རྒྱུད་ཀྱི་རྒྱལ་པོ་མཚན་ཡང་དག་པར་བརྗོད་པའི་སྙིང་པོའི་དོན་འགྲེལ་གསལ་བ།
རྒྱུད་ཀྱི་རྒྱལ་པོ་མཚན་ཡང་དག་པར་བརྗོད་པའི་སྙིང་པོའི་དོན་འགྲེལ་གསལ་བ་བཞུགས།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྣམ་དག་ཚོགས་གཉིས་ཁམས་ལས་ལེགས་གྲུབ་རྣམ་དག་མཚན་དཔེའི་འཕྲེང་བས་མཛེས། །གྲངས་མེད་གདུལ་བྱའི་ཁམས་དང་འཚམ་པར་གྲངས་མེད་ཆོས་ཕུང་ཀུན་ནས་བསྒྲོགས། །མཐའ་བྲལ་རྟེན་ཅིང་འབྲེལ་འབྱུང་ཚུལ་ལ་མཐའ་བྲལ་གཟིགས་པ་མཆོག་མངའ་བ། །ལྷ་མིའི་སྟོན་པ་ཤཱཀྱའི་གཙོ་བོ་ལྷ་མིའི་གཙུག་ན་མཛེས་གྱུར་ཅིག །བདེ་གཤེགས་ཀུན་གྱི་མཁྱེན་བརྩེའི་ཕུང་པོ་གང་། །གཅིག་བསྡུས་རྒྱལ་སྲས་གཞོན་ནུའི་ཟློ་གར་མཁན། །རབ་འབྱམས་ཞིང་དུ་མཁྱེན་པའི་གཏེར་ཆེན་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །མཐའ་ཡས་རྒྱལ་བ་ཀུན་གྱིས་མགྲིན་གཅིག་ཏུ། །མཐུ་སྟོབས་བདག་པོ་ཉིད་དུ་རབ་བསྔགས་པ། །གསང་སྔགས་རིགས་སྔགས་འཆང་རྣམས་ཀུན་གྱི་རྗེ། །བཅོམ་ལྡན་རྡོ་རྗེ་འཛིན་གྱིས་བདག་སྐྱོངས་ཤིག །འཇམ་མགོན་གསང་གསུམ་སྒྱུ་འཕྲུལ་དྲ་བ་ལས། །ལེགས་བྱོན་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ། །ཀུན་མཁྱེན་བླ་མ་ཙོང་ཁ་པ་ལ་སོགས། །དངོས་བརྒྱུད་ཡོངས་འཛིན་རྣམས་ལ་གུས་པས་འདུད། །ཤིན་ཏུ་དཔག་དཀའ་རྡོ་རྗེའི་ཚིག་གི་རྒྱ། །བྱིས་བློའི་སོར་རྩེས་དབྱེ་བར་ནུས་མིན་ཀྱང་། །མཁས་མང་ལེགས་པར་བཤད་པའི་མཚོན་རྣོན་གྱིས། །ཚིག་དོན་དཀའ་གནད་བཅིངས་པའི་མདུད་དཀྲོལ་བྱ། །དེ་ལ་འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་མཚན་ཡང་དག་པར་བརྗོད་པ་ནི། གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་གཉིས། སྤྱིའི་རྣམ་གཞག་བསྟན་པ་དང་སྐབས་ཀྱི་དོན་བཤད་པའོ། །དང་པོ་ལ། འདིའི་རྒྱུད་ནི། གསུང་པ་པོ་གང་གིས། གནས་གང་དུ། དུས་ནམ་གྱི་ཚེ་གསུངས་ཞེ་ན། དེ་ཡང་བདག་ཅག་གི་སྟོན་པ་དེ་ཉིད་ཀྱིས་འཕགས་ཡུལ་གྱི་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་ཚེ་འདིའི་རྩ་རྒྱུད་སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ་གསུངས་པ་ཡིན་ལ། མཚན་ཡང་དག་པར་བརྗོད་པ་འདི་རྒྱུད་དེ་ལས་ཕྱུང་བའོ། ། འདི་ངོ་བོ་ནི་བླ་མེད་ཀྱི་རྒྱུད་དུ་གཏོགས་ཀྱང་། དགོངས་པ་འགྲེལ་བའི་བསྟན་བཅོས་ཀྱི་རིམ་པའི་དབང་དུ་བྱས་ན། དུས་འཁོར། བླ་མེད་སྤྱི་འགྲོ། རྣལ་འབྱོར་རྒྱུད་ཀྱི་ཕྱོགས་སུ་འགྲེལ་བའི་ལུགས་གསུམ་བྱུང་ངོ་། །དེ་དག་ཐམས་ཅད་ཀྱང་འདིའི་ཚིག་གི་དོན་ཡིན་པར་མི་འགལ་ཏེ། དཔེར་ན། གསང་བ་འདུས་པའི་རྒྱུད་ཀྱི་ཚིག་རེ་རེ་ལའང་མཐའ་དྲུག་དང་ཚུལ་བཞིའི་བཤད་པ་མི་འདྲ་བ་དུ་མ་འདུག་པ་བཞིན་ནོ། །འདི་ལ་ཚིགས་བཅད་བརྒྱ་དང་དྲུག་ཅུ་རྩ་གཉིས་ཡོད་པར་བཤད་ཅིང་། འགྱུར་ཡང་མི་འདྲ་བ་འགའ་རེ་སྣང་ངོ་། །འདི་ལ་རྒྱ་འགྲེལ་གྱི་རིམ་པ་མང་དུ་སྣང་ཡང་། བོད་འགྲེལ་ནི་རྗེ་དགེ་འདུན་རྒྱ་མཚོས་དུས་འཁོར་དང་བསྟུན་ནས་མཛད་པ་ཞིག་འདུག་པ་ལས་གཞན་མ་མཐོང་ངོ་། །འོ་ན་འདིར་གང་གི་རྗེས་སུ་འབྲང་ནས་འཆད་ཅེ་ན། གཙོ་བོར་བླ་མེད་སྤྱི་འགྲོའི་དབང་དུ་བྱས་ཏེ། །རྒྱ་འགྲེལ་རྣམས་ལས་གང་སྐབས་སུ་བབ་པ་དང་འཆད་བདེ་བ་ཉིད་གཙོ་བོར་བྱེད་ལ་དུས་འཁོར་དང་བསྟན་པ་གཙོ་བོར་བྱས་ན། ལུགས་མི་འདྲ་བས་གོ་མི་བདེའོ། །དེར་མ་ཟད། རྡོ་རྗེའི་ཚིག་འདི་དག་ནི། གཞན་དང་མི་འདྲ་བས་ཤིན་ཏུ་གོ་དགའ་བར་སྣང་བའི་ཕྱིར། བདག་ལྟ་བུའི་རང་སྟོབས་ཀྱིས་འགྲེལ་ག་ལ་ནུས། འོན་ཀྱང་མཁས་པའི་མན་ངག་ལ་བརྟེན་ནས་ཇི་ལྟར་ནུས་པ་བཞིན་མདོར་བསྡུས་ཏེ་དྲང་ངེས་ཀྱི་བཤད་པ་ཅི་རིགས་ཀྱིས་འཆད་པར་བྱའོ། །གཉིས་པ་སྐབས་ཀྱི་དོན་ལ་གསུམ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན་ནོ། །དང་པོ་ནི། རྒྱ་གར་སྐད་རིགས་བཞི་ཡོད་པ་ལས། ལེགས་སྦྱར་གྱི་སྐད་དུ། འདིའི་མཚན་ལ། ཨཱཪྱ་མཉྫུ་ཤྲཱི་ནཱ་མ་སཾ་གི་ཏི་ཞེས་འབྱུང་ལ་དེ་ཡང་བོད་སྐད་དུ་བསྒྱུར་ན། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་སྟེ། ཨཱཪྱ་ནི། འཕགས་པ། མཉྫུ་ཤྲཱི་ནི། འཇམ་དཔལ། ནཱ་མ་ནི། མཚན། སཾ་གི་ཏི་ནི། ཡང་དག་པར་བརྗོད་པའོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པ་ལོ་ཙྪ་བས་བཀོད་པ་སྟེ་དོན་གྱི་སླའོ། །གསུམ་པ་གཞུང་གི་དོན་ལ་གཉིས། དང་པོ་ནི། འདི་ལ་སྤྱིར་ལེའུ་བཅུ་གསུམ་ཡོད་པའི་ལུགས་སུ་བྱས་ནས་འཆད་པར་འགྱུར་ལ། འདི་ལའང་ཞུ་ལན་གཉིས་མདོར་བསྟན་པ་དང་། ཞུས་པའི་ལན་གྱི་རང་བཞིན་རྒྱས་པར་བཤད་པ་དང་གཉིས། དང་པོ་ལ་གཉིས། ཞུས་པ་དང་། ལན་གྱི་ལེའུའོ། །དང་པོ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། ཁྱོད་ནི་རྩེ་གཅིག་ཡིད་ཀྱི་ཉོན། ། ཅེས་པའི་བར་ཏེ། འདི་ལ་གང་གིས་ཞུས་པ་སོགས་བདུན་ལས། དང་པོ་ནི་འདིར་འདི་སྐད་བདག་གིས་ཐོས་པ་ཞེས་པའི་ཚིག་དངོས་སུ་མི་འབྱུང་བ་ནི། འདི་ཉིད་སྒྱུ་འཕྲུལ་དྲ་བ་ཆེན་པོ་ཁྲི་དྲུག་སྟོང་པ་ལས་བྱུང་བའི་ཆ་ཤས་ཡིན་པས། རྒྱུད་དེའི་ཐོག་མར་འདི་སྐད་སྨྲས་ཟིན་པའི་རྒྱུ་མཚན་གྱིས་ཡིན་ལ། འོན་ཀྱང་དེ་ནས་ཞེས་པའི་སྐད་དོད་ཨ་ཐ་ཞེས་པས་འདི་སྐད་ཀྱི་དོན་ནི་མི་གསལ་བའི་ཚུལ་གྱིས་ཡོད་དོ། །སྤྱིར་ཨ་ཐའི་སྒྲ་ནི། དེ་མ་ཐག་པ། དབང་དུ་བྱས་པ། བཀྲ་ཤིས་པ་སོགས་ལ་འཇུག་པ་ལས། འདིར་དེ་མ་ཐག་པའི་དོན་ཏེ། དེ་ཡང་སྔར་རྒྱུད་རྒྱས་པར་བཤད་པའི་རྗེས་དེ་མ་ཐག་ནས་ཞེས་འཚམས་སྦྱར་ཏེ། གང་གིས་ཞུས་པ་ནི་དཔལ་ཏེ་འདི་ལ་དོན་མང་དུ་ཡོད་པ་ལས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཐོབ་པས་ན་དཔལ་དང་། ཡང་། རང་དོན་དང་གཞན་དོན་གྱི་སྐུ་གཉིས་ཐོབ་པས་ན་དཔལ། ཡང་། སྟོང་པ་ཉིད་དང་རོ་གཅིག་ཏུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པས་ན་དཔལ། ཡང་། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཐར་ཐུག་བརྙེས་པས་ན་དཔལ་ཏེ། དེ་དག་ཐུགས་རྒྱུད་ལ་ལྡན་པའོ། །རྡོ་རྗེ་འཆང་སྟེ། འདི་ལ་སྒྲ་ཇི་བཞིན་པའི་དྲང་དོན་དང་། དེ་མ་ཡིན་པའི་ངེས་དོན་གཉིས་ཡོད་པ་ལས། དང་པོ་ནི། ཕྱག་མཚན་རྡོ་རྗེ་འཛིན་པ་འམ་འཆང་བའི་དོན་དང་། ཕྱི་མ་ནི་བླ་མེད་ལྟར་ན། འབྲས་དུས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང་། བླ་མེད་དང་རྣལ་འབྱོར་རྒྱུད་ཐུན་མོང་བ་ལྟར་ན། གཉིས་སུ་མེད་པའི་ཡེ་ཤེས་ཉིད་རང་གི་བདག་ཉིད་དུ་འཆང་བའམ་འཛིན་པ་སྟེ། བཛྲ་དྷ་རའི་སྐད་དོད་དེ་གཉིས་ཀ་ལ་འཇུག་པའི་དབང་དུ་བྱས་པའོ། །ཕྱི་རུ་འདུལ་དཀའ་བ་གནོད་སྦྱིན་སྲིན་པོ་དང་། ནང་དུ་གདུལ་དཀའ་བ་ཉོན་མོངས་གསང་བའི་གདུལ་དཀའ་བ་ལས་རླུང་སྟེ། ཕྱི་ནང་གསང་བའི་གདུལ་དཀའ་བ་མཐའ་དག་འདུལ་བར་བྱེད་པ་ལ་མང་དུ་ཡོད་ཀྱང་། དེ་རྣམས་ཀྱི་མཆོག་ཏུ་གྱུར་ཅིང་། འདུལ་ཚུལ་ཡང་གཙོ་བོར་དྲག་པོའི་སྒོ་ནས་འདུལ་བའོ། །དེ་ལྟར་འདུལ་ནུས་ཐུན་དཔའ་བོའོ། །ས་འོག་ས་སྟེང་ས་བླ་གསུམ་གྱི་འཇིག་རྟེན་གྱི་གཙོ་བོ་རྣམས་དབང་དུ་མཛད་པས་ན། འཇིག་རྟེན་གསུམ་ལས་རྒྱལ་བའོ། ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཐུགས་ལ་མངའ་ཞིང་དེ་ལ་དབང་བསྒྱུར་བས་ན་དབང་ཕྱུག་དང་། གསང་བ་གནོད་སྦྱིན་གྱི་བདག་པོ་ཡིན་པ་འམ། རྒྱུད་སྡེ་འོག་མ་དང་། ཉན་རང་རྣམས་ལས་གསང་བར་བྱ་བའི་ཡེ་ཤེས་ཐུན་མོང་མིན་པ་དང་ལྡན་པས་ན། གསང་བའི་རྒྱལ་པོ་སྟེ། དེ་ལ་དབང་བསྒྱུར་བའོ། །དེ་འདྲ་བའི་གསང་བའི་བདག་པོ་དེ་པདྨའི་འདབ་མ་དཀར་པོ་རྒྱས་པ་དང་འདྲ་བའི་སྤྱན་མངའ་ཞིང་། པདྨ་རྒྱས་པ་དང་འདྲ་བའི་ཞལ་མངའ་བ་ཉིད་དོ། །གསང་བདག་དེས་རང་གི་ལག་གིས་མཚོན་བྱེད་དཔེའི་རྡོ་རྗེ་མཆོག་ཉིད་ཡང་དང་ཡང་དུ་གསོལ་བར་བྱེད་པ་དང་། མཚོན་བྱ་དོན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་ནི་གདུལ་བྱའི་རྒྱུད་ལ་གསོར་བ་སྟེ་སྤེལ་བར་བྱེད་པའོ། །གསང་བདག་དེ་ལ་འཁོར་ཇི་ལྟ་བུ་ཡོད་ཞེ་ན། ཁྲོ་གཉེར་རིམ་པར་ལྡན་པ་ལ་སོགས་པ་ལག་ན་རྡོ་རྗེའི་མིང་ཅན་གྲངས་མཐའ་ཡས་པའི་འཁོར་དང་ལྡན་པའོ། ཁྲོ་བོ་དེ་དག་ཐམས་ཅད་ཀྱང་། དཔའ་བོ་གདུལ་དཀའ་བ་འདུལ་བར་བྱེད་ནུས་པ་པོ་སྟེ། དེ་ཡང་མཆེ་བ་གཙིགས་པ་ལ་སོགས་པའི་འཇིགས་སུ་རུང་བ་དང་། མ་རུངས་པ་ཐམས་ཅད་འདུལ་ནུས་པས་ན། དཔའ་བྱད་ཅན་ནམ། དེ་ཐམས་ཅད་འདུལ་ནུས་པའི་མཚོན་བྱེད་དུ་དཔའ་བའི་ཆ་བྱད་གར་དགུའི་ཉམས་དང་ལྡན་པ་སྟེ། དེ་རྣམས་ཀྱི་ཕྱག་མཚན་རྡོ་རྗེ་རྩེ་མོ་ལས་འོད་རབ་ཏུ་འཕྲོ་བ་རང་རང་གི་ལག་གིས་གསོར་བར་བྱེད་པ་ཅན་ནོ། །དེ་ཐམས་ཅད་ཀྱང་སྙིང་རྗེ་ཆེ་བ་དང་ཤེས་རབ་ཆེ་བ་དང་། ཞི་དྲག་སོགས་ཐབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པའི་མཆོག་སྟེ། སེམས་ཅན་གྱི་དོན་བྱེད་པ་ལ་སྙིང་རྗེའི་དགའ་བ་དང་། ཤེས་རབ་ཀྱིས་མགུ་བ་དང་། ཡིད་རངས་པའི་བསམ་པ་ཅན་ཁྲོ་བོའི་ལུས་ཀྱི་གཟུགས་དང་ལྡན་པའོ། །དེ་ལྟར་བསྟན་པ་ཡང་གཙོ་བོར་དྲག་པོའི་སྒོ་ནས་སངས་རྒྱས་ཀྱི་འཕྲིན་ལས་བྱེད་པའི་མགོན་དུ་གྱུར་པ་སྟེ། དེ་ལྟ་བུའི་ཁྲོ་བོ་དག་སྟོན་པ་ལ་གུས་པས་ལུས་བཏུད་པ་རྣམས་དང་ལྷན་ཅིག་ཏུ། སེམས་ཅན་གྱི་མགོན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ཏེ། ལག་པ་ཐལ་མོ་སྦྱར་བར་བྱས་པར་གྱུར་ནས་སངས་རྒྱས་ཀྱི་སྤྱན་སྔར་འདུག་གོ །དེ་ལྟར་འདུག་སྟེ་ཞུ་ཚུལ་ནི། འོག་ནས་འབྱུང་བ་འདི་སྐད་ཅེས་གསོལ་ཏོ། །དགོས་པ་གང་གི་ཆེད་དུ་ཞུ་བ་ནི། རིགས་ཐམས་ཅད་ལ་ཁྱབ་པས་ན། ཁྱབ་བདག་ཅེས་སྟོན་པ་ལ་བོས་ནས་བདག་ལ་སྨན་པ་སྟེ་ཕན་པ་དང་། བདག་གི་དོན་དང་། བདག་ལ་ཐུགས་བརྩེ་བའི་ཕྱིར་ཞུ་སྟེ། བདག་ལ་ཕན་པ་ཡང་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་བའི་དྲ་བ་མཐའ་ཡས་པ་སྟོན་པའི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་དེ་ཅི་ནས་ཀྱང་བདག་གིས་ཐོབ་པར་མཛོད་ཅིག་པ་སྟེ། འདིར་ཕྱག་རྡོར་རང་ཉིད་ཀྱིས་དེ་མ་ཐོབ་པ་ལྟ་བུར་བསྟན་པ་ནི། གདུལ་བྱའི་སེམས་ཅན་ལ་དགོངས་པའོ། །རང་དོན་དུ་དེ་ལྟར་ཞུས་ནས། གཞོན་དུ་གང་ལ་ཞུ་བ་ནི། ཉོན་མོངས་པ་འདོད་ཆགས་ལ་སོགས་པས་སེམས་དཀྲུགས་ཤིང་། ཤེས་བྱ་ལ་རྨོངས་པའི་མི་ཤེས་པའི་འདམ་དུ་བྱིང་བ་ཡི། སེམས་ཅན་ཀུན་ལ་གནས་སྐབས་སུ་སྨན་པ་དང་། མཐར་ཐུག་བླ་ན་མེད་པའི་སྐུ་བཞིའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འགྲོ་བའི་བླ་མ་ཐར་ལམ་སྟོན་པ་པོ་དེ་ཉིད། ཆོས་ཀྱི་སྐུ་ལ་གནས་པ་དང་། སེམས་ཅན་གྱི་དོན་བྱེད་པ་ལས་མི་འདའ་བས་ན་དམ་ཚིག་ཆེན་པོ་དང་། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཁྱེན་ཅིང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་བསམ་པ་ཇི་བཞིན་དུ་མཁྱེན་པ་མཆོག་གིས་ནི། ཆོས་གང་ཞུ་བ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་དེ་ནི། དེ་བཞིན་གཤེགས་པའི་གཙུག་ཏོར་ཆེན་པོ་ལྟར་རྟོགས་པར་དཀའ་ཞིང་། བསྔགས་པའི་གནས་སུ་གྱུར་པ་སྟེ། དེ་ཉིད་སྟོན་པ་པོ་ཚིག་གི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་མཐའ་དག་གི་ཡེ་ཤེས་ཀྱི་སྐུ་སྟེ་དེ་ཡང་། རིགས་ཐམས་ཅད་ཀྱི་སྤྲོ་བ་དང་བསྡུ་བའི་གཞིར་གྱུར་ཅིང་ཡེ་ཤེས་ཀྱི་བདག་ཉིད་ལས་བྱུང་བས་ན་རང་བྱུང་བའོ། །དེ་ལྟ་བུའི་སྐུའི་མཚན་གྱི་རྣམ་གྲངས་ལ། དྲང་དོན་གྱི་འཇམ་དཔལ་དང་། ངེས་དོན་གྱི་འཇམ་དཔལ་གཉིས་ལས། དང་པོའི་དབང་དུ་བྱས་ནས། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི་མཚན་དེ་ནི་ཡང་དག་པར་བརྗོད་པར་བྱ་བའི་མཆོག་ཡིན་ཏེ། ཕན་ཡོན་ཆེ་བའི་ཕྱིར་རོ། །གཉིས་པའི་དབང་དུ་བྱས་ན། རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་སྟེ་དེ་སྟོན་པའི་མཚན་བརྗོད་འདིའི་དོན་རྟོགས་པར་དཀའ་བས་ན་དོན་ཟབ་པ་དང་། ཁྱད་པར་མང་བས་ན་དོན་ནི་རྒྱ་ཆེ་ཞིང་དང་། འབྲས་བུའི་མཆོག་དང་ཉན་རང་སོགས་ཀྱི་ཐེག་པ་གཞན་དང་མི་མཉམ་པས་ན། དོན་ཆེན་པོ་དང་། མཚུངས་པ་མེད་པ་དང་། སྐྱོན་ཐམས་ཅད་དང་བྲལ་ཞིང་ཟག་མེད་ཀྱི་རང་བཞིན་དུ་གྱུར་པས་ན། རབ་ཏུ་ཞི་བ་དང་། ཐོག་མར་ཐོས་པའི་ཤེས་རབ་དང་རྒྱུ་དགེ་བ་དང་། ཕན་དུ་བསམ་པའི་ཤེས་རབ་དང་ལམ་དགེ་བ་དང་། ཐ་མར་སྒོམ་པའི་ཤེས་རབ་དང་འབྲས་བུ་དག་པའི་ཁྱད་པར་དང་ལྡན་ལ་བརྗོད་བྱ་དོན་གྱི་འཇམ་དཔལ་དེ་སྟོན་པར་བྱེད་པའི་རྗོད་བྱེད་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་ཤིང་། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་ལ། ད་ལྟར་བྱུང་བའི་རྫོགས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཡང་དང་ཡང་དུ་གསུང་བ་གང་ཡིན་པ། སྔར་རྒྱུད་ཆེན་པོ་སྒྱུ་འཕྲུལ་དྲ་བ་དེ་ཉིད་ལས་སྟོན་པ་རྡོ་རྗེ་འཆང་ཆེན་དང་། གསང་སྔགས་འཆང་བའི་སྟོན་པ་གཞན་དཔག་ཏུ་མེད་པ་རྣམས་ཀྱིས་དགྱེས་པ་སྒོ་ནས་རབ་ཏུ་གསུངས་པ་གང་ལགས་པ་དེ་འདིར་ཡང་བཤད་དུ་གསོལ། ཞེས་པའོ། །གཞུང་སྔ་མ་དེས། སངས་རྒྱས་བཅོམ་ལྡན་འདས་མཐའ་དག་གིས་གསང་སྔགས་སྟོན་པར་བསྟན་ལ། འོན་ཀྱང་གསང་འདུས་རྩ་རྒྱུད་ལས། མར་མེ་མཛད་ནས་བདག་ཅག་གི་སྟོན་པའི་བར་སངས་རྒྱས་གཞན་རྣམས་ཀྱིས་གསང་སྔགས་མ་གསུང་བར་བཤད་པ་ནི། འཕགས་ཡུལ་གྱིས་དེར་མ་བསྟན་པ་ལ་དགོངས་པར་བཤད་དོ། །དེ་བཤད་ན་དེ་བརྗེད་པར་མི་བྱ་སྟེ། །མགོན་པོ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་སྔགས་ཀྱི་ཆོས་འཛིན་པ་ཉིད་དུ་ཅི་ནས་ཀྱང་བདག་འགྱུར་བར་བྱ་བའི་ཕྱིར་དུ་ངེས་པར་འབྱུང་གི་བྱང་ཆུབ་ཀྱི་བར་དུ་ནི་བདག་གིས་མི་བརྗེད་པའི་བསམ་པ་བརྟན་པོས་གཟུང་བར་བགྱིའོ། །དགོས་པ་གང་གི་ཆེད་དུ་ན། གདུལ་བྱའི་སེམས་ཅན་གྱི་ཕྱིར་ཏེ། དེའི་འདོད་ཆགས་སོགས་ཉོན་མོངས་པ་མ་ལུས་པ་བསལ་བར་བྱ་བ་དང་། རྨོངས་པའི་མི་ཤེས་པ་མ་ལུས་པ་སྤང་བར་བྱ་བའི་ཕྱིར་དུ། སེམས་ཅན་རྣམས་ཀྱི་དབང་པོ་དང་བསམ་པའི་ཁྱད་པར་ཇི་ལྟ་བ་བཞིན་རབ་ཏུ་བཤད་པར་བགྱིའོ་ཞེས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཡིས་དེ་བཞིན་གཤེགས་པ་ལ་ཚིག་དེ་སྐད་དུ་གསོལ་བ་བཏབ་ནས་ཐལ་མོ་སྦྱར་བར་བྱས་ཏེ་གུས་པས་ལུས་བཏུད་ནས་ནི་སངས་རྒྱས་ཀྱི་སྤྱན་སྔར་འདུག་གོ་ཞེས་པ་སྟེ། འདི་དག་ལ་བཤད་པའི་རྣམ་གྲངས་མི་འདྲ་བ་མང་ཞིང་། ཁྱད་པར་ངེས་དོན་གྱི་བཤད་པ་མི་འདྲ་བ་གཞན་ཡོད་ཀྱང་འདིར་མ་བྲིས་སོ། །ཞེས་བྱ་བ་ཞུས་པའི་ལེའུའི་རྣམ་བཤད་དེ་དང་པོའོ། །གཉིས་པ་ལན་གྱི་ལེའུ་ལ་རིམ་པ་ལྔ་ལས། སྟོན་པ་ཕུན་སུམ་ཚོགས་པ་ནི། ཞུས་པའི་རྗེས་དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་མེད་དང་། རྐང་མང་རྐང་གཉིས་པ་རྣམས་ཀྱི་མཆོག་དམ་པ་དེས། ཆོ་འཕྲུལ་ཕུན་སུམ་ཚོགས་པ་མཛད་པ་ནི། སྟོན་པ་ཉིད་ཀྱི་ཞལ་ནས་ལྗགས་བཟང་བ་དང་སྐྲ་མཚམས་སུ་སླེབ་པས་རིང་ཞིང་། ཞལ་ཁེབས་པའི་ཡངས་པ་བརྐྱང་པར་མཛད་དེ། དེ་ལས་འཕྲོས་པའི་འོད་ཀྱིས། ས་འོག་ས་བླ་ས་སྟེང་གི་འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་། ལྷའི་བུའི་བདུད་ལ་སོགས་པ་བདུད་བཞི་དང་བཅས་པའི་དགྲ་རྣམས་འདུལ་བར་བྱེད་པ་དང་། ལྷ་མི་སོགས་སེམས་ཅན་རྣམས་ཀྱི་ངན་སོང་གསུམ་དུ་འགྲོ་བའི་རྒྱུ་དང་། སྡུག་བསྔལ་སྦྱོར་བར་བྱེད་པའི་ཞལ་འཛུམ་པ་བསྟན་ནས། རྣམ་པར་ཐམས་ཅད་པའི་སྐད་དང་མཐུན་པའི་ཕྱིར་ན་ཚངས་པའི་གསུང་ནི་སྙན་པ་ཡིས་ས་གསུམ་གྱི་འཇིག་རྟེན་གསུམ་པོ་ཀུན་བཀང་སྟེ། དྲང་དོན་དང་ངེས་དོན་གྱི་རྡོ་རྗེ་འཛིན་པའི་ལག་ན་རྡོ་རྗེ་བདུད་དང་མི་མཐུན་པའི་ཕྱོགས་འཇོམས་ནུས་པའི་སྟོབས་པོ་ཆེ་གསང་བའི་བདག་པོ་དེ་ལ་ནི། ལན་སླར་གསུང་པ་ཡང་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་པས། དགོས་པ་འགྲོ་བ་ལ་ཕན་པའི་དོན་དུ་ཁྱོད་ཀྱིས་ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི་མིང་སྟེ་མཚན་བརྗོད་པས་ནི། འབྲས་བུ་དོན་ཆེ་བ་ཉེས་པ་རྣམས་དག་པར་བྱེད་ཅིང་། ཁྱད་པར་སྡིག་པ་ཐམས་ཅད་སེལ་བར་བྱེད་པའི་རྒྱུད་འདི། སྟོན་པ་ང་ལས་ཉན་པར་བརྩོན་པ་ནི། ལེགས་སོ་དཔའ་ལྡན་རྡོ་རྗེ་འཆང་སྟེ། རྡོ་རྗེ་འཛིན་པ་ཞེས་བོས་ནས། ཡང་ལག་ན་རྡོ་རྗེ་ཁྱོད་ལེགས་སོ་ཞེས་ལེགས་སོ་གཉིས་པ་བྱིན་ནོ། །ཡང་གསང་བའི་བདག་པོ་ཞེས་བོས་ནས། ཁྱོད་ཀྱི་ཞུ་དོན་དགོས་པ་ཁྱད་པར་ཅན་དང་། ཞུས་པའི་བརྗོད་བྱ་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་དེའི་ཕྱིར། ངས་ཁྱོད་ལ་ལེགས་པར་བསྟན་པར་བྱ་ཡིས། ཁྱོད་ནི་ཡིད་མ་ཡེངས་པར་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་ཅེས་པའོ། །འདིའི་སྐབས་སུ་འཇམ་དཔལ་ཞེས་འབྱུང་བ་ནི། དྲང་དོན་གྱི་དབང་དུ་བྱས་ན་རྗེ་བཙུན་འཇམ་དབྱངས་ཉིད་ལ་བྱེད་དགོས་པས། མིང་ཞེས་པ་ཡང་། དེའི་མཚན་ལ་བྱེད། ངེས་དོན་གྱི་དབང་དུ་བྱས་ན། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཐར་ཐུག་དང་། འཇའ་ལུས་རྡོ་རྗེའི་སྐུ་ལ་བྱེད་པ་སྟེ། མིང་ཡང་། མཚན་ཡང་དག་པར་བརྗོད་པའི་རྒྱུད་ལ་བྱེད་དགོས་སོ། །ཞེས་བྱ་བའི་ལེའུ་གཉིས་པའི་བཤད་པའོ། །གཉིས་པ་དོན་གྱི་རང་བཞིན་རྒྱས་པར་བཤད་པ་ལ་བཞི། བརྗོད་བྱ་ལུས་ཀྱི་རྣམ་གཞག །ཡན་ལག་གི་རང་བཞིན་རྒྱས་པར་བཤད་པ། མཇུག་བསྡུ་བ་རྗེས་སུ་ཡི་རང་བའི་ཚུལ་ལོ། །དང་པོ་ལ་གཉིས། རིགས་དྲུག་ལ་གཟིགས་པ། ལུས་རྣམ་པར་བཞག་པའི་དངོས་གཞི་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་ལེའུ་བཤད་པའོ། །དང་པོ་ནི། བཅོམ་ལྡན་དེ་ནི་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། ཞེས་སོ། །དེ་ནས་གསང་བདག་གིས་བཅོམ་ལྡན་འདས་དེ་ནི་ལེགས་སོ་ཞེས་གསོལ་ཏེ། ལན་གྱི་ལེའུའི་རྗེས་དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེས་རིགས་དྲུག་ལ་གཟིགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། རིགས་དྲུག་པ་ལ་གཟིགས་པའི་ཕྱིར་ཏེ། དེ་ཡང་གསང་སྔགས་རིགས་ཆེན་ཐམས་ཅད་དང་། ཞེས་པས་རིགས་རྣམས་བསྡུས་ཏེ་བསྟན་ནས། དེ་ལ་གསང་སྔགས་ཐབས་ཀྱི་རིགས་དང་། རིག་སྔགས་འཆང་བའི་རིགས་ཤེས་རབ་ཀྱི་རིགས་གཉིས་དང་། སྐུ་གསུང་ཐུགས་ཀྱི་དབྱེ་བའི་རིགས་གསུང་ལ་ནི་རྣམ་པར་གཟིགས་ཤིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་གཉིས་དང་། འཇིག་རྟེན་སྣང་བར་བྱེད་པའི་རིགས་ཆེན་དང་། ཕྱག་རྒྱ་ཆེན་པོ་མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་མཆོག་ལྔ་དང་། རིགས་དྲུག་པ་རིགས་ཆེན་གཙུག་ཏོར་ཆེན་པོར་གཟིགས་སོ། །འདི་དག་ནི་འོག་ནས་འཆད་པའི་ལྷའི་རིགས་ཀྱི་དབྱེ་བ་སྟོན་པ་སྟེ། འདིར་འཆད་ཚུལ་མི་འདྲ་བ་དུ་མ་ཞིག་སྣང་ངོ་། །ཞེས་པ་ནི། ལེའུ་གསུམ་པའི་བཤད་པའོ། །གཉིས་པ་སྒྱུ་འཐུལ་དྲ་བས་མངོན་པར་བྱང་ཆུབ་པའི་ལེའུ་བཤད་པ་ནི། ནས་ཚིག་གི་བདག་པོས་ནས་ནཱ་ཡ་ཏེ་ན་མཿཞེས་སོ། །བཤད་མ་ཐག་པའི་དེ་ནས། རིགས་དྲུག་པ་མཆོག་ཏུ་བསྟན་པའི་ཕྱིར། ཚིག་གི་བདག་པོ་སངས་རྒྱས་ཀྱིས་ཚིགས་སུ་བཅད་པ་གསང་སྔགས་ཀྱི་རྒྱལ་པོ། །ༀ་བཛྲ་ཏིཀྵ་སོགས་དྲུག་དང་ལྡན་ཞིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དང་། ངོ་བོར་ཐ་སྙད་དུ་འབྱུང་བ་དང་། རང་བཞིན་གྱིས་མི་སྐྱེ་བའི་ཆོས་ཅན་གྱི་དབྱངས་ཀྱི་ཚིག་འདི་དག་གསུངས་པ་སྟེ། དེ་ཡང་དབྱངས་ཀྱི་མ་ནིང་བཞི་དོར་བའི་བཅུ་གཉིས་སོ། །བཅུ་གཉིས་པོ་དེས་སྔགས་ཀྱིས་བཅུ་གཉིས་དང་། རྣམ་བྱང་གི་རྟེན་འབྲེལ་བཅུ་གཉིས་སོགས་མཚོན་ནོ། །དབྱངས་བཅུ་གཉིས་ཀྱང་། ཨ་ཨཱ་ནས་ཨཾ་ཨཱཿའི་བར་བཅུ་གཉིས་ཏེ་བཅུ་གཉིས་པོ་དེ་ཉིས་མཚན་དུ་ཕྱེ་བས་དྲུག་ཚན་གཅིག་ཏུ་འགྱུར་རོ། །སྔགས་ལྷག་མ་རྣམས་ཀྱི་དོན་ནི། སྠི་ཏོ་ཧྲི་དི་ནི། སྙིང་ངམ་ཐུགས་ཀར་གནས་པ་སྟེ། སྠི་ཏོ་ནི་གནས་པ། ཧྲྀ་དི་ནི་ཐུགས་སམ་སྙིང་པོ། །ཛྙཱ་ན་མུརྟི་ནི། ཡེ་ཤེས་ཀྱི་སྐུ་སྟེ། ཛྙཱ་ན་ནི་ཡེ་ཤེས། མུ་རྟི་ནི་སེམས་དཔའི་སྐུའོ། །ར་ཧཾ་ནི་ངའོ། །བུདྷ་ནི་རྟོགས་པ། བུདྷ་ནཾ་ནི་སངས་རྒྱས་རྣམས་ཀྱིའོ། །ཏྱ་དྷྭ་བི་རྟ་ནཾ་ནི་དུས་གསུམ་བཞུགས་པ་སྟེ། ཏྲྱ་དྷྭ་ནི་དུས་གསུམ། བརྟི་ནཾ་ནི་བཞུགས་པའོ། །དེ་ནས་ལྷ་དྲུག་གི་སྙིང་པོ་ནི། ༀ་བཛྲ་ཏཱིཀྵཎ་ནི་རྡོ་རྗེ་རྣོན་པོ། །དུཿཁ་ཙྪེ་ད་ནི་སྡུག་བསྔལ་གཅོད་པ། པྲཛྙཱ་ཛྙཱ་ན་མུ་རྟ་ཡེ་ནི་ཤེས་རབ་ཡེ་ཤེས་ཀྱི་གཙུག་ཏོར་རམ་སྐུ་ཅན། ཛྙཱ་ན་ཀཱ་ཡ་ནི། ཡེ་ཤེས་ཀྱི་སྐུ་ཅན། ཝཱ་གི་ཤྭ་ར་ནི་ངག་གི་དབང་ཕྱུག །ཨ་ར་པ་ཙ་ན་ལ་ཏེ་ན་མཿནི་འགྲོ་བ་སྨིན་པར་བྱེད་ཁྱོད་ལ་འདུད་ཅེས་སམ། སྐྱེ་བ་མེད་པའི་ཤེས་རབ་ཆགས་པ་མེད་པའི་སྤྱོད་ཡུལ་ཞེས་པའམ། སྡིག་པ་ཐམས་ཅད་སྲེག་པར་བྱེད་པའི་དོན་དུ་བཤད་དོ། །གསང་སྔགས་དྲུག་པོ་ཡང་རིམ་པ་བཞིན་དུ། པདྨ་དང་། རྡོ་རྗེ་དང་། དེ་བཞིན་གཤེགས་པ་དང་། ལས་དང་། རིན་པོ་ཆེ་དང་། རིགས་དྲུག་པའི་སྙིང་པོའོ། །ཞེས་པ་ནི་ལེའུ་བཞི་པའི་བཤད་པའོ། །གཉིས་པ་ཡན་ལག་གི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས། རིགས་དྲུག་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལེའུ་དང་། ཡེ་ཤེས་ལྔའི་ལེའུ་ལྔ་བཤད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། ནས་རབ་ཏུ་གསལ་བར་བྱེད། ཅེས་སོ། །གོང་དུ་རིགས་ཀྱི་རྣམ་གཞག་བསྟན་པའི་དབྱེ་བ་ནི་འདི་ལྟར་བཤད་པར་བྱའོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཞེས་བརྗོད་པའི་རྫོགས་པའི་སངས་རྒྱས་རིགས་དྲུག་པ་རྡོ་རྗེ་འཆང་དེ་ནི་ངེས་དོན་གྱི་ཨ་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་བྱུང་བ་ཡིན་ནོ། །འདི་དྲང་དོན་དང་སྦྱར་ན་ཨ་ཡིག་ལས་གཙོ་བོར་བསྐྱེད་པའི་དོན་ནོ། །སྤྱིར་ཨ་ཡིག་ལ་དྲང་ངེས་ཀྱི་བཤད་པ་གཉིས་ལས། དྲང་དོན་གྱི་དབང་དུ་བྱས་ན། གང་འཇུག་པའི་ཨ་ཐུང་གི་ཡི་གེ་དེ་ཉིད། གང་ལ་འཇུག་ན་དབྱངས་གསལ་གྱི་དག་ཚིག་མཐའ་དག་ལ་འཇུག །ཇི་ལྟར་འཇུག་ན། ཨ་ཐུང་དེ་དབྱངས་གསལ་དེ་དག་གི་སྲོག་ཏུ་ཞུགས་པའི་ཚུལ་གྱིས་འཇུག །ཅིའི་ཕྱིར་འཇུག་ན། དེ་ལྟར་ཞུགས་པ་ལ་བརྟེན་ནས་མིང་ཚིག་ཤོ་ལོ་ཀ་ལ་སོགས་པ་འབྱེད་པའི་ཚུལ་གྱི་འཇུག་གོ །གཉིས་པ་ངེས་དོན་གྱི་དབང་དུ་བྱས་ན། གང་འཇུག་ན། དབྱངས་གསལ་གྱི་མཚོན་དོན་རྩ་བ་དང་ཡན་ལག་གི་རླུང་རྣམས་འཇུག །གང་ལ་འཇུག་ན་ཨ་ཐུང་གི་མཚོན་དོན་མི་ཤིགས་པ་ཕྲ་བ་ལ་འཇུག །ཅིའི་ཕྱིར་འཇུག་ན། དཔེ་དོན་གྱི་འོད་གསལ་སྐྱེ་བའི་ཆེད་དུ་འཇུག །ཇི་ལྟར་འཇུག་ན། ས་ཆུ་སོགས་འབྱུང་བ་ཐིམ་རིམ་གྱིས་འཇུག་གོ་ཞེས་བྱའོ། །དེས་ན། དྲང་ངེས་གཉིས་ལས་དྲང་དོན་གྱི་དབང་དུ་བྱས་ན། ངག་གི་ངོ་བོ་ཨ་ཐུང་དེ་ནི་དབྱངས་གསལ་གྱི་ཡིག་འབྲུ་ཀུན་གྱི་ནང་ནས་མཆོག་ཡིན་ཏེ། དེ་ཡང་བརྗོད་བྱ་སྟོན་པའི་ངག་གི་རྩ་བ་ཡིན་པས་དོན་ཆེན་པོ་དང་། མི་འགྱུར་བས་ན་ཡི་གེ །དོན་ཆེ་བ་དང་མི་འགྱུར་བའི་ཕྱིར་ན་དམ་པ་ཡིན་ལ། ལུས་ཀྱི་ཁོང་པ་ནས་འབྱུང་བ་དང་། དོན་དམ་པར་འདུས་བྱས་ཐམས་ཅད་སྐྱེ་བ་མེད་པར་མཚོན་པ་དང་། དོན་དམ་པར་སྐྱེ་བ་མེད་པ་ཉིད་ཀྱིས་ན་དེ་ལྟར་ཚིག་ཏུ་བརྗོད་པ་སྤངས་པ་སྟེ་མེད་ལ། འོན་ཀྱང་ཐ་སྙད་དུ་མིང་ཚིག་སོགས་བརྗོད་པ་ཀུན་གྱི་རྒྱུ་བྱེད་པ་ཡི་མཆོག་ཡིན་ཏེ་རྒྱུ་མཚན་ནི། རྗོད་བྱེད་ཀྱི་ཚིག་ཀུན་གྱི་སྲོག་ཏུ་ཞུགས་པའི་ཚུལ་གྱིས་རབ་ཏུ་གསལ་བར་བྱེད་པའོ། །ངེས་དོན་གྱི་དབང་དུ་བྱས་ན། ཤིན་ཏུ་ཕྲ་བའི་སྲོག་གི་རླུང་ནི། རླུང་གཞན་ལས་ཕྲ་བས་མཆོག་དང་། དོན་ཆེ་བ་སངས་རྒྱས་ཀྱི་རྒྱུ་བྱེད་པ་དང་། དེའི་ཕྱིར་དམ་པ་ཡིན་པ་དང་། སྙིང་ཁའི་རྩ་དབུ་མའི་ཁོང་སྟོང་ནས་འབྱུང་བ་དང་། ཡིག་འབྲུའི་གཟུགས་སུ་སྐྱེ་བ་མེད་པ་དང་། དེ་ལྟར་བརྗོད་པ་མེད་པ་དང་། རླུང་གཞན་གྱི་འང་རྩ་བ་བྱས་ཏེ་ཁ་ནས་ཚིག་འབྱུང་བར་བྱེད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། དབྱིབས་ཀྱི་རྣལ་འབྱོར། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གི་དབྱེ་བ། ལྷའི་དབྱེ་བ་སོགས་ཡོད་ཀྱང་། འདིར་ཐུན་མོང་དུ་ཚིག་དོན་གྱི་ངོས་ནས་བཤད་པར་བྱ་སྟེ། དེ་ཡང་རིགས་ལྔ་དང་ཡེ་ཤེས་ལྔ་གང་གི་དབང་དུ་བྱས་ཀྱང་མི་འགལ་ཡང་། ཡེ་ཤེས་ཀྱི་དབང་དུ་བྱས་ན། མཆོད་པ་ཆེན་པོ་འདོད་ཆགས་ཆེ། ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་སོ། །འདི་ལ་གཉིས་ཚིག་དོན་དང་། དཀྱིལ་འཁོར་གྱི་ལྷ་བཤད་ཚུལ་དང་སྦྱར་བའོ། །དང་པོ་ནི། འདོད་ཆགས་རྣམ་པར་དག་པའི་སོར་རྟོག་ཡེ་ཤེས་ནི། འདིར་མཆོད་པར་བྱ་བའི་གནས་ཆེན་པོའོ། །ཡེ་ཤེས་དེ་ཉིད་ལྷན་སྐྱེས་ཀྱི་བདེ་བའི་རང་བཞིན་ཡིན་པས་ན་འདོད་ཆགས་ཆེ་བ་སྟེ། ངེས་གཟུགས་སོགས་ལ་ཆགས་པའི་འདོད་ཆགས་ཀྱིས་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཚུལ་གྱིས་འཁོར་བར་འཆིང་བ་ཉིད་སྦྱོང་བར་བྱེད་དོ། །ཞེ་སྡང་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། མཆོད་པར་བྱ་བ་ཆེན་པོའོ། །ཡེ་ཤེས་དེས་ཞེ་སྡང་གི་དགྲ་འཇོམས་པས་ན་ཞེ་སྡང་ཆེ་བ་ཞེས་བྱ་ལ། དེའི་ཕྱིར་ཉོན་མོངས་པ་ཀུན་གྱི་དགྲ་ཆེ་བའང་ཡིན་ནོ། །གཏི་མུག་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ནི། མཆོད་པར་བྱ་བ་ཆེན་པོའོ། །ཡེ་ཤེས་དེས་གཏི་མུག་འཇོམས་པ་བྱེད་པས་ན་གཏི་མུག་ཆེ་བ་ཡིན་ལ། དེའི་ཕྱིར་གཏི་མུག་འཇོམས་པའི་བློ་ཞེས་བྱ་སྟེ། ཉོན་མོངས་གཏི་མུག་སེལ་བར་བྱེད་པའོ། ཕྲག་དོག་རྣམ་པར་བྱ་བ་གྲུབ་པའི་ཡེ་ཤེས་དེ་ནི་མཆོད་པར་བྱ་བ་ཆེན་པོའོ། །ཡེ་ཤེས་དེས་ཉོན་མོངས་པ་ཕྲག་དོག་འཇོམས་པའི་ཕྱིར་ན་ཁྲོ་བ་ཆེ་ཞེས་བྱ་བ་ལ། དེ་ལྟ་བུའི་ཁྲོ་བ་ཆེན་པོའི་ཡེ་ཤེས་ནི། ཉོན་མོངས་པ་ཕྲག་དོག་གི་དགྲ་ཆེ་བའང་ཡིན་ནོ། །སེང་སྣ་རྣམ་པར་དག་པ་མཉམ་ཉིད་ཡེ་ཤེས་ནི། མཆོད་པར་བྱ་བ་ཆེན་པོའོ། །ཡེ་ཤེས་དེས། ཉོན་མོངས་པ་སེར་སྣའི་ཆགས་པ་ཐམས་ཅད་སེལ་བས་ན་ཆགས་པ་ཆེ་བ་སྟེ། སེར་སྣའི་ཆགས་པ་ཐམས་ཅད་གཉེན་པོའི་སྟོབས་ཀྱིས་གཏན་ནས་སེལ་བར་བྱེད་པའི་ཕྱིར་རོ། །འདིར་ཡེ་ཤེས་ལྔ་ལ་སྦྱར་བ་ཡིན་ཀྱང་། རིགས་ལྔ་ཉིད་ལའང་སྦྱར་རུང་སྟེ། རིམ་པ་བཞིན་དུ་སྣང་མཐའ། མི་བསྐྱོད་པ། རྣམ་སྣང་། རིན་འབྱུང་། དོན་གྲུབ་སྟེ་ལྔ་ལ་སྦྱོར་རོ། །མཆོད་པ་ཆེན་པོའི་དོན་ནི་བསྟེན་པ་དང་དགའ་བར་བྱེད་པ་ལའང་བཤད་དུ་ཡོད་དོ། །དེ་དག་ལ་འདོད་ཆགས་སོགས་ཀྱི་མིང་བཏགས་པ་ནི། དེ་དང་དེའི་རྣམ་དག་ལ་དགོངས་ནས། གཉེན་པོ་ལ་སྤང་བྱའི་མིང་གིས་བཏགས་པའོ། །རིགས་ལྔ་ཡང་འདིར་འཇམ་དཔལ་ཉིད་ལ་རིགས་ལྔར་ཕྱེ་བ་ཡིན་ནོ། །ལོངས་སྐུ་འཇམ་དཔལ་གྱིས་འདོད་པར་བྱ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བདེ་བ་ཆེན་པོའི་ཆེད་དུ་སེམས་ཅན་ལ་ཆོས་བསྟན་ནས་སེམས་ཅན་ཐམས་ཅད་དགའ་བར་བྱེད་པས་ན། དགའ་བ་ཆེན་པོ་ཡིན་ལ། དེས་ཡིད་མགུ་བར་བྱེད་པའི་ཕྱིར། མགུ་བ་ཆེན་པོའོ། །འགྲོ་བ་མ་ལུས་པ་འདུལ་བའི་ལུས་སྤྲུལ་པར་བྱེད་པའམ། ཐ་མལ་བ་གཞན་གྱི་སྤྱོད་ཡུལ་མ་ཡིན་པའི་གཟུགས་ཅན་ཡིན་པས་ན། གཟུགས་ཆེ་བ་དང་། ཉོན་མོངས་ཀྱིས་མ་བསྐྱེད་ཅིང་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ལུས་མངའ་བས་ན། ལུས་ཀྱང་ཆེ་བ་སྟེ། སྣ་ཚོགས་པའི་འོད་ཀྱི་ཁ་དོག་སྟོན་པས་ན་ཁ་དོག་ཆེ་ཞིང་། སྐུའི་དབྱིབས་བོང་ཆེ་བས་ན་ལུས་བོང་ཆེ་བ་དང་། མཚན་སོ་གཉིས་དང་ལྡན་པས་སམ། གྲགས་པ་ཆེ་བས་མིང་ཡང་ཆེ་ཞིང་། ཚོགས་གཉིས་རྒྱ་ཆེ་བས་ན་རྒྱ་ཆེ་བ། རིགས་དྲུག་གི་དཀྱིལ་འཁོར་ལ་ཁྱབ་པས་ན། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་པས་དང་། ཤེས་བྱ་ཐམས་ཅད་གཟིགས་པའི་ཤེས་རབ་ཀྱིས་རྨོངས་པའི་དགྲ་འཇོམས་པའི་ཕྱིར་ན་ཤེས་རབ་ཀྱི་མཚོན་ཆ་ཆེན་པོ་འཆང་བ་སྟེ། གླང་པོ་ཆེ་ལྕགས་ཀྱུས་འདུལ་བ་ལྟར། ཤེས་རབ་དེ་འགྲོ་བའི་ཉོན་མོངས་པ་འདུལ་བའི་ལྕགས་ཀྱུ་ཆེ་བའི་མཆོག་དང་། འཇིག་རྟེན་ཁྱབ་པར་བྱེད་པའི་གྲགས་པ་ཆེན་པོའི་སྙན་གྲགས་ཆེན་པོ་མངའ་བ་སྟེ། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ནི་ཆོས་ཐམས་ཅད་ལ་གསལ་བ་ཆེ་བ་ནི་མངོན་སུམ་དུ་གཟིགས་པའོ། །གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་ཡིན་ཏེ། གང་ལ་གང་འཚམ་གྱིས་འདུལ་བས་ན་སྒྱུ་འཕྲུལ་ཆེན་པོ་འཆང་བའོ། །རྣམ་འཕྲུལ་གྱི་སྒྱུ་འཕྲུལ་ཆེན་པོ་དེ་ལྟ་བུའི་སྒོ་ནས་སེམས་ཅན་གྱི་དོན་གྲུབ་པར་བྱེད་པ་དང་། སྒྱུ་འཕྲུལ་ཆེན་པོ་དེ་ལྟ་བུའི་སྒོ་ནས་ཀྱང་སེམས་ཅན་གྱི་དོན་བྱེད་པ་ལ་ཐུགས་དགའ་བས་ཀྱང་ལྷག་པར་དགའ་ཞིང་ཐབས་སྣ་ཚོགས་པའི་སྒྱུ་འཕྲུལ་ཆེན་པོ་དེ་ལྟ་བུའི་སྒོ་ནས་གདུལ་བྱའི་བསམ་པ་བཞིན་དུ་འཆར་བས་ན་མིག་འཕྲུལ་ཅན་གྱི་སྤྲུལ་པའི་སྐུ་སྟོན་ཏོ། །ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་སོགས་སེམས་ཅན་ལ་སྦྱིན་པས་ན། སྦྱིན་བདག་ཆེན་པོ་དང་དེ་ལྟར་སྦྱིན་པ་གཏོང་བ་གཞན་རྣམས་ཀྱི་ཡང་མཆོག་ཡིན་པས་ན་གཙོ་བོ་སྟེ། སོ་ཐར་བྱང་སེམས་གསང་སྔགས་ཀྱི་ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་དང་། སྡུག་བསྔལ་དང་ལེན་དང་། གནོད་པ་ལ་ཇི་མི་སྙམ་པ་དང་། ཆོས་ལ་ངེས་ཐོབ་ཀྱི་བཟོད་པ་ཆེན་པོ་འཆང་བ་སྟེ་བརྟན་པར་བྱེད་པ་ནི་ནམ་ཡང་ཁྲོ་བ་མེད་པ་པོ་དང་། སངས་རྒྱས་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་སྤྲོ་བའི་བརྩོན་འགྲུས་ཆེན་པོ་དང་ལྡན་ལ། དེེར་འཇུག་པ་ལ་འབད་པས་ན་བརྟུལ་བ་ཡིན་ནོ། །ཟག་མེད་ཀྱི་བདེ་བའི་ཏིང་ངེ་འཛིན་དང་། བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འཇུག་པས་ན། བསམ་གཏན་ཆེན་པོའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་གནས་ཤིང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་གཟིགས་པའི་ཤེས་རབ་དང་། སྟོང་པ་ཉིད་དང་དབྱེར་མི་ཕྱེད་པར་རོ་གཅིག་ཏུ་ཞུགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཤེས་རབ་ཆེན་པོའི་ལུས་འཆང་བ་སྟེ། ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཕྱིའི་བདུད་སོགས་དང་། ནང་དུ་ཉོན་མོངས་པ་ཐམས་ཅད་ཐུབ་པས་ན་སྟོབས་པོ་ཆེ་སྟེ་སྟོབས་ཀྱི་ཕར་ཕྱིན་དང་ལྡན་ལ། ཐབས་སྣ་ཚོགས་ཀྱིས་གཞན་དོན་བྱེད་པས་ན་ཐབས་ཆེ་བའི་ཕར་ཕྱིན་དང་། ཇི་ལྟར་སྨོན་པ་བཞིན་འགྲུབ་པའི་ཡེ་ཤེས་དང་ལྡན་པས་ན་སྨོན་ལམ་གྱི་ཕར་ཕྱིན་དང་། ཆོས་ཀུན་གཟིགས་པའི་ཡེ་ཤེས་དང་། གཉིས་སུ་མེད་པའི་ཡེ་ཤེས་མང་པོའི་འབྱུང་གནས་སུ་གྱུར་པས་ན། ཡེ་ཤེས་རྒྱ་མཚོ་སྟེ་ཡེ་ཤེས་ཀྱི་ཕར་ཕྱིན་རྫོགས་ལ། མདོར་ན། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ཕར་ཕྱིན་བཅུ་ཡོངས་སུ་རྫོགས་པའོ། །འདི་དག་ཀྱང་འཇམ་དབྱངས་ཉིད་ལ་སྦྱར་བ་དང་། དཀྱིལ་འཁོར་བའི་ལྷ་སོ་སོ་དང་སྦྱར་བའི་ཚུལ་གཉིས་བཤད་དོ། །གཞན་ཡང་སེམས་ཅན་ཐམས་ཅད་བླ་མེད་ཀྱི་བདེ་བ་ལ་འགོད་པའི་བྱམས་པ་ཆེན་པོའི་རང་བཞིན་དཔག་ཏུ་མེད་པ་དང་ལྡན་ལ། དེ་དག་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་། དེའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པས་ན། དེ་བློ་ཡི་མཆོག་ཡིན་ལ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཆེན་པོ་མངའ་བ་དང་། གདུལ་བྱ་འདུལ་བའི་ཐབས་ཤེས་པའི་བློ་གྲོས་ཆེན་པོ་དང་ལྡན་ཞིང་། གང་ལ་གང་འདུལ་གྱི་ཐབས་མཁས་པ་ཆེན་པོ་དང་ལྡན་པས་ཐབས་ཆེ་བའོ། །གྲངས་མེད་པའི་སྤྲུལ་པ་བསྟན་ནས་སེམས་ཅན་འདུལ་བས་ན། རྫུ་འཕྲུལ་ཆེན་པོ་དང་། ཞབས་ཀྱི་མཐེ་བོང་གིས་ཀྱང་འཇིག་རྟེན་གྱི་ཁམས་བསྐྱོད་པར་ནུས་པས་ན། སྟོབས་དང་ལྡན་པ་དང་། རྫུ་འཕྲུལ་གྱི་ཤུགས་ཆེན་པོས་འགྲོ་བས་ན་ཤུགས་ཆེན་པོ་དང་། ལག་པ་བརྐྱངས་བསྐུམ་ཙམ་གྱི་རིང་ལ་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་སུ་འགྲོ་བས་ན་མགྱོགས་པ་ཆེན་པོ་སྟེ་དང་། གསུང་གི་རྫུ་འཕྲུལ་ཆེན་པོ་ཡན་ལག་དྲུག་ཅུའི་དབྱངས་ཀྱི་སྒྲ་ཆེར་གྲགས་པ་དང་། མཐུས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་པའི་ཕྱིར་སྟོབས་ཆེན་ཕ་རོལ་གནོན་པ་པོ་སྟེ་ཡེ་ཤེས་ཀྱིས་སྲིད་པའི་རི་བོ་ཆེན་པོ་མ་རིག་པ་ནས་རྒ་ཤིའི་བར་འཇོམས་པར་བྱེད་པ་དང་། སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་ཀྱི་སྐུ་དག་པ་གཉིས་ལྡན་ནི། མི་མཐུན་ཕྱོགས་ཀྱིས་ཕྱེད་བར་མི་ནུས་པས་ན་མཁྲེགས་པ་སྲ་ཞིང་རྡོ་རྗེ་ཆེན་པོ་འཆང་བ་སྟེ། རྡོ་རྗེའི་དོན་ནི་མི་ཕྱེད་པའི་དོན་ཡིན་པའི་ཕྱིར་རོ། །ཕྱི་རུ་བདུད་དང་འབྱུང་པོ་སོགས་དང་། ནང་དུ་ཉོན་མོངས་པ་འདུལ་བའི་ཕྱིར་དྲག་པོ་ཆེན་པོ་དང་། ཕྱི་རུ་འཇིགས་པའི་གཟུགས་ཅན་དྲག་པོ་སྟོན་པ་དང་། ནང་དུ་ཡེ་ཤེས་ཀྱི་ནུས་པ་ཤུགས་དྲག་པོས་བདུད་དང་ཉོན་མོངས་ཐམས་ཅད་འཇོམས་པའི་ཕྱིར་དྲག་ཤུལ་ཆེ་ཞིང་། ཕྱི་ནང་གི་འཇིགས་ཆེན་དེ་དག་འཇིགས་པ་སྟེ་འཇོམས་པར་བྱེད་པ་པོ་ཡིན་པའོ། ། སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་སུ་གྱུར་པའི་ཕྱིར་ན། མགོན་པོ་ཡིན་ལ། གསང་སྔགས་དང་རིག་སྔགས་ཀྱི་ལྷ་གཞན་རྣམས་ཀྱི་མཆོག་ཡིན་པའི་ཕྱིར། རིགས་མཆོག་ཆེན་པོ་སྟེ་དང་། འགྲོ་བ་ཆོས་སྟོན་པའི་ཕྱིར་འདིར་བླ་མ་ཞེས་བྱ་བའམ། ཡང་ན། རྒྱུད་སྡེ་འོག་མ་ལས་གོང་དུ་གྱུར་པའི་སྔགས་ཀྱི་ལམ་སྟོན་པས་ན་བླ་མ་གསང་སྔགས་ཆེ་བའི་མཆོག་གོ །གསང་སྔགས་ཀྱི་ཐེག་པ་ཆེན་པོའི་ཚུལ་ལ་གནས་ཤིང་། ཁྱད་པར་བླ་མེད་ཀྱི་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ལ་གནས་པའོ། །གཉིས་པ་ནི། གོང་དུ་བརྗོད་པ་དེ་རྣམས་ཀྱིས་དཀྱིལ་འཁོར་བའི་ལྷ་སྟོན་ཚུལ་གྱི་དབང་དུ་བྱས་ནས་མདོར་བསྡུས་བརྗོད་པར་བྱ་སྟེ། དེ་ཡང་། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། ཞེས་སོགས་ཀྱི་རྐང་པ་བཞིས། དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐྱེད་ཚུལ་དང་། མཆོད་པ་ཆེན་པོ་འདོད་ཆགས་ཆེ་སོགས་ཀྱིས་སྔར་བཤད་པ་ལྟར་རིགས་ལྔ་པོ་བསྟན། ཁོང་ནས་འབྱུང་བ་སྐྱེ་བ་མེད་ཅེས་སོགས་རྐང་པ་བཞིས་ཡུལ་བཞི། དེ་ནས་འདོད་པ་ཆེན་པོ་བདེ་བ་ཆེ། ཞེས་སོགས་རྐང་པ་གཉིས་ཀྱིས། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ལེགས་པ། རྡོ་རྗེ་ཆགས་པ་སྟེ་བཞི། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཞེས་སོགས་རྐང་པ་བཞིས་རྡོ་རྗེ་རིན་ཆེན། རྡོ་རྗེ་ཉི་མ། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ་བཞི་ཤེས་རབ་མཚོན་ཆ་ཆེན་པོ་འཆང་། ཞེས་སོགས་རྐང་པ་བཞིས་རྡོ་རྗེ་ཆོས། རྣོན་པོ། རྒྱུ། སྨྲ་བ་བཞི། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། ཞེས་སོགས་རྐང་པ་བཞིས། རྡོ་རྗེ་ལས། སྲུང་བ། གནོད་སྦྱིན། ཁུ་ཚུར་བཞི་སྟེ། དེ་དག་གིས་སེམས་དཔའ་བཅུ་དྲུག་བསྟན། སྦྱིན་བདག་ཆེན་པོ་སོགས་རྐང་པ་འགས་སྒེག་སོགས་ལྷ་མོ་བརྒྱད་དང་། རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཞེས་སོགས་ལྷག་མས་གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ་བསྟན་པ་ནི། སྒྱུ་འཕྲུལ་དྲ་བ་ཞེ་གསུམ་མ་དང་། ཐེག་པ་ཆེན་པོའི་ཚུལ་ལ་གནས། ཞེས་སོགས་རྐང་པ་གཉིས་ཀྱིས། ཡང་རྡོར་སེམས་ཡབ་ཡུམ་བསྟན་པ་ནི་ཞེ་ལྔ་མ། བྱམས་ཆེན་རང་བཞིན་དཔག་ཏུ་མེད། ཞེས་སོགས་རྐང་པ་བཞིས་ལྕགས་ཀྱུ་མ་སོགས་སྒོ་བ་བཞི་བསྟན་པ་ནི་ལྷ་ཞེ་དགུ་མའོ། །གཞུང་འདི་དག་ནི། དུས་འཁོར་དང་། བླ་མེད་སྤྱིའི་ལུགས་ཀྱང་ཡིན་ལ། རྣལ་འབྱོར་རྒྱུད་དུ་བཀྲལ་བ་ཕལ་ཆེར་ན་ལྷའི་དབྱེ་བ་གསལ་བར་མི་སྣང་ཞིང་། འདིའི་ལྷ་རྣམས་ལ་ཞལ་གསུམ་ཕྱག་དྲུག་བར་བཞེད་པ་སོགས་མི་འདྲ་བ་འགའ་རེ་སྣང་ཡང་། དེ་དག་ནི་འདིའི་དོན་ཡིན་པར་མི་འགལ་བའི་ཚུལ་ནི་བརྗོད་ཟིན་ནོ། །ཞེས་བྱ་བ་ནི་ལེའུ་ལྔ་པའི་བཤད་པའོ། །གཉིས་པ་ལ་ལྔ། ཆོས་དབྱིངས་ཡེ་ཤེས། མེ་ལོང་ལྟ་བུ། སོར་རྟོགས་ཡེ་ཤེས། མཉམ་ཉིད་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཀྱི་ལེའུ་བཤད་པའོ། །དང་པོ་ནི། སངས་རྒྱས་རྣམ་པར་སྣང་མཛད་ཆེ། ནས་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་སོ། །དེ་ཡང་། རིགས་ལྔའི་ནང་ནས་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་ནི་སྐུའི་རིགས་ཡིན་ལ། ངེས་མི་མཐུན་པའི་ཕྱོགས་ཐམས་ཅད་ཐུབ་པས་ན། ཐུབ་པ་ཆེན་པོ་ཞེས་བྱ་བ་ལ། ལྷ་མིའི་དྲང་སྲོང་གཞན་ལས་མཆོག་ཡིན་པའི་ཕྱིར། ཐུབ་ཆེན་ལྡན་པའམ། ཡང་ན་སྒོ་གསུམ་དུས་རྟག་ཏུ་མཉམ་པར་བཞག་པས་ན་འདི་སྐད་ཅེས་བྱའོ། །གསང་སྔགས་ཀྱི་ཚུལ་ཆེན་པོའི་ལམ་བསྒོམས་པ་ལས་བྱུང་བ་ཡིན་ལ། དེར་མ་ཟད། ད་ལྟ་ནི་འབྲས་བུ་གསང་སྔགས་ཀྱི་ཚུལ་ཆེན་པོའི་བདག་ཉིད་ཅན་གྱི་ཡེ་ཤེས་ཐོབ་པ་གནས་སོ། །འདིའི་རྣམ་སྣང་ནི་ཤཱཀྱ་ཐུབ་པའི་ངོ་བོ་རྣམ་སྣང་དེ་ལ་བཤད་པ་དང་། འཇམ་དབྱངས་ལ་རིགས་ལྔར་ཕྱེ་བའི་རྣམ་སྣང་ལ་བཤད་པ་གཉིས་དང་། དེ་གཉིས་ངོ་བོ་གཅིག་ཏུ་བཤད་པ་ལྟ་བུར་ཡར་སྣང་བ་ལས། གཉིས་པའི་དབང་དུ་བྱས་ཚེ་འཇམ་དཔལ་ཉིད་ཀྱིས་སྔར་ནས་ཀྱང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྦྱིན་པ་ནས། སྨོན་ལམ་གྱི་ཕར་ཕྱིན་གྱི་བར་སྔར་བཤད་པ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཐོབ་པ་སྟེ། དེར་མ་ཟད། ད་ལྟ་ཡང་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་ཤིང་། རྒྱུ་དང་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་སྐྱོན་གྱིས་མ་གོས་པས་ན་དག་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་ལ་རང་ཉིད་གནས་ཤིང་། སེམས་ཅན་གཞན་ཀྱང་ཚུལ་དེ་ལ་འགོད་དོ། །མགོན་པོ་ཁྱོད་ནི། ས་དང་པོ་རབ་ཏུ་དགའ་བ་ནས། བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རྫོགས་པའི་ཕྱིར། ས་བཅུའི་དབང་ཕྱུག་ཞེས་བྱ་སྟེ། ས་བཅུ་མཐར་ཕྱིན་པའི་ས་ལ་ནི་གནས་པ་པོ་ཡིན་ནོ། །སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ། ཟད་པ། མི་སྐྱེ་བ། ཆོས། རྗེས་སུ། ཀུན་རྫོབ། གཞན་གྱི་སེམས་ཏེ་རེ་རེ་ལ་ཤེས་པ་སྦྱར་བའི་ཤེས་པ་བཅུ་རྣམ་པར་དག་པའི་བདག་ཉིད་ཅན་ཡིན་ལ། ཤེས་པ་བཅུ་རྣམ་པར་དག་པ་ཐུགས་རྒྱུད་ལ་འཆང་བ་པོ་སྟེ། སྡུག་བསྔལ་བདེན་པ་ཇི་ལྟ་བ་བཞིན་དུ་ཤེས་ནས། གཞན་གྱི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་དང་ལྡན་པའོ། །རྣམ་པ་བཅུ་པོ་ཞེས་དང་དོན་བཅུའི་དོན་ཞེས་པ་ལ་དོན་མི་འདྲ་བ་བཤད་པ་འགའ་རེ་སྣང་ཡང་། ཕུང་པོ་ལྔ་དང་། ཉོན་མོངས་ལྔ་སྟེ་བཅུ་ནི་རྣམ་པར་བཅུའམ། ཕུང་པོ་ལྔ་དག་པས་རིགས་ལྔ་དང་། ཉོན་མོངས་ལྔ་དག་པས་ཡེ་ཤེས་ལྔ་སྟེ་བཅུ་ལ་དོན་བཅུའི་དོན་ཞེས་བྱ་བར་བཤད་པ་ལྟར་རམ། ཡང་ན། སློབ་པའི་སྐབས་ཀྱི་སྟོབས་རྣམ་པ་བཅུ་པོ་གོམས་པས་དོན་བཅུའི་འབྲས་བུ་ཐོབ་སྟེ། དེ་ཡང་སངས་རྒྱས་ཀྱི་གོ་འཕང་དོན་ཆེན་པོ་ཐུབ་དབང་གི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནས། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་བར་སྟོབས་བཅུ་མངའ་བ་དང་། ཐུགས་སེམས་ལ་ཁྱབ་པའི་བདག་ཉིད་ཅན་ནམ། ཡང་ན། རྗེ་བཙུན་གྱི་རྒྱུད་ལ་སྟོབས་སོགས་ཡོན་ཏན་གྱིས་ཁྱབ་པར་བཤད་པ་ལྟར་རོ། ། སྟོབས་བཅུ་འདི་ཡང་ཐུན་མོང་བའི་སྟོབས་བརྗོད་པ་བཞིན་དང་། ཡང་། བསམ་པའི་སྟོབས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྟོབས་ཀྱི་བར་བཅུ་དྲི་མེད་འོད་ལས་བཤད་དོ། །དེ་འདྲའི་སྟོབས་དེས་སེམས་ཅན་ཀུན་གྱི་དོན་ནི་མ་ལུས་པ་བྱེད་པ་ཡིན་ནོ། །རྣམ་བཅུ་དབང་ལྡན་ཞེས་པ་ལ་མཚོན་བྱེད་དང་མཚོན་དོན་གཉིས། དང་པོ་ནི། ཧཀྵམལཝརཡཾ་སྟེ་ཡི་གེ་བདུན་དང་། ཟླ་ཚེས་ཐིག་ལེ་དང་བཅས་པ་དང་། ནཱ་ད་དང་། ཡི་གེ་ཐམས་ཅད་ཀྱི་སྲོག་གི་ཨ་ཡིག་སྟེ་བཅུ་ལ་རྣམ་བཅུ་དབང་ལྡན་ཞེས་བྱ་ལ། དུས་འཁོར་ལྟར་ན། དེ་དག་གིས་མང་དུ་མཚོན་པར་བྱེད་དོ། ། མཚོན་དོན་གྱི་དབང་བཅུ་ཐུན་མོང་བ་ནི། ཚེ་ལ་དབང་བ་དང་། དེ་བཞིན་དུ། ལས་དང་། ཡོ་བྱད་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། སྐྱེ་བ་དང་། ཆོས་དང་། སེམས་དང་། ཡེ་ཤེས་ལ་དབང་པ་སྟེ་བཅུ་དང་ལྡན་ན། རྣམ་པ་བཅུའི་དབང་དང་ལྡན་པའི་ཆེ་བ་པོ་སྟེ་ཆེན་པོའོ། །གློ་བུར་དུ་བྱུང་བ་མ་ཡིན་པར་ཐོག་མ་མེད་པ་ནས་རང་བཞིན་གྱིས་གྲུབ་པའི་སྤྲོས་པ་མེད་པའི་བདག་ཉིད་དུ་གནས་པའི་དེ་བཞིན་ཉིད་དང་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་སྒྲིབ་གཉིས་རྣམ་པར་དག་པའི་བདག་ཉིད་ལས་མི་གཡོ་བར་ཆུ་ལ་ཆུ་བཞག་པ་ལྟར་མཉམ་པར་བཞག་གོ །དེ་ལྟ་ནའང་གཞན་གྱི་དོན་དུ་མི་འཇུག་པ་མིན་ཏེ། གཞན་ལ་རྫུན་མེད་པའི་བདེན་པར་སྨྲ་ཞིང་ཚིག་གཞན་དུ་མི་འགྱུར་བ་ཡིན་ལ། སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་ཅིང་། གཟུང་འཛིན་གྱི་ཆོས་གཉིས་རང་གཞན་གྱིས་མེད་པ་དེ་ནི། གཞན་ལ་གཉིས་སུ་མེད་པའི་ཚུལ་དེ་ལྟར་སྟོན་པར་བྱེད་དོ། །སྔར་བཤད་པ་དེ་དག་གིས་དབང་བསྐུར་ཚུལ་དང་། སློབ་མའི་རྣམ་གཞག་ཀྱང་བསྟན་པར་བཞེད་པའང་ཡོད། །རང་ཉིད་ཡང་དག་པའི་མཐའ་དེ་བཞིན་ཉིད་ལ་རྣམ་པར་གནས་ནས་སེམས་ཅན་གཞན་ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མེད་པར་སྟོན་པའི་སེང་གེའི་སྒྲ་སྒྲོགས་པ་དང་ལྡན་པའི་ཕྱིར། བདག་ཏུ་སྨྲ་བའི་མུ་སྟེགས་བྱེད་ཀྱི་རི་དྭགས་ངན་པའི་ཚོགས་རྣམས་འཇིགས་པར་བྱེད་དོ། །འདི་ནི་གཟུགས་ཅན་གྱི་རྒྱན་ཏེ། འཇམ་དཔལ་དང་། སེང་གེ །དེའི་གསུང་དང་སེང་གེའི་སྒྲ། མུ་སྟེགས་ངན་པ་དང་། རི་དྭགས་གཉིས་སྦྱར། སེངྒེའི་སྒྲས་རི་དྭགས་སྐྲག་པར་བྱེད་པ་བཞིན་དུ། རྗེ་བཙུན་གྱི་བདག་མེད་སྟོན་པའི་གསུང་གིས། བདག་སྨྲའི་མུ་སྟེགས་ཀྱི་རིགས་རྣམས་སྐྲག་པར་བྱེད་པར་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་ཀུན་དུ་འགྲོ་བའི་ཚུལ་གྱིས་སེམས་ཅན་གྱིས་དོན་སྒྲུབ་པར་བྱེད་པའི་ཕྱིར་དོན་ཡོད་པའི་སྟོབས་དང་ལྡན་ལ། དེའི་ཚེ་མགྱོགས་ཚུལ་ནི། དེ་བཞིན་གཤེགས་པའི་ཡིད་ལྟར་སྐད་ཅིག་གཅིག་ལ་ཞིང་དེ་དང་དེ་དག་ཏུ་སླེབ་པའི་མགྱོགས་པ་སྟེ་མྱུར་རོ། །གང་ལས་རྒྱལ་བ་ཡིན་ན་ཉོན་མོངས་པ་དང་སྡིག་པའི་ཆོས་ལས་རྣམ་པར་རྒྱལ་ཞིང་། ཕ་རོལ་གྱི་སྨྲ་བ་ངན་པའི་དགྲ་ལས་རྒྱལ་བའོ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་ཕྱིར་ན། འཁོར་ལོ་སྒྱུར་བ་དང་། གཞན་གྱི་དཔུང་འཇོམས་པས་ན་སྟོབས་པོ་ཆེ་ཞེས་བྱའོ། །ཉན་ཐོས་ཀྱི་ཚོགས་ཀྱི་སློབ་དཔོན་མཛད་ཅིང་། རང་རྒྱལ་གྱི་ཚོགས་རྣམས་ཀྱི་མཆོག་ཡིན་ལ། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱི་རྗེ་བོ་སྟེ་དཔོན་དང་། དེ་བཞིན་གཤེགས་པའི་ཚོགས་ཀྱི་བདག་པོ་སྟེ། མདོར་ན། རྗེ་བཙུན་ནི། རིགས་དང་དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་བསྟན་པའོ། །དེ་རྣམས་ལ་ཡོན་ཏན་གྱི་དབང་སྒྱུར་བས་དབང་དང་ལྡན་ལ། དེ་ཉིད་ཀྱི་ཕྱིར་ན་མཐུ་ཆེན་པོ་ཞེས་ཀྱང་བྱའོ། །མཐུ་དེ་ཡང་ཡེ་ཤེས་ཀྱི་སྟོབས་ཡིན་པས་ཡེ་ཤེས་དེ་རང་གིས་གཅེས་པར་འཛིན་ཞེས་ཀྱང་བཤད་ལ། ཆོས་དང་རྗེ་བཙུན་ཉིད་སངས་རྒྱས་བྱང་སེམས་ཀྱི་གཅེས་པར་འཛིན་པའི་ཕྱིར་གཅེས་པར་འཛིན་པ་སྟེ་ཞེས་བཤད། ཐེག་པ་ཆེན་པོའི་སྔགས་ཀྱི་ཚུལ་མཐར་ཐུག་པ་ཆེན་པོ་ལ་གནས་པས་ན་གཞན་གྱི་དྲིང་མི་འཇོག་སྟེ། ཉན་རང་བྱང་སེམས་སོགས་སློབ་དཔོན་གཞན་ལ་བལྟོས་པ་མེད་པའི་ཕྱིར་རོ། །གསུང་གི་ཡོན་ཏན་གྱི་ཁྱད་པར་ལ་དོན་སོ་སོ་ཡང་དག་པ་རིག་པ་ཉིད་ཐོབ་པས་ན། ཚིག་གི་རྗེ་དང་། ཆོས་སོ་སོ་ཡང་དག་རིག་པ་ཐོབ་པས་ན། ཚིག་གི་བདག་པོ་དང་། ངེས་པའི་ཚིག་སོ་སོ་ཡང་དག་རིག་པས་ནི་སྨྲ་མཁས་པ་དང་། སྤོབས་པ་སོ་སོ་ཡང་དག་རིག་པས་ནི་ཚིག་ལ་དབང་བའོ། །སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པའི་ཕྱིར་ན། ཚིག་མཐའ་ཡས་པའོ། །དོན་མི་སླུ་བར་སྟོན་པས་ན་ཚིག་བདེན་ཞིང་། སྔ་ཕྱི་མི་འགལ་བར་དོན་དང་མཐུན་པར་སྟོན་པས་ན་བདེན་པར་སྨྲ་བ་སྟེ། སྡུག་བསྔལ་བདེན་པ། ཀུན་འབྱུང་། ལམ། འགོག་བདེན་ཏེ། འཕགས་པའི་བདེན་པ་བཞི་ནི་གདུལ་བྱ་ལ་སྟོན་པ་པོའོ། །དེ་དག་ནི་སྒྲ་ཇི་བཞིན་པའི་དབང་དུ་བྱས་ལ། འདི་དག་གིས་སྦས་དོན་ལ་དབང་བསྐུར་བའི་སློབ་དཔོན་གྱི་དབྱེ་བ་བསྟན་པའི་ཚུལ་ཡང་ཡོད་དོ། །ཐེག་པ་དམན་པའི་ལམ་དུ་ལྡོག་མི་སྲིད་པས་ན། ཕྱིར་མི་ལྡོག་པ་སྟེ་དེ་ཡང་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་དོན་ནོ། །ལས་ཉོན་ཀྱི་དབང་གིས་འཁོར་བར་མི་འོང་བས་ན་ཕྱིར་མི་འོང་བའོ། །གདུལ་བྱ་འདུལ་བའི་ཕྱིར་དུ་འདྲེན་པ་རང་རྒྱལ་ཚོགས་ན་གནས་པ་དང་། གཅིག་པུར་གནས་པ་བསེ་རུ་ལྟ་བུའི་ཚུལ་དུ་སྤྲུལ་པར་མཛད་ལ། ཡང་ན། རང་རྒྱལ་དེ་དག་གི་རིགས་ཅན་ལ་ཆོས་བསྟན་ནས། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་འཐོབ་པར་བཤད་པ་ལྟར་རོ། །གདུལ་བྱའི་རིགས་སྣ་ཚོགས་པ་རང་རང་གི་རིགས་དང་། མཐུན་པར་འཁོར་བ་ལས་ངེས་པར་འབྱུང་བའི་ཐབས་སྣ་ཚོགས་པ་བསྟན་ནས་དེ་ཡང་ངེས་པར་འབྱུང་བའི་ཐར་པ་ལ་འགོད་པར་མཛད་དོ། །གོ་འཕང་དེར་འབྱུང་བའི་ཐབས་ཆེན་པོ་རྒྱུ་གཅིག་པུ་ནི་དགེ་བའི་ལས་ཁོ་ནའོ། ། འདིར་འབྱུང་བ་ཆེན་པོ་ནི་རྒྱ་འགྲེལ་ཁ་ཅིག་ཏུ་འབྱུང་བཞིར་བཤད་པ་ཡང་སྣང་ལ། འོན་ཀྱང་འགྱུར་བ་ཆེན་པོ་ཞེས་འབྱུང་བ་ནི། མ་དག་པར་གསལ་སྟེ་འགྲེལ་བ་རྣམས་སུ་འབྱུང་བའི་དོན་དུ་བཤད་པས་སོ། །ཉོན་མོངས་དང་བྲལ་བས་ན། དོན་དམ་པའི་དགེ་སློང་ཞེས་བྱ་ལ། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་ཟག་པ་ཐམས་ཅད་སྤངས་པའི་ཕྱིར་ན་དགྲ་བཅོམ་པ་ཟག་པ་ཟད་པ་དང་། འདོད་པའི་ཡུལ་ལྔ་ལ་འདོད་ཆགས་དང་བྲལ་བའི་ཕྱིར། འདོད་པའི་ཡུལ་གཟུགས་སོགས་ལ་ཆགས་པས་འཇུག་པ་མེད་པས་མིག་སོགས་ཀྱི་དབང་པོ་ལྔ་ཐུལ་བ་ཡིན་ཏེ། དཔེར་ན། རྟ་རྒོད་བཏུལ་བ་བཞིན་ནོ། །མཐར་ཐུག་གི་ཟག་མེད་ཀྱི་བདེ་བ་དམ་པ་རྙེད་པས་བདུད་བཞི་ལ་འཇིགས་པ་མེད་པའི་གནས་ཐོབ་པའོ། །ཉོན་མོངས་པའི་ཚ་གདུང་སྤངས་པས་ན་བསིལ་བར་གྱུར་པ་དང་། གློ་བུར་གྱི་དྲི་མས་མ་གོས་པས་རྙོག་པ་མེད་པའོ། །འདི་དག་གི་སྦས་དོན་ལ་རྡོ་རྗེ་སློབ་དཔོན་གྱིས་ཆོས་སྟོན་ཚུལ་དང་། དེའི་ཡོན་ཏན་བསྟན་པ་ལ་སྦྱར་བ་ཞིག་ཀྱང་སྣང་ངོ་། །རྗེ་བཙུན་གྱིས་གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དྲན་པ་དང་། ཟག་པ་ཟད་པ་སྟེ་ཤེས་པའི་རིག་པ་དང་ནི། རྫུ་འཕྲུལ་གྱི་རྐང་པར་ལྡན་ལ། མཐར་ཐུག་གི་བདེ་བ་དམ་པར་གཤེགས་པས་བདེ་བར་གཤེགས་པ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་མཁྱེན་ནས་ཆོས་སྟོན་པས་འཇིག་རྟེན་རིག་པ་སྟེ་མཁྱེན་པའི་གཙོ་བོར་དམ་པའི་མཆོག་གོ །མིག་སྣ་སོགས་བདག་གི་བ་ལ་དམིགས་ནས་བདག་གི་བར་རང་བཞིན་གྱི་གྲུབ་པར་མི་འཛིན་ལ། བདག་ལ་དམིགས་ནས་བདག་གམ་རང་རང་ངོས་ནས་གྲུབ་པར་ཡང་མི་འཛིན་ཞིང་། ཀུན་རྫོབ་ཀྱི་སྣང་བ་རྣམས་སྒྱུ་མ་ལྟ་བུ་དང་། དེ་དག་རང་བཞིན་གྱིས་མེད་པའི་དོན་དམ་པ་སྟེ། བདེན་པ་དེ་གཉིས་ཀྱི་ཚུལ་ཤེས་པ་ལ་གནས་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་བའི་རྒྱ་མཚོའི་ཕ་རོལ་གྱི་མཐར་སོན་པ་སྟེ་ཕྱིན་ལ། དེ་ཡང་ལྟ་བ་དང་སྤྱོད་པས་ལམ་གྱི་བྱ་བ་ཐམས་ཅད་བྱས་པ་ལས་སྒྲིབ་གཉིས་ཀྱི་རླན་གཤེར་བ སྐམས་པའི་སངས་རྒྱས་ཀྱི་སར་གནས་སོ། །ཡང་ན། བྱ་བ་བྱས་པ་ནི་སེམས་ཅན་གྱི་དོན་བྱས་པའོ་ཞེས་འཆད་པ་ལྟར་རོ། །དེ་ཁོ་ན་ཉིད་ད་ལ་རྟག་ཏུ་མཉམ་པར་བཞག་པའི་ཤེས་པ་འབའ་ཞིག་ངེས་པར་གསལ་བ་སྟེ། དེས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀྱི་སར་རྟེན་བརྟེན་པའི་དངོས་པོ་རྣམས་ཡེ་ཤེས་ཀྱི་བདག་ཉིད་འབའ་ཞིག་ཏུ་སྣང་བའི་དོན་ཏེ། བཤད་པ་མི་འདྲ་བ་མང་ངོ་། །ཤེས་རབ་མཚོན་ཆ་ལྟ་བུས་གདུལ་བྱའི་མི་མཐུན་ཕྱོགས་ཐམས་ཅད་རྣམ་པར་འཇོམས་པར་བྱེད་ལ། ལུང་དང་རྟོགས་པའི་དམ་ཆོས་རྣམས་དབང་བསྒྱུར་བས་ན་ཆོས་ཀྱི་རྒྱལ་པོ་སྟེ། དེས་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་བསལ་ནས་གནས་པས་གསལ་བར་ལྡན་པའམ། ཡང་ན། ཆོས་དེ་དག་རྗེ་བཙུན་གྱི་ཐུགས་ལ་གསལ་བར་ལྡན་པའོ་ཞེས་བཤད་པ་ལྟར་རམ། ཡང་། དམ་ཆོས་ནི་ལུང་དང་། ཆོས་རྒྱལ་ནི་རྟོགས་པའི་དམ་ཆོས་སོ། །དམ་ཆོས་དེས་འཇིག་རྟེན་སེམས་ཅན་གྱི་མ་རིག་པའི་མུན་པ་བསལ་ནས་ཡེ་ཤེས་ཉིད་སྣང་བར་བྱེད་པའི་མཆོག་གོ །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་དབང་བསྒྱུར་བས་ན་ཆོས་ཀྱི་དབང་ཕྱུག་དང་། འཁོར་ལ་ཆོས་དེ་རྣམས་རང་དབང་གི་སྟོན་པས་ན་ཆོས་ཀྱི་རྒྱལ་པོ་དང་། ལེགས་པ་ཐར་བ་དང་སངས་རྒྱས་ཀྱི་ཆོས་གཟུགས་ཀྱི་སྐུ་སྟེ། དེ་ཐོབ་བྱེད་ཀྱི་ཐབས་དང་རྗེས་སུ་མཐུན་པའི་ལམ་ནི་སྟོན་པ་པོའོ། །དེ་ལྟར་བསྟན་པས་གདུལ་བྱའི་འདོད་པའི་དོན་ཐམས་ཅད་གྲུབ་པར་བྱས་པས་གདུལ་བྱ་འམ་རྗེ་བཙུན་རང་ཉིད་ཀྱི་བསམ་པ་གྲུབ་པ་སྟེ། སྔོན་སྨོན་ལམ་དེ་ལྟར་བཏབ་པ་བཞིན་འགྲུབ་པའི་ཕྱིར་རོ། །བདག་གཉིས་སུ་མཚན་མར་འཛིན་པའི་ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས་པའི་ཆོས་ཀྱི་སྐུ་ཐོབ་ཅིང་། ཆོས་སྐུ་དེ་ནི་གཉིས་སྣང་གི་རྟོག་པ་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པའི་རང་བཞིན་ཅན་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་མི་ཟད་པ་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་དམ་པ་ཟད་མི་ཤེས་ཞེས་བྱ་སྟེ། ཟད་པ་དང་འཇིག་པ་མེད་པའི་ཆོས་ཉིད་ཀྱི་སྐུ་ཡིན་པའི་ཕྱིར་རོ། །དེ་ནི་སྤངས་པ་ཆོས་སྐུའི་དབང་དུ་བྱས་ལ་གཟུགས་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་ཀྱི། དང་པོ་ནི། ལེགས་པ་སྤྱད་པའི་བསོད་ནམས་དང་ལྡན་པ་ཡིན་ལ། སྔར་བསགས་པའི་བསོད་ནམས་ཀྱི་ཚོགས་ལས་བྱུང་བ་དང་། ཕྱི་མ་ཡེ་ཤེས་ཆོས་སྐུ་ནི། ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོ་ཡེ་ཤེས་ཀྱི་ཚོགས་ལས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས་ནི། དངོས་པོ་རྣམས་ཇི་ལྟར་འབྱུང་བ་དང་འཇིག་པའི་ཁྱད་པར་དང་ཐ་སྙད་དུ་ཡོད་ཅིང་། རང་བཞིན་གྱིས་མེད་པའི་ཁྱད་པར་ཇི་ལྟ་བ་བཞིན་དུ་ཤེས་པས་སམ། ཡང་ན། ཡོད་པ་ནི་མངོན་སུམ་དང་། མེད་པ་ནི་ལྐོག་གྱུར་ལ་བཤད་པ་ལྟར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་ཚོགས་ནི་མཐའ་དག་བསགས་པ་པོ་སྟེ། རྗེ་བཙུན་དེའི་ཡེ་ཤེས་དང་། དེས་མཚོན་པའི་གཞན་གྱི་ཡེ་ཤེས་ལའང་སྦྱར་རུང་ངོ་། །འདིར་སྦས་དོན་དུ་བསོད་ནམས་ཀྱི་ཚོགས་བསྟན་པའི་སྒོ་ནས་བསྐྱེད་རིམ་དང་། ཡེ་ཤེས་ཀྱི་ཚོགས་བསྟན་པའི་སྒོ་ནས་རྫོགས་རིམ་ཀྱང་བཤད་པའི་ཚུལ་ཡོད་དོ། །གཟུགས་སྐུའི་འཕྲིན་ལས་རྒྱུན་མི་འཆད་པ་དང་། ཆོས་ཀྱི་དེ་བཞིན་ཉིད་མི་འཇིག་པའི་ཕྱིར་ན་རྟག་པ་ཞེས་བྱ་ལ། དེ་ནི་མི་མཐུན་ཕྱོགས་ལས་གྲོལ་བས་ན་ཀུན་ལས་རྒྱལ་བའོ། །རྟག་ཏུ་བསམ་གཏན་དང་པོ་སོགས་དང་། བླ་མེད་ལྟར་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཉིད་ལ་རྣལ་འབྱོར་དུ་བྱེད་པ་ཅན་ཏེ་དེ་དག་ལ་བསམ་གཏན་བྱེད་ཅིང་། བསྒོམ་པའམ་བསམ་པར་བྱ་བར་གནས་སོ། །དེ་ལྟ་བུའི་བསམ་གཏན་གྱི་བློ་དང་ལྡན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཅན་རང་བཞིན་གྱིས་སྟོང་པར་རྟོགས་པའི་མཉམ་གཞག་སོ་སོ་རང་རིག་པའི་ཡེ་ཤེས་ལས་མི་གཡོ་བར་གནས་པ་ཞེས་བྱའོ། །འདིར་རྟག་པ་ཞེས་པ་ནི་རྣམ་སྣང་ལ་བྱས་ནས་དེའི་རྣལ་འབྱོར་བསྒོམ་ཚུལ་ཞིག་ཀྱང་བསྟན་པར་བཞེད་པའང་ཡོད་དོ། །སངས་རྒྱས་ཀྱི་གོ་འཕང་མཆོག་གི་དང་པོ་ཆོས་ཀྱི་སྐུ་ཐོབ་ལ་དེ་དང་དུས་མཉམ་པའི་ཚུལ་གྱིས་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀྱང་ཐོབ་པས་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་འཆང་བ་སྟེ་ཐོབ་པའམ་འཛིན་པའོ། །བླ་མེད་ལྟར་ན་སངས་རྒྱས་རྡོ་རྗེ་འཆང་འཇམ་དཔལ་དེ་ནི། ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་སྐུ་ལ་རྣམ་པར་སྨིན་པ་དང་། སྨིན་པ་མ་ཡིན་པའི་སྤྲུལ་སྐུ་གཉིས་སུ་ཕྱེ་བས་སྐུ་ལྔའི་བདག་ཉིད་ཅན་ཡིན་པས་རིགས་ཀུན་ལ་ཁྱབ་པའི་བདག་ཉིད་ཅན་དང་། ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་ལ་ཡེ་ཤེས་ལྔ་མཚོན་པའི་ཕྱིར་སངས་རྒྱས་རིགས་ལྔའི་བདག་ཉིད་ཅོད་པཎ་དུ་འཛིན་པ་ཅན་ནོ། །སྤྱན་ལྔ་དང་ཡང་ལྡན་ཏེ། ཤའི་སྤྱན་ལ་སོགས་པ་སྤྱན་ལྔའི་ཡུལ་ཐམས་ཅད་ལ་ཆགས་པ་མེད་ཅིང་། ཐོགས་པ་མེད་པ་ཉིད་ཡིན་ལ། དེ་ལྟ་བུའི་སྤྱན་ལྔ་འཆང་བའི་ཕྱིར་རོ། །རྗེ་བཙུན་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པ་པོ་སྟེ་ཡབ་ཏུ་གྱུར་པ་སྟེ། འོན་ཀྱང་སངས་རྒྱས་སྲས་པོ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དམ་པ་མཆོག་གི་ཚུལ་འཛིན་པའོ། །ཆོས་རྣམས་རང་བཞིན་མེད་པར་ཤེས་པ་ཉིད་ཀྱིས། སྲིད་པ་འཁོར་བ་ལས་འབྱུང་བས་ན་འཁོར་བའི་སྐྱེ་གནས་མེད་དོ། །འདིར་འགྲེལ་བ་རྣམས་ལས་སྐྱེ་གནས་མེད་པའི་དོན་དུ་བཤད་པས། ཏེ་ཞེས་པ་ནི་མ་དག་པར་གསལ་ལོ། །དེ་ཡང་ཆོས་ཉིད་རྟོགས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུས་སྲིད་པར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་སེལ་བར་བྱེད་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྐུ་ཡིན་པས་ན་གཅིག་པུ་དང་། དེ་མི་མཐུན་ཕྱོགས་ཀྱིས་ཕྱེད་པར་མི་ནུས་པའི་སྲ་བརྟན་ཅན་ཡིན་པས་ན། སྲ་ཞིང་འཁྲེགས་པ་དང་རྡོ་རྗེའི་བདག་ཉིད་ཅན་ཏེ། དེ་ལྟ་བུའི་སྐུ་དེ་ཐོབ་མ་ཐག་པ་ནས་འགྲོ་བའི་དཔལ་དུས་གྱུར་པས་ན། སྐྱེས་མ་ཐག་པ་ནས་འགྲོ་བའི་བདག་པོའོ། །འདིར་གཅིག་པུ་སྲ་འཁྲེགས་རྡོ་རྗེ་ནི། དེས་དོན་ལ་སྦྱར་ན། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང་། ཟུང་འཇུག་གི་སྐུ་ལ་བྱེད་དུ་རུང་། ནམ་མཁའ་ལྟ་བུའི་ཆོས་ཀྱི་དབྱིངས་རྟོགས་པ་ལས་བྱུང་བའི་རང་བྱུང་བའི་ཡེ་ཤེས་མངོན་དུ་བྱས་ཤིང་། ཟབ་མོ་རྟོགས་པའི་ཤེས་རབ་དང་རྒྱ་ཆེ་བ་རྟོགས་པའི་ཡེ་ཤེས་ཀྱི་མེ་པོ་ཆེ་སྟེ་མེར་ཆེར་འབར་བས། གདུལ་བྱའི་ཉོན་མོངས་པ་སོགས་ཐམས་ཅད་སྲེགས་པར་བྱེད་ཅིང་། ཡེ་ཤེས་དེའི་འོད་ཆེན་པོས་རང་གི་རྒྱུད་རྣམ་པར་སྣང་བར་བྱེད་དོ། །འདི་ནམ་མཁའ་ནི། ཆོས་ཉིད་ཀྱི་འོད་གསལ་ལ་བྱས་ནས་དེ་ལས་ཡེ་ཤེས་ཀྱི་སྐུ་ཟུང་འཇུག་འགྲུབ་པའི་ཚུལ་ལའང་བཤད་དུ་རུང་ངོ་། །ཡེ་ཤེས་དེས་ཡུལ་ཐམས་ཅད་མ་མངོན་སུམ་དུ་རྟོགས་པས་ན། སྣང་བ་ལམ་མེ་བར་གསལ་ལོ། །འགྲོ་བའི་མ་རིག་པའི་མུན་པ་ཐམས་ཅད་སེལ་བའི་ཕྱིར་ནི་མར་མེ་ཞེས་བྱ་བའོ། །དེ་སེལ་བ་ཙམ་དུ་མ་ཟད་དེ་དག་གི་རྒྱུད་སྣང་བར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་སྒྲོན་མེའོ། །ནམ་མཁའ་ལས་བྱུང་ནས་འདིའི་བར་གྱི་རྐང་པ་ལྔས། རིམ་བཞིན། ཆོས་དབྱིངས་ཡེ་ཤེས། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོགས་པ། བྱ་གྲུབ་ཡེ་ཤེས་ཏེ་ལྔ་བཤད་པར་འདོད་པའང་ཡོད་དོ། །ཡེ་ཤེས་ལྔའི་རང་བཞིན་མཚོན་པའི་ཕྱིར་རྣམ་པར་བཀྲ་བའི་འོད་ཁ་དོག་ལྔ་དང་ལྡན་པས་ན། གཟི་བརྗིད་ཆེན་པོ་འོད་གསལ་བའོ། །སྔགས་ཀྱི་མཆོག་གསང་སྔགས་ཀྱི་བདག་པོ་ཡིན་པས། རིག་པའི་རྒྱལ་པོའོ། །དེ་ཡང་སྔགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པའི་དོན་ནོ། །གསང་སྔགས་ཀྱི་རྒྱལ་པོ་ཡིན་པས། དེའི་སྒོ་ནས་སེམས་ཅན་གྱི་དོན་ཆེན་པོ་བྱེད་དོ། །གསང་སྔགས་ཞེས་པའི་དོན་ནི། ཐབས་ཤེས་དབྱེར་མེད་པ་ཞིག་ལ་བྱེད་པས། དེ་རྒྱུད་སྡེ་བཞིའི་དོན་ལ་ཡོད་དོ། །གསང་སྔགས་དེ་དང་དེ་ཉིད་ལྡན་པ་ནི། གཙུག་ཏོར་ཆེན་པོ་ལྟར་རྨད་དུ་བྱུང་བ་སྟེ། ཀུན་གྱི་སྤྱི་གཙུག་ཏུ་བཀུར་བར་འོས་སོ། །འདི་དག་གིས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་བསྟན་པར་བཤད་པའང་ཡོད་པས། དེའི་ལུགས་ལ། གཙུག་ཏོར་ཆེན་པོ་ནི་གཙུག་ཏོར་འཁོར་སྒྱུར་དང་། རིག་སྔགས་རྒྱལ་པོ་ནི་གནོད་མཛེས་ལ་བྱེད་པར་སྣང་། དུས་ཀྱི་འཁོར་ལོའི་ལུགས་སུ་བྱས་ཏེ་བཤད་ན། གཙུག་ཏོར་ཆེན་པོ་ཞེས་པ་དང་། ནམ་མཁའི་བདག་པོ་སོགས་ལ་བཤད་པ་ཡ་མཚན་ཞིག་འདུག་ཀྱང་མང་དུ་དོགས་ནས་མ་བྲིས་སོ། །ནམ་མཁའ་ལྟ་བུའི་ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཉམ་པར་གཞག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ན་བདག་པོ་སྟེ། དེ་ལ་གནས་བཞིན་དུ་སྤྲུལ་པ་དང་འཕྲིན་ལས་མི་འདྲ་བ་སྣ་ཚོགས་སྟོན་པར་བྱེད་དོ། །རིགས་ཐམས་ཅད་ཀྱི་བདག་པོའི་སྐུ་ཡིན་པས་ན། སངས་རྒྱས་ཀུན་གྱི་བདག་པོའི་སྐུ་ཡི་མཆོག་སྟེ། ཟུང་འཇུག་གི་སྐུ་བརྙེས་པའོ། །སྐུ་དེའི་སྒོ་ནས་སྤྲུལ་པ་སྣ་ཚོགས་བསྟན་ནས་སེམས་ཅན་དོན་བྱེད་པས་ན། འགྲོ་ཀུན་དགའ་བའི་མིག་དང་ལྡན་པ་སྟེ། གང་ལ་གང་མོས་ཀྱི་གཟུགས་འཛིན་པའོ། །དེ་ཡང་གང་ཞེ་ན། ལྷ་མི་ཀླུ་སོགས་སྣ་ཚོགས་པའི་གཟུགས་ཅན་བསྐྱེད་པ་པོ་སྟེ་སྒྲུབ་པར་བྱེད་དོ། །མིག་དང་ཞེས་པ་ལ་དོན་གཞན་ཡང་། ཤེས་རབ་དང་ཡེ་ཤེས་ཀྱི་མིག་ཅེས་བཤད་པའང་སྣང་ངོ་། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་འཇམ་དཔལ་དེ་ནི། ཚངས་པ་བརྒྱ་བྱིན་སོགས་ཀྱིས་ཀྱང་མཆོད་པར་འོས་པ་དང་བརྗེད་པར་འོས་པ་སྟེ་བསྟོད་འོས་པ་དང་། ལྷ་མིའི་དྲང་སྲོང་རྣམས་ལས་ཁྱད་པར་དུ་འཕགས་པས་ན་དྲང་སྲོང་ཆེན་པོའོ། །སྐུ་གསུང་ཐུགས་ཀྱི་རིགས་སམ། གསང་སྔགས་རིགས་སྔགས་གཟུངས་སྔགས་ཀྱི་རིགས་གསུམ་འཆང་བ་སྟེ་འཛིན་པས་ན། གསང་སྔགས་དང་ལྡན་པ་ཞེས་བྱའོ། །གསང་སྔགས་ཀྱི་ཚུལ་ལས་མི་འདའ་བས་ན་དམ་ཚིག་ཆེན་པོ་ཏེ། ཚུལ་དེས་དོན་གྱི་གསང་སྔགས་འཛིན་ལ། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་དང་། ཟུང་འཇུག་གི་སྐུ་འཛིན་པའོ། །གཙོ་བོའམ་མཆོག་ཏུ་གྱུར་པའི་ཡེ་ཤེས་དང་སྐུ་དེ་ལྟ་བུ་འཛིན་པ་ནི་སངས་རྒྱས་ལ་སོགས་པའི་དཀོན་མཆོག་གསུམ་འཛིན་པའང་ཡིན་ནོ། །དེ་ཡང་ཡེ་ཤེས་དེ་ནི་ཆོས་དཀོན་མཆོག་དང་། དེ་མཐར་ཕྱིན་པ་ནི་སངས་རྒྱས་དང་། དེ་སྒྲུབ་པར་བྱེད་པ་ནི་དགེ་འདུན་དཀོན་མཆོག་ཏུ་བྱེད་པའོ། །ཐེག་པ་མཆོག་གསུམ་ཞེས་པ་ནི། ཕྱི་མ་ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་ཐེག་པ་གསུམ་དང་། ནང་དུ་གསང་སྔགས་རིག་སྔགས་གཟུང་སྔགས་གསུམ་ལ་བཤད་དོ། །དེ་གསུམ་ནི་གདུལ་བྱ་ལ་སྟོན་པ་པོ་ཡིན་ལ། འབྲས་བུའི་དོན་ཡོད་པའི་ཐུགས་རྗེའི་ཞགས་པས་གདུལ་བྱ་རྣམས་རྗེས་སུ་འཛིན་པ་དང་། ཐུགས་རྗེའི་ཞགས་པ་དེ་ནི། མི་མཐུན་ཕྱོགས་རང་དོན་ཉིད་གཙོ་བོར་བྱེད་པ་ལ་རྣམ་པར་རྒྱལ་བ་དང་། ཐུགས་རྗེས་སེམས་ཅན་མི་གཏོང་བས་ན་འཛིན་པ་ཆེན་པོ་ཡིན་ལ། མི་མཐུན་ཕྱོགས་ཀྱིས་མི་བྱེད་པས་ན་རྡོ་རྗེ་དང་སེམས་ཅན་རྗེས་སུ་འཛིན་པའམ་འཆིང་བས་ན་ཞགས་པ་སྟེ། དེ་ལྟ་བུའི་ཡེ་ཤེས་དེས་འཛིན་པ་དང་། འཆིང་བར་བྱེད་པ་གཉིས་ཀྱི་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་ཆེན་པོ་ཞེས་མཚུངས་པའི་མིང་གིས་བརྗོད་དོ། །འདིར་ལྕགས་ཀྱུ་དང་ཞགས་པ་ཞེས་པའི་སྦས་དོན་དུ་སྒོ་བ་བཞི་བསྟན་པར་བཞེད་དོ། །གོང་དུ་བརྗོད་པ་དེ་དག་གིས་རྫོགས་རིམ་གྱི་སྦྱོར་བ་ཡན་ལག་དྲུག་བསྟན་པར་དུས་འཁོར་གྱི་ལུགས་སུ་འགྲེལ་ཚུལ་སྣང་ཡང་མ་བྱས་སོ། །ཞེས་བྱ་བ་ནི་ལེའུ་དྲུག་པའི་རྣམ་པར་བཤད་པའོ། །གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་སོ། དེ་ནས་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཅེས་གསུངས་ཏེ། འདི་དག་ལ་བཤད་ཚུལ་མི་འདྲ་བ་གཞན་སྣང་ཡང་། དྲང་ངེས་གཉིས་ཀྱིས་བཤད་ན། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཐར་ཐུག་ནི། ངེས་དོན་གྱི་རྡོ་རྗེ་འཇིགས་བྱེད་ཡིན་ལ། དེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་འཇིགས་པར་བྱེད་པས་དེ་ལྟར་དུ་བརྗོད་ཅིང་། ཡང་བདུད་དང་སྲིན་པོ་སོགས་འཇོམས་པར་བྱེད་པའི་ཕྱིར་ན། འཇིགས་པར་བྱེད་ཅེས་བརྗོད་དོ། །རྒྱ་འགྲེལ་འགའ་ཞིག་ཏུ་ནི། འཇིགས་པར་བྱེད་པ་དེ་གདོང་དྲུག་ཅེས་པའི་ཁྲོ་བོ་ཉིད་དང་སྦྱང་ལ། ལ་ལར་རྡོ་རྗེ་འཇིགས་བྱེད་ཅེས་པས་འཇིགས་བྱེད་དང་། འཇིགས་པར་བྱེད་ཅེས་པས་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས་འབྱུང་བའི་སྤྲུལ་པའི་ཁྲོ་བོ་དེ་བསྟན། གདོང་དྲུག་ནི། གདོང་དྲུག་གི་རྒྱུད་ནས་བཤད་པའི་ཁྲོ་བོ་བསྟན་པ་ཡིན་ཞེས་སོགས་བཤད་ཚུལ་མང་ངོ་། །འོན་ཀྱང་འདི་ལྟར་བཤད་པར་བྱ་སྟེ། རྡོ་རྗེ་འཇིགས་བྱེད་ཅེས་པ་འཇིགས་བྱེད་ཉིད་ལ་བྱས་ནས། དེས་གང་འཇིགས་པར་བྱེད་ན་བདུད་དང་གཤིན་རྗེ་སོགས་འཇིགས་པར་བྱེད་དོ། །ཡང་། འཇམ་དཔལ་གྱི་སྤྲུལ་པའི་ཁྲོ་བོ་རྒྱལ་པོ་གདོང་དྲུག་ཅེས་བྱ་བ་དེ་ཡང་འཇིགས་པའི་གཟུགས་ཅན་ཏེ། དེའི་གདོང་དྲུག་རེ་རེ་ལའང་མིག་གསུམ་གསུམ་ཡོད་ཀྱང་། མིག་གསུམ་པོ་རིར་གཅིག་ཏུ་བསྡུས་ན། མིག་དྲུག་ཡོད་ཅེས་བྱ་ལ་ལག་པ་དྲུག་དང་ལྡན་ཞིང་། བདུད་དང་བགེགས་ཐམས་ཅད་འཇོམས་ནུས་པས་ན་སྟོབས་དང་ལྡན་པའོ། །ཐོད་སྐམ་སོགས་རུས་པའི་རྒྱན་གྱིས་བརྒྱན་པས་ན་ཀེང་རུས་ཀྱིས་བརྒྱན་པ་དང་། ཞལ་མཆེ་བ་གཙེགས་པ་པའོ། །ཡང་། ཁྲོ་བོ་ཧ་ལ་ཧ་ལ་ཞེས་བྱ་བ་འཇམ་དཔལ་གྱི་སྤྲུལ་པ་དེ་ལ་ཞལ་བརྒྱ་ཡོད་པས། གདོང་བརྒྱ་པ་ཞེས་བྱ་ལ། དེས་གཤིན་རྗེ་འཇོམས་པས་ན་གཤིན་རྗེ་གཤེད་པོ་དང་། བགེགས་འཇོམས་པས་ན་བགེགས་ཀྱི་རྒྱལ་པོའོ། །ཧ་ལ་ཧ་ལ་ཞེས་པ་ནི་སྔ་མའི་སྦྲུལ་རྒྱན་དུ་བཤད་པའང་སྣང་ངོ་། །ཕྱག་མཚན་གྱི་རྡོ་རྗེ་ནི། དཔེ་མེད་པའི་ཤུགས་ཆེན་པོ་ཅན་དེ་བགེགས་ཐམས་ཅད་འཇིགས་པར་བྱེད་པའོ། །འགའ་ཞིག་ཏུ་གཤིན་རྗེ་གཤེད་པོ་དང་། བགེགས་ཀྱི་རྒྱལ་པོ་དང་རྡོ་རྗེ་ཤུགས་ཅན་དང་། འཇིགས་པར་བྱེད་པ་རྣམས་རེ་རེས་ཀྱང་འཇམ་དཔལ་རྣམ་འཕྲུལ་གྱི་ཁྲོ་བོ་རེ་རེ་བསྟན་པར་བཤད་ཀྱང་། དྲང་དོན་དུ་རྫས་ཀྱི་རྡོ་རྗེ་ལ་དེ་ལྟར་དུ་གྲགས་པ་ཡིན་ཀྱང་། རྡོ་རྗེའི་དོན་ནི། ངེས་དོན་གྱི་སྙིང་པོའི་དབང་དུ་བྱས་ན། བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ཉིད་ལ་བྱེད་པ་ཡིན་ལ། དེ་ཉིད་ལྷ་དྲག་པོའི་རྣམ་པར་བསྟན་པས་ན་སྒྱུ་འཕྲུལ་རྡོ་རྗེ་ཞེས་བྱའོ། །ལ་ལར་རྡོ་རྗེ་གྲགས་པ་དང་། རྡོ་རྗེ་སྙིང་པོ་དང་། སྒྱུ་འཕྲུལ་རྡོ་རྗེ་སོགས་རེ་རེས་ཀྱང་ཁྲོ་བོ་རེ་རེ་བསྟན་པར་བཤད་དེ། འདིའི་གོང་འོག་རྣམས་སུ་ཁྲོ་བོ་ལྔ་བཅུའི་སྐོར་ཞིང་བཤད་པར་བཞེད་པའང་ཡོད་དོ། །དེ་ལྟར་སྤྲུལ་པའི་ཁྲོ་བོ་དེ་ཡང་མིའུ་ཐུང་གི་གཟུགས་སུ་ཡོད་ཅིང་ལྟོ་བ་ཆེ་བས་ན་གསུས་པོ་ཆེ་ཞེས་བྱའོ། །དེ་ནི་ངེས་དོན་གྱི་རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ལས་སྐྱེས་པ་ཡིན་ལ། དེ་ལས་སྐྱེས་པའི་སྐུ་དེ་ཡང་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་ཅན་ནོ། །མི་ཕྱེད་པའི་རྡོ་རྗེའི་སྙིང་པོ་ངེས་དོན་གྱི་རྡོ་རྗེ་གཉིས་སུ་མེད་པའི་མཐར་ཐུག་པ་ནི། གཉིས་སྣང་ཐམས་ཅད་ཞི་བས་ན། ནམ་མཁའ་དང་འདྲ་བ་ཞེས་བྱ་ལ། དེ་ནི་མཚན་འཛིན་གྱི་རྣམ་རྟོག་གིས་མི་གཡོ་བ་སྟེ་བསྐྱོད་པར་མི་ནུས་སོ། །སྐུའི་ཆ་བྱེད་ལས། དབུའི་རལ་པ་ནི་སྤྱི་བོར་མཉམ་པོར་གཅིག་གིས་བཅིངས་པའི་བསྒྱིངས་པ་སྟེ་འགྱིངས་པའི་ཚུལ་ལོ། ཁྲོ་བོ་དེ་དག་ནི་གླང་ཆེན་གྱི་ཀོ་བ་རློན་པ་སྟོད་དུ་གོས་སུ་གྱོན་པ་ཅན་ནོ། །གསུང་གི་གད་བརྒྱངས་ནི་སྒྲ་དྲག་པོ་ཆེན་པོ་ཧ་ཧ་ཞེས་སྒྲོགས་པར་བྱེད་ཅིང་ཧི་ཧི་ཞེས་པའི་སྒྲ་སྒྲོགས་ཏེ་གདུག་པ་ཅན་རྣམས་འཇིག་པར་བྱེད་དོ། །དྲག་ཆེན་ཞེས་པ་ལ་གྲགས་ཆེན་གྱི་དོན་དུ་བྱས་པའང་སྣང་ངོ་། །ཧ་ཧ་ལ་སོགས་པའི་གད་མོ་ཆེན་མོས་ས་གསུམ་ཁྱབ་པར་བྱེད་པའི་གད་བརྒྱངས་ཅན་གྱི་སྙིང་པོ་ཉིད་སྟོན་པའི་རྡོ་རྗེ་གད་མོ་བཞད་པའི་སྒྲ་ཆེས་ཆེར་སྒྲོགས་པའོ། །ནང་དུ་བདེ་སྟོང་གི་ཡེ་ཤེས་ཀྱིས་མྱོས་པས་ཕྱི་རོལ་ཏུ་ཞལ་ནས་སྒྲ་དེ་ལྟར་སྒྲོགས་པར་བྱེད་ཀྱང་། ཐུགས་ནི་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པས་ན་རྡོ་རྗེ་དང་། རང་དོན་མཐའ་ཐུག་པས་ན་སེམས་དཔའ་དང་། གཞན་དོན་མཐའ་ཐུག་པས་ན་སེམས་དཔའ་ཆེན་པོ་ཞེས་བྱ་ཞིང་ཟག་མེད་བདེ་སྟོང་གི་ཡེ་ཤེས་དེ་ནི་རྡོ་རྗེའི་རྒྱལ་པོ་ཡིན་ལ། དེ་མི་འགྱུར་བའི་བདེ་བའི་ངོ་བོར་གྱུར་པས་ན་བདེ་བ་ཆེ་བ་དང་། དེས་མི་མཐུན་ཕྱོགས་འཇོམས་པས་ན་རྡོ་རྗེ་དྲག་པོ་དང་། རང་གཞན་ཐམས་ཅད་མགུ་བར་བྱེད་པས་ན་དགའ་བ་ཆེ་བའོ། །གཞན་ཡང་། ཞལ་ནས་རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས་ཤིང་། མཚོན་དུ་ནི་དྲང་ངེས་ཀྱི་རྡོ་རྗེའི་མདའ་གཉིས་ཐོགས་པ་སྟེ། ནང་གི་མི་མཐུན་ཕྱོགས་འབིགས་པར་བྱེད་པའི་ངེས་དོན་ཡེ་ཤེས་ཀྱི་མདའ་དང་། དྲང་དོན་དུ་མཚོན་གྱི་མདའ་འམ་མདའ་དང་འདྲ་བའི་མཚོན་ཐོགས་པ་ལའང་བཤད། དེ་བཞིན་དུ་ངེས་དོན་ཤེས་རབ་ཀྱི་རལ་གྲི་དང་། དྲང་དོན་མཚོན་གྱི་རལ་གྲི་འཆང་བས་ན་རྡོ་རྗེ་རལ་གྲི་དང་། དེས་མི་མཐུན་ཕྱོགས་གཅོད་པར་བྱེད་པས་ན་མ་ལུས་གཅོད་པའོ། །རྡོ་རྗེ་ཀུན་འཆང་ཞེས་པ་ལ་དྲང་ངེས་གཉིས་ལས་དྲང་དོན་གྱི་སྣ་ཚོགས་རྡོ་རྗེ་འཆང་བ་ཡིན་ལ། ངེས་དོན་གྱི་ཡེ་ཤེས་ལྔ་འཆང་བའོ། །དེ་ལྟ་བུའི་དྲང་ངེས་ཀྱི་རྡོ་རྗེ་འཛིན་པས་ན་རྡོ་རྗེ་ཅན་ཞེས་བྱའོ། །ངེས་དོན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་གཅིག་པུས་དེ་ནི་མི་མཐུན་ཕྱོགས་ཀྱི་གཡུལ་སེལ་བར་བྱེད་པ་སྟེ། མཚོན་བྱེད་དུ་རྫས་ཀྱི་རྡོ་རྗེ་བསྣམས་པའོ། །རྡོ་རྗེ་འབར་བ་མིག་མི་བཟང་། །ཞེས་པ་ལ་དྲང་ངེས་ཀྱི་བཤད་པ་གཉིས་ལས་ངེས་དོན་ནི། ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་སྤྱན་གྱིས་ཡུལ་ཐམས་ཅད་མཐོང་བའི་མཐའ་ཚང་བཟུང་མི་ནུས་པ་དང་། ཡེ་ཤེས་ཀྱི་མིག་དེས་ཉོན་མོངས་པ་སོགས་འཇོམས་པར་བྱེད་པས་ན། མིག་མི་བཟང་ཤེས་བྱ་ལ། དྲང་དོན་གྱི་ཡེ་ཤེས་དེ་གང་ལ་ཡོད་པའི་ཁྲོ་བོ་དེ་དག་གི་སྤྱན་ལས་མེ་ལྟ་བུའི་འོད་འབར་བས་ན་རྡོ་རྗེ་འབར་བ་དང་། སྤྱན་གྱི་འོད་ངེས་གདུག་པ་ཅན་རྣམས་སྲེག་པར་བྱེད་པའི་ཕྱིར་མིག་མི་བཟང་བའོ། །ཞེས་བྱ་བ་སྟེ་དེས་ནི་སྤྱན་རྩ་གློག་ལྟར་འཁྱུག་པ་སོགས་བལྟ་བར་མི་བཟོད་པར་བསྟན་ཏོ། །འདིར་མིག་མི་བཟང་བ་དང་མི་བཟང་བ་གང་བྱས་ཀྱང་དོན་འདྲ་ཡང་འགྲེལ་པ་ཕལ་ཆེར་ལས་སྔ་མ་ལྟར་འབྱུང་ངོ་། །དེ་ལྟ་བུའི་དྲང་ངེས་ཀྱི་སྤྱན་གཉིས་ཀྱང་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་བ་ལ། དེར་མ་ཟད། དབུའི་སྐྲ་ཡང་རྡོ་རྗེ་འབར་བ་སྟེ། ཡེ་ཤེས་ཀྱི་བདག་ཉི་ཅན་ཡིན་པས་སོ། །དེ་ནི་དབུ་སྐྲས་མཚོན་པའི་དབུ་ཞབས་ཕྱག་སོར་མོ་སོགས་སྐུའི་ཆ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ངོ་བོ་བདག་ཉིད་ཡིན་པས་ཐམས་ཅད་ཀྱིས་ཡུལ་མཐོང་བ་དང་ཐོས་པའི་ཁྱད་པར་མེད་དོ། །དེ་ཡང་བདེ་མཆོག་རྩ་རྒྱུད་ལས། ཀུན་ཏུ་ཕྱག་དང་ཞབས་ལྡན་པའི། ། ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀུན་ཏུ་སྙན་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་ཏེ་རྣམ་པར་བཞུགས། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་ནའང་དེ་དག་ཤེས་པ་ཡིན་ནོ་ཞེས་མི་བྱའོ། །འབར་བའི་དོན་ནི། དྲང་དོན་དུ་འོད་འབར་བ་ལའང་བྱེད་ཅིང་། ངེས་དོན་དུ་ཡུལ་གསལ་བར་གཟིགས་པའོ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ་ལའང་གཉིས་ཏེ། དྲང་དོན་དུ་སྐུའི་ཆ་ཐམས་ཅད་ནས་རྡོ་རྗེའི་མཚོན་ཆའི་ཆར་འབེབས་པ་དང་། རབ་ཏུ་འབེབས་པས་གདུག་པ་ཅན་འདུལ་བའི་དོན་ཏེ། འབེབས་པ་ནི་གདུག་པ་ཅན་ཆུང་ངུ་འདུལ་བ་དང་། འབེབས་པ་ཆེན་པོ་ནི། གདུག་པ་ཅན་ཆེན་པོ་འདུལ་བ་ལའང་བཤད། ངེས་དོན་ནི། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པས་འབེབས་པ་དང་། ཇི་སྙེད་པའི་ཞེས་བྱ་ཐམས་ཅད་ཐོགས་མེད་དུ་གཟིགས་པ་ནི་འབེབས་པ་ཆེན་པོ་སྟེ། བཤད་མ་ཐག་པའི་དྲང་ངེས་ཀྱི་སྤྱན་དང་། སྐུ་སོགས་ལའང་སྦྱར་རུང་བར་སེམས་སོ། །མིག་བརྒྱ་པ་སྟེ་ཞེས་པ་ནི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་སྤྱན་བརྒྱས་མཚོན་ནས་མང་དུ་ཡོད་པར་བསྟན་པ་དང་། ཁྲོ་བོ་གདོང་བརྒྱ་པ་ལ་མིག་བརྒྱ་སོགས་ཡོད་པའི་དོན་དུ་བཤད་པ་གཉིས་སོ། །ཡུལ་ལ་ཐོགས་པ་མེད་པས་ན་རྡོ་རྗེའི་མིག་གོ །འདིར་ལུས་ནི་ཞེས་སོགས་གོང་མ་དང་། ཟློས་སམ་སྙམ་དུ་དོགས་པར་མི་བྱ་སྟེ། ཕྱེ་ནས་གསུངས་པས་མི་འགལ་བར་ཤེས་དགོས་ལ་དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན་ཏེ། ལུས་ཀྱི་བ་སྤུ་རྣམས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ནོ། །ཐ་མལ་གྱི་བ་སྤུ་མ་ཡིན་པར་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེའི་སྤུ་ནི་གཅིག་པུ་སྟེ་ཁོ་ནའི་རང་བཞིན་ལུས་ཅན་དང་། ཕྱག་གི་སེན་མོ་སྐྱེས་པ་ནི་རྡོ་རྗེའི་རྩེ་མོ་དང་མཚུངས་ཤིང་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་དོ། །དེ་བཞིན་དུ་རྡོ་རྗེའི་སྙིང་པོ་ཅན་གྱི་ལྤགས་པ་མཁྲེགས་པ་སྟེ། སྲ་ཞིང་མཁྲེགས་པས་སུས་ཀྱང་མི་འབིགས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེའི་འཕྲེང་བ་མི་མགོའི་རྣམ་པ་ཅན་ཐོགས་པ་སྟེ། དེ་རྣམས་ཀྱི་མཚོན་དོན་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པའོ། །མདོར་ན། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེའི་རྒྱན་སྔར་བཤད་པ་དེ་དག་ཀུན་གྱི་བརྒྱན་པ་སྟེ། རྒྱན་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ཆ་ཤས་ཡིན་པས་ན། ཀུན་ཀྱང་རྡོ་རྗེ་འབར་བ་མིག་མི་བཟང་། སྐྲ་ཡང་ཤེས་པའི་སྐབས་སུ་བཤད་པ་ལྟར་ཉན་པ་དང་ལྟ་བ་སོགས་ཀྱི་ཁྱད་པར་དང་ལྡན་ནོ། །གསུང་གིས་གད་བརྒྱངས་ཧ་ཧ་ཞེས་ངེས་པར་སྒྲོགས་པ་སྟེ། དྲག་པོའི་དབང་དུ་བྱས་པའོ། །འདི་ནི་གོང་དུ་བསྟན་ཀྱང་ཁྲོ་བོ་སོ་སོ་ལ་སྦྱར་བའམ། ཡང་ན། སྔ་མ་ལྟར་གསུང་གི་ཧ་ཧ་ཞེས་སྒྲོགས་པ་སོགས་ཀྱང་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་བསྟན་པ་སྟེ། སྔགས་བླ་མེད་གྱི་ཐེག་པའི་སྐབས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་ངོ་བོ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཞི་བའི་དབང་དུ་བྱས་ན། ཡི་གེ་དྲུག་པ་རྡོ་རྗེ་སྒྲ། ཞེས་པའི་ཡི་གེ་དྲུག་པ་ནི། ཨ་ར་པ་ཙ་ན་དྷིཿལ་བྱེད་པ་དང་། ༀ་ཝཱ་གི་ཤྭ་རི་མུཾཿལ་བྱེད་པ་གཉིས་སྣང་ལ། དེ་ལྟ་བུའི་རྡོ་རྗེའི་ཚིག་གི་སྒྲ་སྒྲོགས་པ་སྟེ། ཡི་གེ་དེ་དག་གི་མཚོན་དོན་རིགས་དྲུག་གིས་བསྡུས་པའི་སྔགས་ཀྱི་ཐེག་པ་སྟོན་པའི་དོན་ནོ། །དེ་ལྟར་སྒྲོགས་པའི་གསུང་ནི་འཇམ་ཞིང་སྙན་པའི་དབྱངས་ཆེན་པོ་སྟེ། དེའི་སྒྲ་ཆེ་བའམ་མཆོག་ཡིན་ལ། དེ་ནི་ས་འོག་སོགས་འཇིག་རྟེན་གསུམ་ན་སྒྲ་ཇི་སྙེད་ཡོད་པའི་ནང་ནས་འགྲན་ཟླ་མེད་པས་སྐུ་གཅིག་པ་ལྟ་བུ་སྟེ་དེ་ཡང་ནམ་མཁའི་མཐའ་ཀླས་ཏེ། ནམ་མཁའི་ཁམས་ལ་མཐའ་མེད་པ་ལྟར་མཐའ་དང་བྲལ་བའི་ཚུལ་གྱིས་སྒྲ་སྒྲོགས་པ་བྱེད་པའི་ཕྱིར་ན། སྒྲ་དང་ལྡན་པ་གཞན་རྣམས་ཀྱི་མཆོག་ཅེས་བྱའོ། །འདིར་ཡི་གེ་དྲུག་པ་ནི་ཧཱུཾ་གི་སྒྲ་དྲུག་ལ་བྱས་ནས། དེ་སྒྲོགས་པ་པོ་དྲུག་པོ་ཉིད་ལ་སྦྱར་བ་དང་། ཡི་གེ་དྲུག་སྔར་ལྟར་བྱས་ནས། འཇམ་དབྱངས་ཞེས་པ་འཇམ་དབྱངས་ཉིད་ལ་སྦྱར་བའང་ཡོད་དོ་ཞེས་པའི་ལེའུ་བདུན་པའི་བཤད་པའོ། །གསུམ་པ་སོར་རྟོག་ཡེ་ཤེས་ནི། ཡང་དག་བདག་མེད་དེ་བཞིན་ཉིད། ནས། ཡེ་ཤེས་མེ་ལྕེས་འོད་རབ་གསལ། ཞེས་སོ། །ཡང་དག་པའི་གནས་ལུགས་ཀྱི་དོན་སྟོང་པ་ཉིད་དེ་ནི། ཆོས་ཀྱི་བདག་དང་གང་ཟག་གི་བདག་མེད་པས་རབ་ཏུ་ཕྱེ་བའི་དེ་བཞིན་ཉིད་ཡིན་པས་དེ་ལ་ཡང་དག་པའི་མཐའ་ཞེས་ཀྱང་བྱ་སྟེ། དེ་ནི་ཡི་གེ་དང་བརྗོད་པའི་སྒྲ་དང་རྟོག་པ་ཙམ་གྱིས་བློ་ཡུལ་དུ་མཚོན་པར་བྱར་མེད་དེ་རྟོག་གེ་ཙམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །འདིར་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་སྟོང་པ་ཉིད་དང་། དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་སྐུ་གཉིས་བསྟན་ཏེ། །དེ་ལྟ་བུའི་སྟོང་པ་ཉིད་སྟོན་པར་བྱེད་པའི་གང་ཟག་མཆོག་ཡིན་པའི་ཕྱིར་ན་སྨྲ་བའི་ཁྱུ་མཆོག་ཅེས་བྱ་སྟེ། ཟབ་པ་བདག་མེད་པ་ཇི་ལྟ་བ་བཞིན་སྟོན་ཅིང་། རྒྱ་ཆེ་བ་ཇི་སྙེད་པ་ཐམས་ཅད་དང་ཐབས་ཀྱི་ཕྱོགས་ལེགས་པར་སྟོན་པའི་སྒྲ་སྒྲོགས་པས་སོ། །དེ་ལྟར་སྟོན་པའི་གསུང་ལ་ཆོས་ཀྱི་དུང་ཞེས་བྱ་སྟེ། དེ་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པ་དང་ལྡན་པའོ། །དེ་ཡང་རྗོད་བྱེད་ཀྱི་ངོས་ནས་ཆོས་དུང་བུས་པ་ལྟ་བུའི་སྒྲ་ཆེ་བ་སོགས་དང་བརྗོད་བྱའི་ངོས་ནས་ཟབ་པ་དང་རྒྱ་ཆེ་བ་བསྒྲོགས་པའོ། །གསུང་ལ་ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ་ཞེས་བྱ་སྟེ། བདུད་དང་མུ་སྟེགས་ཕམ་པར་བྱེད་པའི་གཎྜཱིའི་སྒྲ་ཆེན་པོ་སྒྲོགས་པ་དང་མཚུངས་པའོ། །སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་ཐབས་སྟོན་པར་བྱེད་པ་པོའི་སྒྲ་ཡང་ཡིན་ལ། སྒྲ་ཕྱོགས་བཅུར་སྒྲོགས་པའི་ཆོས་ཀྱི་རྔ་བོ་ཆེ་དང་མཚུངས་པའང་ཡིན་ནོ། །སངས་རྒྱས་ཀྱི་ལོངས་སྐུ་ནི། རྡུལ་ཕྲ་རབས་འདུས་པའི་གཟུགས་མེད་ལ། འོན་ཀྱང་འཇའ་ཚོན་ལྟ་བུའི་གཟུགས་ཕྲ་བའི་བདག་ཉིད་ཅན་ཡིན་པས་གཟུགས་བཟང་དམ་པ་ཞེས་བྱ་སྟེ། ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་གཟུགས་ལ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པའི་ཕྱིར་རོ། །རྒྱ་འགྲེལ་འགའ་ཞིག་ཏུ། གཟུགས་མེད་པ་ནི་ཆོས་སྐུ་དང་། གཟུགས་བཟང་བ་ནི་ལོངས་སྐུར་བཤད་པའང་ཡོད་དོ། །ལོངས་སྐུ་དེས་སྤྲུལ་པ་སྣ་ཚོགས་པ་སྟོན་པས་ན་སྣ་ཚོགས་གཟུགས་ཅན་ཞེས་བྱ་ལ། ཡེ་ཤེས་ཀྱི་བདག་ཉིད་ཅན་ལས་གྲུབ་པས་ན་ཡིད་ལས་སྐྱེས་པའོ། །རྡུལ་གཅིག་གི་སྟེང་དུ་ཡང་སྣ་ཚོགས་པའི་གཟུགས་རྣམས་སྟོན་པས་ན་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ཞེས་བྱ་ལ། ཟླ་བའི་གཟུགས་བརྙན་བཞིན་དུ། གདུལ་བྱའི་བསམ་ངོ་དང་མཐུན་པར་སྒྲུབ་པའི་གཟུགས་བརྙན་མ་ལུས་འཆར་བ་པོའོ། །བདུད་དང་བགེགས་སོགས་ཀྱིས་ཚུགས་པ་མེད་ཅིང་། ལྷ་དང་མི་སོགས་ཀུན་གྱི་ནང་ནས་བསོད་ནམས་དང་ཡོན་ཏན་གྱིས་ཆེ་བར་གྲགས་པའོ། །ས་འོག་སོགས་གསུམ་མམ། འདོད་ཁམས་སོགས་ཁམས་གསུམ་ལ་དབང་ཕྱུག་ཏུ་བྱེད་པའི་ཆེན་པོ་སྟེ། ཁམས་གསུམ་གྱི་བདག་པོ་ཚངས་པ་དང་དབང་ཕྱུག་སོགས་ལས་ཀྱང་མཆོག་ཡིན་པའི་ཕྱིར་རོ། །འཕགས་པའི་ལམ་ཤིན་ཏུ་མཐོ་བ་གཉིས་སུ་མེད་པའི་ཡེ་ཤེས་མཐར་ཐུག་ལ་གནས་པ་སྟེ། དེ་ལྟ་བུའི་ཡེ་ཤེས་ཀྱི་དར་བ་ཆེན་པོ་ནི་དར་བའམ་རྒྱས་ཞིང་འཕེལ་བའི་མཐར་ཕྱིན་པ་ཡིན་པས་སོ། །དེ་ཆོས་རྣམས་ཀྱི་ནང་ནས་མཆོག་གམ་རྩེ་མོ་ལྟ་བུ་ཡིན་པས་ན། དེའི་ཏོག་ཅེས་བྱའོ། ཁ་ཅིག་དར་བ་ཆེན་པོ་ནི། ལོངས་སྐུ་དང་། འགའ་ཞིག་ཡེ་ཤེས་ཀྱིས་མཁྱེན་ཚུལ་རྒྱ་ཆེ་བ་ལ་བཤད་དོ། །མཛད་པ་ནི། འཇིག་རྟེན་གསུམ་ན་གཞོན་ནུ་བཅུ་དྲུག་ལོན་པ་ལྟ་བུའི་ལུས་གཅིག་པ་ལྟ་བུར་སྟོན་པ་དང་། ཡང་ཉན་ཐོས་ཀྱི་གཟུགས་སུ་གནས་བརྟན་དང་རང་རྒྱལ་རྒན་པོ་ལྟ་བུར་སྟོན་པ་དང་། ཚངས་པ་ལ་སོགས་པ་སྐྱེ་དགུའི་བདག་པོ་དང་། སུམ་ཅུ་རྩ་གཉིས་ཀྱི་མཚན་འཆང་བའི་བྱང་སེམས་སམ་སངས་རྒྱས་ལྟ་བུ་དང་། གཞན་གྱི་ཡིད་དུ་འོང་བ་སྡུག་གུའི་གཟུགས་དང་ལྡན་པ། འཇིག་རྟེན་གསུམ་ན་མཛེས་པ་དང་། འཇིག་རྟེན་ལ་རང་ཉིད་ཀྱིས་ཤེས་པ་ལགས་པའི་ཕྱོགས་སྟོན་པའི་སློབ་དཔོན་དུ་གྱུར་ཏེ། ལམ་སྟོན་པ་ན། འཇིག་རྟེན་གྱི་སློབ་དཔོན་དུ་གྱུར་པ་དང་། ཕས་ཀྱི་རྒོལ་བ་གཞན་གྱིས་འཇིགས་པ་མེད་པ་དང་། འཇིག་རྟེན་སེམས་ཅན་གྱི་མགོན་དུ་གྱུར་པ་དང་། དེ་རྣམས་ངན་སོང་ལས་སྐྱོབ་པ་པོར་གྱུར་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་བཅུགས་པ་སྟེ་ཡིད་མཛའ་བའི་གྲོགས་ལྟ་བུ་དང་། དེ་དག་སྡུག་བསྔལ་ལས་སྒྲོལ་བའི་སྐྱབས་དང་། དེའི་ཤེས་རྒྱུད་མི་མཐུན་ཕྱོགས་ལས་སྐྱོབ་པ་པོ་དང་། ཚུལ་དེ་ལྟར་བྱེད་པ་ལ་གོང་ནས་གཞན་མེད་པས་བླ་ན་མེད་པ་ཞེས་བྱའོ། །འདིར་རྒྱ་འགྲེལ་འགའ་ཞིག་ཏུ་སྐུའི་རྣམ་པར་བསྟན་པ་ལ་མ་བཤད་པར་རྗེ་བཙུན་ཉིད་ལ་དེ་དག་གི་སྒྲ་བཤད་ཀྱི་དབང་དུ་བྱས་ནས་བཤད་ལ་ལར་དབང་བཞིའི་སྐབས་སུ་དང་། དེའི་སློབ་དཔོན་གཉིས་སྤྲེལ་ནས་སྟོན་པའི་དོན་དུ་བཤད་དེ། ཕྱི་མ་ནི་སྦས་དོན་དུ་བྱས་ཀྱང་མི་འགལ་ལ། སློབ་དཔོན་ནི་འཇིག་རྟེན་ཤེས་ལེགས་ཞེས་སོགས་རྐང་པ་བཞི་འཆད་པར་འདོད་དོ། །ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུའི་མཐའ་ལ་ལོངས་སྤྱོད་པར་བྱེད་ཅིང་། ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ན་རྒྱ་མཚོའོ། །ཡང་ན་རྒྱ་མཚོ་ནི་མང་ཚིག་སྟེ། ཡེ་ཤེས་མང་དུ་མངའ་བའི་དོན་ནོ། །བྱ་སྒོ་ངའི་ནང་ནས་འདོན་པ་ལྟར། གདུལ་བྱ་མ་རིག་པའི་སྒོ་ངའི་སྦུབས་ན་འདུག་པའི་སྒོ་འབྱེད་པར་མཛད་ཅིང་། དེ་ལ་ཕྱིར་བཏོན་ནས་ཐར་པ་ལ་འགོད་པར་བྱེད་དོ། །སྲིད་པ་སྟེ་འཁོར་བའི་དྲ་བ་ལས་དང་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པ་པོ་ཞེས་བྱ་སྟེ། རྩ་བ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པ་ཞི་བར་བྱེད་པས་སོ། །ལས་དང་ཉོན་མོངས་པའི་དབང་གིས་ཉིང་འཚམས་སྦྱར་བ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་སྟེ་ཕྱིན་ནས་ཐར་པ་བླ་ན་མེད་པའི་སྐམ་སར་གནས་པའོ། །འདི་དག་གིས་སྦས་དོན་དུ་བླ་མས་དབང་གསུམ་པ་དང་བཞི་པ་བསྐུར་ནས་འཁོར་བ་ལས་གྲོལ་བར་བྱེད་པའི་ཚུལ་ཞིག་བསྟན་པར་བཤད་དེ། ཡེ་ཤེས་དབང་བསྐུར་ཞེས་པ་ཡང་དབང་དེ་གཉིས་ལ་བྱེད་དོ། །འོན་ཀྱང་འདི་ལྟར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ཡེ་ཤེས་ལྔ་དང་ལྡན་པ་ཉིད་མཚོན་པའི་ཕྱིར་སངས་རྒྱས་རིགས་ལྔ་རང་གི་སྤྱི་བོར་དབང་བསྐུར་བའི་ཅོད་པན་ཅན་དུ་ཐོགས་པ་སྟེ། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་ཞེས་སོ། །སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་མ་ལུས་པ་ཞི་བར་བྱེད་པ་དང་ཆགས་སོགས་དུག་གསུམ་སེལ་བར་བྱེད་ཅིང་། མཐའ་ཡས་པའི་འགྲོ་བ་རྣམས་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་གྲོལ་བ་གསུམ་ཐོབ་པར་མཛད་དོ། །གྲོལ་བ་གསུམ་ནི་ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་གྲོལ་བ་ལ་བཤད་པ་དང་། གྲོལ་གསུམ་ཐོབ་པ་གདུལ་བྱས་ཐོབ་འགྱུར་ལ་མི་བྱེད་པར་སངས་རྒྱས་ཀྱིས་ཐོབ་ཟིན་པ་ལ་བཤད་པའང་སྣང་ངོ་། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ནས་ནམ་མཁའ་ལྟར་ཁྱབ་པའི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་གནས་པའི་ཕྱིར་ན། ཉོན་མོངས་པ་དང་དྲི་མ་ཀུན་ལས་འདས་པའི་བདག་ཉིད་ཅན་ཞེས་བྱའོ། །ཇི་ལྟ་བ་གཟིགས་པའི་མཉམ་བཞག་གི་གཟིགས་ངོར་འདས་མ་འོངས་ད་ལྟའི་དུས་གསུམ་དུས་ཀྱི་རང་བཞིན་དུ་གྲུབ་པ་མེད་པར་རྟོགས་པ་པོ་དང་། སྤངས་པ་དང་རྟོགས་པའི་ཁྱད་པར་དེ་དག་གིས་སེམས་ཅན་ཀུན་གྱི་གཙོ་བོ་ཆེན་པོར་གྱུར་པ་དང་། ཡོན་ཏན་གྱི་ཐོད་ཅན་ཉན་རང་བྱང་སེམས་རྣམས་ཀྱིའང་ཐོད་དུ་གྱུར་པ་སྟེ། མགོ་བོའི་ཐོད་བཞིན་དུ་བཀུར་བའི་གནས་མཆོག་ཏུ་གྱུར་པའོ། །ཉོན་མོངས་པ་བག་ཆགས་དང་བཅས་པ་ཀུན་ལས་རྣམ་པར་གྲོལ་བའི་ཆོས་སྐུ་ཐོབ་ཅིང་། ནམ་མཁའི་ལམ་དང་མཚུངས་པའི་ཡེ་ཤེས་ཀྱི་སྐུ་ལ་རབ་ཏུ་གནས་པ་སྟེ་སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་རྫོགས་པའོ། །འདིར་ཉོན་མོངས་ཀུན་ལས་རྣམ་གྲོལ་བ། ཞེས་པ་ནི་རྒྱ་འགྲེལ་འགའ་ཞིག་ཏུ། ལུས་ཅན་ཀུན་ལས་རྣམ་གྲོལ་བ། ཞེས་བཏོན་ནས་བཤད་ཅིང་། སེམས་ཅན་ཀུན་གྱི་གཙོ་བོ་ཆེ་ཞེས་པའང་། གཙོ་བོ་ནི་ཀླུ་ཞེས་བྱས་ནས་བཤད་པའང་སྣང་ངོ་། །ཆོས་སྐུ་དེ་ལྟ་བུ་བརྙེས་ནས་འཕྲིན་ལས་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་ཆེ་ལ་གང་གིས་གསོལ་བ་བཏབ་ན། ནོར་བུ་དེ་ལས་དངོས་གྲུབ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ལྟར། མཛད་པ་འཕྲིན་ལས་ཀྱང་གདུལ་བྱ་ལ་འབད་མེད་ལྷུན་གྲུབ་ཏུ་བྱེད་པ་འཆང་ངོ་། །རྒྱ་མཚན་དེ་ཉིད་ཀྱིས་ནི། རིགས་ཀྱི་ཁྱབ་བདག་དེ་ནི་རིན་ཆེན་ཀུན་གྱི་ནང་ནས་མཆོག་ཡིན་ནོ། །དེར་མ་ཟད། དཔག་བསམ་གྱི་ཤིང་ཆེན་པོ་རྒྱས་པ་སྟེ་ཞེས་ཀྱང་བྱས། འདོད་རྒུ་འབྱུང་བའི་བུམ་པ་བཟང་པོ་ཆེ་བའི་མཆོག་དང་། མཚུངས་པ་ཞེས་ཀྱང་བྱ་སྟེ། འཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་བྱེད་པར་ཆོས་མཐུན་པའི་ཕྱིར་རོ། །འཕྲིན་ལས་བྱེད་པོ་གང་ཡིན་པ་དེ་རང་དོན་དུ་མ་ཡིན་པར་སེམས་ཅན་ཀུན་གྱི་དོན་བྱེད་པ་ཡིན་ལ། སེམས་ཅན་རྣམས་ལ་ཕན་པར་འདོད་པའི་བྱམས་པ་དང་ལྡན་པའི་ཕྱིར་ན། སེམས་ཅན་གྱི་གཉེན་གཤིན་པའི་མ་ལྟ་བུའོ། །བཟང་བ་སྟེ་གདུལ་བྱ་སྐལ་བ་ལྡན་པ་དང་ལེགས་པའི་ཕྱོགས། ངན་པ་དེ་ལས་བཟློག་པའི་ཚུལ་རྣམས་ཤེས་ཤིང་། འདུལ་བའི་དུས་ཀྱང་ཤེས་པའོ། ཁྱབ་བདག་དེས་རང་ཉིད་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པ་ཤེས་ནས་དམ་བཅས་པ་དེ་ལས་མི་འདའ་བས་ན། དམ་ཚིག་དང་ལྡན་པ་ཞེས་བྱའོ། །གདུལ་བྱའི་ཚེ་སྔོན་དང་ཕྱི་མའི་དུས་ཀྱི་ཁྱད་པར་རྣམས་ཤེས་ཤིང་། སེམས་ཅན་དེ་དག་གི་ཁམས་དང་དབང་པོ་རྣོ་རྟུལ་གྱི་རིམ་པ་རྣམས་ཀྱང་ཤེས་པའི་སྒོ་ནས་སེམས་ཅན་གྱི་དོན་ཚུལ་བཞིན་བྱེད་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་གསུམ་གྱི་རྣམ་གྲོལ་གསུམ་གྱི་ཁྱད་པར་ལ་མཁས་པ་པོ་ཞེས་བྱ་ལ། རང་ཉིད་སྤངས་རྟོགས་ཡོངས་སུ་རྫོགས་པའི་ཡོན་ཏན་དང་ལྡན་ཞིང་། གཞན་རྒྱུད་ཀྱི་ཡོན་ཏན་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་ཤེས་སོ། །དགེ་མི་དགེའི་བླང་དོར་གྱི་ཆོས་ཤེས་ནས་མི་དགེ་བ་དོར་ཏེ་བཀྲ་ཤིས་པའི་དགེ་བ་བསྒྲུབས་པ་ལས་བཀྲ་ཤིས་པ་བདེ་འགྲོ་ལྷ་མིའི་རྟེན་ཐོབ་པར་བྱུང་བ་ཤེས་ཤིང་། དེ་ལྟ་བུའི་རྟེན་འབྲེལ་བཀྲ་ཤིས་པ་ཐོབ་པའི་ཚེ་ལེགས་ཚོགས་ཀུན་གྱི་བཀྲ་ཤིས་དེ་ཡང་འབྱུང་བ་དང་དེ་དག་གི་ཚེ་གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་བ་བཟང་པོ་འཐོབ་པར་འགྱུར་བའང་ཤེས་སོ། །སྡུག་བསྔལ་གྱིས་མནར་ནས་དབུགས་མ་ཕྱིན་པའི་སེམས་ཅན་རྣམས་དེ་ལས་སྐྱོབ་པའི་ཚུལ་གྱིས་དབུགས་འབྱིན་པ་ཆེན་པོ་བྱེད་ལ། དེ་ནས་བདེ་བའི་དགའ་སྟོན་ཆེ་ལ་སྦྱོར་རོ། །དེ་ནས་ཀྱང་ཆོས་ཀྱི་དགའ་བ་ཆེན་པོའི་རོལ་མོ་ཟག་མེད་ཀྱི་བདེ་བ་ཆེན་པོ་སྟེ་བླ་ན་མེད་པའི་གོ་འཕང་ལ་འགོད་པར་བྱེད་དོ། །མཆོད་པར་བྱ་བ་སོགས་འོས་པས་ན་བཀུར་བསྟི་བྱར་འོས་པ་དང་། ཚུལ་དེས་བསྟེན་པར་བྱ་བས་རིམ་འགྲོ་ཕུན་སུམ་ཚོགས་པར་བྱར་འོས་པའོ། །འགྲོ་བའི་དོན་ལ་ཟག་མེད་ཀྱི་བདེ་བ་ཐོབ་པས་ན་མཆོག་ཏུ་དགའ་བ་དང་ལྡན་ལ། ཕྱོགས་སུ་ཁྱབ་པའི་གྲགས་པ་དག་གི་དཔལ་ཕུན་སུམ་ཚོགས་པ་ཐོབ་པའོ།། རང་ཡོན་ཏན་གྱི་མཆོག་སྤངས་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་ལ། གཞན་དག་ལ་ཡོན་ཏན་གྱི་མཆོག་དེ་སྦྱིན་པར་བྱེད་པའོ། །དེ་ལྟར་མཆོག་སྦྱིན་པ་ཀུན་གྱི་ནང་ནས་གཙོ་བོ་སྟེ། ཁྱད་པར་དུ་འཕགས་པའོ། །སྐྱབས་གཞན་ལས་མཆོག་ཏུ་གྱུར་པས་ན་སྐྱབས་ཀྱི་དམ་པ་ཞེས་བྱ་ལ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། ཀུན་གྱི་སྐྱབས་སུ་འོས་པ། །བདུད་སོགས་དང་ལས་ཉོན་སྡུག་བསྔལ་སོགས་ཀྱི་འཇིགས་པ་ཆེན་པོ་ཐམས་ཅད་འཇོམས་པར་བྱེད་པའི་ཕྱིར་ན། དེའི་དགྲ་ཞེས་བྱ་སྟེ་རབ་ཉན་རང་བྱང་སེམས་རྣམས་ཀྱིའང་མཆོག་གོ །འགའ་ཞིག་ཏུ་རབ་དང་མཆོག་གི་དོན་དུ་བཤད། འཁོར་བ་དང་ངན་སོང་གི་འཇིགས་པ་མ་ལུས་པ་སེལ་བ་པོ་ཞེས་བྱ་ལ། ཁ་ཅིག་སྟག་དང་སེངྒེ་སོགས་ཀྱི་འཇིགས་པ་ལས་སྐྱོབ་པར་བྱེད་པའི་ཕྱིར་ན། དེ་ལྟར་བརྗོད་ཅེས་འདོད་དོ། ། བཤད་ཅིང་འཆད་འགྱུར་འདི་དག་གི་སྐབས་སུ་རྗེ་བཙུན་གང་ལ་གང་འདུལ་དེ་དང་དེ་དག་གི་གཟུགས་སྤྲུལ་ནས་དེ་དང་དེའི་དོན་བྱེད་པར་འཆད་པ་དང་། ལྷ་བསྒོམ་པའི་དུས་སུ་ཆས་འཇུག་བྱེད་ཚུལ་དང་། སྤྱི་བོའི་རྩ་འདབ་ཀྱི་གནས་སྟོན་པ་སོགས་འཆད་ཚུལ་མང་དུ་སྣང་ཡང་། འདི་ལྟ་བྱ་སྟེ། སྤྱི་བོའི་གནས་སུ་དབུ་སྐྲ་གྱེན་དུ་བཅིངས་པའི་གཙུག་ཕུད་དབུས་མ་དང་། དེའི་གཡས་གཡོན་སོགས་ལ་བཅིངས་པའི་ཕུར་བུ་དང་། མཐོན་མཐིང་ལྟ་བུའི་ལྗང་ལོ་ཅན་གྱི་རལ་པ་ནུཉྩའཾ་གྲོལ་བ་ཐོར་ཅོག་གྲོལ་བའི་དོན་དུ་བཤད་པ་དང་། རྐང་མགོར་སླེབ་པའི་རལ་པའི་ལྷག་མ་སྐ་རགས་སུ་བྱས་པ་དང་། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པ་ལའང་བཤད་པ་སོགས་ལས། ཐོར་ཅོག་གྲོལ་བ་སོ་སོར་ཡོད་པའི་དོན་དུ་བྱས་ན་ལེགས་སྙམ་མོ། །དེ་ལྟ་བུའི་རལ་པའི་ཐོར་ཅོག་ལྔ་སྤྱི་བོར་ཅོད་པཎ་དུ་ཐོགས་ཤིང་། གདོང་ལྔ་སྟེ་ཡེ་ཤེས་ལྔ་མཚོན་པའི་གཙུག་ཕུད་ལྔ་དང་ལྡན་པ་དང་། གཙུག་ཕུད་དམ་ཟུར་ཕུད་ལྔ་པ་ཅན་དང་མེ་ཏོག་གི་རྒྱན་དུ་བཅིངས་པའོ། ཁ་ཅིག །གདོང་ལྔ་པ་ཞེས་ཚངས་པའི་རྣམ་པར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་འཆད་ལ། ལ་ལ་གཙུག་ཕུད་ཅེས་སོགས་ཀྱིས་བྱིས་པ་ལྟ་བུའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ལའང་བཤད་དོ། །མགོ་ཟླུམ་ཞེས་པ་ནི་མགོ་རེག་ཅེས་པ་ཡིན་ལ། དེ་ཡང་མགོའི་སྐྲ་བྲེགས་པའི་དགེ་སྦྱོང་གི་སྤྱོད་པ་ལ་གནས་པའི་དོན་གྱི་བརྟུལ་ཞུགས་ལ་གནས་པ་ཞེས་བྱའོ། །སྦས་དོན་ལ་གསང་སྔགས་ཀྱི་སྤྱོད་པ་ལ་གནས་པ་སྟེ། ཧེ་རུ་ཀའི་བརྟུལ་ཞུགས་ལ་གནས་པར་ཡང་བཤད། དེ་ལྟ་བུའི་བརྟུལ་ཞུགས་དེ་ནི། བརྟུལ་ཞུགས་གཞན་རྣམས་ཀྱི་མཆོག་ཡིན་པས་ན་ཆེན་པོ་སྟེ་ཞེས་བྱ་ལ། དགེ་སྦྱོང་གི་ཚུལ་གྱིས་མི་ཚངས་པར་སྤྱོད་པ་སྤངས་པའི་ཚངས་པར་སྤྱོད་པ་གནས་པས། ཚངས་སྤྱོད་ཀྱི་བརྟུལ་ཞུགས་དེ་ནི་བརྟུལ་ཞུགས་གཞན་རྣམས་ཀྱི་མཆོག་གོ བཟོད་པ་ལ་སོགས་པའི་དཀའ་ཐུབ་མཐའ་དག་མཐར་ཕྱིན་པའི་དཀའ་ཐུབ་ཆེན་པོ་འཇིག་རྟེན་ལས་འདས་པའི་དཀའ་ཐུབ་ལ་གནས་པའོ། །འདིར་སྟོན་པ་ཤཱཀ་ཐུབ་ཀྱིས་དཀའ་ཐུབ་ལ་དྲུག་ཏུ་མཛད་པ་ལྟར། རྗེ་བཙུན་གྱིས་ཀྱང་དཀའ་ཐུབ་མཛད་ནས་སེམས་ཅན་གྱི་དོན་བྱེད་པ་ལ་བཤད་པའང་སྣང་། ཕྱིའི་སྤྱོད་པ་གཙང་བ་དང་ནང་གི་རྒྱུད་ཉོན་མོངས་པ་དག་པ་ན། གཙང་གནས་དམ་པ་ཞེས་བྱ་ལ། དེའི་སྒོ་ནས་གོའུ་ཏ་མ་སྟེ་རིགས་མཆོག་ཞེས་པ་ནི། ཤཱཀྱ་ཐུབ་པ་དང་མཚུངས་པའོ། །ཕྱི་ནང་གི་གཙང་སྦྲ་ལ་གནས་པས་ན་བྲམ་ཟེ་སྟེ། ཉོན་མོངས་པ་སྤངས་པས་ཚངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ཚངས་པ་ཆེན་པོ་སྟེ། དེ་གཉིས་ཀྱི་ཚུལ་མངོན་སུམ་དུ་ཤེས་ནས་དེ་ལྟ་བུའི་མྱ་ངན་ལས་འདས་པ་ཚངས་པ་མཐར་ཐུག་པ་དེ་ཉིད་ཐོབ་པའོ། །སྐབས་འདི་དག་ལ་བཤད་པ་མི་འདྲ་བ་མང་སྟེ། ཁ་ཅིག་ཚངས་པ་ནི། ལྷའི་རྒྱལ་པོ་ཚངས་པར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་དང་། ལ་ལ་ཆོས་ཀྱི་དབྱིངས་མཁྱེན་པས་ཚངས་པ་དང་། གཉིས་སུ་མེད་པའི་ཡེ་ཤེས་མཁྱེན་པས་ཚངས་པ་ཆེན་པོ་ཞེས་དང་། ཁ་ཅིག་སྔར་ལྟར་འཆད་པ་སོགས་མང་དུ་སྣང་ངོ་། །དེ་དག་ཀྱང་འདིའི་དོན་ཡིན་པར་མི་འགལ་ཏེ། གཞན་དུ་ན་པཎ་ཆེན་དེ་དག་གིས་ཀྱང་རང་དགར་བཤད་པར་ཐལ་བའི་ཉེས་པ་ཡོད་དོ། །འཁོར་བའི་འཆིང་བ་ལས་གྲོལ་བ་དང་། ཤེས་བྱའི་སྒྲིབ་པ་ལས་ཐར་པའི་རྣམ་གྲོལ་གྱི་ལུས་ཏེ་སྐུ་ཐོབ་པའོ། །དེ་ལྟ་བུའི་རྣམ་གྲོལ་དེ་ནི། སྲིད་མཐའ་ལ་མེ་གནས་པས་ན་ཞི་བ་དང་ཞི་མཐའ་ལ་མི་གནས་པས་ན་ཞི་བ་ཉིད་ཅེས་བྱའོ། །ཡང་ན། ཞི་བ་དང་པོ་ནི་བདེན་གྲུབ་ཀྱི་སྤྲོས་པ་ཞི་བ་དང་། གཉིས་པ་མཚན་འཛིན་གྱི་སྤྲོས་པ་ཞི་བའམ། ཡང་། དང་པོ་ནི། ལས་ཉོན་ཞི་བ་དང་། ཕྱི་མ་ནི་མ་རིག་པའི་བག་ཆགས་ཞི་བ་ལ་བཤད་པ་ལྟར་རོ། །ཉོན་མོངས་པ་སྤངས་པའི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ཞི་བ་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་དང་། ལེགས་པར་མྱ་ངན་འདས་པ་སངས་རྒྱས་ཀྱི་ཆོས་སྐུ་དང་ཉེ་བ་བྱང་སེམས་ཀྱི་མྱང་འདས་ཡིན་ལ། དེ་དག་ནི་ཉོན་མོངས་པ་སྤངས་པ་ཙམ་ཡིན་གྱི། འགྲོ་བ་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་མཐའ་དག་སྒྲུབ་པ་དང་། སྡུག་བསྔལ་མཐའ་དག་སེམས་མཐའ་ཕྱིན་པར་གྱུར་པ་ནི་སངས་རྒྱས་ཉིད་ཡིན་ནོ། །བཤད་མ་ཐག་པའི་ཆགས་བྲལ་ཉན་རང་གི་མྱང་འདས་ལ་གནས་པའི་དམན་པའི་ལུས་ལས་འདས་པ་པོ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི། གནོད་པས་མི་ཐུབ་པས་ཐུབ་པ་མེད་པ་དང་། གནས་ཚུལ་ཇི་བཞིན་མཚོན་པའི་དཔེ་མེད་པ་དང་། གཏིང་ཟབ་པས་ན་མི་མངོན་པ་དང་། དབང་པོའི་ཤེས་པའི་ཡུལ་མིན་པས་ན་མི་སྣང་བ་དང་། རང་བཞིན་གྱིས་འོད་གསལ་བ་ཡིན་གྱི། རྐྱེན་གཞན་གྱི་གསལ་བྱེད་ལ་བལྟོས་པ་མིན་པའོ། །གཞན་ཡང་། ཆོས་སྐུ་སྟོང་པ་ཉིད་དེ་ཆ་མེད་ཅེས་པ་ལྟར་ན། གཟུགས་ཅན་ལྟར་ཕྱོགས་ཀྱི་དབྱེ་བ་མེད་པ་དང་། མི་འགྱུར་ཞེས་པ་ལྟར་ན། ངོ་བོ་མི་འགྱུར་བས་གནས་པའོ། །ནམ་མཁའ་ལྟར་ཀུན་ཏུ་ཁྱབ་པའི་ཚུལ་གྱིས་འགྲོ་ཞིང་ཁྱབ་པ་པོ་དང་། རྟོགས་པར་དཀའ་བའི་ཕྱིར་ཕྲ་མོ་དང་། མ་རིག་པ་སོགས་ཀྱི་ས་བོན་གྱི་ཟག་པ་མེད་པ་དང་། རང་གི་ངོ་བོ་ལ་དྲི་མ་མ་ཞུགས་པས་ན། རྡུལ་མེད་པས་རང་བཞིན་རྣམ་དག་དང་། གློ་བུར་གྱི་དྲི་མའི་རྡུལ་དང་བྲལ་ཞིང་དྲི་མ་མེད་པས་གློ་བུར་རྣམ་དག་དང་ལྡན་ལ། གློ་བུར་གི་དྲི་མ་ཉོན་མོངས་པའི་ཉེས་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པའི་སྐྱོན་མེད་པའོ། །སྒྲིབ་གཉིས་ཀྱི་རྨོངས་པའི་གཉིད་ལས་ཤིན་ཏུ་སད་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མངོན་སུམ་གཟིགས་པས་ན། སད་པའི་བདག་ཉིད་ཅན་ནོ། །ཡེ་ཤེས་དེས་ཇི་ལྟ་བ་ཀུན་ཤེས་ཞིང་ཇི་སྙེད་པ་ཀུན་རིག་པ་དང་། དམ་པ་པོ་སྟེ་མཆོག་ཅེས་བྱའོ། །ཡེ་ཤེས་དེ་ནི་ཕྱི་རོལ་ཆོས་སུ་མ་ཟད། ནང་རྣམ་པར་ཤེས་པའི་ཆོས་ཉིད་ལ་བདེན་པར་འཛིན་པ་ལས་འདས་ནས། ཡེ་ཤེས་མཐར་ཐུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་འཆད་པའོ། །ཡེ་ཤེས་དེ་ཉིད་ཀྱི་འཕྲིན་ལས་རྣམ་པར་རྟོག་པ་མེད་པ་སྟེ། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འབྱུང་ངོ་། །འདས་མ་འོངས་ད་ལྟའི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་འཕྲིན་ལས་དེ་ལྟ་བུས་སེམས་ཅན་གྱི་དོན་བྱེད་པའོ། །རྒྱ་འགྲེལ་ཁ་ཅིག་ཏུ། རྗེ་བཙུན་གྱིས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་བྱེད་པར་འཆད་ལ་འགའ་ཞིག་ཏུ། དུས་གསུམ་དུ་རྒྱུན་མི་འཆད་པར་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལས་སངས་རྒྱས་ཀྱི་འཕྲིན་ལས་འབྱུང་བར་བཤད། སངས་རྒྱས་ཀྱི་ཆོས་སྐུ་སྟོང་པ་ཉིད་ནི། ནམ་མཁའ་ལྟར་ཁྱབ་པའི་ཕྱིར་ཐོག་མའི་མཐའ་དང་། ཐ་མའི་མཐའ་མེད་པ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བའི་ཚེ་ཆོས་ཀྱི་སྐུར་གྱུར་པའི་ཕྱིར་རོ། །དེ་ཡང་སེམས་ཅན་དང་སངས་རྒྱས་གཉིས་ཀའི་སེམས་རང་བཞིན་གྱིས་རྣམ་པར་དག་པ་རིགས་གཅིག་པ་ལ་དགོངས་སོ། །ཡང་ཐོག་མར་སངས་རྒྱས་པའི་ཚེ་གསར་དུ་ཐོབ་པའི་ཆོས་ཀྱི་སྐུ་ནི། དང་པོའི་སངས་རྒྱས་ཡིན་ལ། དེ་ནི་འཇིག་པ་མེད་པའི་འདུས་མ་བྱས་ཡིན་པའི་ཕྱིར། སྐྱེ་བྱེད་ཀྱི་རྒྱུ་མེད་པའོ། །ལ་ལར་རིས་མེད་པའི་དོན་དུ་འཆད་དེ། དེ་ཡང་ཐོག་མའི་སངས་རྒྱས་དེ་ཉིད། རིགས་གཞན་གྱི་འབྱིན་པ་པོ་ཡིན་པས་དེ་ནི་རིགས་ཐམས་ཅད་ལ་ཁྱབ་པའི་རིས་སུ་མ་ཆད་པའོ་ཞེས་བཤད། དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མིག་རྣམས་ནི་གཅིག་ཏུ་དྲི་མ་མེད་པར་མཚུངས་པ་ཁོ་ནའོ། །གཅིག་ཅེས་པའི་དོན་ནི། སྟོང་པ་ཉིད་དང་རོ་གཅིག་ཏུ་ཞུགས་པའི་ཡེ་ཤེས་སམ། གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བའང་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་དང་ངོ་བོ་གཅིག་པའི་སྐུ་གང་ལ་ལྡན་པ་ནི། ཡེ་ཤེས་ཀྱི་ལུས་ཅན་ཏེ། དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །འདི་དག་གིས་རྗེ་བཙུན་ཉིད་ཀྱིས་དེ་མངོན་དུ་བྱས་པར་དོན་གྱིས་བསྟན་ཏོ། །ཡེ་ཤེས་ཀྱི་སྐུ་ཅན་དེའི་གསུང་ཡང་འདི་ལྟ་བུ་དང་ལྡན་པ་འབྱུང་བ་སྟེ། སྐད་ཐམས་ཅད་ཀྱི་ཆོས་སྟོན་པས་ཚིག་གི་དབང་ཕྱུག །བརྗོད་པ་རྣམས་ལ་ཐོགས་པ་མེད་པས་སྨྲ་བ་ཆེན་པོ། སྨྲ་བ་པོ་ཐམས་ཅད་ཀྱི་མཆོག་ཡིན་པས་སྨྲ་བའི་སྐྱེས་མཆོག །སྨྲ་བ་ལ་འགྲན་ཟླ་མེད་པས་སྨྲ་བའི་རྒྱལ་པོ། ཆོས་སྨྲ་བ་ཐམས་ཅད་ཀྱི་ནང་ནས་སྨྲ་བའི་དམ་པར་གྱུར་པས་སྨྲ་བའི་དམ་པ། བླ་ན་མེད་པའི་གོ་འཕང་ཐོབ་བྱེད་ཀྱི་ཐབས་སྟོན་པས་མཆོག་གི་གནས། སྨྲ་བའི་ཚེ་གཞན་ལ་འཇིགས་པ་མེད་པས་སྨྲ་བའི་སེང་གེ །རྒོལ་བ་གཞན་གྱིས་གླགས་མི་ནུས་པས་ཚུགས་པ་མེད་པའོ། །དེ་དག་ལ་མུ་སྟེགས་ཚངས་པ་སོགས་དང་། ཉན་རང་གི་སྨྲ་བ་ལས་ཁྱད་པར་འཕགས་ཚུལ་སོ་སོར་སྦྱར་ནས་བཤད་པའང་སྣང་སྐུའི་ཆེ་བ་ནི། འགྲོ་བ་གཞན་གྱིས་ཀུན་ཏུ་ལྟ་བ་སྟེ་ལེགས་པར་བལྟས་ན་མཆོག་ཏུ་དགའ་བ་ཐོབ་པའོ། །གཅིག་ཏུ་ཐུགས་རྗེས་འགྲོ་བ་ལ་བལྟ་བ་དང་། ལ་ལར་སྟོང་ཉིད་ལ་ལྟ་བར་དགའ་བའི་དོན་དུའང་འཆད་དོ། །སྐུ་ལ་གཟི་བརྗིད་ཀྱི་འཕྲེང་བ་འབར་བས་ལྟ་ན་སྡུག་པ་སྟེ་མཐོང་ན་དགའ་བ་དང་། སྐུ་ལས་འོད་ལྔའི་ཁ་དོག་བཟང་པོ་འབར་བ་སྟེ་འཕྲོ་ཞིང་། ཐུགས་ཀ་ནི་དཔལ་གྱི་བེའུས་བརྒྱན་པ་སྟེ་མཚན་གཞན་ཡང་མཚོན་ནོ། །ལག་ན་འོད་འབར་སྣང་བ་པོ་ནི། ཕྱག་ལས་འོད་ཟེར་འབར་བ་ལ་འཆད་པ་དང་། དེ་ལས་གཞན་དུ་བཤད་པའང་ཡོད། སེམས་ཅན་གྱི་ཉོན་མོངས་པའི་ནད་སེལ་བས་ན་སྨན་པ་ཆེན་པོ། སྡུག་བསྔལ་གསུམ་གྱི་ནད་ཐམས་ཅད་ཞི་བར་བྱེད་པས་ན་མཆོག །དེ་ལྟར་བྱེད་པ་ཀུན་གྱི་ནང་ནས་གཙོ་བོ་སྟེ། སྡུག་བསྔལ་གྱི་ཟུག་རྔུ་མ་ལུས་པ་དྲུང་ནས་འབྱིན་པ་ལ་བླ་ན་མེད་པའོ། །སྨན་རྣམས་མ་ལུས་པ་འབྱུང་བའི་ལྗོན་པའི་ཤིང་ཆེན་པོ་བཞིན་དུ་ཉོན་མོངས་པའི་ནད་ཀྱི་གདུང་བ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་ན། དེའི་དགྲ་ཆེ་བའོ། །ཀུན་གྱི་ཡིད་དུ་འོང་བས་ན་སྡུག་གུ་སྟེ། འཇིག་རྟེན་གསུམ་གྱི་མཆོག་གམ་དམ་པར་གྱུར་པའོ། །དཔེར་ན། རྒྱུ་སྐར་རྣམས་ཀྱིས་ཟླ་བའི་དཀྱིལ་འཁོར་བསྐོར་ནས་མཛེས་པ་དེ་བཞིན་དུ། དཔལ་ལྡན་སྟེ་ཕུན་སུམ་ཚོགས་པ་རྒྱུ་སྐར་ལྟ་བུའི་འཁོར་གྱི་དཀྱིལ་འཁོར་གྱིས་བསྐོར་བས་ན་ཅན་ཏེ་ལྡན་པའི་དོན་ནོ། །འདིར་ཕྱི་ལ་ཟླ་ཉི་རྒྱུ་སྐར་སོགས་སུ་སྤྲུལ་ནས་དོན་བྱེད་པར་བསྟན་ཅིང་། ནང་དུ་ཡེ་ཤེས་ཀྱིས་སྟོབས་ཀྱིས་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པར་བསྟན་ལ། དུས་ཀྱི་འཁོར་ལོའི་ལུགས་སུ་ཕྱི་ལ་གླིང་ཉི་ཟླ་སོགས་དང་། ནང་དུ་དེ་དང་ཆོས་མཐུན་པའི་ལམ་བསྒོམ་པ་ལ་བཤད། བརྗོད་མ་ཐག་ལྟ་བུའི་སྐུ་དང་འཁོར་གྱིས་ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པ་སྟེ་མཐའ་དེ་སྲིད་ཀྱི་བར་དུ། ལུང་དང་རྟོགས་པའི་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པར་མཛད་དོ། །རྒྱ་འགྲེལ་ཁ་ཅིག་ཏུ་འདི་དག་གི་སྐབས་སུ་དོན་གཞན་འགའ་རེ་བཤད་ཀྱང་མ་བྲིས། གདུགས་ཀྱི་ཚ་བས་གདུངས་པ་ལས་སྐྱོབ་པ་དེ་བཞིན་དུ། འགྲོ་བ་རྣམས་ཉོན་མོངས་པའི་ཚ་གདུངས་ལས་སྐྱོབ་པར་བྱེད་པའི་ཕྱིར་འགྲོ་བའི་ཁམས་ན་གདུགས་གཅིག་པུ་ཡངས་པ་རྒྱ་ཆེ་བ་ལྟ་བུ་སྟེ། དེ་གང་ཞེ་ན། བྱམས་པ་དང་སྙིང་རྗེའི་དཀྱིལ་འཁོར་ཅན་གྱི་དཔལ་ལྡན་ཏེ་དེ་ཉིད་དོ། །འཁོར་བ་ལ་མ་ཆགས་པས་པདྨ་དང་མཚུངས་པའི་བྱམས་སྙིང་རྗེའི་ཟློས་གར་གྱི་བདག་ཉིད་ཅན་ནོ། །གར་ནི། ཐབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པ་ལའང་བཤད་ལ། པདྨ་གར་གྱི་དབང་ཕྱུག་གི་གཟུགས་སུ་འཛིན་པར་ཡང་འཆད་དོ། །བྱམས་པ་དང་སྙིང་རྗེས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་ན་ཁྱབ་བདག་ཆེན་པོ་ཅེས་པ་སྟེ། འདོད་པ་སྒྲུབ་པས་རིན་པོ་ཆེ་དང་འདྲ་ལ། གདུང་བ་སེལ་བས་གདུགས་དང་མཚུངས་སོ། །རིན་པོ་ཆེའི་གདུགས་དང་འདྲ་བར་བྱས་ཀྱང་མི་འགལ་ལ། རྒྱ་འགྲེལ་ཕལ་ཆེར་ལས་རྗེ་བཙུན་ཉིད་ལ་སྦྱར་ཞིང་། ལ་ལར་ཉམས་ལེན་གྱི་སྐབས་སོགས་ཅི་རིགས་ལ་སྦྱར་རོ། །སངས་རྒྱས་ཀུན་གྱི་རྒྱལ་བ་ཆེ། །ཞེས་པ་ལྟར་ན་ལོངས་སྐུ་ནི་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོའམ་རྒྱལ་པོ་ལྟ་བུའི་དོན་ཏེ། དེ་ཡང་རིགས་ཀྱི་བདག་པོ་ཡིན་པའོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་འབྱུང་བ་ལྟར་ན་ལོངས་སྐུ་དེ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ་ལ་བཤད་དོ། །རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པས་ན། སངས་རྒྱས་ཀུན་གྱི་སྐུ་རང་གི་ངོ་བོ་འཆར་བའོ། །ལོངས་སྐུའི་དབང་དུ་བྱས་ཚེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཡོན་ཏན་འཆང་བ་ལ་བཤད། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་རང་གི་བདག་ཉིད་དུ་འཛིན་པས་ན་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་ཞེས་སམ། དེ་ལྟ་བུའི་རྣལ་འབྱོར་སྟོན་པར་བྱེད་པའི་ཕྱིར་ཡང་དེ་ལྟར་རོ། །སངས་རྒྱས་ཐམས་ཅད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཉིད་སྟོན་པར་མཚུངས་པས་ན་སངས་རྒྱས་ཀུན་གྱི་བསྟན་པར་གཅིག་པའོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ཏེ་རྡོ་རྗེ་རིགས་དང་། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ་རིན་པོ་ཆེའི་རིགས་དང་། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་ནི་པདྨའི་རིགས་དང་། རྡོ་རྗེ་འཆང་བ་ཀུན་གྱི་རྗེ་ནི་ལས་ཀྱི་རིགས་དང་། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ནི། དེ་བཞིན་གཤེགས་པའི་རིགས་སུ་བཤད་པ་ཡང་སྣང་ལ། ལ་ལར་བུམ་པའི་དབང་བསྐུར་བ་སོགས་ལ་སྦྱང་བའང་འདུག་མོད། འོན་ཀྱང་འདི་ལྟར་བཤད་པ་བཞིན་བྱ་སྟེ། རྡོ་རྗེ་རིན་ཆེན་ནམ་རིན་པོ་ཆེ་དང་མཚུངས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་དབང་བསྐུར་བའི་དཔལ་དང་ལྡན་ཞིང་། རིན་ཆེན་ལྟ་བུའི་རིགས་ཀུན་གྱི་བདག་པོ་སྟེ་དེ་ལ་དབང་བསྐུར་བས་དབང་ཕྱུག་སྟེ་ཞེས་བྱ་ཞིང་། ཡང་འཇིག་རྟེན་གྱི་དབང་ཕྱུག་གཞན་ཀུན་གྱི་བདག་པོར་གྱུར་བ་དང་། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་ན་རྡོ་རྗེ་འཆང་བ་ཀུན་གྱི་རྗེའོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་ཉིད་པས་ན། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་དང་། སངས་རྒྱས་ཀུན་གྱི་ཐུགས་ལ་གནས་པའང་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་ཡིན་པས་ན་སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་ཡིན་པའི་ཕྱིར་ན། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཉི་མ་ལྟ་བུའི་མ་རིག་པའི་མུན་པ་བསལ་ནས་སྣང་བ་ཆེ་ལ། ཐུགས་རྗེ་ཆེན་པོའི་རྡོ་རྗེ་ཟླ་བ་ལྟ་བུས་གདུལ་བྱ་ལ་ཕན་བདེ་སྒྲུབ་པས་དྲི་མ་མེད་པའི་འོད་ཆགས་པའོ། །ཡང་ཉོན་མོངས་པའི་གདུང་བ་བསིལ་བར་བྱེད་པས་ན་ཟླ་བའོ། །རྡོ་རྗེ་ཉི་མ་དང་ཟླ་བ་ལ་བཤད་པའི་རྣམ་གྲངས་ཁ་ཅིག་ཉི་མ་རིག་མ་དང་། ཁམས་དམར་པོ་ལ་བྱེད། ཟླ་བ་ནི་སྒྲུབ་པ་པོ་དང་། ཁམས་དཀར་པོ་ལ་བྱེད་པའང་སྣང་། ཉོན་མོངས་པའི་ཆགས་པ་དང་བྲལ་བ་ལ་སོགས་པ་ཡིན་ནའང་། སེམས་ཅན་ཐམས་ཅད་ལ་བརྩེ་བས་རྗེས་སུ་ཆགས་པ་ཆེ་བའོ། །ཡང་ན་ཆགས་བྲལ་གྱི་ལམ་མམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། ཆགས་བཅས་ཀྱི་ལམ་མམ་སྔགས་ཀྱི་ཐེག་པ་སྟོན་པ་ལ་བཤད་པ་ལྟར་རོ། །དང་པོ་དང་ལ་སོགས་ཞེས་གཉིས་ལ་བསྒྱུར་བ་ཡང་སྐད་དོད་གཅིག་པ་ཡིན་པའི་དབང་དུ་བྱས་ལ། རྒྱ་འགྲེལ་རྣམས་སུ་སོགས་ཀྱི་དོན་དུ་བཤད་དོ། །ཡེ་ཤེས་ལྔའི་རང་བཞིན་ཁ་དོག་སྣ་ཚོགས་པ་འབར་བའི་འོད་ལྔ་འཕྲོ་བ་ཅན་དང་། ཡང་སྣ་ཚོགས་པའི་གཟུགས་སྟོན་པའི་དོན་དུ་བཤད་པ་ལྟར་རོ། །ཐབས་ཤེས་དབྱེར་མི་ཕྱེད་པའི་རྟགས་སུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་སྟེ། རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ནི་རྡོ་རྗེ་སྐྱིལ་ཀྲུང་གིས་སངས་རྒྱས་པའི་ཚུལ་སྟོན་པ་ལྟ་བུའོ། །འདིར་སྦས་དོན་གྱི་བཤད་པ་གཞན་ཡོད་ཀྱང་མ་བྲིས། སངས་རྒྱས་རྣམས་ཀྱིས་བརྗོད་པ་སྟེ་བསྟན་པའི་དམ་པའི་ཆོས་མ་ལུས་པ་འཛིན་པར་མཛད་ལ། དཔལ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འཇམ་དཔལ་ནི། འདམ་གྱིས་མ་གོས་པའི་པདྨ་དང་འདྲ་བར་དྲི་མ་མེད་པའི་བདག་ཉིད་སྐྱེས་ཤིང་། ཤེས་བྱ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་མཛོད་འཛིན་པའོ། །བཞད་པ་ཙམ་གྱིས་འདོད་རྒུར་དབང་བསྒྱུར་བའི་རྒྱལ་པོ་སྤྲུལ་པ་སྣ་ཚོགས་སྟོན་པའི་སྒྱུ་འཕྲུལ་སྣ་ཚོགས་པ་འཆང་ཞིང་། རྟོགས་པའི་ཡོན་ཏན་ཆེ་བ་སངས་རྒྱས་ཀྱི་རིགས་སྔགས་ཐབས་དང་ཤེས་རབ་དང་ཡེ་ཤེས་མཐར་ཐུག་པ་འཆང་བ་དང་། གཉིས་སུ་མེད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་རྡོ་རྗེ་རྣོན་པོ་ནི། མི་མཐུན་ཕྱོགས་ཐམས་ཅད་གཅོད་པར་བྱེད་པའི་ཕྱིར་རལ་གྲི་ཆེན་པོའོ། །ཡི་གེ་མཆོག་སྟེ་ཞེས་པ་ལ་གཉིས་ལས། དང་པོ་ནི། ཡི་གེ་དྷཱིཿལ་བྱེད་པ་དང་། ཨ་ཡིག་ལ་བྱེད་པའི་ཚུལ་གཉིས་ཡོད་དོ། །གཉིས་པ་ནི། ཡི་གེའི་སྐད་དོད་ཨཀྵ་ར་ནི་མི་འགྱུར་བའི་དོན་ལ་བཤད་པ་ལྟར། འགྱུར་བ་མེད་པའི་ཡེ་ཤེས་ཀྱི་སྐུ་ལ་བྱེད་དོ། །དེ་ལྟ་བུའི་སྐུ་དེ་ཉོན་མོངས་པ་སོགས་ཀྱི་དྲི་མས་རྣམ་པར་དག་པའོ། །གསང་སྔགས་ཀྱི་ཐེག་པ་ཆེན་པོའི་ལམ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གཅོད་པར་བྱེད་ཅིང་། ལམ་དེ་ལ་མཚོན་ཆ་ཆེན་པོ་ཞེས་བྱ་སྟེ། དེས་སྡུག་བསྔལ་རྒྱུ་དང་བཅས་པ་རྒྱུན་གཅོད་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆོས་ཡིན་པས་ན་རྡོ་རྗེ་ཆོས་ཞེས་བྱ་ཞིང་། དེས་ཡུལ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པས་ན་རྡོ་རྗེ་ཟབ་མོ་དང་། ཉོན་མོངས་པ་ལས་རྒྱལ་བའི་ཉན་རང་གི་ཡེ་ཤེས་ལས་ཀྱང་གོང་དུ་འཕགས་པས་ན་རྒྱལ་བ་སྟེ། ཛི་ན་ཛི་ཀ་ཀྱང་དོན་དེ་ལྟར་རོ། །དེ་འདྲའི་རྡོ་རྗེ་ལྟ་བུའི་བློ་གྲོས་ཀྱི་ཤེས་བྱ་ཇི་ལྟ་ཇི་སྙེད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རིག་པ་དང་། སྦྱིན་སོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོགས་པ་དང་། ས་བཅུ་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པས་ན། ས་རྣམས་ཀུན་གྱི་རྒྱན་དང་ལྡན་པ་སྟེ། འདི་ལ་ཕར་ཕྱིན་ཐེག་པ་དང་། སྔགས་ཀྱི་ཁྱད་པར་གྱིས་སའི་དབྱེ་བ་མང་ཉུང་ཡོད་ཀྱང་། ཁོག་འདྲའོ། །རང་བཞིན་གྱིས་རྣམ་པར་དག་པ་བདག་མེད་པའི་ཆོས་མངོན་སུམ་དུ་རྟོགས་པ་ཡང་དག་པའི་ཡེ་ཤེས་ནི་དྲི་མ་མེད་པའི་ཟླ་བའི་འོད་ལྟར་བཟང་ཞིང་འོད་གསལ་བ་ཡིན་ལ། དེ་བརྩོན་འགྲུས་ཆེན་པོ་བསྒྲུབས་པས་སྤྲུལ་པ་སྣ་ཚོགས་སྟོན་པའི་སྒྱུ་འཕྲུལ་དྲ་བའི་སྐུར་སངས་རྒྱས་པ་སྟེ། སྤྲུལ་པ་སྣ་ཚོགས་སྟོན་པའི་དོན་དུའང་བཤད་ཅིང་། སྦས་དོན་གྱི་བཤད་པ་གཞན་ཡང་སྣང་། དེ་འདྲའི་ཡེ་ཤེས་དང་སྐུ་སྟོན་པའི་མཚན་བརྗོད་ཀྱི་རྒྱུད་འདི་ནི། རྒྱུད་སྡེ་འོག་མའམ་བཞི་པོ་ཀུན་གྱི་བདག་པོ་རྒྱལ་པོ་མཆོག་ཡིན་ཏེ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྡོ་རྗེའི་གདན་ཏེ་ཡེ་ཤེས་དེ་སྐྱེ་བའི་གཞིའམ་ཐབས་ཀྱི་ཁྱད་པར་ནི་མ་ལུས་པ་དང་ལྡན་པས་སོ། །འོན་ཀྱང་། འདིར་རྒྱུད་ཀྱི་བདག་པོ་ནི་འཇམ་དཔལ་ཉིད་ལ་བྱས་པ་སོགས་ཀྱང་སྣང་། ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔ་འདུས་པའི་བདག་ཉིད་ཅན་གྱི་སྐུ་ཡིན་པས་ན་སྐུ་རྣམས་མ་ལུས་པ་འཆང་བ་སྟེ། སྐུ་དེ་ནི་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་གྱི་རིགས་རྫོགས་པས་ན་ཀུན་ཏུ་བཟང་པོ་ཞེས་བྱ་ལ། གཞན་ལ་ཕན་བདེ་སྒྲུབ་པའི་གནས་ཐམས་ཅད་མཁྱེན་པས་སམ། ཡང་། དྲི་མ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན་བློ་གྲོས་བཟང་པོའོ། །མས་ནི་འགྲོ་བ་རྣམས་གནས་པའི་རྟེན་བྱེད་ཅིང་འཛིན་པ་དེ་བཞིན་དུ། རྗེ་བཙུན་གྱིས་འགྲོ་བ་རྣམས་རྗེས་སུ་འཛིན་པས་ན་ས་ཡི་སྙིང་པོ་འགྲོ་བ་འཛིན་པ་སྟེ། འདི་ལ་བཤད་ཚུལ་མི་འདྲ་བ་ནི། རྗེ་བཙུན་སྣོད་ཀྱི་འཇིག་རྟེན་དུ་སྤྲུལ་ནས་འགྲོ་བ་རྟེན་པས་ན་འགྲོ་བ་འཛིན་པ་དང་། ཡང་། སའི་སྙིང་པོ་ནི་ལུས་ཀྱི་ཁམས་དྭངས་མ་བྱང་སེམས་ལ་བྱས་ནས། དེ་ཕྱིར་མི་འཕོ་བར་འཛིན་པས་ན། འགྲོ་བ་འཛིན་ཅེས་བཤད་པའང་སྣང་། སངས་རྒྱས་བཅོམ་ལྡན་འདས་རྣམས་འདུས་པའི་བདག་ཉིད་དེ་དག་བསྐྱེད་པའི་རྒྱུར་གྱུར་པས་ན། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ཞེས་བྱ་ལ། གདུལ་བྱ་འདུལ་བའི་ཕྱིར་དུ་གང་ལ་གང་འཚམ་གྱི་སྤྲུལ་པའི་འཁོར་ལོ་སྣ་ཚོགས་པ་འཆང་བ་སྟེ། འདི་ལ་ལྷའི་དཀྱིལ་འཁོར་སྣ་ཚོགས་སྤྲུལ་པ་ལའང་བཤད། ཆོས་རྣམས་ཀྱི་དངོས་པོ་ཀུན་གྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ལ་མཆོག་ཅེས་བྱ་ཞིང་། དེ་ལས་ཆོས་ཀྱི་དངོས་པོ་ཀུན་གྱི་རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་རྟེན་འབྲེལ་གྱི་སྣང་བ་སྣ་ཚོགས་འཆར་བས་ན་འཛིན་པ་སྟེ། དེ་ཡང་རང་བཞིན་གྱིས་སྐྱེ་བ་མེད་པའི་ཆོས་སྟོང་པ་ཉིད་དེ་ཉིད་ལས་འཁོར་འདས་སོགས་སྣ་ཚོགས་པའི་དོན་ཅན་དུ་འཆར་བས་སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུའོ། །དེ་འདྲའི་ཆོས་ཀུན་ནི་རང་བཞིན་གྱིས་མེད་པ་ཉིད་ཡིན་པས་ན་ངོ་བོ་ཉིད་འཆང་བ་སྟེ། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ཞེས་པ་དང་འདྲའོ། །ཇི་སྐད་བཤད་པའི་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་གིས་ཁོང་དུ་ཆུད་པའི་ཡེ་ཤེས་མངའ་བ་ནི་ཤེས་རབ་ཆེན་པོས་སྐད་ཅིག་ལ། ཆོས་ཀུན་ཁོང་དུ་ཆུད་པ་འཆང་བ་སྟེ། ཡེ་ཤེས་ཀྱིས་བདེན་གཉིས་དུས་གཅིག་ཆར་དུ་གཟིགས་པའོ། །ཆོས་ཀུན་དེ་ལྟར་རྟོགས་པ་དེ་ཡང་མངོན་པར་རྟོགས་པ་སྟེ་མངོན་སུམ་རྟོགས་པ་ཉིད་ཡིན་གྱི་དོན་སྤྱིའི་ཚུལ་གྱིས་མ་ཡིན་པའོ། །དེ་འདྲའི་ཡེ་ཤེས་དང་ལྡན་པའི་ཐུབ་པ་དེའི་བློ་མཆོག་ནི། ཡང་དག་པའི་མཐའ་སྟེ་མཐར་ཐུག་པའི་ཡེ་ཤེས་སོ། །རྒྱ་འགྲེལ་ཁ་ཅིག་ཏུ་འབྱུང་བ་མཐའི་དོན་དུ་བཤད་ལ། འབྱུང་བ་ཡང་། གནོད་པ་ལས་སམ། འཁོར་བ་ལས་འབྱུང་བའི་དོན་དུ་བྱས་པའང་སྣང་། རྣམ་རྟོག་གིས་མི་བསྐྱོད་པས་ན་མོ་གཡོ་ཞིང་དྲི་མའི་རྙོག་པ་དང་བྲལ་བས་ཡུལ་གསལ་བར་མཐོང་བས་རབ་ཏུ་དང་བའི་བདག་ཉིད་ཅན་གྱི་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཉིད་འཆང་བ་སྟེ། མངོན་དུ་བྱས་པའམ་འཛིན་པའོ། །སངས་རྒྱས་ཀུན་གྱི་མངོན་སུམ་པ་སྟེ། མངོན་དུ་བྱས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མེ་ལྕེས་མ་རིག་པའི་མུན་པ་བསལ་ནས་ཤེས་བྱ་ཐམས་ཅད་ལ་རང་གི་འོད་རབ་ཏུ་གསལ་བ་སྟེ་མངོན་དུ་གཟིགས་པ་ཡིན་ནོ། །ཡེ་ཤེས་ཀྱི་ཡུལ་གཟིགས་ཚུལ་ཡང་ཡང་ཟློས་ནས་བཤད་སྣང་བ་ནི། འགལ་བར་མི་བསམ་སྟེ། འགའ་ཞིག་རྟེན་སོ་སོ་དང་། ལ་ལ་ཡེ་ཤེས་ཀྱི་ངོ་བོ་དང་། ཁ་ཅིག་འཕྲིན་ལས་སོགས་ཀྱི་དབང་དུ་བྱས་པའོ། །ཞེས་པ་ནི། ལེའུ་བརྒྱད་པའི་བཤད་པའོ། །བཞི་པ་མཉམ་ཉིད་ཡེ་ཤེས་ནི། འདོད་པའི་དོན་གྲུབ་དམ་པ་སྟེ། །ནས་ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་སོ། རང་གཞན་གྱི་འདོད་པའི་དོན་གྲུབ་དམ་པ་སྟེ་སངས་རྒྱས་ཀྱི་གོ་འཕང་བརྙེས་པས་ངན་སོང་གསུམ་པོ་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་རྣམ་པས་སྦྱོར་བར་མཛད་པའི་མགོན་པོ་སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར་པ་དེས། སེམས་ཅན་ཐམས་ཅད་རང་རང་གི་སྐལ་བ་དང་འཚམ་པར་རབ་ཏུ་གྲོལ་བར་བྱེད་པ་ཡིན་ཏེ། དེ་ཡང་ཉན་མོངས་པའི་དགྲ་འཇོམས་པའི་ཕྱིར་ན་གཡུལ་དུ་འཇུག་པ་ལ་གཅིག་ཏུ་དཔའ་བའམ་དཔའ་བ་གཅིག་པ་ཡིན་ལ། མི་ཤེས་པའི་རྨོངས་པ་བག་ཆགས་དང་བཅས་པའི་དགྲའི་དྲེགས་པ་འཇོམས་པར་མཛད་པས་སོ། །དགྲའི་དྲེགས་པ་ནི་མུ་སྟེགས་སོགས་ལ་བྱས་པའང་སྣང་། སྤྲུལ་སྐུའི་མཛད་པ་ནི། གདུལ་བྱ་འདུལ་བའི་ཐབས་མཁྱེན་པའི་བློ་དང་ལྡན་ཞིང་། རྒྱན་ཆ་ལུགས་དང་ལྡན་པར་སྟོན་པས་སྒེག་འཆང་དང་། ནུས་མཐའི་དཔལ་དང་ལྡན་པའི་དཔའ་བོ་མི་སྡུག་པའི་གཟུགས་འཆང་བའི་ཁྲོ་བོའི་གཟུགས་ཅན་དུ་སྤྲུལ་ནས་འགྲོ་བའི་དོན་བྱེད་ལ། དེ་ཡང་འགའ་ཞིག་ཏུ་དཔའ་བོའི་དོད་དུ་བརྟན་པོ་ཞེས་བཏོན་ནས་བཤད། དེ་ལྟ་བུའི་སྤྲུལ་པ་མཚོན་ཆ་སྣ་ཚོགས་པ་ཐོགས་པའི་ལག་པ་བརྒྱ་པོ་ཀུན་བསྐྱོད་པར་བྱེད་ཅིང་། ཞབས་ཀྱི་གོམ་པའི་སྟོབས་ཀྱིས་གར་བྱེད་པ་སྟེ། དཔལ་ལམ་ཕུན་སུམ་ཚོགས་པ་དང་ལྡན་པའི་ལག་པ་བརྒྱ་སྤྲུལ་ནས་གང་བ་ལ། ནམ་མཁའ་ཁྱབ་པར་གར་བྱེད་པའོ། །འདིར་ལག་པའི་དབྱུག་པ་ཞེས་པ་ནི། ཕལ་ཆེར་ལས་ལག་པ་བརྒྱ་པོ་ཞེས་འབྱུང་བས་དེ་བཞིན་དུ་བཤད་དོ། །ལག་པ་བརྒྱ་པོ་ནི། ཚངས་པ་འདུལ་བའི་ཆེད་དུ་སྤྲུལ་པར་བཤད་ལ། ཁ་ཅིག་ཏུ་ས་ཆོག་སྐབས་སུ་གར་བྱེད་པ་དང་སྦྱར་ནས་ཀྱང་བཤད་དོ། །སྟོང་གསུམ་གྱི་ས་ཡི་དཀྱིལ་འཁོར་ཆེན་པོའི་གཞི་ཡི་ཁྱོན་འདི་རྐང་པ་ཡ་གཅིག་གི་མཐིལ་གྱིས་གནོན་པར་མཛད་ཅིང་། དེར་མ་ཟད་རྐང་པའི་མཐེབ་སྟེ་མཐེ་བོང་གི་སེན་མོ་གཅིག་གི་ཁྱོད་ཀྱིས་ཀྱང་ཚངས་པའི་ཡུལ་ས་སྟོང་གཅིག་གི་འཇིག་རྟེན་ཁྱབ་པར་རྩེ་ནས་གནོན་པར་བྱེད་དོ། །འདི་དག་ལ་སྦས་དོན་གྱི་བཤད་པ་རྫོགས་རིམ་གྱི་སྐབས་དང་སྦྱར་བའང་ཡོད་དོ། །དེ་ལྟར་ནུས་པར་མ་ཟད། ཟུང་འཇུག་བརྙེས་པའི་གང་ཟག་གིས་རྡུལ་ཕྲ་མོ་གཅིག་གི་གོ་སར་སྟོང་གསུམ་ཤོར་བར་བྱེད་ནུས་ལ་དེའི་ཚེ་རྡུལ་ཆེ་རུ་མ་སོང་ཞིང་། སྟོང་གསུམ་ཆུང་ངུར་འང་མི་འགྲོ་བར་བཤད་དེ། དེ་ཡང་ཇི་སྐད་དུ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་དང་། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །ཞེས་སོགས་གསུངས་པ་ལྟར་རོ། །དོན་མཐར་ཐུག་པ་གཅིག་ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ནི། ཀུན་རྫོབ་དང་ངོ་བོ་གཉིས་སུ་མེད་པ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཞེས་བྱ་ལ། སྐུ་དེ་ནི་དམ་པའི་དོན་གྱི་སྐུ་ཡིན་ཏེ། གནོད་པས་འཇིགས་པ་མེད་པའི་དོན་དམ་གྱི་སྐུ་ཡིན་པས་སོ། །ཆོས་སྐུ་དེ་ལ་རྣམ་རིག་སྟེ་མོས་པ་སྣ་ཚོགས་པའི་ངོ་བོར་དེ་དང་མཐུན་པའི་གཟུགས་ཀྱི་དོན་ཅན་དུ་སྣང་ངོ་། །འོན་ཀྱང་། རྣམ་རིག་ཞེས་པ་སེམས་དང་། སྣ་ཚོགས་ནི་སྒོ་ལྔའི་རྣམ་ཤེས་ལ་བྱེད་པ་ཡང་སྣང་བས་འདི་ལྟར་བྱེད་ན། སེམས་དང་རྣམ་ཤེས་གཉིས་ཀྱང་དེ་ལྟར་བྱེད་པ་དང་འབྲེལ་ལོ། །སྔ་མ་ལྟར་བྱས་ནའང་། སེམས་ཡིད་དང་དབང་པོའི་རྣམ་པར་ཤེས་པའི་རྒྱུད་དང་ལྡན་པའི་འགྲོ་བ་རྣམས་ཀྱི་དངོས་ཀྱི་དོན་མ་ལུས་པ་རྣམས་བྱེད་པའི་གཟུགས་འཛིན་པ་ལ་དགའ་བ་སྟེ། འགྲོ་བའི་དོན་ལ་དགའ་བར་ཡང་བཤད། དེ་ལྟར་འཁོར་བའི་དོན་བྱེད་པ་མི་གཏོང་ཡང་། སྟོང་པ་ཉིད་ལ་མཉམ་པར་འཇོག་པ་ལ་དགའ་བའི་མཆོག་གི་བློ་དང་ལྡན་ནོ། །སྲིད་པར་སེམས་ཅན་གྱི་དོན་དུ་སྣང་ཡང་སྲིད་པའི་འདོད་ཆགས་ལ་སོགས་པ་ལས་འདས་པའོ། །དེ་ལས་འདས་ཀྱང་སྲིད་པ་གསུམ་ཀྱི་སེམས་ཅན་ཀུན་གྱི་དོན་ལ་དགའ་བ་ཆེན་པོ་པའོ། །དེ་དག་ནི་སྤྲུལ་སྐུ་དང་ཆོས་སྐུ་གཉིས་ཅི་རིགས་ཀྱི་དབང་དུ་བྱས་པ་སྟེ། ལོངས་སྐུའི་དབང་དུ་བྱས་ན། དཔེར་ན། སྤྲིན་དཀར་པོ་དག་པ་དེ་བཞིན་དུ། ལོངས་སྐུའི་ཁ་དོག་ཀྱང་དཀར་ཞིང་དག་པའོ། །དཀར་བ་ནི་མཚོན་པ་ཙམ་ཡིན་ལ། ཁ་ཅིག་ཏུ་དཀར་བ་ནི་དག་པའི་དོན་དུའང་བཤད། སྐུ་ལས་འོད་བཟང་པོ་སྟོན་ཀའི་ཟླ་བའི་འོད་བཞིན་དུ་འཕྲོ་ལ། འོད་དེ་ཡང་འཁོར་ཡུག་དང་ལྡན་པ་ནི། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས་ཤིང་། ཕྱག་གི་སེན་མོ་ལས་འཕྲོ་བའི་འོད་ནི་ཤས་ཆེར་དམར་བའོ། །སྤྱི་བོའི་དབུ་སྐྲ་ཐོར་ཅོག་ཏུ་བཅིངས་པའི་ཅོད་པན་བཟང་པོ་ནི་ནོར་བུ་མཐོན་ཀ་སྟེ་ཨིནྡྲ་ནཱི་ལའི་རྩེ་མོ་ལྟ་བུ་དང་། དབུ་སྐྲ་མཆོག་གི་མདོག་ཀྱང་ནོར་བུ་མཐོན་ཀ་ཆེན་པོ་དབང་སྔོན་གྱི་མདོག་ལྟ་བུ་འཆང་བའི་ཅོད་པན་གྱི་རྩེར་ནོར་བུ་ཆེན་པོ་འོད་ཆགས་པའི་དཔལ་གྱིས་མཛེས་ལ། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། ཞེས་པ་ལ་དོན་གཉིས་ཀྱི་དང་པོ་ནི། སངས་རྒྱས་ལོངས་སྐུ་རང་ཉིད་ལ་བྱས་ནས་རྒྱན་ནི་མཚན་དང་དཔེ་བྱད་ལ་བྱས་པ་དང་། གཉིས་པ་ནི་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་པའི་དོན་དུ་བཤད་དོ། །དེ་ལ་ནུས་པ་ནི། འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་བསྐྱོད་པ་སྟེ་གཡོ་བར་མཛད་པའི་རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཆེན་པོ་དང་ལྡན་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞི་མཐར་ཕྱིན་པའོ། །དེ་ལྟ་བུའི་རྫུ་འཕྲུལ་དེ་ཉིད་ལ་ཉམས་པ་མི་མངའ་བའི་དྲན་པ་ཆེན་པོ་འཆང་བ་སྟེ། འདི་དེ་ཁོ་ན་ཉིད་ལ་གནས་པ་མི་བརྗེད་པའི་དོན་དུ་བཤད་པའང་སྣང་། དྲན་པ་བཞི་པོ་ནི། དྲན་པ་ཉེར་བཞག་བཞི་ལ་བཤད་པ་དང་། དཀོན་མཆོག་གསུམ་དང་གཏོང་བ་རྗེས་སུ་དྲན་པ་བཞི་ལ་བཤད་པ་གཉིས་སྣང་སྟེ། དེ་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལྟ་བུ་སྟེ་གཙོ་བོའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སོགས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། འཕགས་པ་རྣམས་དགྱེས་པ་བསྐྱེད་པའི་ཕྱིར་མེ་ཏོག་དང་སྤོས་ཞེས་བྱའོ། །འདིར་སྦས་དོན་དུ་རྫོགས་རིམ་གྱི་ལམ་བསྟན་པར་བྱས་ནས། མེ་ཏོག་ནི་ཁྲག་དང་། སྤོས་ནི་བྱང་སེམས་དཀར་པོ་ལ་བཤད་པའང་སྣང་སྟེ་དེ་དག་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པས་ན་མཚོའོ། །ཡང་དག་པའི་ལྟ་བ་སོགས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་ཚུལ་ཏེ། མདོར་ན་སངས་རྒྱས་སུ་བགྲོད་ཐབས་ཀྱི་ལམ་བྱང་ཕྱོགས་སོ་བདུན་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རིག་པའི་ཕྱིར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་རིག་པ་སྟེ་མཁྱེན་པ་ཞེས་བྱ་བ་ནི་རྗེ་བཙུན་ཉིད་ལ་སྦྱར་རོ། །སེམས་ཅན་ཀུན་ལ་བརྩེ་བས་ཤས་ཆེར་ཆགས་ཀྱང་། ནམ་མཁའ་ཐམས་ཅད་ལ་ཁྱབ་བཞིན་དུ་གང་ལའང་མ་ཆགས་པ་ལྟ་བུར་ཉོན་མོངས་ཅན་གྱིས་ཆགས་པ་མེད་དོ། །སེམས་ཅན་ཀུན་གྱི་ཡིད་དེ་བསམ་པ་ལ་འཇུག་གོ །འདིར་བདེ་བ་ཆེན་པོའི་ཡེ་ཤེས་སེམས་ཅན་གྱི་རྒྱུད་ལ་འཇུག་པར་བཤད་པ་ཞིག་ཀྱང་སྣང་སྟེ། སྦས་དོན་དུ་བྱས་ན་མི་འགལ་ལོ། །སེམས་ཅན་རྣམས་ཀྱི་བསམ་པ་ཤེས་པ་དེ་ཡང་། སེམས་ཅན་ཀུན་གྱི་ཁམས་དང་བསམ་པའི་ཁྱད་པར་ཐ་དད་པ་རྣམས་སྐད་ཅིག་གིས་མཁྱེན་པས་ན་ཡིད་ལྟར་མགྱོགས་པའོ། །སེམས་ཅན་ཀུན་གྱི་དབང་པོ་རྣོ་རྟུལ་གྱི་རིམ་པའི་དོན་ལེགས་པར་ཤེས་ནས་ཆོས་བསྟན་ཏེ། ངེས་སེམས་ཅན་ཀུན་གྱི་ཡིད་འཕྲོག་པར་བྱེད་དོ། །ཡིད་ལྟར་མགྱོགས་པ་ནི། བརྩོན་འགྲུས་ཀྱིས་ཡིད་ལྟར་མགྱོགས་པ་དང་། སེམས་ཅན་འདུལ་བའི་དུས་ལས་སྐད་ཅིག་ཀྱང་མི་འདའ་བའི་དོན་དུ་བྱས་པའང་སྣང་ལ། ཡིད་འཕྲོག་པ་ནི་སྐུ་མཐོང་བས་ཡིད་འཕྲོག་པ་ལ་བཤད་པའང་ཡོད་དེར་མི་འགལ་ལོ། །ཆོས་བསྟན་པས་གཟུགས་སོགས་ཕུང་པོ་ལྔའི་དོན་གཟུགས་དབུ་བ་བརྡོས་པ་དང་། ཚོར་བ་ཆུ་བུར་ལྟ་བུ་སོགས་ཀྱང་ཀུན་རྫོབ་སྒྱུ་མ་ལྟ་བུའི་ཚུལ་དང་། དེ་དག་སྒྱུ་མ་ལྟ་བུ་ལས་རང་བཞིན་གྱིས་མེད་པའི་དེ་ཉིད་ཤེས་སོ། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པ་ལ་གཉིས་ཏེ། གཟུགས་སོགས་ཕུང་པོ་ལྔ་རྣམ་པར་དག་པའི་ཡེ་ཤེས་ལྔ་འཆང་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ། །དེ་བཞིན་དུ་ཏིང་འཛིན། ཤེས་རབ། རྣམ་གྲོལ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལྔ་འཆང་ལ་འཆད་པ་གཉིས་ཀྱི་དང་པོ་ནི། ཐུན་མོང་མ་ཡིན་པའི་སྐབས་དང་། གཉིས་པ་ཐུན་མོང་པའི་སྐབས་དང་སྦྱར་བའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ལྔ་སྟེ། རིགས་ལྔའི་བདག་ཉིད་ཅན་འཆང་བའི་དོན་ནོ། །ངེས་པར་འབྱུང་བའི་ཐེག་པའམ་ལམ་ཀུན་གྱི་མཐར་ཐུག་ལ་གནས་པས་ན་མཐའ་ལ་གནས་པ་དང་། ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་ཀུན་གྱི་དོན་ལ་མཁས་ཤིང་། སྡུག་བསྔལ་ལས་ངེས་པར་འབྱུང་བ་ཀུན་གྱི་ལམ་མཐར་ཐུག་པ་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་ཏེ། གདུལ་བྱ་ལ་ངེས་པར་འབྱུང་བ་གསུམ་པོ་ཀུན་ལེགས་པར་སྟོན་པར་མཛད་དོ། །མ་རིག་པ་ནས་རྒ་ཤིའི་བར་གྱི་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་བའི་སྲིད་པའི་རྩ་བ་བཅད་པའམ་བཏོན་པ་སྟེ། འཁོར་བའི་རྩ་བ་མ་རིག་པ་སྤངས་པས་འཁོར་བའང་སྤངས་པའི་ཕྱིར་རོ། །དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་པས་གཉིས་ཏེ། མ་རིག་པ་འགག་པ་ནས་རྒ་ཤི་འགག་པའི་བར་གྱི་དག་པ་བཅུ་གཉིས་འཆང་བ་དང་། མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་དང་། གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་སྟེ་སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པ་དང་ལྡན་པའོ། །འདིས་རྗེ་བཙུན་གྱིས་རང་རྒྱལ་གྱི་ལམ་རྟོགས་ནས་དེ་ལ་སྟོན་པའི་དོན་དུ་བཤད་དོ། །སྡུག་བསྔལ་བདེན་པ་སོགས་འཕགས་པའི་བདེན་པ་བཞིའི་ཚུལ་གྱི་རྣམ་པ་ཤེས་པ་ཅན་གྱི་ཤེས་པ་བརྒྱད་པོ་སྟེ་འདི་ལ་གཉིས། སྡུག་བསྔལ་ཆོས་ཤེས་དང་། སྡུག་བསྔལ་རྗེས་ཤེས་དང་། དེ་བཞིན་དུ། ཀུན་འབྱུང་། འགོག་པ། ལམ་གསུམ་པོ་རེ་རེ་ལའང་ཆོས་ཤེས་རྗེས་ཤེས་གཉིས་སྦྱར་བའི་བརྒྱད་ལ་བཤད་པ་དང་། མིག་གི་རྣམ་ཤེས་སོགས་དྲུག་དང་ཀུན་གཞི་ཉོན་ཡིད་དེ་རྣམ་ཤེས་ཚོགས་བརྒྱད་དག་པ་ལ་བཤད་པ་གཉིས་སྣང་། དེ་ལྟ་བུའི་རྟོགས་པ་ཡང་ལྡན་གྱིས་རྫོགས་པའི་རིགས་མཐུན་འཆང་བའོ། །འཕགས་པའི་བདེན་པའི་དོན་ནི་རྣམ་པ་བཅུ་གཉིས་དང་ལྡན་ཏེ། དེ་ཡང་བདེན་པ་བཞི་རེ་རེ་ལའང་། ངོ་བོ་དང་། བྱེད་པ་དང་། བྱ་བའི་འབྲས་བུ་གསུམ་སྟེ། བཅུ་གཉིས་ཡོད་པས། དེ་བཅུ་གཉིས་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའང་ཡིན་ནོ། །འདིར་ཁ་ཅིག་བཅུ་གཉིས་ལྡན་པ་ནི་སྐྱེ་མཆེད་བཅུ་གཉིས་ལ་བཤད་པའང་སྣང་ལ། སྦས་དོན་གྱི་དབང་དུ་བྱས་ནས་བཅུ་གཉིས་ལྡན་པ་ནི་དབང་བཞི་དང་། སྐད་ཅིག་མ་བཞི་དང་དགའ་བ་བཞི་སྟེ་བཅུ་གཉིས་ལ་བཤད་པ་དང་། ཡང་བཅུ་གཉིས་པོ་ཡན་ལག་བཅུ་གཉིས་ལ་བྱས་ནས་དེ་འགགས་པའི་ཆ་བཅུ་གཉིས་ལྡན་པ་ལའང་འཆད་དོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་པ་ལ། སྡུག་བསྔལ་བདེན་པའི་མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་བཞི། ཀུན་འབྱུང་བདེན་པའི་རྒྱུ། ཀུན་འབྱུང་། རབ་སྐྱེ། རྐྱེན་གྱི་རྣམ་པ་བཞི། ལམ་བདེན་གྱི་ལམ། སྒྲུབ་པ། རིག་པ། ངེས་འབྱིན་བཞི། འགོག་བདེན་གྱི་འགོག་པ། ཞི་བ། རྒྱ་ནོམ་པ། ངེས་འབྱུང་བཞི་སྟེ་བཅུ་དྲུག་རིག