ། དེ་གསུམ་གྱི་སྐབས་སུ་གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་བསྒོམ་པ་ཙམ་ཡོད་ཀྱང་། དེ་ཙམ་གྱིས་མཐར་གཟུགས་སྐུ་ལ་གཏུགས་པར་མི་ནུས་པའི་ཕྱིར། བསྐྱེད་རིམ་གྱི་སྐབས་སུ་ཡང་མེད་དེ། དེའི་སྐབས་སུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་གསལ་སྣང་མཐར་ཕྱིན་པ་ཡོད་ཀྱང་། དེའི་ཚེ་རང་གི་ལུས་ཕྲ་རགས་གང་ཡང་དངོས་གནས་ལ་ལྷ་སྐུར་སོང་བ་མེད་པའི་ཕྱིར་ཏེ། ཇི་སྲིད་ལྷར་བསྒོམས་པའི་ཀུན་སློང་ཡོད་པ་དེ་སྲིད་དུ་དེའི་ང་རྒྱལ་དང་གསལ་སྣང་ཡོད་ལ། ཀུན་སློང་རྒྱུན་ཆད་པ་ན། ལྷའི་ང་རྒྱལ་དང་གསལ་སྣང་ཡང་རྒྱུན་ཆད་པར་འགྱུར་པའི་ཕྱིར། རྫོགས་རིམ་གྱི་རིམ་པ་གསུམ་པའི་སྐབས་སུ་ཡང་གཟུགས་སྐུའི་དངོས་ཀྱི་ཉེར་ལེན་མེད་དེ། རིམ་པ་གསུམ་པའི་སྒྱུ་ལུས་དེ་དོན་གྱི་འོད་གསལ་ལ་མངོན་དུ་གྱུར་པའི་ཚེ་འཇའ་ཡལ་བ་ལྟར་དག་འགྲོ་བའི་ཕྱིར། དེ་ལྟར་ན། ལམ་བསྒོམས་སྟོབས་ཀྱིས་བྱུང་བའི་རླུང་སེམས་ཙམ་ལས་གྲུབ་པའི་མཚན་དཔེས་སྤྲས་པའི་དག་པའི་སྒྱུ་མའི་སྐུ་དེ་གཟུགས་སྐུ་དང་རྣམ་པ་ཤིན་ཏུ་མཐུན་ཞིང་རང་འབྲས་གཟུགས་སྐུའི་ཉེར་ལེན་གྱི་གཙོ་བོ་ཡིན་ཏེ། སེམས་ཅན་གྱིི་ལུས་སེམས་ལ་རགས་པ་གནས་སྐབས་པའི་ལུས་སེམས་དང་ཕྲ་བ་གཉུག་མའི་ལུས་སེམས་གཉིས་ཡོད་པ་ལས། གཉུག་མའི་ལུས་དེས་གཞི་དུས་སུ་བར་དོ་བཟུང་ནས་འཁོར་བར་སྐྱེ་བའི་རྒྱུ་བྱེད། ལམ་དུས་སུ་སྒྱུ་ལུས་ཀྱི་རྒྱུ་བྱེད། འབྲས་དུས་ཀྱི་གཟུགས་སྐུའི་རྒྱུའི་གཙོ་བོ་བྱེད་པའི་ཕྱིར་རོ། །གཉིས་པ་ནི། སྦྱང་གཞིའི་གནད་ལ་བརྟེན་ནས་ལམ་དུས་སུ་སྒྱུ་ལུས་ཡོད་པར་འགྲུབ་སྟེ། སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པར་རིམ་གཉིས་བསྒོམས་པ་ལ་བརྟེན་ནས་རང་ལ་འབྱུང་རྒྱུའི་སྦྱང་གཞི་གསུམ་པོ་དེ་སྦྱངས་ནས་སྐུ་གསུམ་འགྲུབ་པར་འགྱུར་པ་ཡིིན་ཞིང་། དེ་ཡང་གཞི་ལ་བར་དོར་འགྱུར་རུང་གི་ཕྲ་བའི་རླུང་སེམས་དངོས་པོ་གཅིག་པ་དེ་ལམ་དུས་སུ་རྣལ་འབྱོར་པ་ལ་སྒྱུ་མའི་སྐུ་དང་འབྲས་དུས་སུ་ཟུང་འཇུག་གི་སྐུར་འགྱུར་བའི་ཕྱིར་ཏེ། རིམ་ལྔ་ལས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། ། དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ལྷའི་བསྐྱེད་ཆོག་གི་གནད་ལ་བརྟེན་ནས་ཀྱང་ལམ་དུས་སུ་སྒྱུ་ལུས་ཡོད་པར་འགྲུབ་སྟེ། རྒྱུད་སྡེ་བཞི་ཀའི་སྐབས་སུ་སྟོང་ཉིད་བསྒོམས་པའི་མཐར་ལྷའི་སྐུར་ལྡང་བ་ཞིག་བཤད་ཅིང་། བསྐྱེད་རིམ་མན་ལ་ནི་ལྷའི་སྐུར་བསྐྱེད་པ་ཙམ་ཡོད་ཀྱང་ལྷ་སྐུར་དངོས་གནས་སུ་སོང་བ་མེད་ལ། དེས་ན་རྫོགས་རིམ་གྱི་སྐབས་སུ་སྟོང་པར་ཞུགས་པའི་མཐར་ལྷའི་སྐུར་དངོས་གནས་ལ་ལྡང་བ་ཞིག་དགོས་པས། དེ་ནི་དཔེ་དོན་གྱི་འོད་གསལ་ལས་དག་མ་དག་གི་སྒྱུ་མའི་སྐུར་ལྡང་ཚུལ་ཤེས་ན་འབྱུང་ཞིང་། དེ་ལས་གཞན་དུ་ཇི་ལྟ་བ་བཞིན་མི་ཤེས་པའི་ཕྱིར། བཞི་པ་ནི། ཐབས་ཤེས་དབྱེར་མེད་ཀྱི་གནད་ལ་བརྟེན་ནས་ཀྱང་ལམ་དུས་སུ་སྒྱུ་མའི་སྐུ་ཡོད་པར་འགྲུབ་སྟེ། སློབ་པའི་ཟུང་འཇུག་གི་སྐུ་དེ་ཐབས་ཤེས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ལྷ་སྐུ་ཡིན་ཞིང་དེ་ཐོབ་པའི་ཚེ་གཟུགས་སྐུའི་རིགས་འདྲའི་བསོད་ནམས་ཀྱི་ཚོགས་རྫོགས་པ་ཡིན་པས། རྗེས་ཐོབ་ཏུ་བླ་མ་མ་གཏོགས། བྲིས་འབུར་གྱི་སྐུ་གསུང་ཐུགས་རྟེན་ལ་ཕྱག་མི་བྱ་བར་བཤད་ཅིང་། ཕར་ཕྱིན་ཐེག་པར་ས་བརྒྱད་པ་ཐོབ་ནས་སྟོང་ཉིད་གཙོ་བོར་བསྒོམས་པ་ན་སངས་རྒྱས་ཀྱིས་དེ་ལས་བསླངས་ནས་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་གསོག་པ་ལ་བསྐུལ་དགོས་ལ། བླ་མེད་ཀྱི་ལམ་མཐོན་པར་སླེབས་པ་ན་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་སྒོས་སུ་གསོག་པ་ལ་མི་ལྟོས་པར་མཉམ་གཞག་ཉིད་ལ་གཅིག་དྲིིལ་དུ་བྱས་ནས་བསྐྱངས་ཆོག་པའི་ཕྱིར་ཏེ། དེའི་རྒྱུ་མཚན་ཡང་ཕར་ཕྱིན་ཐེག་པའི་མཉམ་གཞག་ཡེ་ཤེས་ལ་གཟུགས་སྐུའི་རིགས་འདྲའི་རྒྱུའི་གཙོ་བོ་ཐབས་ཤེས་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་མེད་ལ། བླ་མེད་ཀྱི་མཉམ་གཞག་བདེ་ཆེན་གྱི་ཡེ་ཤེས་བསྒོམས་པའི་སྟེང་ནས་ཆོས་སྐུའི་རིགས་འདྲའི་རྒྱུར་མ་ཟད། གཟུགས་སྐུའི་ཉེར་ལེན་གྱི་ཐབས་ཀྱི་ཆ་ཡང་ཚང་བ་ཤིན་ཏུ་གསལ་ཞིང་། དེ་ཡང་འོད་གསལ་གྱི་རླུང་ལས་དག་མ་དག་གི་སྒྱུ་ལུས་སྒྲུབ་ཤེས་ན་འབྱུང་བ་ཡིན་པའི་ཕྱིར། དེ་ལྟ་བུའི་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་དང་། བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་བསྐྱེད་པ་ལ་ལུས་ལ་གནད་དུ་བསྣུན་དགོས་ཤིང་། དེ་ལ་ཡང་ཕྱི་ཕྱག་རྒྱ་ལ་བརྟེན་པ་དང་། ནང་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་གཉིས་གསུངས་པའི་སྔ་མ་ལ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་ཚུལ་གཉིས་ལས། ལས་རྒྱ་ལ་བརྟེན་ནས་བདེ་སྟོང་སྦྱོར་བ་ནི་ཡུལ་རྟེན་གཉིས་ཀ་རྒྱུད་ནས་བཤད་པ་ལྟར་གྱི་མཚན་ཉིད་ཚང་དགོས་པས་ད་ལྟའི་གང་ཟག་གིས་ཡེ་རྒྱ་ལ་བརྟེན་དགོས་པ་ཡིན་ཏེ། འཆད་པར་འགྱུར་རོ། །མདོར་ན་ཕྱི་ཕྱག་རྒྱ་དང་ནང་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་གཉིས་ལ་བརྟེན་ནས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པའི་བདེ་སྟོང་སྦྱོར་བ་ནི་སངས་རྒྱས་སྒྲུབ་པའི་ཐབས་བླ་ན་མེད་པ་གདམས་ངག་ཐམས་ཅད་ཀྱི་གནས་བསྡུས་པ་ཡིན་ཏེ། བདེ་མཆོག་འབྱུང་བ་ལས། ཐབས་ཤེས་གཉིས་ནི་མཉམ་སྦྱོར་པས། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། །དེ་ཉིད་ལ་ནི་བླ་མེད་པའི། །སངས་རྒྱས་ཀུན་རྣམས་རབ་ཏུ་གཞུག །ཞེས་དང་། ས་ར་ཧས། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་འཇིག་རྟེན་མགོ་བོར་རྡོག་པས་མནན་ནས་སོང་། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང་། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུངས་ཞིག །མདའ་བསྣུན་གྱིས་ནི་མན་ངག་མཐའ་དག་བསྟེན་ནས་སོང་། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། སྤྱིར་བླ་མེད་ཀྱི་རྒྱུད་ཀུན་གྱི་དོན་གྱི་གནད་ཐམས་ཅད་ཨེ་ཝཾ་ནས་བི་ཛ་ཧ་རའི་བར་གྱི་ཡི་གེ་བཞི་བཅུའི་གླེང་གཞིའི་དོན་དུ་འདུས་ལ། དེའི་དོན་གྱི་གཙོ་བོ་ཐབས་ཤེས་གཉིས་ནི་ཐོག་མའི་ཨེ་ཝཾ་གཉིས་ཀྱི་དོན་དུ་འདུ་བ་ཡིན་ཏེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། རྒྱུད་དུ་ཐོག་མར་གསུངས་པ་ཡི་འདི་སྐད་བདག་སོགས་ཇི་ལྟ་བུ། འདི་སྐད་ཅེས་སོགས་དང་པོའི་ངག །དོན་རྒྱས་པར་ནི་ཇི་ལྟར་འགྱུར། །ཞེས་རྐང་པ་དང་པོ་གཉིས་ཀྱིས་གསང་བ་དེ་གཉིས་ལ་སོགས་པའི་རྒྱུད་དུ་ཐོབ་མར་ཡང་འབྱུང་བའི་གླིང་གཞིའི་དོན་ཨེ་ཝཾ་གཉིས་ཀྱི་དོན་དུ་འགྱུར་ཚུལ་དང་། ཕྱི་མ་གཉིས་ཀྱིས་ཨེ་ཝཾ་ཞེས་སོགས་རེ་རེའི་དོན་རྒྱས་པར་བཤད་ན་ཇི་ལྟར་འགྱུར་ཞེས་གཉིས་དྲིས་པའི་ཕྱི་མའི་ལན་དུ་ཡི་གེ་རེ་ཚིགས་བཅད་རེས་བཤད་ཅིང་། དང་པོའི་ལན་ལ་ཐོབ་བྱ་འབྲས་བུའི་ཨེ་ཝཾ། ཐོབ་བྱེད་ལམ་གྱི་ཨེ་ཝཾ། འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དང་གསུམ་གསུངས་པའི་ཕྱིར། དེ་ཡང་དང་པོ་ལ་དྲང་དོན་དང་ངེས་དོན་དུ་བཤད་པ་གཉིས་ཀྱི་དང་པོ་ལ་ཡི་གེ་གཉིས་ཀྱིས་དོན་མཚོན་ཚུལ་ཡོད་དེ། ཨེས་སྟོན་པ་གང་དུ་བཞུགས་ནས་རྒྱུད་གསུངས་པའི་གནས་ལ་ནི་བདེ་མཆོག་གི་རྩ་རྒྱུད་སོགས་རྒྱུད་ལ་ལར་གསང་བ་ཞེས་དང་། ལ་ལར་མཁའ་དབྱིངས་དང་། དེ་བཞིན་དུ་བྷ་ག་དང་། ཆོས་འབྱུང་དང་། པདྨ་དང་། སེདྒེའི་གདན་ཞེས་གསུངས་པ་རྣམས་མཚོན། ཝས་གདན་དེ་རྣམས་ལ་བཞུགས་ནས་རྒྱུད་གསུངས་པའི་སྟོན་པ་ལ་རྡོ་རྗེ་ཅན་དང་། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་འཇིགས་བྱེད་དང་། རྡོ་རྗེ་དབང་ཕྱུག་དང་། ཧེ་རུ་ཀ་དང་། དུས་ཀྱི་འཁོར་ལོ་དང་། དང་པོའི་སངས་རྒྱས་ཞེས་གསུངས་པ་རྣམས་མཚོན། ཐིག་ལེས་རྡོ་རྗེ་ཅན་ལ་སོགས་པ་སྟོན་པ་དེ་རྣམས་གསང་བ་ལ་སོགས་པའི་གདན་དེ་རྣམས་སུ་བཞུགས་ནས་ཆོས་སྟོན་པ་མཚོན་པའི་ཕྱིར་ཏེ། རྒྱུད་དེ་ཉིད་ལས། ཨེས་ནི་གསང་བ་མཁའ་དབྱིངས་དང་། །བྷ་ག་ཆོས་འབྱུང་པདྨ་དང་། །རྣལ་འབྱོར་སེདྒེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། ཨེས་འབྲས་དུས་ཀྱི་ཤེས་རབ་སྟོང་པ་ཉིད་དང་། ཝས་འབྲས་དུས་ཀྱི་ཐབས་བདེ་བ་ཆེན་པོ་མཚོན་ཞིང་། གཉིས་ཀས་འབྲས་དུས་ཀྱི་འོད་གསལ་དང་སྒྱུ་མའི་སྐུ་ཟུང་དུ་འཇུག་པ་ཡང་མཚོན་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། །གཉིས་སུ་མེད་པ་མཚོན་བྱེད་དང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ལ་དེ་བཞིན་གཤེགས་པའི་རྒྱ། །གཉིས་མེད་ཡེ་ཤེས་མཚོན་པ་ནི། །རྒྱུད་རྣམས་ཀུན་གྱི་གླིང་གཞིར་གསུངས། །ཞེས་གསུངས་པའི་ཕྱིར། གཉིས་པ་ལམ་གྱི་དབང་དུ་བྱས་ན་ཨེ་ཝཾ་གཉིས་ཀྱི་མཚོན་དོན་ཤེས་དགོས་པ་ཡིན་ཏེ། ཨེས་བདག་མེད་པའི་དེ་ཁོ་ན་ཉིད་མཚོན་པས་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་མེད་ན་ཨེ་ཡིག་གི་དོན་མ་ཚང་། དེ་ཡོད་ཀྱང་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་བདེ་བ་ཆེན་པོ་གཅིག་མེད་ན་ཝ་ཡིག་གི་དོན་མ་ཚང་། དེ་གཉིས་ཡོད་ཀྱང་སྟོང་ཉིད་རྟོགས་པའི་ལྟ་བ་ཞུ་བདེའི་ངོ་བོར་བསྐྱེད་པའི་བདེ་སྟོང་སྦྱོར་ཚུལ་མི་ཤེས་ན་ཐིག་ལེའི་དོན་མ་ཚང་བའི་ཕྱིར་རོ། །དེ་ལྟར་ཤེས་པའི་སྒོ་ནས་བདེ་སྟོང་སྦྱོར་དགོས་ཤིང་དེ་ཉིད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་ཁྱབ་པའི་དོན་གྱི་གཙོ་བོ་མདོར་བསྡུས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་རྒྱས་འདེབས་ཀྱི་ཕྱག་རྒྱར་གསུངས་པ་ཡིན་ཏེ། དེ་ཉིད་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝ་ནི་ཐུགས་རྗེ་དང་། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། ། དེ་སྦྱོར་བ་ཡི་རྨད་མཆོག་གོ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །རྒྱལ་པོ་ཆེན་པོ་ཕྱག་རྒྱ་ཉིད། །རྒྱུད་རྣམས་ཀུན་གྱི་ཐོག་མར་གསུངས། །ཞེས་གསུངས་པའི་ཕྱིར། དེ་འདྲ་བའི་བདེ་སྟོང་གི་ཡེ་ཤེས་དེ་རྒྱུད་གང་ལས་སྟོན་པ་དེ་ལ་དངོས་གྲུབ་མཆོག་ཡོད་ལ་དེ་མི་སྟོན་ན་ནི་མེད་པ་ཡིན་ཏེ། དེ་ཉིད་ལས། རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་མ་ཕྱེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ཉིད་དེ་བཞིན་གཤེགས་པའི་རྒྱ། །ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་གཉིས་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་མེད། །ཅེས་གསུངས་པའི་ཕྱིར། གསུམ་པ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གྱི་དོན་ལ་ཕྱི་ནང་གཉིས་ལས་ཕྱི་ལ་སྦྱོར་བའི་མཚོན་ཚུལ་ཡོད་དེ། ཨེས་རྟེན་ཕྱག་རྒྱའི་པདྨ་དེ་མཚོན། ཝས་བརྟེན་པ་ཡབ་ཀྱི་རྡོ་རྗེེ་ནོར་བུ་དེ་མཚོན། ཐིག་ལེས་དེ་ག ཉིས་ཕན་ཚུན་སྦྱོར་བ་དེ་མཚོན། རྡོ་རྗེ་ལ་གནས་པའི་ཐིག་ལེས་ནི་སྣ་ཚོགས་པའི་སྤྲུལ་པ་སྟོན་པར་བྱེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་ཀུན་གྱི་གཞི་བྱེད་པའི་ཕྱིར་ཏེ། དེ་ཉིད་ལས། ཨེ་ནི་བྷ་གའི་མཚན་ཉིད་དེ། །པདྨ་རྟེན་དུ་ཤེས་པར་བྱ། །བརྟེན་པ་རྡོ་རྗེ་ཞེས་ནི་གསུངས། །བརྟེན་པ་རྡོ་རྗེ་འཆང་བ་ཡིས། །དེ་ལ་གནས་པ་ཐིག་ལེའི་གཟུགས། །སྣ་ཚོགས་སྤྲུལ་པ་སྟོན་པར་བྱེད། །བདེ་བ་ཀུན་གྱི་གཞི་ཡི་གནས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་གསུངས་པའི་ཕྱིར། ནང་ལ་སྦྱོར་བའི་མཚོན་ཚུལ་ཡོད་དེ། ཨེས་སྤྱི་བོ་དང་ལྟེ་བའི་རྩ་འཁོར་གྱི་ལྟེ་བ་གྲུ་གསུམ་པའི་རྣམ་པ་ཅན་དུ་ཡོད་པ་དེ་མཚོན། ཝས་མགྲིན་པ་དང་སྙིང་གའི་རྩ་འཁོར་གྱི་ལྟེ་བ་ཟླུམ་པོའི་རྣམ་པ་ཅན་དུ་ཡོད་པ་དེ་མཚོན། ཐིག་ལེས་མགྲིན་པ་དང་སྤྱི་བོའི་རྩ་འཁོར་ཐབས་ཤེས་སུ་ཕྱོགས་པ་དང་། སྙིང་ག་དང་ལྟེ་བའི་རྩ་འཁོར་ཐབས་ཤེས་སུ་ཕྱོགས་པ་དེ་མཚོན་པའི་ཕྱིར་ཏེ། སཾ་བྷུ་ཊི་ལས། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡིག་རྣམ་པར་ཡང་དག་གནས། །སྙིང་ག་མགྲིན་པ་ཡང་དག་གནས། །ཝཾ་གྱི་ཡི་གེ་འདྲ་བར་འདོད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་བུའི་དྲང་ངེས་གཉིས་ལས་ལམ་གྱི་སྙིང་པོ་ངེས་དོན་གྱི་ཨེ་ཝཾ་བསྐྱེད་པའི་ཐབས་གཞུང་གང་གིས་ཇི་ལྟར་བསྟན་པ་ཡིན་ཞེ་ན། འདི་ལ་གསུམ། ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་འདྲེན་ཚུལ་ཇི་ལྟར་བསྟན་པ་དང་། རང་གི་ལུས་ལ་གནད་དུ་བསྣུན་པ་ལ་བརྟེན་ནས་བདེ་ཆེན་འདྲེན་ཚུལ་ཇི་ལྟར་བསྟན་པ་དང་། འཕྲོས་དོན་རྩ་རླུང་ཐིག་ལེའི་རྣམ་གཞག་བཤད་པའོ། །དང་པོ་ནི། སྤྱིར་བླ་མེད་ཀྱི་རིམ་གཉིས་ཀྱི་སྐབས་སུ་ཕྱག་རྒྱ་ལ་བརྟེན་དགོས་ཚུལ་ནི་གཞུང་གཞན་དུ་མ་དང་། ཁྱད་པར་འདུས་པའི་སྐབས་སུ་དེ་ལ་བརྟེན་དགོས་པ་འདུས་པའི་རྩ་བཤད་ཀྱི་རྒྱུད་སོགས་ལས་གསལ་བར་བཤད་པ་ཡོད་མོད། འདིར་བདེ་མཆོག་རང་གི་སྐོར་ནས་གསུངས་པའི་དབང་དུ་བྱས་ན་རིམ་གཉིས་ཀྱི་རྟོགས་པ་མཐོན་པོ་རང་རྒྱུད་ལ་བསྐྱེད་པ་ལ་ཕྱག་རྒྱ་ལ་བརྟེན་དགོས་པ་ཡིན་ཏེ། ཉུང་ངུའི་རྩ་རྒྱུད་ལས། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣམས་ལ་འགྲུབ་མི་འགྱུར། །ཞེས་གསུངས་པའི་ཕྱིར་དང་། ཕྱག་རྒྱ་མཚན་ཉིད་པ་ལ་བརྟེན་ཚུལ་རྒྱུད་ནས་བཤད་པ་བཞིན་བྱས་ན་ལམ་འགྲུབ་པ་ཙམ་དུ་མ་ཟད། མྱུར་བ་ཡང་ཡིན་ཏེ། དེ་ཉིད་ལས། དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །བཟླས་བརྗོད་བསམ་གཏན་མཆོད་མེད་པར། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་དང་། དོན་དེ་ལ་དགོངས་ནས་རྩ་རྒྱུད་ལེའུ་བཅོ་ལྔ་པ་ནས་ཉེར་བཞི་པའི་བར་གྱིས་ཀྱང་ཕོ་ཉ་ཁྱད་པར་ཅན་དང་འདུ་བའི་སྐོར་ཉིད་རྒྱས་པར་བཤད་པ་ཡིན་པའི་ཕྱིར། འདིའི་བཤད་རྒྱུད་དུ་མ་ལས་ཀྱང་གསུངས་ཏེ། ཧེ་རུ་ཀ་མངོན་འབྱུང་དང་། སམ་བྷུ་ཊི་དང་། རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་རྒྱ་མཚོ་སོགས་ནས་བཤད་ཅིང་། དངོས་གྲུབ་སྙེ་མ་ལས་ཀྱང་དེ་ལྟར་བྱ་ནུས་པ་ནས་ཕྱིའི་རྐྱེན་ཕོ་ཉ་མོ་མཚན་ཉིད་ཚང་བ་ལ་བརྟེན་ནས་ལམ་ཆེས་མྱུར་བར་འགྱུར་གྱི། གཞན་དུ་མིན་པས་ཐབས་དེ་གཙོ་བོ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཡུལ་རྟེན་གཉིས་ཀ་མཚན་ཉིད་མ་ཚང་ན་ཉེས་པ་ཡང་ཆེ་སྟེ། ཧེ་རུ་ཀ་མངོན་འབྱུང་ལས། རྣལ་འབྱོར་མེད་པ་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་གྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བ་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར། གཉིས་པ་ནི། རྩ་རྒྱུད་ལས། གསང་བ་མཆོག་གིས་དགྱེས་པ་ན། །ཞེས་སོགས་ནི་བསྐྱེད་རིམ་གྱི་སྐབས་སུ་འབྱུང་བཞི་རི་རབ་བསྒོམ་པ་ལ་སྦྱོར་ཡང་། རྫོགས་རིམ་གྱི་སྐབས་སུ་གང་ལ་གནད་དུ་བསྣུན་པའི་རྡོ་རྗེའི་ལུས་ཀྱི་གནས་ལུགས་སྟོན་པ་དང་སྦྱོར་བར་གསུངས་ཤིང་། སྦྱོར་ཚུལ་ཡོད་དེ། རྐང་པ་བགྲད་པ་དང་རླུང་། སུམ་མདོ་དང་མེ། ལྟོ་བ་དང་ཆུ། སྙིང་ག་དང་ས། སྒལ་ཚིགས་དང་རི་རབ་སྦྱོར་ཞིང་དེར་མ་ཟད། མགྲིན་པ་མགོ་བོ་དང་བཅས་པའང་དེ་དང་སྦྱོར་བར་སམ་བྷུ་ཊི་དང་དེ་ཉིད་གསལ་བ་ལས་འབྱུང་བ་ལྟར་རྗེ་ཉིད་ཀྱིས་བཤད་པའི་ཕྱིར། དེ་ལྟ་བུའི་ལུས་དེ་ཉིད་ལ་གནས་ཉེར་བཞིའི་རྩ་ལ་སོགས་པ་མང་དུ་ཡོད་ཀྱང་། གང་ལ་གནད་དུ་བསྣན་པའི་རྩ་འཁོར་ནི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ནོར་བུ་རྣམས་སུ་ཡོད་ཅིང་། ལཱུ་ཧི་པའི་ལུགས་ལ་ལྟེ་བའི་རྩ་འཁོར་ནི་གང་ལ་གནད་དུ་བསྣུན་པའི་གཞིའི་གཙོ་བོ་ཡིན་ཏེ། ཀུན་སྤྱོད་ལས། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཞེས་དང་། མངོན་བརྫོད་ལས་ཀྱང་། དཀྱིལ་འཁོར་ལུས་ནི་ཡིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། །དེ་ལ་ལྟེ་བའི་རྩ་འཁོར་ཆེ། །ཞེས་གསུངས་པའི་ཕྱིར། མདོར་ན་དངོས་གྲུབ་སྙེ་མ་ལས། པདྨ་ནང་ལ་སྦྱར་བ་ན། སྤྱི་བོའི་རྩ་འདབ་སོ་གཉིས་སུ་སམ་བྷུ་ཊི་ལས་གསུངས་པ་ནི་མཚོན་པ་ཙམ་སྟེ། མགྲིན་པ་དང་སྙིང་ཁ་དང་ལྟེ་བ་ལ་སོགས་པའི་རྩ་འཁོར་སོགས་ལུས་ལ་གནད་དུ་བསྣུན་པ་ཀུན་བཟུང་བར་བྱའོ། །ཞེས་པ་ནས། དེ་ལྟར་ན་བསྐྱེད་རིམ་ལ་ཧེ་རུ་ཀ་བསྐྱེད་པའི་གཞི་འབྱུང་བ་རིམ་བརྩེགས་རི་རབ་པདྨ་དང་བཅས་པ་བཤད་པ་དེ་ནང་རྫོགས་རིམ་ལ་བཤད་པ་ན། གང་ལ་གནད་དུ་བསྣུན་པས་ལྷན་སྐྱེས་ཀྱི་ཧེ་རུ་ཀ་འཆར་བའི་གཞི། བུག་པའི་སྒོ་དགུ་པ་ཅན་གྱི་རྡོ་རྗེའི་ལུས་སྤྱི་དང་བྱེ་བྲག་གི་གནད་རྣམས་སྟོན་པར་ཤེས་པར་བྱའོ། །ཞེས་པའི་བར་དང་། རླུང་དྷཱུ་ཏཱིར་བཙུད་པ་ལས་ལྷན་སྐྱེས་དང་སྒྱུ་མའི་སྐུ་བསྐྱེད་པ་ལཱུ་ཧི་པའི་རྫོགས་རིམ་དུ་བཤད་པ་ནི། རྒྱུད་དང་རྣལ་འབྱོར་མ་ཀུན་སྤྱོད་དང་མངོན་བརྗོད་དང་ཧེ་རུ་ཀ་མངོན་འབྱུང་གསུམ་བསྒྲིགས་ཏེ་བཤད་པ་ལས་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་ཤེས་དགོས་པ་ཡིན་ཡང་འདིར་མཚོན་པ་ཙམ་ཞིག་བསྟན་པ་ཡིན་ནོ། །གསུམ་པ་རྩ་རླུང་ཐིག་ལེའི་རྣམ་གཞག་བཤད་པ་ལ་གསུམ། རྩ་བཤད་པ། རླུང་བཤད་པ། ཐིག་ལེ་བཤད་པའོ། །དང་པོ་ནི། སྤྱིར་རྩའི་གྲངས་ཇི་ལྟར་བཤད་པའི་ཚུལ་ཡོད་དེ། མངལ་ དུ་འཇུག་པའི་མདོ་ལས། ལུས་ཀྱི་གཡས་གཡོན ་གཉིས་མདུན་རྒྱབ་གཉིས་ཏེ་བཞིར་རྩ་ཉིས་ཁྲི་ཉིས་ཁྲི་སྟེ་ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་བཤད་ལ། སྔགས་ཀྱི་ཐེག་པ་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་བཤད་པའི་ཕྱིར། དེ་དག་གི་ནང་ནས་སྤྱི་བོའི་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བའི་དྲུག་ཅུ་རྩ་བཞི་སྟེ་རྩ་བརྒྱ་ཉི་ཤུ་ནི་གཙོ་བོ་ཡིན་ཏེ། དེ་རྣམས་ཀྱིས་རླུང་དང་བྱང་སེམས་ཀྱི་རྟེན་བྱེད་པའི་ཕྱིར། དེའི་ནང་གནས་ཉེར་བཞིའི་རྩ་ཉེར་བཞི་པོ་དེ་གཙོ་བོ་ཡིན་ཏེ། དེ་རྣམས་ཀྱིས་སྐྲ་སྤུ་སེན་མོ་སོགས་ཀྱི་རྒྱུ་བྱེད་པའི་ཕྱིར། ཉེར་བཞི་པོ་གང་ཞེ་ན་ཡོད་དེ། སྐྲ་མཚམས་སུ་མི་ཕྱེད་མ། སྤྱི་བོར་ཕྲ་གཟུགས་མ། རྣ་བ་གཡས་ལ་བརྩེ་བ་མ། ལྟག་པར་གཡོན་པ་མ། རྣ་བ་གཡོན་ལ་ཐུང་ངུ་མ། མིག་དབུས་སུ་རུས་སྦལ་སྐྱེས་མ། མིག་གཉིས་ལ་སྒོ་མ། ཕྲག་པ་གཉིས་ལ་དབང་མ་སྟེ་རླུང་གཙོ་བོར་འབབ་པའི་ཐུགས་ཀྱི་རྩ་བརྒྱད་དང་། མཆན་ཁུང་གཉིས་ལ་སྐྱོན་ལྡན་མ། ནུ་མ་གཉིས་ལ་འཇུག་མ། སྙིང་ལ་གཞོལ་མ། ལྟེ་བར་རྒྱུ་མ་མ། སྣ་རྩེར་མཚན་མོ་མ། ཁ་ལ་བསིལ་སྦྱིན་མ། མགྲིན་པར་ཚ་བ་མ། འབྲས་བུ་གཉིས་ལ་རངས་མ་སྟེ་ཁྲག་གཙོ་བོར་འབབ་པའི་གསུང་གི་རྩ་བརྒྱད་དང་། རྟགས་ཀྱི་རྩེར་ཤིན་ཏུ་བཟང་མོ། །བཤང་ལམ་ལ་ལྕི་བ་མ། བརླ་གཉིས་ལ་རྒྱུད་བྱིན་མ། བྱིན་པ་གཉིས་ལ་སྦྱོར་བྲལ་མ། སོར་མོ་བཅུ་དྲུག་ལ་སྡུག་གུ་མ། བོལ་གོང་གཉིས་ལ་ཁུ་བ་མ། མཐེ་བོང་བཞི་ལ་འཚེད་པ་མ། པུས་མོ་གཉིས་ལ་ཡིད་བཟང་མ་སྟེ་ཁུ་བ་གཙོ་བོར་འབབ་པའི་སྐུའི་རྩ་བརྒྱད་དེ་བརྒྱད་གསུམ་ཉི་ཤུ་རྩ་བཞི་རྣམས་ཡིན་པའི་ཕྱིར། ཐམས་ཅད་ཀྱི་ནང་ནས་རོ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། དེ་གསུམ་གྱིས་རླུང་དང་རྣམ་ཤེས་ཀྱི་རྟེན་གཙོ་བོར་བྱེད་ཅིང་རྩ་གཞན་རྣམས་ཀྱང་དེ་གསུམ་ལ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར། ཁ་ཅིག་རྩ་དང་ཐིག་ལེ་ཐོག་མར་ལྟེ་བ་ནས་འཆགས་པར་བཞེད་ཀྱང་། དེ་གཉིས་ཐོག་མར་སྙིང་ག་ནས་འཆགས་པ་ཡིན་ཏེ། རྣམ་ཤེས་མངལ་དུ་འཇུག་པའི་ཚེ་ཐོག་མར་སྙིང་ག་འཆགས་ས་ནས་འཇུག་ཅིང་། མཐར་འཆི་བའི་ཚེ་ཡང་རྣམ་ཤེས་སྙིང་ག་ནས་འཕོ་བར་གཞུང་ཆེ་བ་དུ་མ་ནས་བཤད་པའི་ཕྱིར། རྩའི་གཙོ་བོ་རྣམས་འཆགས་པའི་ཚུལ་ཡོད་དེ། ཐོག་མར་སྙིང་གའི་རོ་རྐྱང་དབུ་མ་གསུམ། ཤར་གྱི་རྩ་འདབ་སུམ་སྐོར་མ། ལྷོའི་འདོད་མ་སྟེ་ལྔ་འཆགས། དེ་རྗེས་ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མོ། །དབུ་མ་དང་ལྷན་ཅིག་གནས་པའི་བདུད་བྲལ་མ་སྟེ་བརྒྱད་འཆགས་པའི་ཕྱིར། དེ་རྣམས་ལ་ནི་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་ཅེས་བྱའོ། །ཕྱོགས་ཀྱི་རྩ་གཞི་ནི་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལུ་གུ་བརྒྱུད་དུ་འཁྱུད་པའི་མདུད་མཚམས་ནས་བུག་པ་བརྟོལ་བའི་ཚུལ་གྱིས་རྩ་བ་ཟུག་སྟེ་གནས་ལ། རོ་རྐྱང་དབུ་མ་གསུམ་གྱི་ཡར་སྣེ་ལུས་ཀྱི་དབུས་དྲངས་ཐད་ནས་སོང་སྟེ་རྩེ་མོ་ཅུང་ཟད་གུག་ནས་སྨིན་དབུས་ཀྱི་ནང་ཐད་དང་གཡས་ གཡོན་དུ ་གནས་ཤིང་། མར་སྣ་སྐྱེས་པ་ལ་རྟགས་ཀྱི་རྩེ་དང་བུད་མེད་ལ་པདྨའི་རྩེར་ཟུག་སྟེ་གནས་ཡང་། ཆ་ཤས་རེ་རྐང་མཐིལ་གྱི་བར་དུ་ཡོད་དེ། དབུ་མ་དང་ལྷན་ཅིག་པའི་བདུད་བྲལ་མའི་གནས་ཚུལ་ཡོད་དེ། མར་སྣ་ལྟེ་བའི་རྩ་འཁོར་ལ་ཟུག་ཅིང་། ཡར་སྣ་དབུ་མ་དང་ལྷན་ཅིག་སོང་སྟེ་མགྲིན་པའི་ཐད་ནས་གུག་སྟེ་ལྕེ་རྩ་ལ་ཟུག་ནས་གནས་པའི་ཕྱིར། སྙིང་གའི་རྩ་ཞེས་པ་ནི་སྲོག་པ་རྩ་ཡིན་ལ། དེའི་གནས་ཚུལ་ཡོད་དེ། དེ་ནི་སྒལ་ཚིགས་ཀྱི་ནང་ཕྱོགས་ནས་དེ་ལ་བརྟེན་ཏེ་ལུས་ཀྱི་གཞུང་ཤིང་གི་ཚུལ་དུ་གནས་ཤིང་། རོ་རྐྱང་དབུ་མ་གསུམ་ཡང་རྩ་དེ་ལ་བརྟེན་ནས་གནས་པའི་ཕྱིར། ཕྱོགས་ཀྱི་རྩ་བཞི་ལས་ནི་མཚམས་ཀྱི་རྩ་བཞི་གྱེས་པ་ཡིན་ཏེ། ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོའི་རྩ་འདབ་དང་། ལྷོའི་འདོད་མ་ལས་ལྷོ་ནུབ་ཀྱི་རྩ་འདབ་དང་ནུབ་ཀྱི་ཁྱིམ་མ་ལས་ནུབ་བྱང་གི་རྩ་འདབ་དང་། བྱང་གི་གཏུམ་མོ་ལས་བྱང་ཤར་གྱི་རྩ་འདབ་གྱེས་པའི་ཕྱིར། དེ་བརྒྱད་ལ་ནི་སྙིང་གའི་རྩ་འདབ་བརྒྱད་དང་ཐུན་ཚོད་ཀྱི་རྩ་འདབ་བརྒྱད་ཅེས་བྱའོ། །དེ་ལྟར་ན་སྙིང་གའི་རྩ་འདབ་བརྒྱད་དང་། སྙིང་ཁར་ཐོག་མར་འཆགས་པའི་རྩ་བརྒྱད་དོན་མི་གཅིག་སྟེ་རོ་རྐྱང་དབུ་མ་གསུམ་དང་བདུད་བྲལ་མ་ནི་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་ཀྱི་ནང་ཚན་ཡིན་ཀྱང་། སྙིང་གའི་རྩ་བརྒྱད་ཀྱི་ནང་ཚན་མ་ཡིན་པའི་ཕྱིར་རོ། །སྙིང་གའི་ཕྱོགས་ཀྱི་རྩ་འདབ་བཞི་ལས་འབྱུང་བ་བཞིའི་རླུང་རྒྱུ་པས་འབྱུང་བའི་རྩ་དང་། མཚམས་ཀྱི་རྩ་བཞི་ལས་གཟུགས་དྲི་རོ་རེག་བྱ་བཞི་འབབ་པས་མཆོད་པའི་རྩ་ཞེས་བཤད་ཅིང་། བཤང་གཅི་ཁུ་ཁྲག་བད་ཀན་ཏེ་བདུད་རྩི་ལྔ་འབབ་པར་ཡང་བཤད་དོ། །དེ་རྣམས་ལས་རླུང་ཁྲག་ཁུ་བ་གསུམ་གཙོ་བོར་འབབ་པའི་སྒོ་ནས་གསུམ་གསུམ་དུ་གྱེས་ཏེ་སྤྱི་བོ་ལ་སོགས་པ་གནས་ཉེར་བཞིར་གནས་པའི་རྩ་རྣམས་ལ་ནི་གནས་ཉེར་བཞིའི་རྩ་ཞེས་བྱ་སྟེ། གནས་ཉེར་བཞི་ནི་སྐྲ་མཚམས་ནས་པུས་མོའི་བར་ལ་བདེ་མཆོག་ནས་འབྱུང་བ་ལྟར་ཡིན་པའི་ཕྱིར། རྩ་དེ་རྣམས་ཀྱི་སྟེང་དུ་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་བསྣན་པས་སོ་གཉིས་པོ་དེ་ལ་བྱང་སེམས་འབབ་པའི་རྩ་ཞེས་བྱ་སྟེ། མཉམ་སྦྱོར་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་རྩ། །སུམ་ཅུ་རྩ་གཉིས་དམ་པ་ཡིན། །ཞེས་གསུངས་པའི་ཕྱིར། འོན་ཀྱང་བདུད་བྲལ་མའི་ནང་ནས་དེ་འབབ་པར་གསུངས་པ་ནི་འཆི་བའི་ཚེ་དང་ལམ་དུས་ལ་དགོངས་ནས་གསུངས་ཀྱི། གཞི་ལ་ནི་དེའི་ནང་ནས་རླུང་དང་བྱང་སེམས་གང་ཡང་མི་འབབ་སྟེ། དེའི་ནང་ནས་མི་འབབ་པར་མ་ཟད། དེས་རྩ་གཞན་རྣམས་ཀྱི་ནང་ནས་རླུང་དང་བྱང་སེམས་འབབ་པའི་གེགས་བྱེད་པས་ན། དེ་ལ་བདུད་བྲལ་མ་དང་། དུས་ཀྱི་རྩ་དང་། རྣལ་འབྱོར་མ་རྣམས་ཀྱིས་འགོག་པའི་རྩ་ཞེས་བརྗོད་པ་ཡིན་པའི་ཕྱིར། གཞི་ལ་འཆི་དུས་མ་གཏོགས་དབུ་མའི་ནང་ནས་ཀྱང་རླུང་ཡས་མན་ཏུ་རྒྱུ་བ་མེད་དེ། དེ་ལ་རོ་རྐྱང་གི་མདུད་པ་དམ་པོས་བསྡོམས་པའི་ཕྱིར་རོ། །འཆི་དུས་སུ་ནི་རླུང་རྒྱུ་སྟེ། ལས་དབང་གིས་རྩ་མདུད་རྣམས་གྲོལ་བར་འགྱུར་བའི་ཕྱིར་རོ། །རྩའི་དབྱེ་བ་བདེ་གསང་ཐུན་མོང་བའི་བཤད་རྒྱུད་རྡོ་རྗེ་འཕྲེང་བར་བཤད་པའི་དོན། འདོད་འཇོ་སོགས་ནས་འབྱུང་བ་ལྟར། གནས་ཉེར་བཞིའི་རྩ་དེ་རྣམས་ལས་གཙོ་བོར་ཁུ་བ་འབབ་པ། གཙོ་བོར་ཁྲག་འབབ་པ། གཙོ་བོར་རླུང་འབབ་པ་གསུམ་གསུམ་དུ་ཕྱེ་བས་བདུན་ཅུ་རྩ་གཉིས་སུ་འགྱུར་ལ། དེ་རེ་རེ་ལས་སྟོང་སྟོང་དུ་ཕྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས། སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་ལས་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་དུ་ཕྱེ་བའི་ཚན་པ་གཅིག་ནས་གཙོ་བོར་ཁུ་བ་དང་། ཚན་པ་གཅིག་ནས་གཙོ་བོར་ཁྲག་དང་། ཚན་པ་གཅིག་ནས་གཙོ་བོར་རླུང་འབབ་པ་གསུམ་ལ་རིམ་པ་བཞིན་དུ། སྐུ་གསུངས་ཐུགས་ཀྱི་རྩ་དང་། འཁོར་ལོ་གསུམ་གྱི་རྩ་ཞེས་བྱ་སྟེ། རྡོ་རྗེ་འཕྲེང་བ་ལས། ལ་ལཱ་ན་དང་རས་ན། ཨ་ཝ་དྷཱུ་ཏཱི་ཞེས་བྱའི་མིང་། དེ་རྣམས་སྤྲོ་བའི་སྤྱོད་པ་ཡིས། །རིམ་གྱིས་ཐུན་ནི་བརྒྱད་དུ་འགྱུར། །གསུམ་པོ་ཉི་ཤུ་རྩ་བཞིར་འགྲོ། །དེ་ལ་འཁོར་ལོ་གསུམ་ཕྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། །དེ་ལས་སྟོང་དུ་རབ་ཕྱེ་བ། །སོ་སོར་སྤྲོ་བའི་བདག་ཉིད་ཅན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས། །རྩ་རྣམས་ཀྱི་ནི་གྲངས་ཞེས་བྱ། །ཞེས་གསུངས་པའི་ཕྱིར། ཡང་གནས་ཉེར་བཞིའི་རྩ་དེ་རྣམས་ལས་བརྒྱད་ཚན་གསུམ་དུ་ཕྱེ་བའི་བརྒྱད་ཚན་གཅིག་ནས་སྙིང་སྟོབས་ལུས་ཁུ་བ་འབབ། བརྒྱད་ཚན་གཅིག་ནས་རྔུལ་དག་ཁྲག་འབབ། བརྒྱད་ཚན་གཅིག་ནས་མུན་པ་ཡིད་བཞོན་པའི་རླུང་དང་བཅས་པ་འབབ་པ་ལ་རིམ་པ་བཞིན་དུ། སྐུ་གསུང་ཐུགས་ཀྱི་རྩ། ལུས་ངག་ཡིད་གསུམ་གྱི་རྩ། སྙིང་སྟོབས་རྡུལ་མུན་གྱི་རྩ་ཞེས་བྱ་སྟེ། སཾ་བྷུ་ཊི་ལས། སྙིང་སྟོབས་རྡུལ་ཏེ་ལུས་དང་ངག །མུན་པ་སེམས་ཀྱི་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་ནང་ནས་རྩ་སོ་གཅིག་བདེ་མཆོག་གི་ལྷ་མོ་རྣམས་དང་སྦྱོར་ཚུལ་ཡོད་དེ། རོ་རྐྱང་དབུ་མ་གསུམ་ནི་ཕག་མོ་དང་སྦྱོར་བ་ཡིན་ལ། གནས་ཉེར་བཞིའི་རྩ་རྣམས་ནི་འཁོར་ལོ་གསུམ་གྱི་ལྷ་མོ་རྣམས་དང་སྦྱོར་ཞིང་། ཕྱོགས་ཀྱི་རྩ་བཞི་ནི་ཡུམ་བཞི་དང་སྦྱོར་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྩའི་ནང་ན་སྒོ་མཚམས་མ་བརྒྱད་དང་སྦྱོར་རྒྱུ་མེད་པར་བཤད་ཀྱང་སྤྱིར་རྩ་དང་སྦྱོར་རུང་བར་སེམས་ཏེ། ལྕེའི་རྩ་བར་གནས་པའི་རྩ་སོགས་ལས་དེ་རྣམས་བསྐྱེད་པ་དང་སྦྱོར་བའི་ཕྱིར་དང་གནས་ཉེར་བཞིའི་རྩ་ནང་གི་ཁམས་རྣམས་དཔའ་བོ་རྣམས་དང་སྦྱོར་བར་གསུངས་པས་ཀྱང་འགྲུབ་པའི་ཕྱིར། དེས་ན་གནས་ཉེར་བཞིའི་རྩ་དང་། སྐུ་གསུངས་ཐུགས་ཀྱི་རྩ་དང་། འཁོར་ལོ་གསུམ་གྱི་རྩ་ཞེས་པའི་ཐ་སྙད་མཛད་པ་ནི་བདེ་མཆོག་གི་སྐབས་དང་ཤིན་ཏུ་འབྲེལ་བ་ཡིན་ནོ། །རོ་རྐྱང་དབུ་མ་གསུམ་གྱི་མིང་གི་རྣམ་གྲངས་ཡོད་དེ། དབུ་མ། ཨ་བ་དྷཱུ་ཏཱི། སྒྲ་གཅན། གཉིས་སྤངས་ཀྱི་རྩ། མུན་པའི་རྩ། ཡིད་ཀྱི་རྩ། ཐུགས་ཀྱི་རྩ། ཐིམ་པའི་རྩ་ཞེས་བྱ་ལ། རོ་མ། ར་ས་ན། འཛིན་པའི་རྩ། ཉི་མའི་རྩ། རྡུལ་གྱི་རྩ། ངག་གི་རྩའམ་གསུང་གི་རྩ། ཤེས་རབ་ཀྱི་རྩ། ལོངས་སྤྱོད་ཀྱི་རྩ། གཡས་ཀྱི་རྩ་ཞེས་བྱ་ཞིང་། རྐྱང་མ། ལ་ལཱ་ན། གཟུང་བའི་རྩ། ཟླ་བའི་རྩ། སྙིང་སྟོབས་ཀྱི་རྩ། སྐུའི་རྩ། ཐབས་ཀྱི་རྩ། བདག་པོའི་རྩ། གཡོན་གྱི་རྩ་ཞེས་བྱ་བ་ཡིན་པའི་ཕྱིར། དེ་ཡང་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་པའི་མདུད་པ་གང་ཡོད་པ་དེ་ན་རྩ་འཁོར་རེ་ཡོད་ཅིང་། སྙིང་གར་མདུད་པ་གསུམ་རེ་དང་གཞན་རྣམས་ན་མདུད་པ་རེ་རེ་ཡོད་ལ། མདུད་མཚམས་ནས་གྱེས་པའི་རྩ་འཁོར་ལ་ལྔ་ཡོད་དེ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ། །མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ། །སྙིང་གར་ཆོས་ཀྱི་འཁོར་ལོ། །ལྟེ་བར་སྤྲུལ་པའི་འཁོར་ལོ། །གསང་གནས་སུ་བདེ་སྐྱོང་གི་འཁོར་ལོ་རྣམས་སུ་ཡོད་པའི་ཕྱིར། རྩ་འདབ་གཞན་རྣམས་ཀྱི་གྲངས་བཤད་ཟིན་ཅིང་། གསང་གནས་ཀྱི་འཁོར་ལོ་ནི་རྩ་འདབ་སོ་གཉིས་ཡིན་ལ། རྩ་འཁོར་ཆུང་བ་གསུམ་ཡོད་དེ། སྨོན་མཚམས་ན་རླུང་འཁོར་རྩ་འདབ་དྲུག་པ་དང་། མགྲིན་པ་དང་སྙིང་གའི་བར་ན་མེ་འཁོར་རྩ་འདབ་གསུམ་པ་དང་། ནོར་བུའི་དབུས་ན་རྩ་འདབ་བརྒྱད་པ་གཅིག་རྣམས་སུ་ཡོད་པའི་ཕྱིར། དེ་ཡང་སྤྱི་བོའི་རྩ་འཁོར་ལ་བདེ་ཆེན་གྱི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བདེ་བའི་རྟེན་ཀུན་ད་ལྟ་བུའི་བྱང་སེམས་སྤྱི་བོར་གནས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། མགྲིན་པའི་རྩ་འཁོར་ལ་ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རོ་དྲུག་ལ་ལོངས་སྤྱོད་པའི་གནས་མགྲིན་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། སྙིང་གའི་རྩ་འཁོར་ལ་ཆོས་ཀྱི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་ཀྱི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྟེན་མི་ཤིགས་པའི་ཐིག་ལེ་སྙིང་གར་གནས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ལྟེ་བའི་རྩ་འཁོར་ལ་སྤྲུལ་པའི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བདེ་བ་ཆེན་པོ་སྤྲུལ་པ་སྟེ་སྐྱེ་བའི་གཞི་གཏུམ་མོའི་མེ་གཙོ་བོར་ལྟེ་བར་གནས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གསང་གནས་ཀྱི་རྩ་འཁོར་ལ་བདེ་སྐྱོང་གི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལུགས་འབྱུང་ལུགས་ལྡོག་གི་ལྷན་སྐྱེས་ཀྱི་བདེ་བ་གཙོ་བོར་གསང་གནས་ནས་སྐྱོང་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རོ་མའི་ཁ་སྟེང་དང་རྐྱང་མའི་ཁ་འོག་ཏུ་ཕྱོགས་པར་བཤད་པའི་རྒྱུ་མཚན་ཡོད་དེ། རོ་མས་མགྲིན་པའི་ཕྱོགས་ནས་སྐྱེས་པ་ལ་སྟེང་དུ་ཁྲག་འཕེན་འཛིན་གྱི་བྱ་བ་བྱེད་ཅིང་། རྐྱང་མས་ལྟེ་བའི་ཕྱོགས་ནས་འོག་ཏུ་ཁུ་བ་འ ཕེན་འཛིན་གྱི་བྱ་བ་བྱེད་པས་དེ་ལྟར་བཤད་པ་ཡིན་གྱི། སྤྱིར་དེ་གཉིས་ཀྱི་སྟེང་འོག་གི་བུག་པ་ནས་རླུང་འབྱུང་འཇུག་བྱེད་པ་ལ་ཁྱད་པར་མེད་པའི་ཕྱིར། རོ་རྐྱང་དབུ་མ་གསུམ་ལུས་ཀྱི་ནང་གཡས་གཡོན་དབུས་གསུམ་ན་ཡོད་པར་བཤད་པ་ནི། དེ་གསུམ་དང་པོར་འཆགས་པའི་ཚེ་དེ་ལྟར་གནས་ཀྱང་། ལུས་རིམ་གྱིས་གྲུབ་པའི་ཚེ་ལྟེ་འོག་ནས་གཡས་ གཡོན་དུ ་འཁྱོག་ནས་གནས་པ་ཡིན་ཏེ། དེ་ཡང་རྐྱང་མ་ནི་ལྟེ་འོག་ནས་དབུས་སུ་འཁྱོག་སྟེ་རྟགས་ཀྱི་རྩེར་སོང་ནས་ཕོ་མོ་གཉིས་ཀ་ལ་དྲི་ཆུ་འཕེན་འཛིན་གྱི་བྱ་བ་བྱེད་ཅིང་ཁྱད་པར་སྐྱེས་པ་ལ་ཁུ་བ་འཕེན་འཛིན་བྱེད། རོ་མ་ གཡོན་དུ ་འཁྱོག་སྟེ་གསང་གནས་ཀྱི་འོག་ནས་ཆ་གཉིས་སུ་གྱེས་ཏེ་ཆ་གཅིག་རྟགས་ཀྱི་རྩེར་སོང་ནས་བུད་མེད་ལ་ཁྲག་འཕེན་འཛིན་གྱི་བྱ་བ་བྱེད་ཅིང་ཆ་གཅིག་བཤང་ལམ་གྱི་རྩེར་སོང་སྟེ་ཕོ་མོ་གཉིས་ཀ་ལ་བཤང་བ་འཕེན་འཛིན་བྱེད། དབུ་མ་གཡས་སུ་འཁྱོག་སྟེ་རྟགས་ཀྱི་རྩེར་སོང་ནས་སྐྱེས་པ་ལ་ཁུ་བ་འཕེན་འཛིན་གྱི་བྱ་བ་བྱེད་པ་ཡིན་པའི་ཕྱིར་རོ། །རོ་མའི་ནང་ནས་ཁམས་དམར་པོ་དང་། རྐྱང་མའི་ནང་ནས་ཁམས་དཀར་པོ་འབབ་པར་གསུངས་པ་ནི་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན་གཉིས་ཀའི་ནང་ནས་ཁུ་ཁྲག་འབབ་པ་ཡིན་ཏེ། ཁམས་དཀར་པོ་ལ་ཁྲག་གི་ཆ་ཤས་འཇུག་ཅིང་། ལམ་དུས་སུ་རྩ་སྟོང་ཕྲག་དོན་གཉིས་ནས་ཀྱང་བྱང་སེམས་འབབ་པར་བཤད་པའི་ཕྱིར་རོ། །གཉིས་པ་རླུང་བཤད་པ་ནི། སྐྱེ་ཚུལ་གྱི་དབང་དུ་བྱས་ན་བར་དོ་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་དུས་སུ་སྲོག་འཛིན་གྱི་རླུང་ཕྲ་བ་སྐྱེ་ལ། དེ་ནས་རིམ་གྱིས་རླུང་རགས་པ་རྣམས་སྐྱེ་བ་ཡིན་ཏེ། ཟླ་བ་དགུ་དང་ངོ་བཅུ་མངལ་དུ་གནས་པའི་ཟླ་བ་དང་པོ་ལ་སྲོོག་འཛིན་གྱི་རླུང་ཕྲ་བ་ལས་སྲོག་འཛིན་རགས་པ་སྐྱེས། དེའི་རྩ་བའི་གནས་སྙིང་ག་ཡིན། དེའི་ཚེ་སེམས་ཅན་དེའི་ལུས་ཉའི་རྣམ་པ་ལྟ་བུར་ཡོད། ཟླ་བ་གཉིས་པ་ལ་སྲོག་འཛིན་རགས་པ་དེ་ལས་ཐུར་སེལ་གྱི་རླུང་སྐྱེ། དེའི་རྩ་བའི་གནས་གསང་གནས་ཡིན། དེའི་ཚེ་སེམས་ཅན་དེའི་ལུས་འབུར་པོ་ལྔ་དོད་པ་རུས་སྦལ་ཀྱི་དབྱིབས་སུ་ཡོད། ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་ཀྱི་རླུང་སྐྱེ། དེའི་རྩ་བའི་གནས་ལྟེ་བ་ཡིན། དེའི་ཚེ་སེམས་ཅན་དེའི་ལུས་སྟོད་ཅུང་ཟད་སྒུར་བ་ཕག་རྒོད་ལྟ་བུ། ཟླ་བ་བཞི་པ་ལ་མཉམ་གནས་དེ་ལས་གྱེན་རྒྱུའི་རླུང་སྐྱེ། དེའི་རྩ་བའི་གནས་མགྲིན་པ་ཡིན། དེའི་ཚེ་སེམས་ཅན་དེའི་ལུས་སྟོད་ཅུང་ཟད་རྒྱས་པ་སངྒེེ་ལྟ་བུ། ཟླ་བ་ལྔ་པ་ལ་གྱེན་རྒྱུ་དེ་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ། དེ་ནི་ལུས་ཐམས་ཅད་ལ་ཁྱབ་པར་གནས། དེའི་ཚེ་སེམས་ཅན་དེའི་ལུས་མིའུ་ཐུང་གི་དབྱིབས་སུ་ཡོད། ཟླ་བ་དྲུག་པ་ལ་མིག་གི་སྒོར་རྒྱུའི་རླུང་ཀླུ་དང་འབྱུང་བ་ས་སྐྱེ། ཟླ་བ་བདུན་པ་ལ་རྣ་བའི་སྒོར་རྒྱུ་བའི་རླུང་རུས་སྦལ་དང་འབྱུང་བ་ཆུ་སྐྱེ། ཟླ་བ་བརྒྱད་པ་ལ་སྣའི་སྒོར་རྒྱུ་བའི་རླུང་རྩངས་པ་དང་འབྱུང་བ་མེ་སྐྱེ། ཟླ་བ་དགུ་པ་ལ་ལྕེའི་སྒོར་རྒྱུ་བའི་རླུང་ལྷས་བྱིན་དང་འབྱུང་བ་རླུང་སྐྱེ། ཟླ་བ་བཅུ་པ་ལ་ལུས་ཀྱི་སྒོར་རྒྱུ་བའི་རླུང་གཞུ། ལས་རྒྱལ་དང་འབྱུང་བ་ནམ་མཁའི་ཁམས་རྣམས་སྐྱེ་བའི་ཕྱིར། དེའི་ཚེ་རྫོགས་པར་སྐྱེ་བ་ལ་དགོངས་ཀྱི། སྐྱེ་བའི་འགོ་རྩོམ་པ་ལ་ངེས་པ་མེད་དེ། དཔེར་ན་ཟླ་བ་བཅུ་པ་ལ་འབྱུང་བ་ནམ་མཁའི་ཁམས་སྐྱེ་བར་གསུངས་ཀྱང་། ལུས་ཀྱི་སྦུབས་སྟོང་གི་ནམ་མཁའ་ནི་དེའི་སྔོན་དུའང་ཡོད་པའི་ཕྱིར། དེས་ན་འདིའི་ནམ་མཁའ་ནི་ལུས་ཀྱི་སྦུབས་སྟོང་རྣམས་ལ་བྱེད་ཀྱི། འདུས་མ་བྱས་ཀྱི་ནམ་མཁའ་ནི་སྐྱེ་བ་མི་སྲིད་དོ། །ཀླུ་ལ་སོགས་པའི་རླུང་ལྔ་ནི་ཡན་ལག་གི་རླུང་ལྔའི་རྣམ་གྲངས་ཡིན་ཏེ། དེ་ཡང་རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བའི་རླུང་ལྔ་ཡིན་པའི་ཕྱིར་རོ། །གསུམ་པ་ཐིག་ལེ་ནི། ཕ་མ་གཉིས་ལས་ཐོབ་པའི་ཁམས་དཀར་དམར་གྱི་དྭངས་མ་དང་བར་དོའི་འཆི་བ་འོད་གསལ་གྱི་རླུང་སེམས་ཀྱི་རིགས་འདྲ་ཕྱི་མ་གཉིས་ངོ་བོ་དབྱེར་མེད་ལྟ་བུར་གོང་བུ་གཅིག་ཏུ་གྱུར་པའི་ཐིག་ལེ་དེ་ཉིད་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་གི་སྤུབས་སྟོད་ཅུང་ཟད་ཡོད་པའི་ནང་ན་གནས་ཤིང་། དེའི་མིང་གི་རྣམ་གྲངས་ཡོད་དེ། མི་ཤིགས་པའི་ཐིག་ལེ། ལྷན་སྐྱེས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་ཐིག་ལེ་ཞེས་པ་རྣམས་རྣམ་གྲངས་ཡིན་པའི་ཕྱིར། ད་ནི་ལུས་ཟུངས་ཐམས་ཅད་ཀྱི་ནང་ནས་གཙོ་བོ་དང་། གཞན་རྣམས་དེའི་རྣམ་འགྱུར་ཙམ་ཡིན་ནོ། །སྤྱིར་མི་ཤིགས་པ་དེ་ལ་གཉིས་ཡོད་དེ། ཚེ་ཇི་སྲིད་འཚོའི་བར་དུ་མི་ཤིགས་པ་དང་། དུས་ནམ་གྱི་ཚེ་ཡང་མི་ཤིགས་པ་གཉིས་ཡོད་པའི་ཕྱིར། དེའི་དང་པོ་ནི། ཐིག་ལེ་མི་ཤིགས་པ་དང་། གཉིས་པ་ནི་རླུང་སེམས་མི་ཤིགས་པ་ཡིན། ཕྱི་མ་ལ་སོ་སོར་ཕྱེ་ན་གཉིས་ཡིན་ཏེ། རླུང་མི་ཤིགས་པ་དང་སེམས་མི་ཤིགས་པ་གཉིས་སུ་འགྱུར་བའི་ཕྱིར། དུས་ནམ་གྱི་ཚེ་མི་ཤིགས་ཅེས་པ་ནི་རླུང་སེམས་ཕྲ་མོ་དེ་ཉིད་རིགས་འདྲ་རྒྱུན་མི་ཆད་པར་འཇུག་པའི་དོན་ཡིན་གྱི། ངོ་བོ་གཏན་དུ་འགྱུར་མེད་ནི་མ་ཡིན་ཏེ། རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་ཕྱིར་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར། ཐིག་ལེ་དཀར་དམར་གཉིས་རིམ་གྱིིས་གྱེས་པའི་ཚུལ་ཡོད་དེ། རྩ་འཆགས་ནས་སྙིང་གའི་ཐིག་ལེ་དཀར་པོ་དེ་ལས་ཐིག་ལེ་དཀར་པོ་ཆ་གཅིག་སྤྱི་བོའི་རྩ་འཁོར་གྱི་ནང་དུ་སོང་ནས་ཐོག་མར་སྤྱི་བོའི་ཁམས་དཀར་པོ་འཕེལ་ཞིང་། དེ་ནས་རིམ་གྱིས་ལུས་ཀྱི་གནས་གཞན་གྱི་ཐིག་ལེ་དཀར་པོ་རྣམས་དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་འཕེལ་བར་བྱེད་ལ། སྙིང་གའི་ཐིག་ལེ་དམར་པོ་དེ་ལས་ཐིག་ལེ་དམར་པོ་ཆ་གཅིག་ལྟེ་བའི་རྩ་འཁོར་གྱི་ནང་དུ་སོང་སྟེ་ཐོག་མར་ལྟེ་བའི་ཁམས་དམར་པོ་འཕེལ་ཞིིང་། དེ་ནས་རིམ་གྱིས་ལུས་ཀྱི་གནས་གཞན་གྱི་ཐིག་ལེ་དམར་པོ་རྣམས་དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་འཕེལ་བར་བྱེད་པའི་ཕྱིར། རྩ་འཁོར་གང་ཁམས་དཀར་དམར་གང་འཕེལ་བའི་གནས་ཀྱི་གཙོ་བོ་ཡིན་པ་ཡོད་དེ། སྤྱི་བོ། དཔྲལ་བ། དྷཱུ་ཏཱིའི་མར་སྣ། ནོར་བུའི་དབུས་ཀྱི་རྩ་འཁོར་རྣམས་ཁམས་དཀར་པོ་འཕེལ་བའི་གནས་དང་། དེའི་ནང་ནས་སྤྱི་བོའི་རྩ་འཁོར་ནི་ཁམས་དཀར་པོ་འཕེལ་བའི་གནས་ཀྱི་གཙོ་བོ་དང་། མགྲིན་པ། ལྟེ་བ། གསང་གནས་ཀྱི་རྩ་འཁོར་རྣམས་ཁམས་དམར་པོ་འཕེལ་བའི་གནས་དང་། དེའི་ནང་ནས་ལྟེ་བའི་རྩ་འཁོར་ནི་ཁམས་དམར་པོ་འཕེལ་བའི་གནས་ཀྱི་གཙོ་བོ་ཡིན་ལ། སྙིང་གའི་རྩ་འཁོར་ནི་ཁམས་དཀར་དམར་ཆ་མཉམ་དུ་འཕེལ་བའི་གནས་ཡིན་པའི་ཕྱིར་རོ། ཁམས་དཀར་པོ་དེ་ཡང་ནམ་རྐྱེན་དང་འཕྲད་པ་ན་སྐྱེ་བ་ཡིན་གྱི། དུས་རྒྱུན་དུ་སྣོད་དུ་ཆུ་བླུགས་པ་ལྟར་ཡོད་པ་མིན་ནོ། །འོ་ན་གློ་བུར་དུ་ཇི་ལྟར་སྐྱེ་ཞེ་ན། མི་འགལ་ཏེ། མཆི་མ་ནི་མིག་ཏུ་ཆུ་བླུགས་པ་ལྟར་མེད་ཀྱང་ནམ་རྐྱེན་དང་འཕྲད་པ་ན་སྐྱེ་བ་བཞིན་ཡིན་པའི་ཕྱིར་རོ། །དེས་ན་ཐིག་ལེ་དེ་ལ་གནས་ཀྱི་སྒོ་ནས་བཞིར་ཡོད་དེ། གཉིད་འཐུག རྨི་ལམ། སད་པ། བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་དང་བཞི་ཡོད་པའི་ཕྱིར། དེ་ཡང་ཡོད་དེ། སྙིང་ག་དང་ནོར་བུའི་དབུས་ན་གཉིད་འཐུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ། མགྲིན་པ་དང་གསང་གནས་ན་རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་ཐིག་ལེ། སྤྱི་བོ་དང་ལྟེ་བ་ན་སད་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ། ལྟེ་བ་དང་གསང་གནས་ན་བཞི་པ་སྟེ་སྙོམས་འཇུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ་རྣམས་ཡོད་པའི་ཕྱིར། བསྐྱེད་ཚུལ་ཡོད་དེ། གནས་དེ་རྣམས་སུ་རླུང་འདུས་པ་ན་གཉིད་འཐུག་སོགས་བཞིའི་གནས་སྐབས་བསྐྱེད་པ་ཡིན་པའི་ཕྱིར། དེ་ལྟར་གཞིིའི་གནས་ཚུལ་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། སྤྱིར་ལུས་ཀྱི་གནས་ཚུལ་ཤེས་དགོས་ཤིང་། ཁྱད་པར་རྫོགས་རིམ་གྱི་རྟོགས་པ་སྐྱེ་བ་ལ་ནི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་དགོས། དེ་ལ་རྡོ་རྗེའི་ལུས་ཀྱི་གནས་ཚུལ་སྤྱི་དང་། བྱེ་བྲག་རྩ་རླུང་ཐིག་ལེའི་གནས་ཚུལ་ཤེས་དགོས་པས། དེ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །གསུམ་པ་བསྟན་པའི་དོན་ཉམས་སུ་ལེན་པའི་རིམ་པ་བཤད་པ་ལ་གཉིས། ཉམས་སུ་བླང་བྱའི་གདམས་ངག་གི་རྣམ་གཞག་བཤད་པ་དང་། ཇི་ལྟར་ལེན་ཚུལ་དངོས་སོ། །དང་པོ་ནི། སྤྱིར་བདེ་མཆོག་གི་རྫོགས་རིམ་ལ་མིང་གི་རྣམ་གྲངས་ཀྱི་སྒོ་ནས་འཇོག་ཚུལ་མི་འདྲ་བ་དུ་མ་ཡོད་དེ། སྦྱོར་དྲུག་གི་ཐ་སྙད་མཛད་པ་དང་། རིམ་ལྔའི་ཐ་སྙད་མཛད་པ་དང་། རིམ་པ་བཞིའི་ཐ་སྙད་མཛད་པ་དང་། རྣལ་འབྱོར་ཆེན་པོའི་ཐ་སྙད་མཛད་པ་རྣམས་སུ་ཡོད་པའི་ཕྱིར། སྦྱོར་དྲུག་དང་རིམ་ལྔ་ལའང་འཇོག་ཚུལ་གཉིས་ཡོད་དེ། དུས་འཁོར་ནས་བཤད་པ་ལྟར་གྱི་སྦྱོར་བ་ཡན་ལག་དྲུག་དང་། འདུས་པ་ནས་བཤད་པ་ལྟར་གྱི་སྦྱོར་བ་ཡན་ལག་དྲུག་སྟེ་གཉིས་དང་། རིམ་ལྔ་ལ་ཡང་ལཱུ་ཧི་པའི་ལུགས་སུ་མཛད་ནས་འདུས་པ་ནས་བཤད་པ་ལྟར་གྱི་རིམ་པ་ལྔ་དང་། དྲིལ་བུའི་ཞབས་ཀྱིས་བཤད་པ་ལྟར་རིམ་པ་ལྔ་སྟེ་གཉིས་ཡོད་པའི་ཕྱིར། དྲིལ་བུ་པ་དང་ནག་པོ་སྤྱོད་པའི་ལུགས་ཀྱི་རྫོགས་རིམ་རྣམས་རིམ་པ་བཞིའི་ལྔར་བསྡུས་ན་བདེ་བར་བཤད་པས་དེའི་སྡུད་ཚུལ་ཡོད་དེ། རང་བྱིན་རླབས་ཀྱི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛཱ་ལནྡྷཱ་རིའི་རིམ་པ་སྟེ་རིམ་པ་བཞི་དང་། བསམ་མི་ཁྱབ་པའི་རིམ་པ་དང་བཅས་ན་ལྔར་ཡང་འདུ་བའི་ཕྱིར། དེ་རྣམས་ཀྱི་ངོས་འཛིན་བསྡུ་ན་འདི་ལྟར་ཡིན་ཏེ། དེའི་ལུགས་ཀྱི་དང་པོའི་རླུང་གི་རྣལ་འབྱོར་འགའ་ཞིག་ནི་རང་བྱིན་རླབས་ཀྱི་རིམ་པ། རྡོ་རྗེ་དང་ཐིག་ལེའི་རྣལ་འབྱོར་འགའ་ཞིག་ནི་སྣ་ཚོགས་རྡོ་རྗེའི་རིམ་པ། ཕྱག་རྒྱ་ལ་བརྟེན་ནས་དགའ་བཞི་འདྲེན་པ་ནི་ནོར་བུ་འགེངས་པའི་རིམ་པ། དེ་ནས་སྡུད་རིམ་གྱིས་རླུང་དབུ་མར་ཞུགས་པའི་དབང་གིས་གཏུམ་མོ་སྦར་ནས་དགའ་བཞི་འདྲེན་པ་ནི་ཛཱ་ལནྡྷཱ་རིའི་རིམ་པ་དང་། སྟོང་ཕྱོགས་དང་སྣང་ཕྱོགས་ཀྱི་འོད་གསལ་དང་སྒྱུ་མའི་སྐུ་ནི་བསམ་མི་ཁྱབ་པའི་རིམ་པ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་སྔགས་རིམ་ནས་བཤད་པའི་དོན་བསྡུས་པ་སྟེ། ལཱུ་ཧི་པའི་ལུགས་ཀྱང་དེ་ལྟར་སྡུས་ནུས་པར་སེམས་སོ། །ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་ལ་ཡང་སྦྱོར་དྲུག་དང་རིམ་ལྔ་གཉིས་གསུངས་པའི་དང་པོ་ཡོད་དེ། མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་སྡུད་དང་དེ་བཞིིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། སྦྱོར་བ་ཡན་ལག་དྲུག་ཏུ་འབྱེད་ཚུལ་ཡོད་དེ། སོར་སྡུད་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པ་དང་། རྗེས་དྲན་དང་། ཏིང་ངེ་འཛིན་ཏེ་དྲུག་ཏུ་འབྱེད་པའི་ཕྱིར། དེ་དག་གི་ངོས་འཛིན་གྱི་ཁྱད་པར་ཡོད་དེ། དུས་འཁོར་ལྟར་ན། སོར་བསམ་གཉིས་ནི་རྩ་དབུ་མ་སྦྱོང་བྱེད་དང་། སྲོག་རྩོལ་ནི་བུམ་པ་ཅན་ལ་སོགས་པ་རླུང་དབུ་མར་འཛུད་པའི་རླུང་གི་རྣལ་འབྱོར། འཛིན་པ་ནི་བཙུད་པ་དེ་འཁོར་ལོ་རྣམས་ཀྱི་ལྟེ་བར་གཡོ་མེད་དུ་བྱེད་པ། རྗེས་དྲན་ནི་ཐབས་དེས་གཏུམ་མོ་སྦར་ནས་བྱང་སེམས་བཞུས་པའི་དགའ་བ་མྱོང་བ། ཏིང་ངེ་འཛིན་ནི་བྱང་སེམས་འཕོ་མེད་དུ་བཟུང་བའི་འགྱུར་མེད་ཀྱི་བདེ་བ་ལ་བྱེད་ཅིང་། འདས་པ་ལྟར་ན། རྫོགས་རིམ་གྱི་ལུས་དབེན་རྗེས་ཐོབ་ཀྱི་སྐབས་སུ་གང་སྣང་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་ཏུ་ལྟ་བ་སོར་སྡུད། ཡེ་ཤེས་དེའི་གཟུངས་རྣམས་ལྷར་ཤར་བ་བསམ་གཏན། སྣ་རྩེ་གསུམ་དུ་ཐིག་ལེ་སྒོམ་པ་སྲོག་རྩོལ། དོན་གྱི་འོད་གསལ་འཛིན་པ། དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་བྱུང་བའི་ཉེར་ཐོབ་ནས་སྨིག་རྒྱུའི་བར་རྗེས་དྲན། སློབ་པའི་ཟུང་འཇུག་ནི་ཏིང་ངེ་འཛིན་དུ་འཇོག་ལ། བདེ་མཆོག་གི་སྐབས་འདིར་སོར་བསམ་གཉིས་བསྐྱེད་རིམ་གྱིས་བསྡུས་པར་བི་བྷུ་ཏིས་བཤད་ཅིང་། སྲོག་རྩོལ་འཛིན་པ་རྗེས་དྲན་ཏིང་ངེ་འཛིན་བཞི་ནི་རྫོགས་རིམ་དུ་འཇོག་པ་དང་། ངོས་འཛིན་ཡང་འདུས་པ་འཕགས་ལུགས་དང་ནང་གསེས་ཀྱི་ཁྱད་པར་འགའ་ཞིག་མ་གཏོགས་འདྲ་བའི་ཕྱིར། གཉིས་པ་རིམ་ལྔ་ནི། མཁའ་འགྲོ་རྒྱ་མཚོ་ལས། རང་གི་སྐུ་དང་སྒྱུ་མ་མཉམ། །བདག་བྱིན་བརླབ་ནི་ཕྲ་མོ་དང་། རྡོ་རྗེ་བཟླས་པའི་མཚན་ཉིད་དོ། རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ །ཞེས་གསུངས་པ་ལྟར་ཡིན་ལ། །འདིའི་དོན་ཡང་ཡོད་དེ། རྐང་པ་དང་པོ་གཉིས་ཀྱིས་རིམ་པ་གསུམ་པ་བདག་བྱིན་རླབས་སྒྱུ་མའི་སྐུ་བསྟན། རྡོ་རྗེ་བཟླས་པའི་མཚན་ཉིད་དོ། །ཞེས་པས་རིམ་པ་དང་པོ་རྡོར་བཟླས། མངོན་པར་བྱང་ཆུབ་ཞེས་པས་རིམ་པ་བཞི་པ་དོན་གྱི་འོད་གསལ། སེམས་ཀྱི་གཏེར་ཞེས་པས་རིམ་པ་གཉིས་པ་སེམས་དབེན། དེ་ལས་ལྷག་མ་ཟུང་འཇུག་ཅེས་པས་རིམ་པ་ལྔ་པ་ཟུང་འཇུག་གི་རིམ་པ་བསྟན་པའི་ཕྱིར། འདི་ལའང་ཐུན་མོང་མ་ཡིན་པའི་ཁྱད་པར་འགའ་ཞིག་མ་གཏོགས་འདུས་པ་དང་འདྲ་སྟེ། དེའི་ཚུལ་ནི་དངོས་གྲུབ་སྙེ་མ་ལས། ལུགས་འདིའི་རྫོགས་རིམ་གྱི་རྗེས་གཞིག་གི་སྡུད་རིམ་ལ་ནུས་པ་འཐོན་པའི་མཚམས་ནས་ནི་ལུས་དབེན་གྱི་སྐོར་ཅི་རིགས་འབྱུང་ལ། རྡོ་རྗེ་བཟླས་པའི་རིམ་པ་ནི་ཤིན་ཏུ་གསལ། དེ་གཉིས་ཀྱིས་རླུང་ལ་ནུས་པ་ཐོན་ནས་ལྟེ་བའི་དབུ་མའི་མདུད་པ་ལེགས་པར་གྲོལ་པའི་དབུས་སུ་རླུང་བསྡུས་ཏེ་ཐིམ་པར་མི་ནུས་པ་ཚུན་ཆད་ནི་རྡོར་བཟླས་ཀྱི་རིིམ་པར་འདུ་ཞིང་། རྩ་མདུད་ལེགས་པར་གྲོལ་ནས་སྒྱུ་ལུས་དངོས་སུ་བསྐྱེད་མི་ནུས་ཚུན་ཆད་ནི་སེམས་དབེན་དུ་བསྡུའོ། །སྒྱུ་ལུས་དངོས་སུ་བསྐྱེད་པ་ནས་དེ་ལ་བྱང་བའི་བར་ནི་བདག་བྱིན་རླབས་ཀྱི་རིམ་པའོ། །དེ་ནས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་དང་དེའི་ཐབས་ཉེ་བའི་རྒྱུ་རྣམས་ནི། འོད་གསལ་དང་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཞེས་དང་། འོད་གསལ་ལ་གཉིས་སུ་ཕྱེ་ནས་དོན་གྱི་འོད་གསལ་ལས་ལངས་པའི་མཆམ་སུ་ནི་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་ལ། ཞེས་གསུངས་པ་ལྟར་འཇོག་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། བསྐྱེད་རིམ་ལ་བརྟན་པ་ཐོབ་མ་ཐོབ་གཉིས་ཀྱིས་བསྒོམ་ཚུལ་ལ་ཁྱད་པར་ཡོད་དེ། སྔ་མས་བསྐྱེད་རིམ་ཞར་བྱུང་དང་རྫོགས་རིམ་གཙོ་བོར་བསྒོམ་པར་བྱ་ལ། ཕྱི་མས་ནི་ཐུན་བཞིར་བྱས་པའི་དང་པོ་ལ་བསྐྱེད་རིམ་རྒྱས་པ་དང་གཞན་གསུམ་བསྡུས་ནས་བསྒོམ་ཞིང་། ཐུན་གྱི་མཐར་ལྷ་བསྡུས་པའི་འོག་ཏུ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་ལངས་ནས་རྫོགས་རིམ་ལ་འཇུག་པ་ཡིན་པའི་ཕྱིར། འདི་ལ་གཉིས། སྲོག་དྷཱུ་ཏཱིར་འཛུད་ཚུལ་དང་། བཙུད་པ་ལས་བྱུང་བའི་རྫོགས་རིམ་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ། ལྟེ་བའི་སྤྲིན་སྒྲ་ལ་སེམས་བརྟན་པར་བྱ་ཚུལ། དེ་ལ་རྡོར་བཟླས་ཇི་ལྟར་བྱ་བའི་ཚུལ། རྗེས་གཞིག་གི་རིམ་པའི་བསམ་གཏན་བསྒོམ་ཚུལ་ལོ། ། འདི་མན་རྗེས་མཛད་པའི་འཁྲིད་དང་སྨོན་ལམ་གཉིས་བསྟུན་ནས་འཆད་པར་བྱ་སྟེ། དང་པོ་ནི། སྨོན་ལམ་ལས། སྤྲུལ་བའི་འཁོར་ལོའི་དབུས་སུ་སྤྲིན་སྒྲ་ལ། ། སེམས་ནི་བརྟན་པས་ཉི་ཟླའི་འགྲོས་བཅོམ་སྟེ། །དྷཱུ་ཏཱིར་ཙཎྜ་ལི་ནི་འབར་བ་ཡིས། །སྟོང་ཕྲག་དོན་གཉིས་རྩ་ནས་རབ་གཡོས་པའི། །བྱང་ཆུབ་སེམས་རྒྱུན་འབབ་དང་འཛེག་པ་ལས། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །ཅེས་གསུངས་པ་ལྟར་ཏེ། འདི་ལ་གསུམ། བསྒོམ་པའི་སྔར་ཇི་ལྟར་བྱ་བ། དུས་སུ་ཇི་ལྟར་བྱ་བ། ཉམས་མྱོང་ཇི་ལྟར་སྐྱེ་བའི་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཇི་སྐད་དུ། ལུས་དང་དུས་དང་ཡུལ་རླུང་གིས། །གནད་ནི་རྣམ་པ་བཞིར་ཤེས་བྱ། །ཞེས་གསུངས་པ་ལྟར། གནས་ཡིད་དང་མཐུན་པར་ལུས་སྐྱིལ་ཀྲུང་གང་བདེར་བྱས་ནས་སྒལ་ཚིགས་དྲང་པོར་སྲང་བ་སོགས་བྱ་ཞིང་། དུས་ནི་སྤྱིར། རྒྱུན་དུ་དང་། ཁྱད་པར་ཐོ་རངས་རིག་པ་དང་བ་དང་ཕྱི་དྲོ་མའི་དུས་སུ་བསྒོམ། རླུང་ནི་འབྱུང་འཇུག་རན་པར་བྱེད་ཅིང་ཡུལ་གྱི་གནད་ནི་གང་དུ་དམིགས་པ་གཏོད་པའི་གནས་ཏེ་འདི་ལ་སྙིང་ག་དང་། ལྟེ་བ་དང་། གསང་གནས་དང་། དྷཱུ་ཏཱིའི་མར་སྣ་སོགས་དུ་མ་ཡོད་པ་ལས། ལཱུ་ཧི་པའི་ལུགས་འདིར་ཐོག་མ་ལྟེ་བའི་གནས་སུ་བྱེད་པ་ཡིན་ཅིང་། དེ་ཡང་མདུན་གྱི་ལྟེ་བའི་ཐད་སོར་རྒྱབ་གཞུང་ལ་ཉེ་བར། སྤྲུལ་པའི་འཁོར་ལོ་རྩ་འདབ་རིམ་པ་བཞི་པ་དང་པོ་ལ་རྩ་འདབ་བཞི། གཉིས་པ་ལ་བརྒྱད། གསུམ་པ་ལ་བཅུ་དྲུག བཞི་པ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་ཡོད་པའི་འཁོར་ལོའི་དབུས་དྲང་པོ་ན། རྩ་དབུ་མ་ལ་གཡས་ གཡོན་གྱི་མདུད་པས་དཀྲིས་པའི་ཐད་སོའི་དབུ་མའི་ནང་དུ ་དམིགས་པ་གཏད་ནས་བསྒོམ་པ་ཡིན་པའི་ཕྱིར། གཉིས་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རྩ་དབུ་མའི་ནང་དེར་ཉི་ཟླ་ཁ་སྦྱོར་གྱི་ཐིག་ལེའི་དབུས་སུ་དཀར་ལ་དམར་བའི་མདངས་ཆགས་པ་མུ་ཏིག་རྡོག་པོ་ལ་སིན་དྷུ་རས་བྱུགས་པ་ལྟ་བུའི་ཧཱུཾ་ཡིག་ཤིན་ཏུ་གསལ་ཞིིང་འཚེར་བའི་སྟེང་དུ། ནཱ་ད་དཀར་ལ་དམར་ཞིང་། ཤིན་ཏུ་ཕྲ་བ་འོད་ཟེར་ལྔ་འབར་ལ་སེམས་ཞུགས་པ་བཞིན་དུ་གཟུང་བར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། དེ་ལྟར་བསྐྱངས་པས་སེམས་བྱིང་རྒོད་དང་བྲལ་བའི་མི་རྟོག་པ་སྐྱེས་པ་ཙམ་གྱིས་མི་ཆོག་གི རླུང་དྷཱུ་ཏཱིར་ཐིམ་ནས་དགའ་བཞི་འདྲེན་ནུས་པ་དང་ཞུགས་པའི་ཉམས་རྟགས་ཁྱད་པར་ཅན་འབྱུང་དགོས་ལ། དེ་ཡང་གནས་དེར་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་ཟིན་པའི་དབང་གིས། སྲོག་རླུང་རོ་རྐྱང་གི་ནང་དུ་རྒྱུ་བ་བཟློག་ནས་དབུ་མའི་ནང་དུ་འཇུག་པ་འབྱུང་ཞིིང་། དེ་ལ་བརྟེན་ནས་དབུ་མའི་ནང་གི་གཏུམ་མོ་སྦར་ཏེ་སྤྱི་བོའི་ཧཾ་ཡིག་ཐིག་ལེ་དཀར་པོ་ཞུ་ནས། འཁོར་ལོ་བཞིའི་དབུས་སུ་རིམ་གྱིས་བབས་པ་ལས་དགའ་བཞི་རིམ་པར་སྐྱེ་བ་ཡིན་པའི་ཕྱིར་རླུང་དྷཱུ་ཏཱིར་ཞུགས་པའི་རྟགས་མི་འཁྲུལ་བ་ཡོད་དེ། ཐུན་འཁྱོངས་པའི་འོག་ཏུ་སྣ་བུག་རེ་རེར་རྒྱུ་བ་འཕོས་མ་ཐག་ངོས་བཟུང་སྟེ། དེ་ནས་རིང་པོར་མི་ཐོག་པར་རླུང་མཉམ་རྒྱུར་ངེས་ཅན་ དུ་ཐེངས་ན་རླུང་དབུ་མར་ཆུང་བར་འཇོག་པ་ཡིན་པའི་ཕྱིར། ལན་གཅིག་དབུ་མར་ཚུད་ཕྱིན་གཡས་གཡོན ་གྱི་སྣ་བུག་ཏུ་མི་འཕོ་བ་ནི་མིན་ཏེ། རླུང་དབུ་མར་ཐིམ་པ་ན་དེའི་དུས་སུ་སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་པར་འགྱུར་མོད། མཉམ་གཞག་ལས་ལངས་པའི་ཚེ་ནི་སྣ་བུག་ཏུ་འབྱུང་འཇུག་བྱེད་པ་འོང་དགོས་པའི་ཕྱིར། གཉིས་པ་ལ་གསུམ། རླུང་གི་རྣམ་གཞག་དང་། དེ་ལ་རྡོར་བཟླས་ཇི་ལྟར་བྱ་བ་དང་། དེ་ལྟར་བསྒོམས་པས་ཉམས་མྱོང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། རྡོར་བཟླས་བྱ་བ་ལ་རླུང་གི་དེ་ཉིད་ཤེས་དགོས་པས་ཅུང་ཟད་བཤད་ན། དེའི་ཚུལ་ཡང་། རྡོ་རྗེ་འཕྲེང་བ་སོགས་ལས་རླུང་གི་རྣམ་གཞག་མང་དུ་བཤད་ཀྱང་འདིར་མ་རྒྱུད་ནས་གསུངས་ཚུལ་ནི། དངོས་གྲུབ་སྙེ་མ་ལས། བདེ་མཆོག་སྡོམ་འབྱུང་ལས་ཀྱང་། པདྨ་མགོན་པོ་ལ་སོགས་མགོན་པོ་ལྔའི་རླུང་བཤད་པ་ལྟར། རླུང་གི་དེ་ཉིད་སྔོན་འགྲོ་བས། །སྔགས་ཀྱི་དེ་ཉིད་བསྒྲུབ་པར་བྱ། །སེམས་ཅན་རྣམས་ཀྱི་སྲོག་འགྱུར་ཞིང་། །ལས་ཀུན་བྱེད་པས་རླུང་དུ་བརྗོད། །ཞེས་བཤད་པས་རླུང་གི་རྣམ་གཞག་ཤེས་དགོས་སོ། །འདི་ལ་བཞི། རླུང་གི་དབྱེ་བ། རྒྱུ་ཚུལ། འཕོ་ཚུལ། བྱེད་ལས་སོ། །དང་པོ་ནི། རླུང་དེ་ལ་དབྱེ་ན་བཅུ་ཡོད་དེ་། སྔར་བཤད་པ་ལྟར་རྩ་བ་དང་ཡན་ལག་གི་རླུང་བཅུ་ཡོད་པའི་ཕྱིར། རྩ་བའི་རླུང་ལྔ་ནི་མགོན་པོ་ལྔའི་རླུང་ཡིན་ཏེ། སྲོག་འཛིན། ཐུར་སེལ། གྱེན་རྒྱུ། མཉམ་གནས། ཁྱབ་བྱེད་ལྔ་ནི་རིམ་པ་བཞིན་དུ་མགོན་པོའི་དབང་དུ་བྱས་ན། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྣམ་སྣང་གི་རླུང་དུ་འཇོག་པའི་ཕྱིར། ལྷ་མོའི་དབང་དུ་བྱས་ནས་སྦྱོར་ཚུལ་ཡོད་དེ། རིམ་པ་བཞིན་མཱ་མ་ཀི སྤྱན་མ། གོས་དཀར་མོ། །སྒྲོལ་མ། སྤྱན་མའི་རླུང་དུ་ཡང་འཇོག་པའི་ཕྱིར། འབྱུང་བའི་དབང་དུ་བྱས་ནས་སྦྱོར་ཚུལ་ཡོད་དེ། རིམ་པ་བཞིན་ཆུ་ས་མེ་རླུང་ནམ་མཁའི་རླུང་དུ་འཇོག་པའི་ཕྱིར། ཁ་དོག་གི་ཁྱད་པར་ཡོད་དེ། རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་ཁ་དོག་ཅན་ཡིན་པའི་ཕྱིར། གཉིས་པ་རྒྱུ་ཚུལ་གྱི་ཁྱད་པར་ཡོད་དེ། སྲོག་འཛིན་རྒྱུ་བའི་ཚེ་དགུ་བརྒྱ་བ་ཕྲག་གཅིག་སྣ་བུག་གཉིས་ཀ་ནས་དལ་བར་རྒྱུ། ཐུར་སེར་རྒྱུ་བའི་ཚེ་དགུ་བརྒྱ་པ་ཕྲག་གཅིག་སྣ་བུག་གཉིས་ཀ་ནས་དྲག་ཏུ་རྒྱུ། གྱེན་རྒྱུ་རྒྱུ་བའི་ཚེ་དགུ་བརྒྱ་པ་ཕྲག་གཅིག་སྣ་བུག་གཡས་རྐྱང་ནས་དྲག་ཏུ་རྒྱུ། མཉམ་གནས་རྒྱུ་བའི་ཚེ་དགུ་བརྒྱ་པ་ཕྲག་གཅིག་སྣ་བུག་གཡོན་རྐྱང་ནས་དལ་བར་རྒྱུ། ཁྱབ་བྱེད་ནི་ལམ་དུས་དང་གཞི་ལ་འཆི་དུས་མ་གཏོགས་མི་རྒྱུ་བའི་ཕྱིར། རྩ་བའི་རླུང་བཞི་པོ་རང་རང་གཙོ་བོ་བྱས་ནས་རྒྱུ་བའི་ཚེ་གཞན་གསུམ་འཁོར་དུ་བྱས་ནས་རྒྱུ་ཚུལ་ཡོད་དེ། དཔེར་ན་གྱེན་རྒྱུས་གཙོ་བོ་བྱས་ནས་རྒྱུ་བའི་ཚེ། དེའི་ཁ་དོག་དམར་བའི་ཤན་གྱིས་རང་གི་འཁོར་དུ་འོང་བའི་སྲོག་འཛིན་དཀར་དམར། མཉམ་གནས་ལྗང་དམར། ཐུར་སེར་དམར་སེར་གསུམ་དང་བཅས་ནས་འཇའ་ཚོན་བཞིན་དུ་རྒྱུ་བའི་ཕྱིར། ཡང་མགོན་པོ་བཞིའི་རླུང་རེ་རེས་གཙོ་བྱས་ནས་རྒྱུ་བའི་ཚེ། རང་རང་གི་ཡུམ་གྱིས་དང་པོ་བྱས་ནས་ལྷ་མོ་བཞིའི་རླུང་གཡས་སྐོར་གྱིས་རིིམ་ཅན་དུ་རྒྱུ་བ་ཡིན་ཏེ། གྱེན་རྒྱུས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲག་གཅིིག་རྒྱུ་བའི་ཚེ། དགུ་བརྒྱ་པ་ཕྲག་གཅིག་ལ་ཉིས་བརྒྱ་ཉེར་ལྔ་པ་ཕྲག་བཞིར་བགོས་པའི་ཐོག་མར་གོས་དཀར་མོའི་རླུང་ཉིས་བརྒྱ་ཉེར་ལྔ་སྣ་བུག་གི་སྟེང་ནས་རྒྱུ། དེ་ནས་སྒྲོལ་མའི་རླུང་སྣ་བུག་གི་ལོགས་དང་། དེ་ནས་སྤྱན་མའི་རླུང་སྣ་བུག་གི་དབུས་དང་། དེ་ནས་མཱ་མ་ཀཱིའི་རླུང་ཉིས་བརྒྱ་ཉེར་ལྔ་མཆུ་ལ་བརྡར་ནས་རིམ་པ་བཞིན་དུ་རྒྱུ་བའི་ཕྱིར། དེ་ཡང་འབྱུང་བ་ཆུང་བའི་དབང་དུ་བྱས་པ་ཡིན་ཏེ། ལུང་སྟོན་ལས། གོས་དཀར་ལ་སོགས་རིམ་བཞིན་དུ། །སྟོད་དང་གསེག་དང་ཐད་ཀ་འོག །མ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་བྱས་ན་འབྱུང་ཆེན་གྱི་དབང་དུ་བྱས་པའི་ཚེ་དཀྱིལ་འཁོར་བཞི་དུས་མཉམ་དང་། འབྱུང་ཆུང་གི་དབང་དུ་བྱས་ན་དཀྱིལ་འཁོར་བཞི་རིམ་ཅན་ཁོ་ནར་རྒྱུ་བ་ཡིན་ཏེ། མགོན་པོ་བཞི་རེ་རེས་གཙོ་བྱས་ནས་རྒྱུ་བའི་ཚེ་བཞི་ཀ་དུས་མཉམ་ཞིང་། ལྷ་མོ་བཞིའི་རླུང་སྔར་ལྟར་རྒྱུ་བའི་ཚེ་རིམ་ཅན་དུ་རྒྱུ་བ་ཡིན་པའི་ཕྱིར། གསུམ་པ་ནི། འདུས་པའི་ལུགས་ལ་འཕོ་ཚུལ་ཡོད་དེ། ཞག་གཅིིག་ལ་རླུང་འབྱུང་འཇུག་གཉིས་ལ་གཅིག་ཏུ་བགྲང་བའི་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཐུན་ཕྱེད་པ་ཉེར་བཞི་དང་། དེ་བཞིན་དུ་དཀྱིལ་འཁོར་གྱི་འཕོ་བ་དང་། རྩ་འདབ་ཀྱི་འཕོ་བ་ཉེར་བཞིར་བྱེད་ཅིང་། མེ་མཉམ་གཉིས་ལ་སྣ་བུག་གི་འཕོ་བ་བཅུ་གཉིས་སུ་བྱེད་ལ། ཐུན་ཕྱེད་པ་རེ་ལ་དགུ་བརྒྱ་པ་ཕྲག་རེ་དང་། དེ་ལའང་ལྷ་མོ་བཞིའི་རིམ་པས་ཉིས་བརྒྱ་ཉེར་ལྔ་པ་ཕྲག་བཞིར་བྱེད་དགོས་པའི་ཕྱིར། དེས་ན་ཞག་གཅིག་ལ་འབྱུང་བ་ཆེ་ཆུང་གི་འཕོ་ཚུལ་ཡོད་དེ། འབྱུང་ཆེན་བཞི་པོ་རེ་རེ་ལན་དྲུག་དྲུག་ཏུ་འཕོ་བས་འཕོ་ཆེན་ཉེར་བཞི་དང་། དེ་རེ་རེ་ལ་བཞི་བཞིར་བསྒྱུར་བས་འབྱུང་ཆུང་གི་འཕོ་བ་གོ་དྲུག་ཏུ་འགྱུར་བའི་ཕྱིར། བདེ་མཆོག་དང་གྱེས་རྡོར་གྱི་ལུགས་ལ་འཕོ་ཚུལ་ཡོད་དེ། ཐུན་ཕྱེད་དང་དཀྱིལ་འཁོར་གྱི་འཕོ་བ་དང་འཕོ་ཆེན་བཅུ་དྲུག་མེ་མཉམ་གཉིས་ལ་སྣ་བུག་གི་འཕོ་བ་བརྒྱད། སྲོག་ཐུར་གཉིས་ལ་སྣ་བུག་གི་མི་འཕོ་ཡང་དཀྱིལ་འཁོར་གྱི་འཕོ་བ་བརྒྱད། འཕོ་ཆེན་བཅུ་དྲུག་པོ་རེ་རེ་ལ་ལྷ་མོ་བཞིའི་རླུང་དང་བཅས་ན་འཕོ་ཆུང་དྲུག་ཅུ་རེ་བཞིར་བྱེད་པའི་ཕྱིར། ཞག་གཅིག་གི་རླུང་རྣམས་སྙིང་ག་མགྲིན་པ་སྤྱི་བོ་ལྟེ་བའི་རྩ་འདབ་རྣམས་ལ་རྒྱུ་བའི་ཚེ་རྩ་འདབ་ཀྱི་གྲངས་དང་མཐུན་པར་སྦྱོར་ཚུལ་ཡོད་དེ། རིམ་པ་བཞིན་ཐུན་ཚོད་བརྒྱད་དང་། འཕོ་བ་བཅུ་དྲུག་དང་། ཆུ་ཚོད་སོ་གཉིས་དང་། དབྱུ་གུ་དྲུག་ཅུ་རྩ་བཞིའི་རླུང་དུ་འཇོག་པའི་ཕྱིར། ཆུ་ཚོད་དང་དབྱུ་གུ་གཉིས་དོན་གཅིག་ཏུ་བྱེད་པ་དང་མི་བྱེད་པའི་ཚུལ་གཉིས་ཡོད་ཅིང་། རིང་ཐུང་ལའང་སྐར་རྩིས་པ་དང་འདྲ་མི་འདྲ་གཉིས་ཡོད་པས་འགལ་བར་མི་བསམ་མོ། །འོ་ན་རྒྱུད་ཀྱི་བཤད་ཚུལ་མི་མཐུན་པས་ཇི་ལྟར་བྱ་སྙམ་ན། དེ་ཡང་མི་འགལ་ཏེ། ཆེད་དུ་བྱ་བའི་གདུལ་བྱའི་དབང་གིས་འཇོག་ཚུལ་ཐ་དད་དུ་མཛད་པ་ཡིན་པའི་ཕྱིར་རོ། །བཞི་པ་བྱེད་ལས་ཀྱི་ཁྱད་པར་ཡོད་དེ། རླུང་གིས་གཞི་ལ་སྐྱེ་འཆི་བར་དོ་གསུམ་གྱི་རྒྱུ་བྱེད་ཅིང་། འཁོར་བར་འཁོར་བའི་གཞི་བྱེད་པའི་ཕྱིར་ཏེ། རླུང་གིས་རྣམ་ཤེས་དང་བདེན་འཛིན་གྱི་བཞོན་པ་བྱས་པའི་སྒོ་ནས་འཁོར་བར་སྐྱེ་བའི་ཕྱིར། རྩ་བ་ཡན་ལག་གི་རླུང་སོ་སོ་དང་ཐུན་མོང་དུ་བྱ་བ་བྱེད་ཚུལ་ཡོད་དེ། སྲོག་འཛིན་གྱིས་རླུང་གཞན་རྣམས་དབང་པོའི་སྒོར་འདྲེན་པ་དང་ཚེ་གནས་པ་དང་འཚོ་བའི་བྱ་བ་བྱེད། གྱེན་རྒྱུས་རླུང་སྟོད་དུ་འདྲེན་ཞིང་ཟས་ཟ་བ་དང་མྱང་བ་སོགས་ཀྱི་བྱ་བ་བྱེད། མཉམ་གནས་ཀྱིས་ཟས་དྭངས་སྙིགས་འབྱེད་ཅིང་དྭངས་མ་རྣམས་ལུས་ལ་འགྲེམས་པའི་བྱ་བ་བྱེད། ཐུར་སེར་གྱིས་ཁུ་ཁྲག་བཤང་གཅི་སོགས་ཐུར་དུ་འདྲེན་པ་དང་འཛིན་པའི་བྱ་བ་བྱེད། ཁྱབ་བྱེད་ཀྱིས་ལུས་གཡོ་བ་དང་འགྲོ་བ་སོགས་ཀྱི་བྱ་བ་བྱེད་ཅིང་། ཡན་ལག་གི་རླུང་ལྔས་མིག་གི་རྣམ་ཤེས་སོགས་དབང་ཤེས་ལྔ་ཡུལ་གཟུགས་སོགས་ལ་འཇུག་པའི་བྱ་བ་བྱེད་པ་དང་། ཁྱད་པར་དུ་རྡོར་བཟླས་བྱས་པས་སྒྱུ་མའི་སྐུ་འགྲུབ་པ་དང་། དེ་ལ་བརྟེན་ནས་འཚང་རྒྱ་བའི་བྱ་བ་བྱེད་པའི་ཕྱིར་རོ། །སྐབས་འདིར་རྡོར་བཟླས་ཀྱི་སྔགས་ཡི་གེ་གསུམ་འཐུ་ཚུལ་སོགས་འདུས་པ་ནས་འབྱུང་བ་ལྟར་བཤད་ཀྱང་མི་འགལ་བར་མ་ཟད། ཁྱད་ཆེ་བར་སྣང་ཡང་མང་དུ་དོགས་པས་མི་འཆད་དེ། གཞན་ནས་ཤེས་པར་བྱས་ཆོག་པའི་ཕྱིར་རོ། །གཉིས་པ། རྡོར་བཟླས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྡོམ་འབྱུང་ནས་བཤད་པའི་དོན། སྨོན་ལམ་ལས་འཇུག་དང་གནས་དང་ལྡང་བའི་རླུང་གིས་ནི། སྔགས་ཀྱི་རྒྱལ་པོ་རྡོ་རྗེ་གསུམ་གྱི་གདངས། །དྷཱུ་ཏཱིའི་ལམ་ནས་ཡང་ཡང་བསྒྲགས་པ་ཡིས། །ལྟེ་བའི་དབུས་ཀྱི་མཆོག་གི་དབང་ཕྱུག་མ། །ཧཾ་ཡིག་བདུད་རྩིའི་རྒྱུན་གྱིས་མཉེས་བྱས་པས། །འོད་གསལ་ཐམས་ཅད་སྟོང་པ་འཆར་བར་ཤོག །ཅེས་གསུངས་པ་ལྟར་བྱ་བ་ཡིན་པའི་ཕྱིར། དེའི་ཚུལ་ཡོད་དེ། ལུས་རླུང་དུས་གསུམ་གྱི་གནད་ནི་སྔར་བཞིན་ཡིན་ལ། ཡུལ་གྱི་གནད་ནི་འདུས་པ་དང་དྲིལ་བུའི་ཞབས་ལ་སོགས་པ་མང་པོས་རྡོར་བཟླས་སྙིང་གར་མཛད་ལ་འདིར་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཟླ་བ་དཀར་དམར་གྱི་སྟེང་དུ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་བསམས་ནས། རླུང་ནང་དུ་འཇུག་པའི་ཚེ་དྷཱུ་ཏཱིའི་ནང་ནས་རླུང་གི་རང་གདངས་ༀ་གྱི་གདངས་སུ་མོས་ཏེ་ལྟེ་བའི་ཧཱུཾ་གི་ནཱ་ད་ལ་གཞུག དེ་ལ་རླུང་ལྡང་འཇུག་གང་རུང་གི་ཡུན་ཚད་ཙམ་ཞིག་ཞུགས་པའི་རང་གདངས་ཨཱཿའི་གདངས་སུ་བསམ། དེ་ལས་རླུང་ཕྱིར་འགྲོ་བའི་ཚེ་དྷཱུ་ཏཱིའི་ནང་ནས་རླུང་གི་རང་གདངས་ཧཱུཾ་གྱི་གདངས་སུ་འབྱུང་བར་མོས་པའི་ཚུལ་གྱིས་སྒོམ་པ་ཡིན་པའི་ཕྱིར། རྡོར་བཟླས་བྱེད་པའི་ཚེ་དབུ་མའི་ནང་ནས་རླུང་སྔགས་དབྱེར་མེད་དུ་བྱས་པའི་ཚུལ་གྱིས་ངེས་པར་བྱ་དགོས་ཀྱི། ཁོང་པའི་ནང་ཙམ་ལ་དམིགས་ནས་བྱར་མི་རུང་སྟེ། དེ་ལྟར་བྱས་ཀྱང་རླུང་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱེད་ནུས་པ་མི་འབྱུང་ཞིང་། བསྐྱེད་རིམ་པ་ལྟར་ཡིད་བཟླས་བྱས་པས་ཀྱང་མི་ཆོག་པའི་ཕྱིར། གསུམ་པ་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། དེ་ལྟར་བྱས་པས་རེ་ཞིག་རླུང་གི་གདངས་ལ་སྔགས་ཀྱི་གདངས་སུ་མོས་པ་ཙམ་ལས་མི་འབྱུང་ཡང་། གོམས་པའི་མཐར་མོས་པ་ཙམ་མ་ཡིན་པར་རླུང་གི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་འཆར་བའི་གསུང་གི་ང་རྒྱལ་དུ་འཕོ་ནུས་པའི་ཕྱིར། རླུང་ཡང་དང་པོར་དྷཱུ་ཏཱིའི་ནང་དུ་འབྱུང་འཇུག་བྱེད་པར་མོས་པ་ཙམ་ཡིན་ཀྱང་། གོམས་ན་དྷཱུ་ཏཱིའི་ནང་དུ་དངོས་གནས་ལ་འབྱུང་འཇུག་བྱེད་པར་འབྱུང་བར་གསུངས་ཏེ། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དེ་ལྟར་དུ་འབྱུང་བའི་ཕྱིར་རོ། ། རྡོར་བཟླས་ཀྱི་བྱེད་ལས་ཡོད་དེ། དེ་ལ་བརྟེན་ནས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ནས་རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བདེ་བར་བྱེད་ནུས་པས། དྷཱུ་ཏཱིའི་ནང་གི་ཙནྚ་ལི་གཏུམ་མོ་འབར་བའི་དྲོད་ཀྱིས་སྤྱི་བོའི་ཧཾ་ཡིག་བྱང་སེམས་ཞུ་བ་བབས་ཏེ་དགའ་བ་གསུམ་དང་ཁྱད་པར་དུ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ལམ་གྱི་འོད་གསལ་ཁྱད་པར་ཅན་འཆར་བར་བྱེད་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། སྐྲ་དང་ཐིག་ལེའི་མིང་དུ་བྱས། །རླུང་གཉིས་ཀྱི་ནི་ཕྱི་ནས་ནི། །མ་རིག་མདུད་པ་འབྱེད་པར་བྱེད། ། ཅེས་དང་། དེའི་དོན་འཆད་པ་ན། དངོས་གྲུབ་སྙེ་མ་ལས། རྡོར་བཟླས་བྱས་པས་སྙིང་གའི་དྷཱུ་ཏཱི་ལ་རོ་རྐྱང་གིས་དཀྲིས་པའི་མ་རིག་པའི་མདུད་པ་འབྱེད་པར་གསུངས་ཏེ། ཞེས་དང་། སྨོན་ལམ་ནས་འབྱུང་བའི་ལུང་དེ་ཉིད་ཀྱིས་ཀྱང་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། དངོས་གྲུབ་སྙེ་མ་ལས་སྡུད་རིམ་སྔར་བཤད་པ་ནི། བསྐྱེད་རིམ་གྱི་སྐབས་སུ་སྡུད་རིམ་གྱི་རྫོགས་རིམ་སྒོམ་པ་དང་། རིམ་པ་གཉིས་པའི་སྡུད་རིམ་སྒོམ་པ་ཕྱོགས་གཅིག་ཏུ་འགྲེལ་པས་བཤད་པའི་དབང་དུ་མཛད་པ་ཡིན་ལ་། འདིར་འཁྲིད་ཡིག་ལས་བཤད་པ་ལྟར་བསྐྱེད་རིམ་བསྒོམས་ཟིན་པའི་རྗེས་སུ་རྫོགས་རིམ་གྱི་སྡུད་རིམ་སྒོམ་པར་བྱེད་པའི་ལུགས་ཡིན་པས་མི་འགལ་ལ། སྡུད་རིམ་དེ་ལྟར་བྱས་པས་རྫོགས་རིམ་གྱི་ཕྱོགས་བསྒོམ་པར་འགྲོ་ཡང་ངོ་བོའི་སྒོ་ནས་ཐམས་ཅད་རྫོགས་རིམ་དངོས་གནས་སུ་འཇོག་དགོས་པའི་ངེས་པ་མེད་དེ། རྫོགས་རིམ་མཚན་ཉིད་པ་རླུང་དྷཱུ་ཏཱིར་ཐིམ་པ་ནས་འཇོག་པར་གསུངས་པའི་ཕྱིར་རོ། །སྡུད་རིམ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཀུན་སྤྱོད་དང་ལཱུ་ཧི་པའི་གཞུང་གཉིས་ལས། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །ཞེས་སོགས་ཀྱི་དོན། སྨོན་ལམ་ལས། མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། ། གསལ་དྭངས་འོད་ཟེར་ལྔ་ཡི་དྲ་བ་ཅན། །ཀུནྡ་ལྟར་དཀར་ཡེ་ཤེས་སེམས་དཔའ་ནི། །ཤེས་རབ་ཕག་མོར་རོལ་པའི་དགའ་བའི་སྒྲས། །སྣོད་བཅུད་སྤྲོས་པ་ཀུན་སྡུད་བསམ་གཏན་མཆོག །རྗེས་གཞིག་རིམ་པས་འོད་གསལ་འཇུག་པར་ཤོག །ཞེས་གསུངས་པ་ལྟར་བྱ་བ་ཡིན་པའི་ཕྱིར། དེ་ཡང་བསྐྱེད་རིམ་གྱི་སྐབས་དང་ཕྱོགས་འདྲ་བ་ཡིན་ཏེ། དབྱངས་གསལ་ཚར་གཅིག་ངག་ཏུ་བརྗོད་པས་ཨཱ་ཀི་ཀཱ་ལིའི་འཕྲེང་བ་འོད་ཟེར་ལྔ་ལྡན་འཁོར་ལོ་གསུམ་གྱི་ལྷ་ཚོགས་ཅན། སྣ་བུག་གཡས་པའི་རླུང་དང་འགྲོགས་ནས་ཕྱིར་འཕྲོས་པས་འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་བདག་ཉིད་དུ་བྱས་ཏེ། ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་རྣལ་འབྱོར་མ་རྣམས་དང་རོ་མཉམ་ དུ་གྱུར་པ་སྣ་བུག་གཡོན ་ནས་ཞུགས་ཏེ་ལྟེ་བར་གནས་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དཀར་ལ་དམར་བའི་མདངས་ཅན་དབྱངས་གསལ་གཟུགས་བརྙན་ཤར་བ་བཞིན་དུ་བསྒོམས་པའི་དབུས་སུ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་ཞིག་གནས་པར་བསམ། དེ་ནས་ཟླ་བ་ཧཱུཾ་ཡིག་དང་བཅས་པ་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་སྐུ་མདོག་དཀར་པོ་གཡས་བརྐྱང་གིས་བཞུགས་པ། ནམ་མཁའི་འཇའ་ཚོན་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་ཅིང་། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོག་པ་འཛིན་པས་འཁྱུད་པར་བསམ། སྐད་ཅིག་གིས་གསང་གནས་བྱིན་གྱིས་བརླབས་ཏེ་བདེ་མཆོག་ཡབ་ཡུམ་དངོས་ཡིན་པའི་ང་རྒྱལ་བསྐྱེད་ལ། ཡབ་ཡུམ་སྙོམས་པར་ཞུགས་པས་གསང་གནས་བསྐྱོད་པའི་དགའ་བའི་སྒྲ་དང་བདེ་བའི་རང་བཞིན་གྱི་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་འཕོག་པས་འོད་ཀྱི་རྣམ་པར་བྱས་པར་བསམ། དེ་ནས་སྣོད་ཐམས་ཅད་བཅུད་དང་། བཅུད་ཐམས་ཅད་ལྷའི་འཁོར་ལོ་རྫོགས་པར་བསྒོམས་པ་ཡིན་ན། བསྐྱེད་རིམ་གྱི་སྐབས་ལྟར་བྱ་བ་ཡིན་ནའང་། འདིར་གཙོ་བོ་ཡབ་ཡུམ་ཙམ་བསྒོམས་པའི་དབང་དུ་བྱས་ན་དམ་ཚིག་སེམས་དཔའ་ཡབ་ཡུམ་ལ་བསྡུ། དེ་གཉིས་ཀྱང་སྙོམས་པར་ཞུགས་པས་ཞུ་སྟེ། ཞུ་བ་དེ་ཡོངས་སུ་གྱུར་པ་ལས་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་སིན་དྷུ་རས་བྱུགས་པའི་མུ་ཏིག་ལྟ་བུའི་ཧཱུཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། དེའི་ཞབས་ཀྱུའི་ཨཱུ་ནས་ནཱ་དའི་བར་རིམ་གྱིས་ཐིམ་པའི་ཚུལ་གྱིས་བསྡུས་ཏེ་ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་ཙམ་དུ་གནས་པར་བསམས་ནས་སེམས་འཛིན་པ་ཡིན་པའི་ཕྱིར། དེ་ནས་ནཱ་ད་ཡང་མི་དམིགས་པར་བྱས་ནས་དེའི་ཐར་ཀར་སེམས་བཟུང་བས་ཀྱང་ཆོག་ཅིང་། དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། རླུང་ད བུ་མར་མྱུར་དུ་འདུ་བའི་ཆེད་ཡིན་པའི་ཕྱིར། འདིར་དགོས་པ་དེ་ལྟར་ཡིན་གྱི། རླུང་དབུ་མར་སྡུད་ནུས་པ་ཙམ་ལ་ནི་སྡུད་རིམ་བྱེད་དགོས་པའི་ངེས་པ་མེད་དེ། དངོས་གྲུབ་སྙེ་མ་ལས། དེ་ཡང་སྡུད་རིམ་སྔོན་དུ་མ་བཏང་ཡང་སེམས་སྔར་ལྟར་ཟིན་པ་གོམས་པ་ལས་རླུང་དབུ་མར་སྡུད་ནུས་པ་འོང་མོད། སྡུད་རིམ་དང་སྦྲགས་ནས་བྱས་ན་རླུང་སྡུད་པར་སླ་བའི་དགོས་པ་ཡོད་པས་དེ་ལྟར་བྱེད་པ་ཡིན། ཞེས་གསུངས་པའི་ཕྱིར། སྔར་བཤད་མ་ཐག་པའི་དམིགས་སྐོར་གསུམ་པོ་དེ་རོ་རྐྱང་གི་རླུང་དབུ་མའི་ནང་དུ་འཛུད་པའི་ཐབས་སྲོག་རྩོལ་གྱི་ཁོང་དུ་གཏོགས་པ་ཡིན་ཏེ། ལཱུ་ཧི་པའི་མངོན་རྟོགས་ཀྱི་འགྲེལ་པར་དེ་བཞིན་གཤེགས་པའི་རྡོ་རྗེས། ལུས་ཀྱི་རྩ་འཁོར་གང་ཡོད་ཀྱི་ཐད་ཀྱི་དྷཱུ་ཏཱིའི་ནང་དུ་དམིགས་རྟེན་བསྒོམས་པའི་སྐབས་ཀྱི་རྫོགས་རིམ་རྣམས་སྲོག་རྩོལ་དུ་འགྲོ་བར་བཤད་པ་ལྟར་རྗེ་ཉིད་ཀྱང་བཞེད་པའི་ཕྱིར། འོ་ན་སྲོག་རྩོལ་ཞེས་པའི་དོན་ཇི་ལྟར་ཡིན་ཞེ་ན། འདི་ལ་གཉིས་ཡོད་དེ། འདུས་པའི་སྐོར་ནས་སྲོག་ནི་རླུང་དང་། རྩོལ་བ་ནི་རིང་དུ་གནས་པའི་དོན་ལ་བྱས་ནས་ཚེ་རིང་དུ་གནས་པར་བྱེད་པའི་རླུང་ལ་སྲོག་རྩོལ་དུ་བཤད་ལ། ཞལ་ལུང་དང་བི་བྷུ་ཏིས་རྩོལ་བ་ནི་སྐད་དོད་ཀྱི་སྟེང་ནས་འགོག་པའི་དོན་དུ་བྱས་ཏེ་སྲོག་འགོག་པ་སྲོག་རྩོལ་གྱི་དོན་དུ་བཤད་པའི་ཕྱིར། དེ་ཡང་རོ་རྐྱང་ནས་རླུང་གི་རྒྱུ་བ་བཀག་ནས་དྷཱུ་ཏཱིའི་ནང་དུ་རྒྱུ་བར་བྱེད་པའི་དོན་ཡིན་ཏེ། དངོས་གྲུབ་སྙེ་མ་ལས། སྔར་བཤད་པའི་ལྟེ་བའི་རྩ་འཁོར་གྱི་ལྟེ་བའི་དབུས་སུ་ཧཱུཾ་ཡིག་ལ་སོགས་པ་ལ་དམིགས་ནས་བསྒོམས་པས་ནི། རོ་རྐྱང་དུ་རླུང་བརྒྱུས་ཏེ་ཕྱིར་འཐོན་པ་བཟློག་ནས་དབུ་མར་རྒྱུ་བར་བྱེད་པས་སྲོག་རྩོལ་ཞེས་བྱ་སྟེ། སྲོག་ནི་རོ་རྐྱང་ལ་རྒྱུ་བའི་རླུང་ཡིན་ལ། རྩོལ་བའི་སྐད་དོད་ཀྱི་སྟེང་ནས་འགོག་པའི་དོན་དུ་བཤད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། སྤྱིར་རླུང་དབུ་མར་འཇུག་པའི་ཐབས་དེ་ལ་རྒྱུ་དང་གྲུབ་ཆེན་གྱི་བཞེད་པ་མི་འདྲ་བ་དུ་མ་ཡོད་དེ། ལཱུ་ཧི་པས་ནི་སྔར་ལྟར་ལྟེ་བར་ཧཱུཾ་ཡིག་བསྒོམས་པ་ལ་བརྟེན་ནས་རླུང་དབུ་མའི་ནང་དུ་འཇུག་པར་བྱེད་ལ། དུས་འཁོར་བ་ནི་ལྟེ་བར་བུམ་པ་ཅན་བསྒོམས་པ་ལ་བརྟེན་ནས་འཇུག ཌོམ་བི་པ་དང་ནག་པོ་སྤྱོད་པ་དང་ནཱ་རོ་ཆོས་དྲུག་པ་ནི་ལྟེ་བར་གཏུམ་མོ་བསྒོམས་པ་ལ་བརྟེན་ནས་འཇུག དྲིལ་བུ་པ་ནི་དང་པོར་སྙིང་གར་གནད་དུ་བསྣུན། དེ་ནས་དྷཱུ་ཏཱིའི་མར་སྣ་དང་། དེ་ནས་དྷཱུ་ཏཱིའི་ཡར་སྣ་སོགས་སུ་གནད་དུ་བསྣུན་པ་ལ་བརྟེན་ནས་འཇུག ཀུ་ཀུ་རི་པ་ནི་སྙིང་གར་རྡོར་བཟླས་བྱས་པ་ལ་བརྟེན་ནས་འཇུག ཡེ་ཤེས་ཞབས་ལུགས་པ་ནི་དང་པོར་སྙིང་ག་དང་། དེ་ནས་དྷཱུ་ཏཱིའི་མར་སྣ་དང་། དེ་ནས་ཡང་སྙིང་གར་གནད་དུ་བསྣུན་པ་ལ་བརྟེན་ནས་འཇུག འདུས་པ་འཕགས་ལུགས་པ་ནི། དང་པོར་དྷཱུ་ཏཱིའི་མར་སྣ་དང་། དེ་ནས་སྙིང་གར་གནད་དུ་བསྣུན་པ་ལ་བརྟེན་ནས་རོ་རྐྱང་གི་རླུང་དབུ་མའི་ནང་དུ་འཇུག་པར་བྱེད་པའི་ཕྱིར་རོ། །སྦྱིར་རྒྱུད་དང་གྲུབ་ཆེན་སོ་སོའི་བཞེད་པ་དེ་རྣམས་གང་བྱས་ཀྱང་རླུང་དབུ་མར་འཇུག་ཅིང་བདེ་སྟོང་གི་ཡེ་ཤེས་བསྐྱེད་ནུས་པ་ཡིན་ཏེ། དེ་ཐམས་ཅད་ཀྱིས་ཀྱང་ལྟེ་བ་དང་གསང་གནས་ཀྱི་གཏུམ་མོ་སྦར་ནས་སྤྱི་བོ་ནས་བྱང་སེམས་ཞུ་བ་དྷཱུ་ཏཱིའི་ནང་དུ་བབས་པ་ལས་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་དྲངས་ནས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་བསྐྱེད་ནུས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་སྲོག་དྷཱུ་ཏཱིར་ཚུད་པ་ལ་བརྟེན་ནས་བྱུང་བའི་རྫོགས་རིམ་བསྒོམ་ཚུལ་བཤད་པ་ལ་གཉིས། མཉམ་གཞག་གི་སྐོར་ལ་སྐྱོང་ཚུལ་དང་། མཉམ་རྗེས་ལ་བསྲེ་བ་བྱེད་ཚུལ་འཕྲོས་དང་བཅས་པ་བཤད་པའོ། །དང་པོ་ལ་གཉིས། སྟོང་ཕྱོགས་ཀྱི་རྫོགས་རིམ་སྐྱོང་ཚུལ་དང་། སྣང་ཕྱོགས་ཀྱི་རྫོགས་རིམ་སྐྱོང་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང་། རྗེས་ཐོབ་ཏུ་སྐྱོང་ཚུལ་ལོ། །དང་པོ་ནི། ལྭ་ཝ་པས། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུས་ཁའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་འཁྱེར་དང་འདྲ་བ། །བཞི་པ་སྒྲོན་མ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མ་ཐོབ་ནས་ནི། །ཕྱག་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་ཡིན། །ཞེས་ལྟེ་བར་སེམས་བཟུང་བས་རི་དྭགས་སྲེད་པ་སྟེ་སྨིག་རྒྱུ་ལྟ་བུ་ལ་སོགས་པའི་རྟགས་ལྔ་འཆར་བར་གསུངས་ཤིང་། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་རྟགས་ལྔ་གསུངས་ཏེ། དེ་ཉིད་ལས། སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་དང་། ཞལ་ལུང་ལས་ཀྱང་དེ་ལྟར་གསུངས་སོ། །སྤྱིར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའི་སྐབས་སུ་རྟགས་འདི་རྣམས་འཆར་བ་ཡིན་ཏེ། དངོས་གྲུབ་སྙེ་མར་ལུང་སྔ་མའི་དོན་འཆད་པ་ན། འདི་ནི་ལྟེ་བར་སྔར་ལྟར་སེམས་བཟུང་བ་ལས་རྟགས་འདི་རྣམས་འཆར་བའི་སྐབས་དེ། སྲོག་དྷཱུ་ཏཱིར་སྡུད་པའི་ཐབས་ཐམས་ཅད་ལ་རྟགས་འདི་རྣམས་འཆར་རོ། །ཞེས་གསུངས་པའི་ཕྱིར། དེ་ཡང་འདི་ལྟར་ཡིན་ཏེ། འདིའི་འཁྲིད་ཡིག་ལས། དེ་ཡང་ས་ཆུ་ལ་ཐིམ་པ་ན་སྨིག་རྒྱུ་དང་། ཆུ་མེ་ལ་ཐིམ་པ་ན་དུ་བ་དང་། མེ་རླུང་ལ་ཐིམ་པ་ན་མེ་འཁྱེར་དུ་སྣང་བ་དང་། ཀུན་རྟོག་གི་བཞོན་པའི་རླུང་སེམས་ལ་ཐིམ་པའི་དུས་སུ་རླུང་མེད་པའི་མར་མེ་འབར་བ་ལྟ་བུའི་སྣང་བ་འབྱུང་། དེའི་རྗེས་སུ་མཚན་མ་ལྔ་པ་སྤྲིན་དང་བྲལ་བའི་ནམ་མཁའ་ལྟར་སྣང་བ་ཡིན་ཞེས་དང་། དེ་ཡང་དཔེར་ན་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་དམར་སེར་གྱིས་ཁྱབ་པ་དང་། སྲོད་ཀྱི་སྨག་ནག་པོའི་མུན་པས་ཁྱབ་པ་དང་། དེ་སངས་ནས་ཟླ་བའི་འོད་ཀྱིས་ཁྱབ་པའི་སྐབས་གསུམ་དང་། ནམ་མཁའི་རང་མདོག་ཇི་བཞིན་ཐོབ་པའི་སློད་བྱེད་གསུམ་པོ་དེ་དང་བྲལ་པའི་ཐོ་རངས་དུས་ཀྱི་ནམ་མཁའ་སྟེ་བཞི་ཡོད་དོ། །ཞེས་ཐིམ་རིམ་བཞི་སྣང་མཆེད་ཐོབ་གསུམ་དང་བཅས་པ་བཤད་པ་ལྟར་ཡིན་པའི་ཕྱིར། གཞི་ལམ་གྱི་སྣང་བ་གསུམ་འོད་གསལ་དང་བཅས་པ་ལ་སྟོང་པ་བཞིའི་ཐ་སྙད་ཀྱང་མཛད་པ་ཡིན་ཏེ། དེ་ཉིད་ལས། དཔེ་དེ་བཞིན་དུ་ཡིད་ངོར་ཕྱོགས་མཚམས་རྒྱ་ཆད་པ་མེད་པར་སྟོང་སང་ངེ་བ་ལ་འོད་ཟེར་དཀར་པོ་ཤར་བའི་རྣམ་པ་ཅན་ཡུལ་སྣང་གཞན་མི་འཆར་བ་ནི་སེམས་སྣང་བ་དང་པོ་སྟེ་སྟོང་པ་ཞེས་ཀྱང་ཟེར་རོ། །དེ་ནས་སྣང་བ་དེ་རིམ་གྱིས་བསྡུས་ནས་ཡུལ་སྣང་གཞན་གང་ཡང་མེད་པར་སྟོང་སང་ངེ་བ་ལ་འོད་དམར་པོའམ་དམར་སེར་ཤར་བའི་རྣམ་པ་ཅན་ནི་སྣང་བ་མཆེད་པ་སྟེ་ཤིན་ཏུ་སྟོང་པ་ཞེས་ཀྱང་ཟེར་རོ། །དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་ཡུལ་སྣང་གཞན་མེད་པར་སྟོང་སང་ངེ་བ་ལ་འོད་ནག་པོས་ཁྱབ་པ་འདྲ་བ་ཞིག་འཆར་བ་ནི་ཉེར་ཐོབ་ཡིན་ཏེ་སྟོང་པ་ཆེན་པོ་ཞེས་ཟེར། ཞེས་དང་། དེ་ནས་མུན་པ་ལྟར་སྣང་བ་དང་དྲན་མེད་སངས་པ་ན་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ཁ་དོག་སློད་བྱེད་ཀྱི་རྐྱེན་དང་བྲལ་བ་གཞན་དུ་འོད་གསལ་མཐའ་དབུས་མེད་པའི་ཏིང་ངེ་འཛིན་སྐྱེ་སྟེ། ཐམས་ཅད་སྟོང་པ་ཞེས་ཀྱང་ཟེར་རོ། །ཞེས་གསུངས་ཤིང་། དངོས་གྲུབ་སྙེ་མར་ཡང་དེ་ཁོ་ན་བཞིན་དུ་བཤད་པའི་ཕྱིར། དེ་ཡང་། སྨོན་ལམ་ལས། བསམ་གྱིས་མི་ཁྱབ་འོད་གསལ་ཕྱག་རྒྱ་ཆེ། །ལྷན་སྐྱེས་བདེ་ཆེན་སྟོང་ཉིད་མཐར་ཐུག་དང་། །ལེགས་སྦྱར་མཉམ་པར་བཞག་དུས་བསྐྱངས་པ་དང་། ཞེས་གསུངས་པ་ལྟར། ལམ་དུས་སུ་སྟོང་པ་བཞི་ཀའི་སྐབས་དང་ཁྱད་པར་དུ་འོད་གསལ་གྱི་དུས་སུ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་བདེ་སྟོང་སྦྱར་ནས་བསྒོམ་པར་བྱ་ཞིང་། སྟོང་པ་བཞིའི་དུས་སུ་དགའ་བ་བཞི་སྐྱེ་བ་ཡིན་ཏེ། བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བའི་ཕྱིར། དགའ་བ་བཞི་དང་སྟོང་པ་བཞི་རིམ་པ་བཞིན་དུས་མཉམ་ངོ་བོ་གཅིག་ཏུ་འབྱུང་བ་ཡིན་ཏེ། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་གསུངས་པའི་ཕྱིར། སྐབས་འདིར་བྱང་སེམས་འབབ་པའི་བདེ་བ་ལ་བཅུ་དྲུག་དང་བཅུ་གཉིས་སུ་འབྱེད་ཚུལ་ཡོད་དེ། བྱང་སེམས་འབབ་པ་ན་ཁྲག་དང་འདྲེས་ནས་འབབ་པ་ཡིན་ཞིང་། དེའི་ཚེ་དཀར་པོ་འབབ་པའི་བདེ་བའི་ལྡོག་ཆ་ནས་བཅུ་དྲུག་ཏུ་འབྱེད་ལ། དམར་པོ་འབབ་པའི་བདེ་བའི་ལྡོག་ཆ་ནས་བཅུ་གཉིས་སུ་འབྱེད་པའི་ཕྱིར། དང་པོ་འབྱེད་ཚུལ་ཡོད་དེ། སྤྱི་བོ་ནས་མགྲིན་པའི་རྩ་འཁོར་གྱི་བར་ལ་ཆ་མཉམ་བཞིར་ཕྱེ་བའི་ཆ་མཉམ་དང་པོ་ལ་བྱང་སེམས་དཀར་པོ་སླེབ་པ་ན་དགའ་བའི་དགའ་བ་དང་། གཉིས་པར་སླེབ་བ་ན་དགའ་བའི་མཆོག་དགའ་དང་། གསུམ་པར་སླེབ་པ་ན་དགའ་བའི་ཁྱད་དགའ་དང་། བཞི་པར་སླེབ་པ་ན་དགའ་བའི་ལྷན་སྐྱེས་ཀྱི་དགའ་པར་འཇོག་པའི་ཕྱིར། དེས་མཚོན་ནས་གཞན་གསུམ་ལའང་ཤེས་པར་བྱའོ། །གཉིས་པ་བཅུ་གཉིས་སུ་འཇོག་ཚུལ་ཡོད་དེ། སྤྱི་བོ་ནས་མགྲིན་པའི་རྩ་འཁོར་གྱི་བར་ལ་ཆ་མཉམ་གསུམ་དུ་ཕྱེ་ནས། ཆ་མཉམ་དང་པོར་བྱང་སེམས་དམར་པོ་སླེབ་པ་ན་དགའ་བ་ཆུང་ངུ་དང་། གཉིས་པར་སླེབ་པ་ན་དགའ་བ་འབྲིང་པོ་དང་། གསུམ་པར་སླེབ་པ་ན་དགའ་བ་ཆེན་པོ་མྱོང་བར་འཇོག་པའི་ཕྱིར། དེས་གཞན་གསུམ་ཡང་ཤེས་པར་བྱ་སྟེ། ཕྱག་ཆེན་ཐིག་ལེ་ལས། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བའི་ཐིག་ལེ་བཅུ་དྲུག་སྟེ། ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ནའང་། །ཉི་མ་བཅུ་གཉིས་རྣམས་སུ་བཤད། །ཅེས་གསུངས་པའི་ཕྱིར། ལུང་འདིས་ཇི་ལྟར་བསྟན་པའི་ཚུལ་ཡོད་དེ། །རི་བོང་མཚན་མའི་ཆ་འདི་རྣམས། ། ཞེས་པས་བྱང་སེམས་དཀར་པོ་འབབ་པའི་ཆ་ལ་བཅུ་དྲུག་ཏུ་ཕྱེ་ནས་དེ་ཟླ་བའི་དཀར་ཆ་བཅོ་ལྔ་དང་དཀར་ནག་གི་བར་གྱི་ཆ་གཅིག་དང་བཅས་པའི་བཅུ་དྲུག་དང་སྦྱར་བ་དང་། ཉི་མ་བཅུ་གཉིས་རྣམས་སུ་བཤད། །ཅེས་པས། བྱང་སེམས་དམར་པོ་འབབ་པའི་ཆ་ལ་བཅུ་གཉིས་སུ་ཕྱེ་ནས་དེ་ཉི་མས་ཁྱིམ་བཅུ་གཉིས་བགྲོད་པའི་རིམ་པ་དང་མཐུན་པར་སྦྱར་བ་ཡིན་པའི་ཕྱིར། མས་བརྟན་གྱི་དགའ་བ་ལ་ཡང་བཞི་དང་བཅུ་དྲུག་ཏུ་འབྱེད་པ་ཡིན་ཞིང་། མས་བརྟན་གྱི་ཚེ་བྱང་སེམས་དམིགས་པས་ཆེད་དུ་བྱས་ནས་ཡང་ཟློག་དགོས་པ་ཡིན་གྱི། རང་ལོག་ཏུ་མི་འགྲོ་སྟེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། དེ་ཉིད་སྟེང་དུ་རྒྱུ་བ་ནི། །རྣལ་འབྱོར་པས་ནི་སྒྲུབ་པར་བྱེད། །ཅེས་གསུངས་པའི་ཕྱིར། འདིར་ཡས་བབས་ཀྱི་དགའ་བ་བཞི་པ་ལྷན་སྐྱེས་སུ་འཇོག་ཀྱང་དང་པོ་གསུམ་ལྷན་སྐྱེས་སུ་འཇོག་པ་མིན་ལ། མས་བརྟན་གྱི་དགའ་བཞི་ཀ་ལྷན་སྐྱེས་སུ་འཇོག་པ་ཡིན་ཏེ། ཡས་འབབ་ལས་མས་བརྟན་གྱི་དགའ་བ་བཞིའི་དུས་སུ་བདེ་བ་ཆེ་བ་གཅིག་འོང་དགོས་པའི་ཕྱིར་དང་། ཡས་བབས་ཀྱི་མཉམ་གཞག་ལས་མ་ལངས་པར་མས་བརྟན་གྱི་དགའ་བཞི་འདྲེན་པར་གསུངས་པའི་ཕྱིར། མས་བརྟན་གྱི་དགའ་བཞི་སྐྱེ་ཚུལ་ཡོད་དེ། བྱང་སེམས་ནོར་བུའི་རྩེ་ནས་སྟེ་བར་སླེབ་པ་ན་དགའ་བ། ལྟེ་བ་ནས་སྙིང་གར་སླེབ་བ་ན་མཆོག་དགའ། སྙིང་ག་ནས་མགྲིིན་པར་སླེབ་པ་ན་ཁྱད་དགའ། མགྲིན་པ་ནས་སྤྱི་བོར་སླེབ་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བའི་ཕྱིར། དགའ་བ་བཅུ་དྲུག་དང་བཅུ་གཉིས་སུ་འབྱེད་ཚུལ་དེ་ཕ་རྒྱུད་མ་རྒྱུད་གཉིས་དང་ཁྱད་པར་དུ་མ་རྒྱུད་ཀྱི་སྐབས་དང་སྦྱོར་དགོས་པ་ཡིན་ཏེ། ཕྱག་ཆེན་ཐིག་ལེའི་ལུང་དེའི་དོན་མ་རྒྱུད་ཀྱི་སྐབས་དང་ཤིན་ཏུ་འབྲེལ་བའི་ཕྱིར་རོ། ། རྫོགས་རིམ་པའི་ལྷན་སྐྱེས་སྐྱེ་བ་ལ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱང་སེམས་སྤྱི་བོ་ནས་ཞུ་བ་ཞིག་དགོས་ལ། དེའི་ཚེ་བྱང་སེམས་ནོར་བུའི་རྩེར་སླེབ་ནས་ལྷན་སྐྱེས་མཚན་ཉིད་ཚང་བ་མ་སྐྱེས་ཀྱི་བར་དུ་ཕྱིར་མི་འཕོ་སྟེ། དེ་ལ་ནི་བྱང་སེམས་སྤྱི་བོ་ནས་ཞུ་སྟེ་འབབ་པའི་ཚེ། རིམ་གྱི་རིམ་གྱིས་རླུང་གི་གཡོ་བ་ཇེ་ཆུང་ཇེ་ཆུང་དུ་སོང་ནས་བྱང་སེམས་ནོར་བུའི་རྩེར་སླེབ་པ་ན་དེ་ཕྱི་རོལ་ཏུ་བསྐྱེད་བྱེད་ཀྱི་རླུང་གི་འཇུག་པ་ཞི་བར་འགྱུར་བའི་ཕྱིར་རོ། །རླུང་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་མ་ཡིན་པའི་བྱང་སེམས་ཞུ་བ་ནོར་བུའི་རྩེར་སླེབ་པའི་ཚེ་དེ་མ་ཐག་ཟློག་པའི་ཐབས་བྱ་དགོས་ཏེ། མ་བྱས་ན་ཕྱིར་འཕོ་བའམ། ལུས་ཀྱི་སྨད་དུ་འགྲམ་ནས་ནད་བསྐྱེད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། དགའ་བཞི་འདྲེན་ནུས་པའི་མཚམས་སུ་བདེ་སྟོང་སྦྱར་ནས་བསྒོམ་ཚུལ་ཡོད་དེ། དེའི་ཚེ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། དྷཱུ་ཏཱིའི་ནང་གི་གཏུམ་མོ་ཁྱད་པར་ཅན་འབར་བའི་དྲོད་ཀྱིས་སྤྱི་བོ་ནས་བྱང་སེམས་ཞུ་བ་རིམ་གྱིས་བབས་པ་ལས་དྷཱུ་ཏཱིའི་ནང་དུ་རེག་བྱ་ཆེས་ཡིད་དུ་འོང་བ་ཞིག་སྐྱེ། རེག་བྱ་དེས་གཟུང་དོན་དང་དྷཱུ་ཏཱིའི་ནང་གི་ལུས་དབང་ཁྱད་པར་ཅན་གྱི་བདག་པོའི་རྐྱེན་བྱས་པ་ལས་ལུས་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ་ཞིང་། དེའི་ཚེ་ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་པ་ཉིད་གཉིས་ཡུལ་ཡུལ་ཅན་ངོ་བོ་དབྱེར་མེད་དུ་སྦྱོར་བ་དང་། བདེ་བ་དེ་དང་སྟོང་ཉིད་རྟོགས་པའི་བློ་གཉིས་གྲུབ་སྡེ་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཚུལ་གྱིས་བདེ་སྟོང་སྦྱར་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྨོན་ལམ་ལས། ལངས་པར་གྱུར་ཚེ་གང་ཤར་སྣང་བ་ཀུན། །ཆུ་དང་ཆུ་རླབས་གཉིས་པོ་ཇི་བཞིན་དུ། །བདེ་བ་ཆེན་པོའི་རོལ་པར་ཤར་གྱུར་ཏེ། །གཟུང་འཛིན་རྣམ་པར་རྟོག་པའི་བག་ཆགས་ཀུན། །ཡོངས་སུ་སྦྱོང་ལ་ཐོགས་པ་མེད་པར་ཤོག །ཅེས་གསུངས་པ་ལྟར་བཤད་ན། དེའི་ཚུལ་ཡོད་དེ། འཁྲིད་ཡིག་ལས། དེ་ལས་ལངས་པའི་རྗེས་ཐོབ་ཏུ་ནི་གཟུགས་ལ་སོགས་པའི་ཡུལ་སྣང་གང་ཤར་ཐམས་ཅད་ལ། མཉམ་གཞག་ཏུ་བསྐྱངས་པའི་བདེ་སྟོང་གིས་རྒྱས་བཏབ་སྟེ། ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་དུ་ལྟ་བ་ལ་ལོབས་ན། དེ་གོམས་པ་ལ་བརྟེན་ནས་ཡུལ་སྣང་གང་ཤར་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འཆར་ཏེ། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེའི་ཚུལ་རིམ་ལྔ་གསལ་སྒྲོན་ལས་རྒྱས་པར་བཤད་པའི་དོན་བསྡུ་ན་འདི་ལྟར་ཡིན་ཏེ། ཐོག་མར་ཆོས་ཐམས་ཅད་མིང་དང་བརྡས་བཞག་པ་ཙམ་མ་གཏོགས། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་གཏན་ལ་ཕབ་ནས་ངེས་པར་བྱེད། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་དེ་ལྟར་ཡིན་བཞིན་དུ། ཆོས་ཅན་ཐམས་ཅད་ནི་ཐ་སྙད་དུ་སྒྱུ་མ་བཞིན་དུ་སྣང་ལ་དེ་ལྟར་སྣང་བ་དེ་ནི་རང་བཞིན་མེད་པའི་ཆོས་ཉིད་དེའི་རྣམ་འགྱུར་དུ་ལྟ། དེའི་ཚེ་བདེ་སྟོང་རོ་གཅིག་ཏུ་མོས་པའི་གནད་ཀྱིས་གང་ཤར་ཆོས་ཉིད་ཀྱི་རྣམ་འགྱུར་ཡིན་པ་ལྟར་བདེ་བའི་རྣམ་འགྱུར་དུ་ཡང་མོས་པའི་དབང་གིས་འཇོག་པ་ཡིན་པའི་ཕྱིར། དངོས་གྲུབ་སྙེ་མ་ལས་ཀྱང་དེ་ལྟར་དུ་གསུངས་ཏེ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་སོགས། རྩ་བཤད་ཀྱི་རྒྱུད་ལས་ལྷན་སྐྱེས་ཀྱི་བདེ་བས་ཀུན་ལས་ཁྱབ་པར་བཤད་པའི་ངེས་དོན་འཆད་པ་ན། དེ་ཉིད་ལས། ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་དེ་མཉམ་གཞག་ཏུ་བསྐྱངས་པའི་འོག་ཏུ་སྣོད་བཅུད་གཞན་དང་ལྷན་སྐྱེས་ཀྱི་བདེ་བའི་དེ་ཁོ་ན་ཉིད་རང་བཞིན་སྟོང་པ་གཉིས་མཚུངས་པའི་ཚུལ་དང་། ཆོས་ཐམས་ཅད་རང་རང་གི་སྟོང་པ་ཉིད་དེར་སྣང་བ་ཡིན་པས་དེའི་རྣམ་འགྱུར་ཡིན་པ་དང་། དེ་ལྟར་ན་དེ་དག་ནི་སྟོང་པ་ཉིད་ལ་རྗེས་སུ་ཞུགས་པའི་ལྷན་སྐྱེས་ཀྱིའང་རྣམ་རོལ་ཏུ་ཤར་བར་མོས་ནས། རྗེས་ཀྱི་ཚེ་བསྐྱངས་པས་ཡུལ་སྣང་ཐམས་ཅད་བདེ་བར་འཆར་བའི་གྲོགས་སུ་འཁྱེར་བའི་ཆེད་ཡིན། ཞེས་གསུངས་པའི་ཕྱིར། དོན་དེ་ལ་དགོངས་ནས་ས་ར་ཧས། བདེ་བ་ཆེན་པོ་མཆོག་འདི་དང་། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་ད་ལྟ་འཁྲུལ་བ་ཆད། །ཅེས་གསུངས་ཤིང་། མཁའ་འགྲོ་རྒྱ་མཚོ་ལས་ཀྱང་། དེ་ཡི་དུས་སུ་གང་མཐོང་བ། །དངོས་པོ་ཀུན་ལ་སྦྱར་བར་བྱ། །འདོད་ཆགས་ཆེན་པོའི་ཚུལ་བདག་ཉིད། །རྟག་ཏུ་བདག་ཉིད་ལ་འབྱུང་འགྱུར། །ཞེས་གསུངས་སོ། །རྗེས་ཐོབ་ལ་དེ་ལྟར་བསྐྱངས་པའི་འོག་ཏུ་ཡང་མཉམ་གཞག་སྐྱོང་བའི་སྤེལ་མ་བྱ་དགོས་པ་ཡིན་ཏེ། དངོས་གྲུབ་སྙེ་མ་ལས། རྗེས་ཐོབ་ཏུ་དེ་ལྟར་བསྐྱངས་པའི་འོག་ཏུ་སླར་ཡང་ཕྱི་ནང་གི་ཐབས་གཉིས་གང་རུང་ལ་བརྟེན་ནས་དགའ་བཞི་ཚན་པ་གཉིས་བསྐྱེད་ལ་མཉམ་པར་བཞག དེ་ལྟར་མཉམ་རྗེས་སྤེལ་བ་རྒྱུན་ལྡན་དུ་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་སྣང་ཕྱོགས་ཀྱི་རྫོགས་རིམ་འཆད་པ་ནི། ཀུན་སྤྱོད་དང་ལཱུ་ཧི་པའི་སྒྲུབ་ཐབས་གཉིས་ལས་ཀྱང་། བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་གཟུངས་ནི་འཐོབ་པར་འགྱུར། །ཞེས་གསུངས་ཏེ། དེའི་དོན་སྟོང་ཕྱོགས་བསམ་གྱིས་མི་ཁྱབ་པའི་རྫོགས་རིམ་བསྒོམས་པར་བྱས་ན། གཟུངས་ཏེ་སྣང་ཕྱོགས་བསམ་གྱིས་མི་ཁྱབ་པའི་རྫོགས་རིམ་སྒྱུ་ལུས་འགྲུབ་པར་འགྱུར་བའི་དོན་ཡིན་ལ། བསམ་གྱིས་མི་ཁྱབ་པའི་དོན་ཡང་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་དེ་ནི་ཐ་སྙད་པའི་ཤེས་པ་རྣམས་དང་མཐར་འཛིན་གྱི་བློའི་ཡུལ་ལས་འདས་པས་དེས་བསམ་གྱིས་མི་ཁྱབ་པའི་དོན་ཡིན་གྱི། བློ་གང་གིས་བསམ་གྱིས་མི་ཁྱབ་པའི་དོན་མིན་ཏེ། གཞི་གྲུབ་ན་བློས་བསམ་པར་བྱ་བའི་ཡུལ་ཡིན་དགོས་པའི་ཕྱིར་རོ། །དེས་ན་བསམ་གྱིས་མི་ཁྱབ་པའི་རྫོགས་རིམ་གྱི་གཙོ་བོ་སྟོང་ཕྱོགས་ཀྱི་རྫོགས་རིམ་ཡིན་ཡང་སྣང་ཕྱོགས་ཀྱི་རྫོགས་རིམ་སྒྱུ་མའི་སྐུ་དེར་བསྡུ་བ་ཡིན་ནོ། །དེ་ཡང་སྨོན་ལམ་ལས། རིམ་པ་དེ་ཡིས་དཔེ་ཡི་ལྷན་སྐྱེས་ལས། །ཆུ་ཀླུང་ཤིན་ཏུ་དྭངས་ལས་ཉ་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་སྐུར་ནི་ལངས་གྱུར་ཏེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་ཤོག །ཅེས་གསུངས་ཏེ། སྒྱུ་ལུས་ཀྱི་སྐོར་འདིའི་རྣམ་བཤད་ལས་རྒྱས་པར་མི་འཆད་པ་ནི། འདུས་པའི་ཕྱོགས་ནས་རྒྱས་པར་བཤད་ཟིན་པ་ལ་དགོངས་ཀྱི། སྤྱིར་བདེ་མཆོག་ལ་ནི་སྒྱུ་ལུས་སྒྲུབ་ཚུལ་སོགས་ཤེས་པ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། དངོས་གྲུབ་སྙེ་མ་ལས། སྒྱུ་མའི་སྐུར་ལྡང་ཚུལ་མཐའ་དག་པ་ནི་ཤིན་ཏུ་རྟོགས་དཀའ་བར་ཡོད་པས་འཕགས་སྐོར་དུ་རྒྱས་པར་གཏན་ལ་ཕབ་པ་ལས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། སྣང་ཕྱོགས་ཀྱི་རྫོགས་རིམ་ནི་སྒྱུ་མའི་སྐུ་གཉིས་ལ་བྱེད་པས་དེའི་ཚུལ་ངེས་པར་ཤེས་དགོས་པའི་ཕྱིར་རོ། །དེ་ཡང་སྔར་བཤད་པའི་ཐབས་རྣམས་དང་ཁྱད་པར་ཕྱག་རྒྱའི་སྦྱོར་པ་ལ་བརྟེན་ནས་ལུས་ཀྱི་རླུང་མ་ལུས་པར་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པའི་རྐྱེན་གྱིས་དཔེའི་འོད་གསལ་མཐར་ཐུག་ཐོབ་ནས་ལུགས་ལྡོག་ཏུ་ལངས་པའི་ཚེ་སྒྱུ་མའི་སྐུ་འཐོབ་པར་འགྱུར་བས། དེ་འགྲུབ་པ་ནི་ཕྱག་རྒྱ་ལ་ལྟོས་པ་ཡིན་ཏེ། དེ་ལ་མ་ལྟོས་པར་དཔེའི་འོད་གསལ་མཐར་ཐུག་འདྲེན་མི་ནུས་པར་བཤད་པའི་ཕྱིར་རོ། །ཚེ་གཅིག་ལ་འཚང་རྒྱ་བ་ནི་ཕྱག་རྒྱ་ལ་ངེས་པར་ལྟོས་པ་ཡིན་ཏེ། རྩ་རྒྱུད་ལས། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣམས་ལ་འགྲུབ་མི་འགྱུར། །ཞེས་གསུངས་པའི་དོན་འཆད་པ་ན། སཾ་བྷུ་ཊི་ལས། ཕྱག་རྒྱ་རེ་རེ་དང་ལྡན་འདི་མ་གཏོགས་པར་དངོས་གྲུབ་སྟེར་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདིར་ལས་རྒྱ་ལ་ལྟོས་དགོས་མི་དགོས་འདོད་པའི་ལུགས་གཉིས་ཡོད་དེ། མཁས་པ་ཕལ་ཆེར་སྒྱུ་ལུས་བསྐྱེད་པ་ནི་ལས་རྒྱ་ལ་ངེས་པར་རག་ལས་པར་བཞེད་ཅིང་། རྗེ་ནོར་བཟང་རྒྱ་མཚོས་ནི་སྤྱིར་བཏང་དེ་ལྟར་ཡིན་ཀྱང་། དམིགས་བ སལ་ལ་ངེས་པ་མེད་དེ། གང་ཟག་གི་རིགས་འགའ་ཞིག་གིས་ཡེ་རྒྱ་ཙམ་ལ་བརྟེན་ནས་བསྐྱེད་རིམ་ནས་བརྩམས་ཏེ་ཟུང་འཇུག་གི་བར་མངོན་དུ་བྱེད་ནུས་པ་ཡོད་པའི་ཕྱིར་ཞེས་བཞེད་དེ་བརྟག་གོ །སྒྱུ་ལུས་སྒྲུབ་ཚུལ་སོགས་ནི་བླ་མ་བརྒྱུད་པའི་མན་ངག་ལས་ཤེས་དགོས་ཀྱི། གཞན་དུ་མ་ཡིན་ཏེ། བདག་བྱིན་རླབས་ལས། བསྐལ་པ་དཔག་ཏུ་མེད་པར་ནི། །ཐོས་པའི་ཕ་རོལ་ཕྱིན་པས་ཀྱང་། །བླ་མའི་བཀའ་མེད་སྒྱུ་མ་ནི། །མངོན་དུ་བྱ་བར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་འདི་འཆད་པ་ལ་གཉིས། མ་དག་པའི་སྒྱུ་ལུས་ཀྱི་རིམ་པ་ཇི་ལྟར་བྱ་བ་དང་། ཟུང་འཇུག་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། སྒྱུ་ལུས་ཀྱི་གཞི་ཇི་ལྟར་འདིང་བ་དང་། སྒྱུ་ལུས་སྒྲུབ་པའི་ཚུལ་དངོས་སོ། །དང་པོ་ལ་དེའི་སྒྲུབ་གཞི་ཡོད་དེ། རང་ཅག་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་དངོས་པོ་གཅིག་པ་འདི་དེ་ཡིན་པའི་ཕྱིར། དེས་ན་འཁོར་བའི་སེམས་ཅན་རྣམས་འཆི་བ་འོད་གསལ་སྔོན་དུ་མ་སོང་བར་རྒྱུ་མེད་དང་རང་དབང་དུ་མི་འབྱུང་སྟེ། དེ་རྣམས་རང་རྒྱུ་གཞིའི་འཆི་བ་འོད་གསལ་གྱི་རླུང་སེམས་དངོས་པོ་གཅིག་པའི་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་ཏེ། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་བ་མིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་རླུང་སེམས་དེ་ཉིད་ཐབས་མཁས་ཀྱི་མན་ངག་དང་མི་ལྡན་པའི་སོ་སྐྱེ་རྣམས་འཁོར་བར་འཁོར་བའི་རྒྱུར་འགྱུར་ལ། ཐབས་མཁས་ཀྱི་མན་ངག་དང་ལྡན་པ་ལ་སྒྱུ་མའི་སྐུར་ཤར་ནས་འཚང་རྒྱ་བར་འགྱུར་ཏེ། དེ་ཉིད་ལས། སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་སེམས་ཅན་རྣམས་ཀྱི་སྐྱེ་འཆི་བར་དོ་གསུམ་དང་ལུས་སྣ་ཚོགས་འཛིན་པའི་རྒྱུར་འགྱུར་བ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། སྐྱེ་དང་གནས་དང་འཇིགས་པ་དང་། །སྲིན་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་དང་། ལུང་སྟོན་ལས་ཀྱང་། འདུ་ཤེས་ཅན་དང་འདུ་ཤེས་མེད། ། སེམས་ཅན་དུ་བཏགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན་གཞིའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྒྱུ་ལུས་ཀྱི་སྒྲུབ་གཞི་རླུང་སེམས་གཉིས་རང་བཅས་སུ་ཡོད་དེ། སེམས་ཅན་རྣམས་ཀྱི་ལུས་སེམས་ལ་རགས་པ་གནས་སྐབས་པའི་ལུས་སེམས་གཉིས་དང་། ཕྲ་བ་གཉུག་མའི་ལུས་སེམས་གཉིས་གཉིས་ཡོད་ཅིང་། རགས་པ་གནས་སྐབས་པའི་ལུས་སེམས་གཉིས་འདོར་ཡང་ཕྲ་བ་གཉུག་མའི་ལུས་སེམས་གཉིས་ཀྱིས་གཞི་ལ་བར་དོ་དང་། ལམ་དུས་སུ་སྒྱུ་ལུས་ཀྱི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡིན་པའི་ཕྱིར། ཅུང་ཟད་ཕྱེ་ན་འདི་ལྟར་ཡིན་ཏེ། ཤིན་ཏུ་ཕྲ་བའི་རླུང་གིས་ནི་རང་འབྲས་སྒྱུ་མའི་སྐུ་གཉིས་ཀྱི་ལུས་ཀྱི་ཉེར་ལེན་དང་། སེམས་ཀྱིས་ནི་དེའི་ལྷན་ཅིག་བྱེད་རྐྱེན་བྱེད། ཤིན་ཏུ་ཕྲ་བའི་སེམས་ཀྱིས་ནི་རང་འབྲས་སྒྱུ་མའི་སྐུ་གཉིས་ཀྱི་ཐུགས་ཀྱི་ཉེར་ལེན་དང་། རླུང་གིས་ནི་དེའི་ལྷན་ཅིག་བྱེད་རྐྱེན་བྱེད་ལ། རླུང་སེམས་གཉིས་ཚོགས་པ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞིག་གིས་ནི་སྒྱུ་ལུས་པ་གཉིས་ཀྱི་ཉེར་ལེན་བྱེད་པ་ཡིན་པའི་ཕྱིར། གང་ཟག་གཅིག་ལའང་རགས་པ་དང་ཕྲ་བའི་ལུས་སེམས་གཉིས་གཉིས་ཡོད་ཀྱང་རྒྱུད་གཉིས་སུ་ཐལ་བའི་སྐྱོན་མེད་དེ། དེ་གཉིས་རྟེན་བརྟེན་པ་ཡིན་ཞིང་དེ་གཉིས་ལས་གང་གིས་བྱ་བ་གཙོ་བོར་བྱེད་པའི་ཚེ་ཅིག་ཤོས་བག་ལ་ཞ་བའི་ཚུལ་དུ་གནས་པའི་ཕྱིར་དང་། སྔ་དྲོ་ཕྱི་དྲོ་སོགས་དུས་ཐ་དད་པའི་དབང་གིས་གང་ཟག་གཅིག་ལ་ང་དུ་མ་འབྱུང་བ་ཡོད་ཀྱང་། གང་ཟག་དེ་ཉིད་རྒྱུད་ཐ་དད་པ་དུ་མར་མི་འགྱུར་བ་བཞིན་ཡིན་པའི་ཕྱིར་རོ། །ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་གཅིག་མིན་ཀྱང་ངོ་བོ་གཅིག་ཡིན་ཏེ། དེ་གཉིས་ཆུ་ལ་ཆུ་ཞུགས་པའམ་མར་ལ་མར་བཅུག་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པའི་ཕྱིར། དེ་ཡང་རྟ་ལྟ་བུའི་བཞོན་པ་རླུང་དང་མི་ལྟ་བུའི་ཞོན་མཁན་སེམས་ཡིན་ཏེ། རླུང་དང་ཡིད་བྱེད་ལ་བརྟེན་ནས་སེམས་དེ་ཉིད་ཡུལ་སོ་སོ་ལ་འཇུག་པར་འགྱུར་བའི་ཕྱིར་ཏེ། སྤྱོད་བསྡུས་ལས། འདིའི་བཞོན་པ་གང་ཞེ་ན་རླུང་ཞེས་བྱ་སྟེ། སེམས་རྡོ་རྗེ་གང་ཡིན་པ་རྟ་ལྟ་བུ་ལ་ཞོན་ནས་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གཞི་ལ་འཆི་བ་འོད་གསལ་གྱི་རླུང་སེམས་ཙམ་ལས་བར་དོ་འགྲུབ་པ་དེ་བཞིན་དུ། ལམ་དུས་སུ་དེ་ལས་སྒྱུ་མའི་སྐུ་འགྲུབ་པར་འགྱུར་བ་ཡིན་ཏེ། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་བ་ཡི་ལུས་སུ་གྱུར། །སྒྱུ་མའི་སྐུ་ཞེས་དེ་ལ་བཤད། ། ཞེས་གསུངས་པའི་ཕྱིར། འདིར་རིམ་པ་གསུམ་པའི་སྒྱུ་མའི་སྐུ་ལ་ནི་རྒྱུའི་ཁྱད་པར་ལ་སོགས་པ་ཁྱད་ཆོས་བཅོ་ལྔ་ཡོད་དེ། དངོས་རྒྱུའི་ཁྱད་པར་ནི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་རླུང་སེམས་ཙམ་ལས་བྱུང་། དུས་ཀྱི་ཁྱད་པར་ནི་སེམས་དབེན་མཐར་ཐུག་གི་ལུགས་ལྡོག་གི་ཉེར་ཐོབ་དང་དུས་མཉམ་དུ་གྲུབ། གནས་ཀྱི་ཁྱད་པར་ནི་རྣལ་འབྱོར་པའི་བཞེད་པས་དྷཱུ་ཏཱིའི་དབུས་ཀྱི་ཐིག་ལེའི་ནང་དང་ཕྱི་རོལ་ཅི་རིགས་པར་ལྡང་། ངོ་བོའི་ཁྱད་པར་ནི་རླུང་སེམས་ཀྱི་རང་བཞིན་དྭངས་ཤིང་ཐོགས་པ་མེད་པའི་ལུས་ཅན། ཁ་དོག་གི་ཁྱད་པར་ནི་སྲོག་འཛིན་གྱི་ཁ་དོག་དང་མཐུན་པར་དཀར། དབྱིབས་ཀྱི་ཁྱད་པར་ནི་སྐབས་འདིར་བདེ་མཆོག་ཡབ་ཡུམ་གྱི་རྣམ་པ་ཅན། མཐོང་ཚུལ་གྱིི་ཁྱད་པར་ནི་སྒྱུ་ལུས་ཐོབ་པ་མ་གཏོགས་དེ་མ་ཐོབ་པའི་སོ་སྐྱེས་མངོན་སུམ་དུ་མཐོང་བར་མི་ནུས། འོད་ཟེར་གྱི་ཁྱད་པར་ནི་སྐུའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྣང་བར་བྱེད། ལོངས་སྤྱོད་ཀྱི་ཁྱད་པར་ནི་དབང་ཤེས་དང་ཡིད་ཤེས་ཀུན་ཚང་བས། རང་གི་ཡུལ་ཐམས་ཅད་ལ་ལོངས་སྤྱོད་ནུས། འཕེན་པའི་ཁྱད་པར་ནི་སྒྱུ་མའི་སྐུར་ལྡང་བར་བྱའོ། །སྔོན་དུ་འཕེལ་པ་བཏང་བའི་སྟོབས་ཀྱིས་འགྲུབ། ཡོན་ཏན་གྱི་ཁྱད་པར་ནི་མཚན་དཔེས་བརྒྱན་ཅིང་ནམ་མཁའ་མཛོད་ལ་མངའ་བརྙེས་པར་མ་ཟད། སངས་རྒྱས་ལས་དབང་བསྐུར་ཐོབ་ཅིང་ཚེ་དེ་ཉིད་ལ་འཚང་རྒྱ། དཔེས་མཚོ་ཚུལ་གྱི་ཁྱད་པར་ནི་སྒྱུ་མ་ཆུ་ཟླ་མིག་ཡོར་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་མཚོན། མཚན་གྱི་ཁྱད་པར་ནི་སྒྱུ་ལུས། བདག་བྱིན་རླབས། སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་རྣམ་གྲངས་སུ་འགྱུར། སྒྲ་བཤད་ཀྱི་ཁྱད་པར་ནི་དཔེ་སྒྱུ་མ་ལ་སོགས་པ་བཅུ་གཉིས་ཀྱིས་མཚོན་ཞིང་ཁྱད་པར་ཐོག་མའི་སྒྱུ་མ་དང་འདྲ་བའི་སྐུ་ཅན་ཡིན་པས་ན་དེ་ལྟར་དུ་བརྗོད། ཡུན་ཚད་ཀྱི་ཁྱད་པར་ནི་རིམ་པ་གསུམ་པའི་སྒྱུ་མའི་སྐུ་འདི་རིམ་པ་བཞི་པའི་དོན་གྱི་འོད་གསལ་མ་སྐྱེས་བར་དུ་གནས་ལ། དེ་སྐྱེས་པ་ན་འཇའ་ཡལ་བ་ལྟར་དག་པར་འགྱུར་བའི་ཕྱིར། གཞན་ཡང་སྒྱུ་ལུས་ཀྱི་ཁྱད་པར་ལེགས་པར་ཤེས་ཤིང་མོས་པ་ཙམ་ལའང་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་དང་འདྲ་བའི་ཕན་ཡོན་ཆེན་པོ་རྣམས་འབྱུང་བ་ཡིན་ཏེ། དེ་ལྟར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་རྩ་འགྲེལ་དང་། སྦྱོད་བསྡུས་ལས་གསུངས་པ་ལྟར་སྒྲ་ཇི་བཞིན་པར་རྗེ་ཉིད་ཀྱང་བཞེད་པའི་ཕྱིར། སྒྱུ་ལུས་ཐོག་མར་ལྡང་བའི་གནས་ལ་བཞེད་ཚུལ་མི་འདྲ་བ་ཡོད་དེ། མཁས་པ་ཁ་ཅིག་སྙིང་གའི་དྷཱུ་ཏཱིའི་ཕྱི་ལྡང་ནང་ལྡང་གཉིས་ཀ་ཡོད་པར་བཞེད་ལ། ཁ་ཅིག་དེ་གཉིས་རེ་རེ་བ་ཁོ་ན་བཞེད་པའི་ཚུལ་གཉིས་ཡོད་པའི་ཕྱིར། གཉིས་པ་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་ཚུལ་ཡོད་དེ། སྨོན་ལམ་ལས། སྒྱུ་མའི་ལུས་མཛེས་ཡང་ཡང་འོད་གསལ་དུ། །ཀུན་ཏུ་ཞུགས་ལས་དོན་གྱི་ལྷན་ཅིག་སྐྱེས། །མངོན་དུ་བྱས་མཐར་དཔལ་ལྡན་རྡོ་རྗེ་འཆང་། །སློབ་པའི་ཟུང་འཇུག་མངོན་དུ་འགྱུར་བར་ཤོག །ཞེས་འབྱུང་བ་ལྟར། རིམ་པ་གསུམ་པའི་སྒྱུ་ལུས་དེ་རྗེས་གཞིག་གི་བསམ་གཏན་ལ་སོགས་པའི་ཐབས་ཀྱིས་ཡང་ཡང་འོད་གསལ་དུ་འཇུག་པ་ལ་གོམས་པར་བྱས་པའི་མཐར་འོད་གསལ་གྱིས་སྦྱངས་ནས་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རིམ་པ་བཞི་པའི་དོན་གྱི་འོད་གསལ་མངོན་དུ་བྱས་པ་དེ་ལས་ལུགས་ལྡོག་ཏུ་ལངས་པའི་ཚེ་འགྲུབ་པའི་ཕྱིར། རིམ་པ་བཞི་བའི་དོན་གྱི་འོད་གསལ་དེ་བླ་མེད་ཀྱི་མཐོང་ལམ་ཡིན་ཡང་བདེན་འཛིན་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ས་བོན་གཉིས་ཅིག་ཅར་དུ་དངོས་སུ་སྤོང་ནུས་པ་ཡིན་ཏེ། སྐབས་འདིར་བདེན་འཛིན་ཉོན་སྒྲིབ་ཏུ་བཞེད་པ་ཡིན་ཞིང་། འོད་གསལ་དེ་ལ་ཉོན་སྒྲིབ་དངོས་སུ་སྤོང་ནུས་པའི་བྱེད་པ་ཚང་བས། དེས་ཉོན་སྒྲིབ་སྤངས་པ་དང་སློབ་པའི་ཟུང་འཇུག་ཐོབ་པ། བླ་མེད་ཀྱི་སྒོམ་ལམ་ཐོབ་པ། དགྲ་བཅོམ་པར་འགྱུར་བ་རྣམས་དུས་མཉམ་པའི་ཕྱིར། དེའི་ཚེ་གསར་དུ་ཐོབ་པའི་ཟུང་འཇུག་དེ་སྤངས་པ་ཟུང་འཇུག་ཡིན་ཏེ། ཉོན་སྒྲིབ་གསར་དུ་སྦངས་པའི་སྤངས་པ་དང་ལྷན་ཅིག་ཏུ་ཚོགས་པའི་དག་པའི་སྒྱུ་ལུས་གསར་དུ་ཐོབ་པ་ཡིན་པའི་ཕྱིར། རྟོགས་པ་ཟུང་འཇུག་ནི་དེའི་རྗེས་སུ་མངོན་དུ་བྱེད་པ་ཡིན་ཏེ། ཟུང་འཇུག་པ་དེས་སླར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་མངོན་དུ་བྱས་པ་ན་རྟོགས་པ་ཟུང་འཇུག་ཅེས་གྲགས་པའི་ཟུང་འཇུག་གི་གཙོ་བོ་དེ་ཐོབ་པ་ཡིན་པའི་ཕྱིར་ཏེ། རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་རྣམ་པར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར། དེའི་ཚེ་སྤངས་རྟོགས་ཀྱི་ཟུང་འཇུག་གཉིས་ཀ་ཚང་ཡང་། མཉམ་གཞག་དེ་ལས་ལངས་པ་ན་སྤངས་པ་ཟུང་འཇུག་པར་འགྱུར་བ་ཡིན་གྱི། རྟོགས་པ་ཟུང་འཇུག་པ་ནི་མིན་ཏེ། རྗེས་ཐོབ་ཀྱི་ཚེ་ཀུན་རྫོབ་དངོས་ཡུལ་དུ་བྱེད་དགོས་པས། དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པ་མ་ཡིན་པའི་ཕྱིར་ཏེ། བདེན་གཉིས་དུས་ཅིག་ཅར་དུ་མངོན་སུམ་དུ་རྟོགས་པའི་སེམས་ཅན་མེད་པའི་ཕྱིར་རོ། །སྤྱིར་དག་མ་དག་ནི་སྒྱུ་ལུས་གཉིས་ས་གང་དུ་ལྡང་ཡང་འོད་གསལ་ལས་ལྡང་དགོས་པ་ཡིན་ཏེ། རིམ་པ་གཉིས་པའི་དཔེའི་འོད་གསལ་མཐར་ཐུག་ལས་མ་དག་པའི་སྒྱུ་ལུས་དང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་དག་པའི་སྒྱུ་ལུས་སུ་ལྡང་དགོས་པའི་ཕྱིར། དེ་ཡང་འོད་གསལ་གཉིས་ལས་ཆོས་གཞན་གྱིས་བར་མ་ཆོད་པར་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་འབྱུང་བ་ཡིན་ཏེ། རིམ་ལྔ་ལས། ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་དང་། དྲིལ་བུའི་ཞབས་ཀྱིས་ཀྱང་། གང་ཡང་སྐད་ཅིག་སྦྱོར་བ་ཡིས། །རང་ཉིད་རྡོ་རྗེ་མཁའ་འགྲོར་འགྱུར། །རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ཞེས་དང་། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་། ཡུད་ཀྱི་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། གང་ཡང་སྐད་ཅིག་སྦྱོར་བ་ཡིས། །ཞེས་དང་། ཡུད་ཀྱིས་ཞེས་པ་གཉིས་ཀྱི་དོན་ནི་འོད་གསལ་ཆོས་གཞན་གྱིས་བར་མ་ཆོད་པར་སྒྱུ་མའི་སྐུར་ལྡང་བའི་དོན་ཡིན་ཏེ། དེ་ལྟར་རྗེ་ཉིད་ཀྱིས་རིམ་ལྔ་གསལ་སྒྲོལ་སོགས་དང་དངོས་གྲུབ་སྙེ་མ་ལས་ཀྱང་བཤད་པའི་ཕྱིར། དེ་ནི་དཔེས་ཀྱང་འགྲུབ་པ་ཡིན་ཏེ། གཞི་དུས་སུ་འཆི་བ་འོད་གསལ་ལས་ལངས་མ་ཐག་བར་དོ་འགྲུབ་པ་བཞིན་ཡིན་པའི་ཕྱིར། འོ་ན། སྔགས་རིམ་དང་རྣམ་གཞག་གི་ཊིཀྐ་དང་དབང་དོན་དེ་ཉིད་རབ་གསལ་ལས་སྒྱུ་ལུས་གཉིས་ལུགས་ལྡོག་གི་སྣང་བའི་མཐར་འགྲུབ་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་སྔོན་གྱི་པཎ་གྲུབ་འགའ་ཞིག་གི་བཞེད་ཚུལ་བཀོད་པ་ཙམ་ཡིན་གྱི། རང་ལུགས་ཀྱི་བཞེད་པ་མཐར་ཐུག་མ་ཡིན་པའི་ཕྱིར། འདིར་སྨོན་ལམ་ལས། དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཉིད་ནི། །ཡང་ཡང་གོམས་པས་ཏིང་ངེ་འཛིན་རྒྱལ་པོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི། །འཁྲུལ་པའི་བག་ཆགས་མ་ལུས་འཇོམས་པར་ཤོག །ཅེས་གསུངས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གང་ལ་བྱེད་ཅེ་ན། སྤྱིར་མདོ་སྡེ་ལས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་པའི་ཐ་སྙད་མང་དུ་འབྱུང་ཞིང་། དེ་ཡང་ས་བཅུ་པའི་གནས་སྐབས་སུ་ཐོབ་པར་བཤད་ཀྱང་། འདིའི་སྐབས་གྱི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་སློབ་པའི་ཟུང་འཇུག་དང་དེ་ཡ་གྱལ་དུ་གྱུར་པའི་དོན་གྱི་འོད་གསལ་ལ་བྱེད་པར་གསལ་ཏེ། སློབ་པའི་ཟུང་འཇུག་ནི་སྦྱོར་བ་ཡན་ལག་དྲུག་གི་ནང་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བཤད་ཅིང་། ཟུང་འཇུག་གི་ཏིང་ངེ་འཛིན་དེ་ཡང་ཡང་གོམས་པར་བྱས་པའི་མཐར་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་གྱུར་པ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་སངས་རྒྱས་སུ་འགྱུར་པར་བཤད་པའི་ཕྱིར། སློབ་པའི་ཟུང་འཇུག་ཐོབ་པའི་ཚེ་བླ་མེད་ཀྱི་སྒོམ་ལམ་ཐོབ་པས། སྐབས་འདིར་སའི་རིམ་པའི་དབང་དུ་བྱས་ན་མང་དུ་ཡོད་དེ། ས་བཅུ་དང་། བཅུ་གཅིག་དང་། བཅུ་གཉིས་དང་། བཅུ་གསུམ་དང་། བཅུ་བཞིར་ཡང་བཤད་པའི་ཕྱིར། དེ་རྣམས་ནི་དབྱེ་བསྡུ་བྱས་པ་ཙམ་ཡིན་གྱི། འཇལ་བ་ནི་མེད་དེ། དང་པོ་ནི་རབ་དགའ་ལ་སོགས་པའི་ས་བཅུ་དང་། དེའི་སྟེང་དུ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་བསྣན་པས་བཅུ་གཅིག་དང་། དེའི་སྟེང་དུ་མོས་སྤྱོད་ཀྱི་ས་ཚོགས་སྦྱོར་གཉིས་བསྣན་པས་བཅུ་གཉིས་དང་། ས་དགུ་དང་དེའི་སྟེང་དུ་བཅུ་པ་ལ་བཅུ་པ་ཙམ་དང་། ཁྱད་པར་གྱི་ལམ་དང་། བར་ཆད་མེད་པའི་ལམ་གསུམ་དང་། དེའི་སྟེང་དུ་ཀུན་ཏུ་འོད་བསྣན་པས་བཅུ་གསུམ་དང་། དེའི་སྟེང་དུ་མོས་སྤྱོད་ཀྱི་ས་བསྣན་པས་བཅུ་བཞིར་འཇོག་པ་ཡིན་པའི་ཕྱིར། བླ་མེད་ཀྱི་ལམ་དང་ས་དེ་རྣམས་དོད་ཐུབ་སྦྱོར་ཚུལ་ཡོད་དེ། བསྐྱེད་རིམ་མཐར་ཕྱིན་པ་ས་བརྒྱད་པ་དང་དོད་ཐུབ་ཏུ་སྦྱོར། ངག་དབེན་ས་དགུ་པ་དང་དོད་ཐུབ། སེམས་དབེན་དང་སྒྱུ་ལུས་གཉིས་ས་བཅུ་པའི་དཀྱིལ་སྟོད་དང་དོད་ཐུབ། འོད་གསལ་དང་སློབ་པའི་ཟུང་འཇུག་གཉིས་ས་བཅུ་པའི་དཀྱིལ་སྨད་དང་དོད་ཐུབ་སྦྱོར་བ་ཡིན་པའི་ཕྱིར། ལུགས་འདིའི་ངོ་བོའི་སྒོ་ནས་འཇོག་ཚུལ་ཡོད་དེ། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་སྟོང་པ་བཞི་འདྲེན་མི་ནུས་པ་ཚུན་ཆད་ཚོགས་ལམ། དེ་བྱེད་ནུས་པ་ནས་དོན་གྱི་འོད་གསལ་མ་སྐྱེས་ཚུན་ཆད་སྦྱོར་ལམ། རིམ་པ་བཞི་པའི་དོན་གྱི་འོད་གསལ་ནི་མཐོང་ལམ་ས་དང་པོ། སློབ་པའི་ཟུང་འཇུག་ཐོབ་ནས་སྒོམ་ལམ་དུ་འཇོག་པ་སྔར་དང་འདྲ་བའི་ཕྱིར། ཕར་ཕྱིན་ཐེག་པ་བ་བླ་མེད་ཀྱི་ལམ་དུ་འཇུག་པའི་ཚེ་ལམ་དེ་དག་གང་ནས་འཇུག་པ་ཡིན་ཞེ་ན། འདི་ལ་མཁས་པ་ཁ་ཅིག་ཕར་ཕྱིན་ཐེག་པ་ས་བཅུ་པ་ཐོབ་ནས་འདིའི་རིམ་པ་བཞི་པ་ནས་འཇུག་པར་ངེས་ཅེས་གསུངས་ལ། མཁས་པ་ཁ་ཅིག དེར་མ་ངེས་ཏེ། ཕར་ཕྱིན་ཐེག་པར་དང་པོ་ཉིད་ནས་རིགས་ངེས་པའི་བྱང་སེམས་ཀྱི་དབང་དུ་བྱས་ན་འཇུག་ཚུལ་དེ་ལྟར་ཡིན་ཀྱང་། རིགས་མ་ངེས་པ་ནི་མོས་སྤྱོད་དང་ས་བཅུ་ཀ་ནས་འཇུག་སྲིད་པའི་ཕྱིར། དཔེར་ན། ཉན་རང་གི་མཐོང་ལམ་ཐོབ་ནས་དེའི་དགྲ་བཅོམ་གྱི་རྟོགས་པ་མངོན་དུ་མ་བྱས་པར་ཐེག་ཆེན་ལམ་དུ་འཇུག་སྲིད་པ་བཞིན་ནོ་གསུངས། གཉིས་པ་ལ་གཉིས། བསྲེ་བ་དངོས་དང་། སྤྱོད་པ་གསུམ་གྱི་རྣམ་གཞག་བཤད་པའོ། །དང་པོ་ནི། བསྲེ་བ་དེ་ལ་དབྱེ་བ་གསུམ་ཡོད་དེ། འཆི་བ་ཆོས་སྐུ་དང་བསྲེ་བ་དང་། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་རྣམས་སུ་ཡོད་པའི་ཕྱིར། དེ་རེ་རེ་ལའང་གསུམ་གསུམ་ཡོད་དེ། སད་དུས་ཀྱི་སྐུ་གསུམ་དང་བསྲེ་བ། གཉིད་དུས་ཀྱི་སྐུ་གསུམ་དང་བསྲེ་བ། འཆི་དུས་ཀྱི་སྐུ་གསུམ་དང་བསྲེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གསུམ་ཡོད་དེ། རྣལ་འབྱོར་པ་དེ་གཉིད་དུ་མ་སོང་བའི་གནས་སྐབས་སུ་བདེ་སྟོང་སྦྱར་ནས་འོད་གསལ་སྒོམ་པ་སད་དུས་ཀྱི་ཆོས་སྐུ་དང་བསྲེ་བ། དེ་ལས་ལངས་ནས་སྒྱུ་ལུས་དངོས་སམ་རྗེས་མཐུན་པ་ཧེ་རུ་ཀར་སྒོམ་པ་སད་དུས་ཀྱི་ལོངས་སྐུ་དང་བསྲེ་བ་། དེ་ཉིད་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ཧེ་རུ་ཀར་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ནི་སད་དུས་ཀྱི་སྦྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ཡོད་དེ། སྔར་ལྟར་བསྲེ་བ་བྱེད་ནུས་པ་ཞིག་གིས་གཉིད་དུས་ཀྱི་འོད་གསལ་དེ་ཉིད་ལམ་གྱི་འོད་གསལ་དུ་བསྒྱུར་ནས་སྒོམ་པ་ཆོས་སྐུ་དང་བསྲེ་བ། རྨི་ལམ་གྱི་ལུས་ཁྱད་པར་ཅན་ཧེ་རུ་ཀར་སྒོམ་པ་ལོངས་སྐུ་དང་བསྲེ་བ། དེ་ཉིད་གཉིད་དུས་ཀྱི་ཕུང་པོ་རྙིང་པ་ཧེ་རུ་ཀར་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་ཞུགས་ནས་གཉིད་སད་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གསུམ་པ་འཆི་དུས་ཀྱི་བསྲེ་བ་གསུམ་ནི། ཚེ་འདིར་མཆོག་མི་འགྲུབ་ཀྱང་བསྲེ་བ་བྱེད་ནུས་པ་ཞིག་གིས་སྒོམ་པར་བྱེད་པ་ཡིན་ལ། དེའི་ཚུལ་ཡོད་དེ། རྣལ་འབྱོར་པ་དེ་འཆི་བའི་ཚེ་ས་ཆུ་མེ་རླུང་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་མཐར་གཞིའི་སྟོང་པ་བཞི་པ་ཐམས་ཅད་སྟོང་པ་འཆི་བ་འོད་གསལ་ཤར་བ་དེ་ལམ་གྱི་འོད་གསལ་དུ་འཁྱེར་ཐུབ་པ་ནི་འཆི་བ་ཆོས་སྐུ་དང་བསྲེ་བ། འོད་གསལ་དེ་ལས་ལངས་མ་ཐག་སྒྱུ་ལུས་སུ་དངོས་གནས་སུ་ལྡང་བའམ་བར་དོ་དངོས་གནས་ལ་གྲུབ་པ་དེ་ཉིད་སྒྱུ་མའི་སྐུར་སྒོམ་པ་བར་དོ་ལོངས་སྐུ་དང་བསྲེ་བ། དེ་ཉིད་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བ་བཟུང་བ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། ཚུལ་དེ་བར་དོ་དང་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གཉིས་ཀྱི་ནང་ནས་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། གཙོ་བོ་ནི་སྔ་མའི་དབང་དུ་མཛད་པ་ཡིན་ཏེ། སྤྱོད་བསྡུས་དང་སྒྲོལ་གསལ་ལས་དེ་ལྟར་བཤད་པའི་ཕྱིར་རོ། །འོད་གསལ་མ་བུ་འཕྲོད་པ་ནི་ཇི་ལྟ་བ་བཞིན་སྐབས་འདིར་འབྱུང་བ་ཡིན་ཏེ། གཞིའི་འཆི་བ་འོད་གསལ་ནི་མི་འོད་གསལ་ཡིན་ལ། དེ་ཉིད་བུ་ལམ་གྱི་འོད་གསལ་གྱི་ངོ་བོར་བསྒྱུར་ནུས་པ་ན་འོད་གསལ་མ་བུ་འཕྲོད་པའི་དོན་དུ་འཇོག་པའི་ཕྱིར། བསྲེ་བ་དེ་རྣམས་ཇི་ལྟ་བ་བཞིན་བྱེད་ནུས་པ་ལ་ནི། ལམ་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་མཐུས་དགའ་བཞི་འདྲེན་ནུས་པ་ཞིག་དགོས་ལ། དེ་ལྟར་མི་ནུས་ཡང་རྗེས་མཐུན་གོམས་པར་བྱས་ན་འཆི་བ་དང་བར་དོའི་སྐབས་སུ་ཁྱད་ཆེ་བ་ཡིན་ཏེ། འཁྲིད་ཡིག་ལས། དེ་ལྟར་མི་ནུས་པས་ཀྱང་ད་ལྟ་ནས་གོམས་པར་བྱས་ན་འཆི་བ་དང་བར་དོའི་སྐབས་སུ་ཁྱད་ཆེ་བས་གཉིས་ཀས་སྦྱང་བར་བྱའོ། །ཞེས་གསུངས་པའི་ཕྱིར། བསྲེ་བའི་སྐབས་འདིར་རྗེའི་འཁྲིད་ཡིག་ལས། ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙིང་གར་བསྒོམས་པར་བཤད་པ་ལྟར་ན། ལཱུ་ཧི་པའི་ལུགས་ལ་ལྟེ་བར་གནད་དུ་བསྣུན་པ་གཙོ་བོར་མཛད་ཀྱང་མཐར་སྙིང་གར་གནད་དུ་བསྣུན་དགོས་པ་ཡིན་ཏེ། བཤད་རྒྱུད་མངོན་བརྗོད་དང་། སྡོམ་འབྱུང་གཉིས་ལས་དེ་ལྟར་བཤད་པའི་རྗེས་སུ་འབྲངས་ནས། དྲིལ་བུ་པས་ཀྱང་མཐར་སྙིང་གར་གནད་དུ་བསྣུན་པར་མཛད་ཅིང་། སྙིང་གའི་རྩ་མདུད་རྫོགས་པར་གྲོལ་དཀའ་བ་དང་། དཔེ་དོན་གྱི་འོད་གསལ་སྙིང་གནས་འཆར་བ་སོགས་ཀྱིས་ཀྱང་འགྲུབ་པའི་ཕྱིར་རོ། །གཉིས་པ་སྤྱོད་པའི་རྣམ་གཞག་བཤད་པ་ལ་གཉིས། སྤྱོད་པ་སྤྱིའི་རྣམ་གཞག་དང་སྐབས་འདིའི་སྤྱོད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་སྤྱོད་པ་དེ་ལ་གསུམ་ཡོད་དེ། རྒྱལ་བས་དམན་པ་ལ་མོས་པའི་ངོ་བོར་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པའི་ངོ་བོར་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་མོས་པའི་ངོ་བོར་འདོད་ཆགས་ཀྱི་སྤྱོད་པ་གསུམ་བསྟན་པའི་ཕྱིར་ཏེ། རིམ་པ་བཞིན་དུ་ཉན་རང་གི་རིགས་ཅན་ལ་ཆགས་བྲལ་གྱི་སྤྱོད་པ་དང་། ཕར་ཕྱིན་ཐེག་པའི་གདུལ་བྱ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། སྔགས་ཀྱི་གདུལ་བྱ་ལ་འདོད་ཆགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར། ཕྱི་མ་འདི་ལ་ཆགས་བྲལ་གྱི་སྤྱོད་པ་གཙོ་བོར་མི་སྟོན་པའི་རྒྱུ་མཚན་ཡོད་དེ། སྤྱིར་སྔགས་ཀྱི་ཐེག་པའི་སྐབས་སུ་འདོད་ཡོན་ལམ་དུ་བྱེད་དགོས་ཤིང་། ཁྱད་པར་བླ་མེད་ཀྱི་སྐབས་འདིར་བདེ་ཆེན་གྱི་ཡེ་ཤེས་སྐྱེ་བའི་ཐབས་སུ་འདོད་ཡོན་སྤྱི་དང་བྱེ་བྲག་རིག་མའི་འདོད་ཡོན་ལ་ལོངས་སྤྱོད་དགོས་པས་དཀའ་ཐུབ་བསྟེན་དུ་མི་རུང་བའི་ཕྱིར། དེ་ཡང་ཡིན་ཏེ། བདེ་ཆེན་གྱི་ཡེ་ཤེས་སྐྱེ་བ་ལ་ཞུ་བདེ་འདྲེན་དགོས། དེ་ལ་བྱང་སེམས་རྒྱས་པར་བྱེད་དགོས། དེ་ལ་ནི་འདོད་ཡོན་སྦྱི་དང་བྱེ་བྲག་ཕྱག་རྒྱའི་འདོད་ཡོན་ལ་བསྟེན་དགོས་པས། དཀའ་ཐུབ་བསྟེན་ན་བྱང་སེམས་ཉམས་པའི་རྒྱུ་བྱས་ནས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་མི་ནུས་པས་མཆོག་མྱུར་དུ་འགྲུབ་པ་ལ་གེགས་བྱེད་པའི་ཕྱིར་ཏེ། འདུས་པའི་རྩ་རྒྱུད་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། གལ་ཏེ་འདོད་ཡོན་བསྟེན་པས་འདོད་ཆགས་འཕེལ་སྟོབས་ཀྱིས་ཉོན་མོངས་བསྐྱེད་པས་སྐྱོན་དུ་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། བདེ་སྟོང་གི་ཡེ་ཤེས་བསྒོམས་སྟོབས་ཀྱིས་འདོད་ཆགས་ཀྱི་རྒྱུ་བདེན་འཛིན་ཟད་པར་བྱས་པའི་སྒོ་ནས་ཆགས་སོགས་ཀྱང་ཟད་པར་འགྱུར་བའི་ཕྱིར། འོ་ན་འདོད་ཡོན་ལམ་དུ་བྱེད་པའི་སྐབས་ཀྱི་འདོད་ཆགས་དེ་ཉོན་མོངས་མཚན་ཉིད་པ་ཡིན་ནམ། མིན་ཞེ་ན་དེ་ཉོན་མོངས་མཚན་ཉིད་པ་ཡིན་ཡང་སྐྱོན་དུ་མི་འགྱུར་ཏེ། དེ་ཉིད་ཐབས་མཁས་ཁྱད་པར་ཅན་གྱིས་མ་ཟིན་ན་འཁོར་བའི་རྒྱུར་འགྱུར་ཡང་། དེས་ཟིན་ན་ཐར་པའི་རྒྱུར་འགྱུར་བ་མི་འགལ་བའི་ཕྱིར་ཏེ། དཔེར་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཉིད་ཐེག་པ་གསུམ་སོ་སོའི་བསམ་པས་ཟིན་པའི་ཁྱད་པར་ལས་རང་རང་གི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་བཞིན་དང་། ཀེ་ཏ་ཀའི་མེ་ཏོག་ནི་སྤོས་ཀྱི་གླང་པོ་ཆེས་ཟོས་ན་བྲུན་གླ་རྩིར་འགྱུར་ཡང་། གླང་པོ་ཕལ་པས་ཟོས་ན་བྲུན་ལྕི་བར་འགྱུར་བ་ལྟ་བུ་ཡིན་པའི་ཕྱིར། གལ་ཏེ་དེ་ཉོན་མོངས་ཡིན་ན། སྒྲིབ་པ་ཡིན་དགོས་པས། དེ་ཡིན་ན་རང་གི་ངོ་བོའི་སྒོ་ནས་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་བྱེད་ཡིན་པའི་ཕྱིར་དེའི་རྒྱུར་འགྱུར་བ་འགལ་ལོ་ཞེ་ན། སྐྱོན་མེད་དེ། རང་སྟོབས་ཀྱིས་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཡང་། གྲོགས་གཞན་སྟོབས་ཀྱིས་རང་འབྲས་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་མི་འགལ་བའི་ཕྱིར་ཏེ། དཔེར་ན་ཆུ་ལུད་ནི་རང་འབྲས་མྱུ་གུའི་ཉེར་ལེན་དུ་མི་རུང་ཡང་དེའི་ལྷན་ཅིག་བྱེད་རྐྱེན་དུ་མི་འགལ་བ་ལྟ་བུ་ཡིན་པའི་ཕྱིར། དེ་གཉིས་དཔེ་དོན་མི་མཚུངས་པ་ཡང་མིན་ཏེ། མདོ་ལས། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད། དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོང་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་སྐྱེ་ལ་ཕན། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། འདིར་སྤྱོད་པ་དེ་ལ་དབྱེ་ན་གསུམ་ཡོད་དེ། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ཡོད་པའི་ཕྱིར་ཏེ། སྨོན་ལམ་ལས། རྫོགས་རིམ་རྣལ་འབྱོར་ཆེན་པོ་སྤྲོས་བཅས་དང་། །སྤྲོས་མེད་ཤིན་ཏུ་སྤྲོས་མེད་སྤྱོད་པ་གསུམ། །ཞེས་གསུངས་པའི་ཕྱིར། དུས་དང་བསྒྲུབ་བྱའི་སྒོ་ནས་དུ་མ་ཡོད་དེ། རིམ་གཉིས་ཀྱི་སྐབས་སུ་ལམ་སྔར་མ་ཐོབ་པ་གསར་དུ་ཐོབ་པ་དང་། ཐོབ་ཟིན་ལ་བོགས་འབྱིན་པ་དང་། ཁྱད་པར་དུ་སེམས་དབེན་པས་སྒྱུ་ལུས་དང་། སྒྱུ་ལུས་པས་དོན་གྱི་འོད་གསལ་དང་། སློབ་པའི་ཟུང་འཇུག་པས་མི་སློབ་པའི་ཟུང་འཇུག་འགྲུབ་པའི་ཆེད་དུ་དམིགས་ནས་བྱེད་པའི་སྤྱོད་པ་རྣམས་སུ་ཡོད་པའི་ཕྱིར། སྤྱོད་པ་གསུམ་གྱི་མཚན་ཉིད་ཀྱི་ཁྱད་པར་ཡོད་དེ། ལས་རྒྱ་དང་འདྲ་འབག་ཆས་གོས་སོགས་ཡོད་ཅིང་བརྡ་དང་དེའི་ལན་སོགས་བྱ་བའི་སྤྲོས་བཅས་ཀྱི་སྤྱོད་པ་དང་། ལས་རྒྱ་དང་འདྲ་འབག་ཆས་གོས་སོགས་ཡོད་ཅིང་བརྡ་དང་དེའི་ལན་སོགས་བྱ་བའི་སྤྲོས་པ་དང་བྲལ་བའི་སྤྱོད་པ་དང་། སྤྲོས་པ་དེ་ཐམས་ཅད་སྤངས་ནས་ཡེ་རྒྱ་དང་སྙོམས་པར་འཇུག་ཅིང་གཉིད་ཀྱི་འོད་གསལ་ཆིག་དྲིལ་དུ་བྱས་ནས་སྒོམ་པའི་སྤྱོད་པ་དང་གསུམ་ཡོད་ཅིང་། དེ་གསུམ་ནི་རིམ་པ་བཞིན་དུ་སྤྱོད་པ་གསུམ་སོ་སོའི་འཇོག་བྱེད་དུ་རིགས་པའི་ཕྱིར། ཟུར་སྔ་མ་དེ་ལྟར་ཡིན་ཏེ། སྤྲོས་བཅས་པས་ནི་དཀྱིལ་འཁོར་བའི་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་ཕོ་མོ་ལྷ་རང་རང་གི་ཆས་སུ་ཞུགས་ནས་ལག་པའི་ཕྱག་རྒྱ་དང་གླུ་དང་གར་དང་། དེ་རྣམས་ཀྱི་ལན་གྱི་སྤྲོས་པ་རྒྱས་པ་དང་བཅས་ཤིང་ཕྱག་རྒྱ་དགུ་ལྟ་བུའི་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་གྱི་དེ་ཁོ་ན་ཉིད་དུ་སྒོམ་པ་དང་། སྤྲོས་མེད་པས་ནི་ལན་གྱི་སྤྲོས་པ་རྒྱས་པ་དེ་རྣམས་བཞག་ནས་རྣལ་འབྱོར་ཕོ་མོ་ལྷ་གྲངས་དང་མཉམ་པ་དང་། ཕྱག་རྒྱ་མ་ལྔའམ་བཞི་དང་ལྷན་ཅིག་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་གྱིས་དེ་ཁོ་ན་ཉིད་སྒོམ་པ་དང་། ཤིན་ཏུ་སྤྲོས་མེད་པས་ནི་ཕྱེའི་སྤྲོས་པ་དེ་ཐམས་ཅད་བཞག་ནས་རང་གི་སྙིང་ག་ནས་བྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་ཁོར་ཡུག་ཏུ་སྐྱོང་པར་བྱེད་པའི་ཚུལ་གྱིས་དེ་ཁོ་ན་ཉིད་གཙོ་བོར་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཚུལ་དེ་དག་ནི་རྩ་རྒྱུད་ལེའུ་ཉེར་བདུན་པའི་འགྲེལ་པ་སོགས་ནས་བཤད་དོ། །བཞི་པ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལ་གཉིས། འབྲས་བུ་འགྲུབ་ཚུལ་དང་། དེ་མ་གྲུབ་ན་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ཡོད་དེ། སྔར་བཤད་པའི་སློབ་པའི་ཟུང་འཇུག་གི་ཏིང་ངེ་འཛིན་དང་། རྫོགས་རིམ་པའི་སྤྱོད་པ་གསུམ་ཅི་རིགས་ལ་གོམས་པར་བྱས་པའི་མཐར་མི་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་བའི་ཕྱིར། དེ་ཡང་མཐར་ཐུག་འགྲུབ་པར་ཉེ་བ་ན་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རྡོ་རྗེ་གུར་ལས། ཉི་མ་གཅིག་གིས་འགྲུབ་འགྱུར་རམ། །ཆོ་གས་ཉི་མ་གཉིས་ནའམ། །ཉིན་གསུམ་རབ་ཏུ་སྦྱར་བས་སམ། །དེ་བཞིན་ཉི་མ་བཞི་ཡིས་སམ། །ཉིན་ལྔར་རབ་ཏུ་སྦྱར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་ནས། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ནི་རབ་བརྩམས་ན། །སྐྱ་རེངས་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེའི་དོན་བསྡུ་ན་འདི་ལྟར་དུ་འགྱུར་ཏེ་སློབ་པའི་ཟུང་འཇུག་པ་དེས་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་བཞི་དང་ཁྱད་པར་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་དབྱེར་མེད་དུ་སྦྱར་ནས་རྩེ་གཅིག་ཏུ་བསྒོམས་པས་ཐོ་རངས་ཀྱི་དུས་སུ། དོན་གྱི་འོད་གསལ་བར་ཆད་མེད་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གཉིས་སྣང་འཁྲུལ་པའི་བག་ཆགས་མ་ལུས་པ་སྦྱངས་ནས་ཆོས་ཀྱི་སྐུ་མཐར་ཐུག་པ་མངོན་དུ་འགྱུར་ལ། དེ་མངོན་དུ་གྱུར་པའི་ཚེ་སློབ་པའི་ཟུང་འཇུག་གི་སྐུ་དེ་མི་སློབ་པའི་ཟུང་འཇུག་གི་སྐུར་འགྲོ་ཞིང་། དེ་ནས་འཁོར་བ་ཇི་སྲིད་བར་སྐུ་དེ་གཉིས་ལས་མི་གཡོ་བར་བཞུགས་པ་ཡིན་པའི་ཕྱིར། དེ་ལྟར་ཐོབ་པའི་སྐུ་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་གཉིས་ཡོད་དེ། ཆོས་སྐུ་དང་གཟུགས་སྐུ་གཉིས་ཡོད་པའི་ཕྱིར། དེ་རེ་རེ་ལའང་གཉིས་གཉིས་ཡོད་དེ། ཆོས་སྐུ་ལ་ཡུལ་གྱི་ཆོས་སྐུ་འོད་གསལ་འདུས་མ་བྱས་དང་། ཡུལ་ཅན་གྱི་ཆོས་སྐུ་འོད་གསལ་གྱི་ཡེ་ཤེས་གཉིས་ཡོད་ཅིང་། དེའི་རྟེན་གྱི་གཟུགས་སྐུ་དེ་ལ་རླུང་སེམས་ཙམ་ལས་འགྲུབ་པའི་ལོངས་སྐུ་དང་། དེས་སྤྲུལ་པའི་སྤྲུལ་སྐུ་གཉིས་ཡོད་པའི་ཕྱིར་རོ། །འདིར་ཆོས་སྐུ་དང་གཟུགས་སྐུ་གཉིས་པོ་རེ་རེ་ལ་ཡང་འདོད་ཚུལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་རེ་ཡོད་དེ། ཆོས་སྐུ་ལ་ཕར་ཕྱིན་ཐེག་པ་དང་ཐུན་མོང་བའི་དབང་དུ་བྱས་པ་དང་། ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་གཉིས་དང་། གཟུགས་སྐུ་ལའང་དེ་ལྟར་བྱས་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྤྱི་འགྲོ་ལྟར་བྱས་པའི་སྤངས་པ་དང་རྟོགས་པ་ཡེ་ཤེས་ཆོས་སྐུ་གཉིས་དང་། ཐུན་མོང་མ་ཡིན་པའི་དབང་དུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཐར་ཐུག་ལ་ཆོས་སྐུར་བྱས་པ་ཅིག་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། སྤྱིར་འགྲོ་སྟར་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་གཅིག་དང་། རླུང་སེམས་ཙམ་ལས་གྲུབ་པའི་ཟུང་འཇུག་གི་ལོངས་སྐུ་གཅིག་སྟེ་གཉིས་ཡོད་པའི་ཕྱིར། སྔགས་ཀྱི་སྐབས་སུ་འདིར་གསུང་མཐར་ཐུག་ལ་ལོངས་སྐུར་བཤད་པ་ཡང་ཡོད་དེ། བྱེད་པ་པོ་འདིས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་བྱེད་པ་པོའི་ལོངས་སྐུ་དང་། བྱ་བའི་ཐབས་འདིས་ལོངས་སྤྱོད་པའི་གསུང་ལ་ལོངས་སྐུར་བཤད་པ་གཉིས་ཡོད་པའི་ཕྱིར། ངོ་བོ་ཉིད་སྐུ་ལའང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་འཇོག་ཚུལ་གཉིས་ཡོད་དེ། སྒྲིབ་གཉིས་སྤངས་པའི་དེ་བཞིན་ཉིད་ལ་དེར་བཞག་པ་དང་། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཐུར་ཐུག་ལ་ངོ་བོ་ཉིད་སྐུར་བཤད་པ་ཅིག་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དྲིལ་བུའི་ཞབས་ཀྱིས། འདི་ནི་ངོ་བོ་ཉིད་སྐུ་སྟེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཞེས་དང་། འདིའི་དོན་འཆད་པ་ན། དངོས་གྲུབ་སྙེ་མ་ལས། ཡང་དག་པའི་འོད་གསལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་ཞུགས་པའི་སྙིང་རྗེ་བདེ་ཆེན་གྱི་ཡེ་ཤེས་ལ་ངོ་བོ་ཉིད་ཀྱི་སྐུར་བཤད་དེ། ཕར་ཕྱིན་ཐེག་པ་ནས་དྲི་བྲལ་གྱི་དེ་བཞིན་ཉིད་ལ་ངོ་བོ་ཉིད་ཀྱི་སྐུར་བཤད་པ་ལ་ནི་ཆོས་སྐུ་ཞེས་གསུངས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཚེ་འདིར་མཆོག་མི་འགྲུབ་པས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རྣལ་འབྱོར་པ་དེས་སྔར་ལྟར་བསྲེ་བ་སོགས་ལ་གོམས་པར་བྱས་ཏེ་བར་དོར་སྒྱུ་ལུས་དངོས་སམ་རྗེས་མཐུན་ཅི་རིགས་པར་ལྡང་ནས་བར་དོའམ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བར་བྱེད་པ་ཡིན་པའི་ཕྱིར། དེ་འཆི་བའི་ཚེ་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ནང་གི་མཁའ་སྤྱོད་འཆི་བ་འོད་གསལ་དང་། ཕྱིའི་མཁའ་སྤྱོད་ཀྱི་གནས་ཁྱད་པར་ཅན་དུ་འཁྲིད་པར་བྱེད་ཅིང་། མཆོད་པ་སྣ་ཚོགས་པ་ཐོགས་ནས་བསུ་བར་བྱེད་པར་འགྱུར་བའི་ཕྱིར་ཏེ། རྩ་རྒྱུད་ལས། རྣལ་འབྱོར་པ་རྣམས་འཕོ་ཚེ་དཔལ། །ཁྲག་མཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། ། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པའི་ཕྱིར་དང་། སྨོན་ལམ་ལས་ཀྱང་། གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ན། །འཆི་ཚེ་རྗེ་བཙུན་ཡབ་ཡུམ་འཁོར་བཅས་ཀྱིས། །ཡིད་འོང་མཆོད་སྤྲིན་སྙན་པའི་རོལ་མོའི་སྒྲ། ། ངོ་མཚར་བལྟས་བཟང་མང་པོས་བསུ་བར་ཤོག །དེ་ནས་འཆི་བའི་འོད་གསལ་ཟིན་མཛད་ཅིང་། །ལམ་མཆོག་སྒྲུབ་པའི་རིག་པ་འཛིན་པའི་གནས། ། རྣམ་དག་མཁའ་སྤྱོད་གནས་སུ་འཁྲིད་ནས་སུ། །ཟབ་མོའི་ལམ་འདི་མྱུར་དུ་མཐར་ཕྱིན་ཤོག །ཅེས་གསུངས་པའི་ཕྱིར་རོ། །སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ལ་ནི་ལམ་གཙོ་བོར་བསྒོམས་པ་དང་ཆེར་མ་བསྒོམས་ཀྱང་འཚང་རྒྱ་བ་གཉིས་ཡོད་དེ། སྒྱུ་ལུས་ཐོབ་ན་ནི་ཚེ་འདིར་ངེས་པར་འཚང་རྒྱ་བར་བཤད་ལ། དེ་མ་ཐོབ་ན་སེམས་དབེན་མན་ཆད་ལ་གནས་ཏེ་བར་དེའམ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་དང་། དབང་ཐོབ་ནས་དམ་ཚིག་དང་སྒོམ་པ་ཚུལ་བཞིན་དུ་བསྲུང་བར་བྱས་ན་ལམ་ཆེར་མ་བསྒོམས་ཀྱང་སྐྱེ་བ་བཅུ་དྲུག་ཚུན་ལ་འཚང་རྒྱ་བར་འགྱུར་བའི་ཕྱིར་ཏེ། བི་བྷུ་ཏིས། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན། མཆོག་འགྲུབ་པ་ལ་ནི་ལམ་སྔ་མ་སྔ་མ་རྣམས་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། མི་སློབ་པའི་ཟུང་འཇུག་ཐོབ་པ་ལ་སློབ་པའི་ཟུང་འཇུག་སྔོན་དུ་འགྲོ་དགོས། དེ་ཐོབ་པ་ལ་རིམ་པ་བཞི་པའི་དོན་གྱིི་འོད་གསལ་བསྐྱེད་པ་སྔོན་དུ་འགྲོ་དགོས། དེ་ལ་རིམ་པ་གསུམ་པའི་སྒྱུ་ལུས་སྒྱུ་འཕྲུལ་དྲ་བ་སྔོན་དུ་འགྲོ་དགོས། དེ་ལ་རིམ་པ་གཉིས་པའི་སེམས་དབེན་དཔེ་འོད་གསལ་སྔོན་དུ་འགྲོ་དགོས། དེ་ལ་རིམ་པ་དང་པོའི་ངག་དབེན་རྡོར་བཟླས་དང་ལུས་དབེན་ལྟེ་བར་སྲོག་རྩོལ་བསྒོམས་པ་ལ་བརྟེན་ནས་བདེ་སྟོང་གི་གཟུང་རྣམ་ལྷར་འཚར་བ་སྔོན་དུ་འགྲོ་དགོས། དེ་ལ་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྔོན་དུ་འགྲོ་དགོས། དེ་ལ་དབང་བསྐུར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ་སྔོན་དུ་འགྲོ་དགོས། དེ་ལ་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་ལྟར་དགོས་ཏེ་སྔ་མ་སྔ་མ་ཇི་ལྟ་བ་བཞིན་སྔོན་དུ་སོང་ན་ཕྱི་མ་ཕྱི་མ་ཡང་ཇི་ལྟ་བ་བཞིན་རྒྱུད་ལ་སྐྱེ་ཞིང་། མོས་པ་ཡིད་བྱེད་དམ་ཕྱོགས་མཐུན་ཙམ་སྔོན་དུ་སོང་ན་ནི་དེ་དང་རྗེས་སུ་མཐུན་པར་སྐྱེ་ལ། གང་ཡང་སྔོན་དུ་མ་སོང་ན་ཕྱི་མ་རྣམས་མི་འབྱུང་བའི་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར་ཏེ། རྣམ་བཤད་དངོས་གྲུབ་སྙེ་མ་ལས། དེའི་ཕྱིར་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་པ་དང་། རྣམ་པར་དག་པའི་དབང་བསྐུར་བའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་གཞིར་བྱས་ལ། ལམ་རིམ་པ་དང་པོ་ཐུན་སོ་སོ་ལ་བསྐྱངས་པའི་མཐར་ཕྱི་དང་ནང་གི་བདེ་བ་བསྐྱེད་པའི་ཐབས་ཀྱི་སྒོ་ནས་བདེ་བ་ཆེན་པོ་བསྐྱེད་ནས་བདེ་སྟོང་བསྒོམ་པ་དང་། དེའི་སྒྱུ་མའི་སྐུར་ལྡང་བ་སོགས་མོས་པ་ཡིད་བྱེད་ཚུན་ཆད་ཀྱིས་ཀྱང་སྦྱང་ངོ་། ། འབྲས་བུའི་བར་དུ་ཡང་དེ་བཞིན་དུ་བྱ་སྟེ། ལམ་འདིའི་བག་ཆགས་བརྟན་པར་བྱས་ན་རྙེད་དཀའ་ལ་འཇིག་སླ་བའི་དལ་འབྱོར་ལ་སྙིང་པོ་ལེན་པ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར་རོ། །འོ་ན་ལམ་མཐོན་པོར་འགྲོད་པའི་ནུས་མེད་པ་རང་ཅག་ལྟ་བུས་ཇི་ལྟར་བྱ་སྙམ་ན། དེ་མེད་ནའང་སྔར་བཤད་པ་ལྟར་མོས་པ་ཡིད་བྱེད་དང་སྨོན་ལམ་ཡན་ཆད་ཀྱིས་ཀྱང་སྔགས་ལམ་ལ་འབད་པས་འཇུག་པར་རིགས་ཏེ། རྗེའི་རྣམ་གཞག་རིམ་པའི་ཊིཀྐ་ལས། དེ་འདྲ་བའི་ཡོན་ཏན་མེད་པས་ཀྱང་ཐ་ན་སྨོན་ལམ་གྱི་ཡུལ་དུ་བྱས་ནས་ཀྱང་བསྒྲུབ་པར་བྱ་སྟེ། ཞལ་ལུང་ལས། དེ་བས་རབ་ཏུ་འབད་པ་ཡིས། །མཆོག་གི་དེ་ཉིད་རབ་གསང་གསང་། ། སྨོན་ལམ་གྱིས་ཀྱང་ཐ་ན་བསྒྲུབ། །བསྒྲུབ་པ་ལ་ནི་ཤིན་ཏུ་འབད། །ཅེས་གསུངས་སོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་དུ་ལམ་འདིའི་བསྐྱེད་རྫོགས་ལ་མྱོང་བ་འཐོན་པ་ལྟ་ཞོག་ཐོས་བསམ་ཅུང་ཟད་དང་རྒྱུད་ཀྱི་གླེགས་བམ་བྲིས་པ་དང་ཀློག་པས་ཀྱང་ཕན་ཡོན་མང་དུ་འབྱུང་བ་ཡིན་ཏེ། རྩ་རྒྱུད་ལས། བསམ་གཏན་བསམ་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་འཐོབ་འགྱུར་བའམ། །ཡང་ན་འཁོར་ལོས་བསྒྱུར་བ་འཐོབ། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་འཁོར་ལོ་བདེ་མཆོག་གི་ལམ་འདི་ཉིད་ཉམས་སུ་ལེན་པའི་རྣལ་འབྱོར་པ་ནི་སྔོན་འཕགས་པའི་ཡུལ་དུ་གྲངས་མེད་པ་དག་བྱོན་པར་མ་ཟད། བོད་ཡུལ་དབུས་སུ་ཡང་མང་དུ་བྱོན་ལ། བར་སྐབས་སུ་དུས་ཀྱི་དབང་གིས་ལམ་འདིའི་འཆད་ཉན་ཤིན་ཏུ་ཉམས་པར་གྱུར་པ་ལས། བརྟན་པའི་འཁོར་ལོ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་རྗེ་བཙུན་བཙོང་ཁ་པ་ཆེན་པོས་འཆད་ཉན་དང་ཉམས་སུ་ལེན་པའི་སྒོ་ནས་གསོས་ཏེ་རྒྱས་པར་བྱས་ནས། ཕྱིས་སུ་དར་བར་འགྱུར་བའི་སྨོན་ལམ་ཇི་ལྟར་མཛད་ཚུལ་ཡོད་དེ། རྣལ་འབྱོར་དབང་ཕྱུག་བྱེ་བས་བགྲོད་གྱུར་པ། །བདེ་མཆོག་བཤད་སྒྲུབ་ཤིན་ཏུ་ཉམས་པ་འདི། །ཆེས་ཆེར་རྒྱས་ཤིང་ཐར་འདོད་འཇུག་ངོགས་སུ། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག །ཚུལ་འདི་སྒྲུབ་ལ་ཐོགས་མེད་མཐུ་ལྡན་པ། ། འཛམ་གླིང་གནས་མཆོག་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་རྣལ་འབྱོར་མ་རྣམས་འཁོར་བཅས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། གསང་ཆེན་མཐར་ཐུག་བླ་མེད་རྒྱུད་ལས་ཕ་རྒྱུད་བྱེ་བ་ཕྲག་དྲུག་དང་། །རྣལ་འབྱོར་མ་རྒྱུད་དུང་འཕྱུར་གཅིག་དང་བྱེ་བ་ཕྲག་དྲུག་གསུངས་པའི་ནང་། །རྒྱལ་མཚན་ཏོག་ལྟར་མངོན་པར་འཕགས་པ་དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །རྒྱུད་རྒྱལ་འབུམ་ཕྲག་གསུམ་དང་གཅིག་དང་ཉུང་ངུའི་རྩ་རྒྱུད་རྣམ་གསུམ་མོ། །རྩ་བཤད་རྒྱུད་ཀྱི་དགོངས་དོན་ཉམས་བླངས་ཏེ། །གྲུབ་པའི་གོ་འཕང་མཐོན་པོར་གཤེགས་གྱུར་པ། །རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པ་ཡི་གཞུང་། །རྫོགས་པར་འགྲེལ་མཛད་ཀུན་མཁྱེན་བཙོང་ཁ་པ། །གང་དེའི་ལེགས་བཤད་མདོ་སྔགས་དམ་པའི་ཆོས། །ཇི་བཞིན་འཛིན་པའི་མཁས་པ་མང་བྱོན་ནས། །དབུ་ཕར་ཀུན་དང་ཁྱད་པར་གསང་སྔགས་ཀྱི། །བཤད་སྲོལ་མ་ཉམས་ཚུལ་བཞིན་དར་བར་བྱས། །འོན་ཏེ་འཁོར་ལོ་སྡོམ་པའི་རྫོགས་རིམ་མཆོག །འགྲེལ་མཛད་རྣམ་བཤད་དངོས་གྲུབ་སྙེ་མ་ཞེས། །ཡོངས་སུ་གྲགས་པ་འདི་ལ་སྔོན་ཆད་ནི། །བཤད་རྒྱུན་མཆིས་མོད་དེ་ཙམ་གསལ་མ་གྱུར། །དེ་ལྟ་ན་ཡང་རྩོད་ལྡན་དུས་མཐའ་འདིར། །རྗེ་བཙུན་བླ་མའི་མདོ་སྔགས་བསྟན་པ་གཉིས། །ཇི་བཞིན་འཛིན་པའི་སྨོན་ལམ་མངོན་གྱུར་པ། །དེ་ཡི་མཐུ་ལས་དེང་ནས་གསལ་ལམ་སྙམ། །འདི་ལས་ཚུར་མཐོང་བློ་མིག་མི་གསལ་བས། །མ་བཤད་ལོག་བཤད་སྣོད་མིན་ལ་བཤད་པའི། །ཉེས་གང་གྲུབ་པའི་དབང་ཕྱུག་མཁས་རྣམས་དང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་སྤྱན་སྔར་འཆགས། ། ཚུལ་འདིར་བདག་གིས་སྒོ་གསུམ་རབ་འབད་ལས། །རྣམ་དཀར་ཇི་སྙེད་བསྐྲུན་པ་དེ་ཀུན་ཀྱང་། །འཁོར་ལོ་སྡོམ་པའི་བསྟན་པ་རྒྱས་པ་དང་། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་ཕྱིར་བསྔོ། །ཅེས་དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་རྣམ་བཤད་དངོས་གྲུབ་སྙེ་མའི་གནད་དོན་སྙིང་པོ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་འདི་ཡང་། རྣལ་འབྱོར་དང་ཐབས་མཁས་ཟུང་དུ་འབྲེལ་བའི་སྒོ་ནས་བསྟན་པའི་མངའ་བདག་ཏུ་གྱུར་པ་ཅོ་ནེའི་ཀོའུ་ཤྲི་ནང་སོས་སྔོན་གྱི་སྨོད་ལམ་དང་ཐུགས་བསྐྱེད་བཟང་པོའི་སྟོབས་ཀྱིས། རང་ཕྱོགས་འདིར་རྒྱུད་ཀྱི་བཤད་གྲྭ་གསར་དུ་བཙུགས་ཤིང་། ཁྱད་པར་དུ་འཁོར་ལོ་བདེ་མཆོག་གི་འཆད་ཉན་དང་ཚོགས་འདོན་སྒོས་སུ་བཙུགས་པའི་ཚེ། དེའི་རྒྱུན་ལ་ཕན་པར་དགོངས་ནས་གནང་སྦྱིན་དང་བཅས་ཏེ། འདི་སྐོར་ལ་རྗེ་ཉིད་ཀྱིས་མཛད་པའི་རྣམ་བཤད་ལས་མ་རྒྱུད་ཀྱི་རྫོགས་རིམ་གྱི་སྐབས་སུ་ཉེ་བར་མཁོ་བའི་ཐུན་མོང་བའི་རྣམ་གཞག་རྣམས་འདུས་པ་འཕགས་ལུགས་ཀྱི་རིམ་ལྔ་ལ་སོགས་པར་ཡང་ཡང་བཤད་ཟིན་པའི་དབང་དུ་མཛད་ནས་རྒྱས་པར་མ་གསུངས་ཤིང་། དེར་མ་རྒྱུད་ནས་རྩ་བཤད་ཀྱི་རྒྱུད་ལ་སོགས་པའི་ལུང་མང་པོ་དྲངས་ནས་དོན་རྒྱས་པར་བཤད་པ་སོགས་ནི་གཞན་གྱིས་ཤིན་ཏུ་གོ་དཀའ་བའི་གནས་སུ་སྣང་ལ། ལུགས་འདིའི་ཁྲིད་ཡིག་ཀྱང་ཤིན་ཏུ་བསྡུས་འདུག་པས་རྗེའི་དགོངས་པ་དང་མཐུན་པར་འདིའི་རྫོགས་རིམ་གྱི་བཤད་པ་ཅུང་ཟད་ཕྱེ་བ་འདི་ལྟ་བུ་ཞིག་གྱིས་ཞེས་བསྐུལ་བ་ལ་བརྟེན་ནས། རྗེས་མཛད་པའི་རྒྱུད་ཀྱི་འགྲེལ་བ་སྤས་དོན་ཀུན་གསལ། སྒྲུབ་ཐབས་ཀྱི་འགྲེལ་པ་འདོད་འཇོ། རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ། སྔགས་རིམ་ཆེན་མོ་དང་རིམ་ལྔ། དྲིལ་བུ་པའི་རིམ་ལྔ་འགྲེལ་པ་སྤས་དོན་ལྟ་བའི་མིག་འབྱེད། ནག་པོ་སྤྱོད་པའི་རྫོགས་རིམ་དཔྱིད་ཐིག་གི་འཁྲིད། སེམས་དཔའ་ཆེན་པོ་ཀུན་བཟང་བས་མཛད་པའི་དྲིལ་བུའི་རྫོགས་རིམ་གྱི་འཁྲིད། རྗེ་དགེ་འདུན་རྒྱ་མཚོ་དང་པཎ་ཆེན་གོང་མས་མཛད་པའི་དྲིལ་བུ་པའི་རྫོགས་རིམ་གྱི་འཁྲིད་དང་། ཕྱི་མས་མཛད་པའི་ལཱུ་ཧི་པའི་རྫོགས་རིམ་གྱི་ཁྲིད་ཡིག་མདོར་བསྡུས་པ་ལ་སོགས་པའི་འདི་སྐོར་གྱི་གཞུང་དུ་མ་དང་། རྗེ་ཡབ་སྲས་ནས་བརྒྱུད་པའི་ཕ་རྒྱུད་ཀྱི་བསྐྱེད་རྫོགས་ཀྱི་སྐོར་རྣམས་ལའང་རིང་དུ་འདྲིས་པར་བྱས་ནས། རྗེའི་རྣམ་བཤད་དངོས་གྲུབ་སྙེ་མ་དང་ཁྲིད་ཡིག་དང་སྨོན་ལམ་གསུམ་གྱི་དགོངས་པ་གཞིར་བཞག རྒྱུད་གཉིས་ཀྱི་ཐུན་མོང་བའི་རྣམ་གཞག་ཁ་འགེངས་འོས་པ་དུ་མས་ཁ་བསྐངས་ཏེ། འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་མཁས་གྲུབ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ལམ་འདི་ལ་ཐོས་བསམ་ཅུང་ཟད་བགྱིས་ཤིང་། གནད་ཕྱོགས་ཙམ་རིག་པའི་ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས། ཅོ་ནེའི་མཁན་ས་དང་མདོ་སྔགས་གཉིས་ཀའི་འཆད་ཉན་གྱི་བླ་མའི་གོ་སར་གནས་པའི་ཚེ་གཟིམས་ཁང་ཉིད་ནས་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག བཀྲ་ཤིས་པར་གྱུར་ཅིག དགེ་ལེགས་འཕེལ། སརྦ་དྷརྨ་ཝརྡྷ་ནི་སྭཱཧཱ།། །།