་པ་ལ་འཆད་པ་དང་། ནང་སྟོང་པ་ཉིད་སོགས་སྟོང་ཉིད་བཅུ་དྲུག་རིག་པར་ཡང་འཆད་ལ། སྦས་དོན་དུ། ཡས་བབས་མས་བརྟན་གྱི་དགའ་བ་བཞི་པོ་རེ་རེ་ལའང་བཞི་བཞིར་ཕྱི་ནས་བཅུ་དྲུག་བསྟན་པར་བཤད་དོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་པ་ལ་གཟུགས་བདག་མ་ཡིན་ཞིང་གཟུགས་ལ་བདག་རང་དངོས་ནས་མེད། བདག་ཉིད་གཟུགས་མིན། བདག་ལ་གཟུགས་རང་བཞིན་གྱིས་མེད་པ་བཞི་སྟེ། དེ་བཞིན་དུ། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས། བཞི་ལ་སྦྱར་བའི་འཇིག་ལྟ་ཉི་ཤུ་སྤངས་པ་ལ་བྱེད་པ་དང་། སྟོང་ཉིད་བཅུ་དྲུག་ཤེས་པའི་སྟེང་དུ། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོགས་པ། བྱ་བ་གྲུབ་པའི་ཡེ་ཤེས་བཞི་བསྣན་ཏེ་ཉི་ཤུ་ལ་འཆད་པ་དང་། ཡང་། འབྱུང་བ་ལྔ། ཕུང་པོ་ལྔ། ཉོན་མོངས་པ་ལྔ། དབང་པོ་ལྔ་སྟེ་ཉི་ཤུ་པོ་ཤེས་པ་དང་། དེ་ལས་གཞན་དུ་འཆད་པའང་སྣང་། ཕྱི་མ་ལྟར་ན། དེ་དག་རྣམ་པར་དག་པའི་ཆ་ནས་བྱང་ཆུབ་པའོ། །ཤེས་བྱའི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པས་ན་སངས་རྒྱས་དང་ཀུན་རེག་པའི་མཆོག་ཅེས་བྱ་ལ། དེ་ལྟར་རིག་པས་ན་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ་བྱེ་བ་དཔག་ཏུ་མེད་པ་ཕྱོགས་བཅུར་སྤྲུལ་ནས་འགྱེད་པ་པོ་སྟེ། ལོངས་སྐུས་སྤྲུལ་པ་སྟོན་པའི་ཚུལ་ལོ། །འདི་དག་གི་སྦས་དོན་ལ་སྔགས་ཀྱི་སྐབས་སུ་འཚང་རྒྱ་བའི་ཚུལ་སྟོན་པར་བཤད་དོ། །ཤེས་བྱ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤངས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་སྔ་ཕྱི་ཇི་སྙེད་ཅིག་སྐྱེས་པ་ཐམས་ཅད་མངོན་པར་ཏེ་མངོན་སུམ་དུ་རྟོགས་ཤིང་། ཡང་། སེམས་ཀྱི་སྐད་ཅིག་མ་གཅིག་ལ་ཤེས་བྱའི་དོན་ཀུན་མངོན་སུམ་དུ་རེག་པར་མཛད་དོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐེག་པ་སྣ་ཚོགས་པའི་ཐབས་ཀྱི་ཚུལ་ལ་མཁས་པའི་ཚུལ་གྱིས་འགྲོ་བའི་དོན་ལ་རང་རང་གི་དབང་པོ་དང་འཚམ་པར་རྟོགས་པ་པོ་སྟེ་ཤེས་པར་བྱས་ནས། དེ་ཡང་སེམས་ཅན་ཉན་ཐོས་དང་རང་རྒྱལ་སངས་རྒྱས་ཀྱི་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་ལ་འཁྲིད་པར་མཛད་ཀྱང་དེ་དག་ཐམས་ཅད་མཐར་ཐུག་ཐེག་པ་ཆེན་པོ་གཅིག་གི་འབྲས་བུ་སངས་རྒྱས་ཀྱི་སར་གནས་པ་མཛད་དོ། །ཐེག་པ་གཅིག་ཅེས་པ་བླ་མེད་ཀྱི་ཐེག་པ་ལ་བཤད་པ་ཡོད་ཀྱང་། དེ་ནི། ཐེག་པ་ཆེན་པོར་འདུས་པས་མི་འགལ་ལོ། །འདོད་ཆགས་སོགས་ཉོན་མོངས་པའི་ཁམས་རྣམས་མ་ལུས་པ་དག་པའི་བདག་ཉིད་ཅན་དང་། ཉོན་མོངས་པས་ཀུན་ནས་བསླངས་པའི་ལས་ཀྱི་ཁམས་རྣམས་ཟད་པར་བྱེད་པ་དང་། སྡུག་བསྔལ་གྱི་ཆུ་བོ་འབབ་པའི་འཁོར་བའི་རྒྱ་མཚོ་ཀུན་ལས་བརྒལ་ཞིང་། སྦྱོར་བའི་དགོན་པ་ཉོན་མོངས་པ་མེད་པའི་གནས་ལས་བྱུང་བའོ། །སྦྱོར་བའི་དགོན་པ་ནི། སྤང་བྱ་ལ་བཤད་ན། འཁོར་བའི་གནས་སུ་སྦྱོར་བར་བྱེད་པའི་ཀུན་སྦྱོར་ལ་བྱའོ། །རྒྱ་འགྲེལ་འགའ་ཞིག་ཏུ་འཁོར་བའི་དགོན་པ་ཞེས་འབྱུང་ལ། ལས་ཞེས་འབྱུང་བ་ལྟར་ན། སྤང་བྱ་ལ་བྱས་ན་བདེ་ཡང་། ཕལ་ཆེར་ལས་སྔ་མ་བཞིན་བཤད་དོ། །གཞན་ཡང་འདོད་ཆགས་སོགས་རྩ་བའི་ཉོན་མོངས་པ་དང་། ཕྲག་དོག་སོགས་ཉེ་བའི་ཀུན་ནས་ཉོན་མོངས་པས་བག་ཆགས་དང་བཅས་པ་གཏན་དུ་སྤངས་པའོ། །དེ་དག་ནི་སྤངས་པའི་ཁྱད་པར་བསྟན་པའོ། །དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཐབས་དེ་ལྟ་བུའི་སྒོ་ནས། དོན་ཡོད་པར་གྱུར་པའི་ལས་འགྲོ་བའི་དོན་བྱེད་པའོ། །བདག་ཏུ་འཛིན་པའི་འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། རྣམ་པར་ཤེས་པའི་ཚོགས་དྲུག་བདེན་སྣང་དང་བཅས་པའི་འཁྲུལ་པའི་དོན་ནི་འགོག་པ་སྟེ་སྤངས་པ་འཆང་བའོ། ཁ་ཅིག་ཏུ་འགགས་པར་བྱེད་ཅེས་འབྱུང་ངོ་། །སེམས་ཅན་ཀུན་གྱི་ཡིད་ཀྱི་ཡུལ་སེམས་རང་བཞིན་མེད་པ་དེ། སེམས་ཅན་ཀུན་གྱི་ཡིད་ལ་གནས་པས། དེ་སེམས་ཅན་བདུན་གྱི་ཡིད་ཀྱི་ནང་ན་གནས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གྱི་རྣམ་པར་དག་པ་ཡིན་ལ། དེ་ནི་ཆོས་སྐུར་འགྱུར་བར་སྟོན་པའོ། །འོན་ཀྱང་། རྐང་པ་གསུམ་པོ་ལ་འགྱུར་མི་འདྲ་བའང་སྣང་བས། དོན་ཀྱང་མི་འདྲ་བ་ཡོད་དོ། །གཞན་ཡང་། ཡིད་ལ་གནས་པ་པོ་ནི་རྗེ་བཙུན་ཉིད་ལ་སྦྱར་བའང་སྣང་། སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་རྣམ་པར་དག་པའི་རྒྱུ་མཚན་གྱིས་རྗེ་བཙུན་སེམས་ཅན་དེ་དག་གི་སེམས་ཏེ་བསམ་པ་དང་མཐུན་པ་འཇུག་པར་བྱེད་དེ། རིམ་གྱིས་སངས་རྒྱས་ཀྱི་སར་འགོད་པའི་ཐབས་སྟོན་པའོ། །སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཉིད། །སེམས་ཅན་གྱི་རྒྱུད་ལ་འཇུག་པར་བཤད་པ་བཞིན་བྱས་ཀྱང་མི་འགལ་བར་སེམས་སོ། །དེ་གཉིས་གང་གི་དབང་དུ་བྱས་ཀྱང་། ཞུགས་ནས་ནི། སེམས་ཅན་ཀུན་གྱི་ཡིད་ཚིམ་པར་བྱེད་པ་དང་། སེམས་ཅན་ཀུན་གྱི་ཡིད་དགའ་བར་བྱེད་དེ། གྲུབ་པ་མཐའ་རུ་ཕྱིན་པ་ནི་སྤངས་རྟོགས་མཐར་ཕྱིན་པ་དང་། གྲུབ་མཐའ་ཀུན་མཁྱེན་པའི་བཤད་ཚུལ་གཉིས་སྣང་། དེ་མཐར་ཕྱིན་པས་ན་ནོར་པའི་འཁྲུལ་བ་དང་ལྡན་པ་མ་ཡིན་པ་སྟེ། ནོར་བ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་རོ། །རང་གཞན་སོ་སོ་དང་གཉིས་ཀའི་དོན་གསུམ་པོ་ཐེ་ཚོམ་མེད་པར་འགྲུབ་ངེས་སུ་བྱེད་ནུས་པའི་བློ་གྲོས་དང་ལྡན་ཏེ། རང་གཞན་ཀུན་གྱི་དོན་བྱེད་ནུས་པའི་ཡོན་ཏན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་གོ་འཕང་མངོན་དུ་བྱས་པའི་ཕྱིར་རོ། །གཟུགས་སོགས་ཀྱི་ཕུང་པོ་ལྔའི་དོན་འདས་མ་འོངས་ད་ལྟའི་དུས་གསུམ་དུ་ཇི་ལྟར་བྱུང་བ་དང་གནས་པ་དང་། འབྱུང་བའི་གང་ཡིན་པ་རྣམས་ཀྱི་དུས་སྔ་ཕྱིའི་སྐད་ཅིག་པ་སྐྱེས་ཤིང་ཞིག་པ་དང་གནས་པ་དང་འབྱུང་བ་ཐམས་ཅད་ཀྱང་། ཡེ་ཤེས་ཀྱི་དུས་གཅིག་ལས་སོ་སོར་མ་འདྲེས་པར་བྱེ་བྲག་ཕྱེད་པའི་ཚུལ་གྱིས་མཁྱེན་པའོ། །དེས་ན་སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་ལ་མངོན་པར་རྫོགས་པ་སངས་རྒྱས་པ་ཞེས་བྱ་སྟེ། དུས་སྐད་ཅིག་མ་ཐུང་ངུ་གཅིག་ལའང་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པ་དག་པ་གཉིས་ལྡན་གྱི་སྐུར་མཚུངས་པ་དེ་ཉིད། རང་གི་ངོ་བོར་འཛིན་པས་ན། སངས་རྒྱས་ཀུན་གྱི་རང་བཞིན་འཆང་བ་སྟེ། འགའ་ཞིག་ཏུ། རིགས་ཀྱི་བདག་པོའི་དོན་དུ་བཤད་དོ། །རྡུལ་ཕྲ་རབ་ལས་གྲུབ་པའི་ལུས་མེད་པའི་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་ལུས་ཏེ་དེ་ནི་ལུས་ཐམས་ཅད་ཀྱི་མཆོག་ཅེས་བྱ་སྟེ། ལུས་ཐམས་ཅད་ཀྱི་མཐར་རུ་ཕྱིན་པའི་ལུས་ནི་རྟོགས་པ་པོ་སྟེ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་ལུས་སམ་སྐུ་ཐོབ་ནས་གདུལ་བྱའི་དོན་དུ་སྤྲུལ་པའི་གཟུགས་རྣམས་སྣ་ཚོགས་པ་ཀུན་ཏུ་སྟོན་པར་བྱེད་པས་སྐུ་དེ་ནི་ནོར་བུ་ཆེན་པོ་རིན་ཆེན་དབང་གི་རྒྱལ་མཚན་གྱི་ཏོག་ཏུ་བྱས་པ་དང་མཚུངས་པར་གདུལ་བྱའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་སོ། །ལུས་ཀྱི་མཆོག་ཅེས་པའི་སྐབས་ཀྱི་ལུས་ནི། རྒྱ་འགྲེལ་འགའ་ཞིག་ཏུ་ཆོས་སྐུ་ལ་གཉིས་སུ་ཕྱེ་བའི་ཡེ་ཤེས་ཆོས་སྐུ་ལ་བཤད། ཁ་ཅིག་ངོ་བོ་ཉིད་སྐུ་ལ་ཆོས་སྐུར་བྱས་པ་དེར་བཤད། ལ་ལ་ནི། ལོངས་སྐུའི་ལུས་ལ་འཆད་པའང་སྣང་ངོ་། །ཅེས་བྱ་བ་ནི། ལེའུ་དགུ་པའི་བཤད་པའོ།། །།ལྔ་པ་བྱ་བ་གྲུབ་པའི་ཡེ་ཤེས་ནི། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་སོ། །དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་རྟོགས་པར་བྱ་བ་སྟེ་མངོན་དུ་བྱས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི། སངསརྒྱས་ཀྱི་བྱང་ཆུབ་བླ་ན་མེད་པ་ཞེས་བྱ་ལ། བྱང་ཆུབ་དེ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གསང་སྔགས་ཀྱི་རྒྱུ་ལས་བྱུང་བའོ། །གསང་སྔགས་དེ་ནི་ཐབས་ཤེས་ཀྱི་བདག་ཉིད་ཅན་ཡིན་གྱི། ཡི་གེའི་གཟུགས་ཀྱི་ངོ་བོར་མེད་དོ། །གསང་སྔགས་ཆེན་པོ་དེ་ལ་རིགས་གསུམ་ཡོད་པ་སྟེ། སྐུ་གསུང་ཐུགས་ཀྱི་དབྱེ་བ་དེ་ལྟར་རོ། །གསང་སྔགས་དེ་ནི་དོན་གཉིས་སམ་དོན་ཐམས་ཅད་ཀུན་བསྐྱེད་པ་སྟེ། འགྲུབ་པར་བྱེད་པའི་ཐབས་ཡིན་ལ། འདིས་སྦས་དོན་དུ་བསྐྱེད་རིམ་བསྟན་པར་བཤད། ཐིག་ལེ་ཆེན་པོ་ཡི་གེ་མེད་ཅེས་པ་ནི། ཁ་ཅིག །ཐིག་ལེ་ནི་ཆོས་དབྱིངས་དང་། ཡི་གེ་མེད་པ་ནི་འགྱུར་བ་མེད་པའི་དོན་དུ་འཆད་ལ། ལ་ལ་སངས་རྒྱས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་སོ་ཞེས་འཆད་ལ། འགའ་ཞིག །ཐིག་ལེ་ནི་དབྱངས་གསལ་ལ་བྱས་ནས། ཡི་གེ་མེད་པ་ནི། དེ་དག་དོན་དམ་པར་མེད་པ་ལ་འཆད། གཞན་དག །ཐབས་ཤེས་དབྱེར་མེད་པའི་གསང་སྔགས་ནི་ཡི་གེའི་གཟུགས་སུ་མེད་པས། དེ་ལྟར་འཆད་པར་བྱེད་དོ། །རེ་ཞིག་དང་པོའི་དབང་དུ་བྱས་ན། དེ་ལྟ་བུའི་ཆོས་དབྱིངས་ཀྱི་ཐིག་ལེ་སྟོང་པ་ཆེན་པོ་དེ་འདི་ལས་ཡི་གེ་ལྔ་འཆར་ཏེ། འདི་ཡང་ཡེ་ཤེས་ལྔའི་བདག་ཉིད་རིགས་ལྔ་ལ་བྱེད་པ་དང་། ༀ་ཨཱཿཧཱུཾ་སྭཱ་ཧཱ་ལ་བྱེད་པ་དང་། ཨ་ར་པ་ཙ་ན་ལ་བྱེད་པ་དང་། ༀ་ཧཱུཾ་ཧྲཱཾ་ཧྲཱིཿཁཾ་ལ་འཆད་པའང་སྣང་སྟེ། གང་ལྟར་ཡང་རིགས་ལྔའི་བདག་ཉིད་མཚོན་པ་ཞིག་གོ །ཐིག་ལེ་སྟོང་པ་ཡི་གེ་དྲུག་ཅེས་པ་ལ་ནི། ལ་ལར་ཡི་གེ་བརྒྱ། ཞེས་བྱས་ནས་རིགས་བརྒྱར་འབྱེད་ལ། ༀ་ཝཱ་གི་ཤྭ་རི་མུཾཿསྟེ་དྲུག་ལ་བྱེད་པ་དང་སྣང་བ་ལས། རྒྱ་འགྲེལ་ཕལ་ཆེར་ལས་སྔ་མ་ལྟར་འབྱུང་བས་དེ་བཞིན་དུ་བྱའོ། །ཐིག་ལེའི་དོན་ནི་ཕྱག་རྒྱའི་དོན་དུའང་བཤད་ལ། ཕྱག་རྒྱ་ཡང་རྒྱས་བཏབ་པ་ལས་མི་འདའ་བའི་དོན་ཏེ། ཆོས་དབྱིངས་ཀྱི་སྐུའི་བདག་ཉིད་ལས་རིགས་བརྒྱའི་དབྱེ་བ་འབྱེད་པའི་དོན་དུ་བྱའོ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པའི་རྣམ་པ་ཀུན་ལྡན་ནི། །རིགས་ཀྱི་དབྱེ་བ་དེ་ལྟར་ཡོད་ཀྱང་། རྣམ་པ་མེད་ཅེས་པ་ནི། དེ་དག་མཐར་གཏུགས་ན་རིགས་གཅིག་ཏུ་འདུ་བའི་དོན་དུ་བཤད་པ་དང་། མཚན་དཔེའི་རྣམ་པ་ཀུན་དང་ལྡན་པ་དང་། ཆོས་སྐུ་སྟོང་པ་ཉིད་དུ་རྣམ་པ་མེད་པ་དང་། ཡང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ལུས་སུ་སྣང་ཡང་། རྡུལ་ཕྲ་རབ་ལས་གྲུབ་པའི་ལུས་ཀྱི་རྣམ་པ་མེད་ཅེས་འཆད་པའང་སྣང་བ་ལས། རེ་ཞིག་དང་པོ་ལྟར་རོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་ཞེས་པ་ལ། ཁ་ཅིག །བཅུ་དྲུག་ནི་དབྱངས་ཡིག་བཅུ་དྲུག་ལ་བྱས་ནས། དེའི་ཕྱེད་ནི་བརྒྱད་དང་། དེའི་ཕྱེད་ནི་བཞི་སྟེ། ཨ་ཨཱ་ཨཾ་ཨཿཤེས་པ་བཞི་སྟེ། འདིས་རྣམ་ཐར་སྒོ་བཞི་མཚོན་གསུང་ལ། འགའ་ཞིག་ནི། བཞི་ནི་སྐུ་བཞི་འཆང་བའི་དོན་དུ་བཤད་པ་ལ། གོང་ལྟར་བརྩིས་པའི་བཞི་ནི། རྡོ་རྗེ་དང་པདྨ་གཉིས། དེ་གཉིས་སྦྱོར་བས་ཀུནྡ་ལྟ་བུ་དང་། དེ་ལས་དོན་དམ་པའི་བདེ་བ་གཉིས་ཏེ་བཞིའི་གསུངས་ཏེ་ཕྱི་མ་ནི་སྦས་དོན་དུ་བྱའོ། །དེར་མ་ཟད། གཞན་དག་ནི་སྤྱི་བོར་ཟླ་བའི་ཐིག་ལེ་རལ་པའི་ཅོད་པན་ཐོགས་པའི་དོན་དུ་བཤད་པ་དང་། ཐིག་ལེ་ཆ་བཅུ་དྲུག་འབབ་པའི་ཆ་བཞི་ལ་བཤད་པའང་སྣང་ངོ་། །ཡན་ལག་མེད་པ་རྣམས་ལས་འདས། ཞེས་པ་ལ། ཁ་ཅིག །ཡན་ལག་མེད་པ་ནི། རྣམ་པར་རྟོག་པ་མེད་པ་དང་། ལ་ལ་ནི། ཆ་ཤས་མེད་པ་དང་། འགའ་ཞིག་སྤྲོས་པ་མེད་པའི་དོན་དུ་འཆད་ལ། རྩིས་ལས་འདས་པ་ནི་བཅུ་དྲུག་ཕྱེད་ཕྱེད་ཅེས་པ་ལྟར་བརྗོད་པའི་རྩིས་ལས་འདས་པ་དང་། ཡོད་མེད་སོགས་རྟག་ཆད་དུ་འཛིན་པའི་རྟོག་པ་ལས་འདས་པ་ལའང་བཤད་ཅིང་། དེ་རྣམས་མེད་པ་དང་འདས་རྒྱུ་ནི་བཞེད་པ་མི་འདྲ་བ་ཡོད་ཀྱང་། རེ་ཞིག་སྐུ་བཞི་ལ་བྱའོ། །བསམ་གཏན་དང་པོ་སོགས་བསམ་གཏན་བཞི་ཡོད་པའི་བསམ་གཏན་བཞི་པ་མཐར་ཕྱིན་པའི་རྩེ་མོ་མཆོག་ལྷན་སྐྱེས་ཀྱི་ཡེ་ཤེས་འཆད་པ་སྟེ། བླ་མེད་ཀྱི་སྐབས་དང་སྦྱར་ཚེ། དབང་བཞི་པའི་སྐབས་དང་སྦྱར་དགོས་པས། ཐུན་མོང་བའི་བསམ་གཏན་བཞི་པ་ཙམ་ཡིན་ནོ། །བསམ་གཏན་དང་པོ་སོགས་བཞི་པོ་རེ་རེ་ལའང་ཡན་ལག་མི་འདྲ་བ་སྣ་ཚོགས་ཡོད་པ་ཀུན་མཁྱེན་པས་ན། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་ཞེས་བྱ་ལ། ཐུན་མོང་པའི་བསམ་གཏན་བཞི་ལ་བཅོ་བརྒྱད་ཡོད་དོ། །སྦས་དོན་དུ་སྟོང་པ་བཞི་དང་དགའ་བ་བཞི་འདྲེན་ཚུལ་སོགས་ཤེས་པའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་རྣམས་མཁྱེན་ཅིང་། ཏིང་ངེ་འཛིན་དེ་རྣམས་ནི་རིགས་གང་དུ་གཏོགས་པ་དང་། དེ་དག་གང་ཟག་གང་གི་རྒྱུད་ཀྱིས་བསྡུས་པ་སོགས་མཁྱེན་པས་ན་རྒྱུད་རིག་པའོ། ཁ་ཅིག །རྒྱུད་རིག་པ་ནི་ཤེར་ཕྱིན་རིག་པའི་དོན་དུ་འཆད། ཏིང་འཛིན་མཐར་ཕྱིན་པའི་ཡེ་ཤེས་ལུས་ཅན་དང་། ལུས་ཀྱི་མཆོག་ཆོས་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཀུན་གྱི་རྒྱལ་པོ་དང་། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག་བརྙེས་པས། སངས་རྒྱས་ཀྱི་སྤྲུལ་པའི་རྒྱུད་འཆད་པ་སྟེ་འཛིན་པའོ། །རྒྱུད་འཆད་པའི་ཚུལ་ཡང་། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའི་ཚུལ་གྱིས་རང་རང་སྐལ་བ་ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །ལྷའི་དབང་པོ་ཞེས་སོགས་ཀྱི་སྦས་དོན་དུ་དཀྱིལ་འཁོར་གྱི་ལྷ་འགོད་པ་དང་སྦྱར་བ་ཞིག་སྣང་ཡང་འདི་ལྟར་བཤད་པ་བཞིན་བྱ་སྟེ། དེ་ལྟར་སྤྲུལ་པ་བསྟན་ནས་འགྲོ་བའི་དོན་བྱེད་པའི་ནང་ནས་འཇིག་རྟེན་པའི་རྣམ་པར་བསྟན་པ་ལ། ལྷ་ཡི་དབང་པོ་ཁྱབ་འཇུག །ལྷ་ཡི་ལྷ་ཚངས་པ། ལྷ་ཡི་བདག་པོ་བརྒྱ་བྱིན། ལྷ་མིན་བདག་པོ་སྒྲ་གཅན། འཆི་མེད་དབང་པོ་ནི་འཐབ་བྲལ་ལ་སོགས་པའི་རྒྱལ་པོ་དང་། ལྷ་ཡི་བླ་མ་ནི་ཕུར་བུ་དང་། འཇོམས་བྱེད་ནི་ཚོགས་བདག །ཡང་འཇོམས་བྱེད་ནི་དབང་ཕྱུག་སྟེ། དབང་ཕྱུག་ཆེན་པོར་སྤྲུལ་ནས་འགྲོ་བའི་དོན་བྱེད་ཅེས་སྦྱར་བ་དང་། འདི་ལའང་འཆི་མེད་དབང་པོ་ནི་བརྒྱ་བྱིན་ལ་སྦྱར་བ་དང་། ལྷ་དང་ཞེས་བཏོན་ནས་བཤད་པའང་ཡོད་དོ། །སྟོན་པ་གཅིག་པུ་ཞེས་སོགས་ནི། གོང་དུ་བརྗོད་མ་ཐག་པའི་སྤྲུལ་པ་དེ་དག་ཀྱང་རང་རང་གི་འཁོར་དུ་སྟོན་པ་དང་འདྲ་བ་ལ་བཤད་པ་ཞིག་སྣང་ཡང་། འདི་ལྟར་བྱ་སྟེ་རྗེ་བཙུན་ནི་འགྲོ་བ་ཡི་ཆོས་སྟོན་པའི་ནང་ནས་ཟླ་མེད་པ་ལྟ་བུར་གྱུར་པས་ན། སྟོན་པ་གཅིག་པུ་དང་། འགྲོ་བའི་བླ་མ་ཞེས་བྱ་ལ། དེ་ལྟར་ཡིན་པའི་སྒྲ་འཇིག་རྟེན་ཕྱོགས་བཅུར་རབ་ཏུ་གྲགས་པ་དང་། ཆོས་ཀྱི་སྦྱིན་པ་བྱེད་པས་ན་ཆོས་ཀྱི་སྦྱིན་བདག་ཆེ་བ་པོ་དང་། དེ་ཡང་སེམས་ཅན་བདེ་བ་ལ་འགོད་པར་བཞེད་པའི་བྱམས་པའི་གོ་ཆས་སེམས་ཅན་གྱི་དོན་དུ་ཆས་པ་སྟེ་བྱམས་པའི་གོ་ཆ་བཙན་པོ་བགོས་ཤིང་། སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཡི་ཡ་ལད་ཁྲབ་ལྟ་བུའི་ཚུལ་དུ་བགོས་པ་སྟེ་གྱོན་ནས། ཤེས་རབ་ཀྱི་རལ་གྲི་དང་མདའ། ཐབས་ཀྱི་གཞུ་ཐོགས་ཏེ། འགྲོ་བའི་ཉོན་མོངས་པ་སྤྱི་དང་མི་ཤེས་པའི་གཡུལ་དེ་སེལ་བར་མཛད་དོ། །མདའ་སྙིང་རྗེ་དང་། གཞུ་སྟོང་ཉིད་ལ་སྦྱར་བའང་སྣང་། གཞན་ཡང་། དཔའ་བོ་ཞེས་བྱ་སྟེ། བདུད་ཀྱི་དགྲ་ཆེན་པོ་ཡིན་པའི་ཕྱིར་དང་བདུད་འདུལ་བའི་མཆོག་ཡིན་པའི་ཕྱིར་ཏེ། ལྷའི་བུའི་བདུད་སོགས་བདུད་བཞིའི་འཇིགས་པ་ལ་སེལ་བར་བྱེད་ཅིང་། བདུད་ཀྱི་དཔུང་རྣམས་ཕམ་པར་བྱེད་པའི་ཕྱིར་རོ། །བདུད་ལ་ཕྱིའི་བདུད་དང་ནང་གི་བདུད་གཉིས་ལས། ཕྱི་མ་ནི་ཉོན་མོངས་སོགས་ཡིན་ནོ། །འདི་དག་ནི། འཇམ་དབྱངས་ཉིད་ལ་སྦྱར་བ་ཙམ་དུ་མ་ཟད། སངས་རྒྱས་ཀྱི་ཡོངས་སྤྲུལ་ཀྱི་སྐུ་གཞན་ལའང་སྦྱར་རྒྱུ་ཡིན་ནོ། །འདིར་སྦས་དོན་དུ་འཇམ་དབྱངས་ཀྱི་སྐུ་བསྒོམ་མའི་ཚུལ་ཞིག་བསྟན་པ་ཡང་བཤད། ངེས་དོན་དུ་རྗེ་བཙུན་ནི། རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་འདེན་པ་ཡིན། དེའི་ཕྱིར་མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་ཕྱག་གི་གནས་དང་། དུས་རྟག་ཏུ་བསྟེན་ནས་རི་མོར་བྱེ་བའི་འོས་ཡིན་པ་དང་། རྒྱལ་ལྟར་བཀུར་བར་འོས་པ་དང་། བསྔགས་པའི་གནས་སུ་གྱུར་པས་བརྗེད་པར་བྱ་བའི་མཆོག་དང་། བླ་མ་ལྟར་ཕྱག་བྱ་བར་འོས་པ་དང་། བླ་མའི་ནང་ནས་མཆོག་ཡིན་པས་ནོ་བླ་མའི་རབ་ཅེས་བྱའོ། །འཇིག་རྟེན་གསུམ་པོ་ནི་རྫུ་འཕྲུལ་གྱི་གོམ་པ་གཅིག་གིས་བགྲོད་པར་མཛད་ལ། ནམ་མཁའི་ཁམས་ཀྱིས་ཀུན་ཁྱབ་པ་ལྟར་སྤྲུལ་པས་འཇིག་རྟེན་གྱི་ཁམས་མཐའ་མེད་པ་རྣམ་པར་གནོན་པ་སྟེ་ཁྱབ་པའི། །འཇིག་རྟེན་གསུམ་ནི་ས་འོག་ས་སྟེང་ས་བླ་གསུམ་དང་། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་བཤད་པ་གཉིས་སྣང་། གོམ་གཅིག་བགྲོད་པ་ནི། སྔགས་ཀྱི་ཐེག་པ་ལ་བརྟེན་ནས་ཚེ་གཅིག་ལུགས་གཅིག་ལ་འཆད་རྒྱ་ནུས་པའི་དོན་དུ་བཤད་པའང་སྣང་ངོ་། །མཁའ་ལྟར་མཐའ་མེད་སོགས་ལ། ཆོས་སྐུ་ནམ་མཁའ་ལྟ་བུ་ལ་གནས་པས་མི་མཐུན་ཕྱོགས་ཐམས་ཅད་གནོད་པ་དང་། སེམས་ཅན་མཐའ་མེད་པའི་དོན་བྱེད་པ་ལའང་བཤད་དོ། །གསུམ་རིག་པ་ནི། ཁ་ཅིག་ལྷའི་མིག་གི་མངོན་ཤེས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་མེད་པའི་མངོན་ཤེས་གསུམ་ལ་བཤད། ལ་ལ་དུས་གསུམ་རིག་པ་དང་། སྡེ་སྣོད་གསུམ་རིག་པ་དང་། ནང་དུ་སྐུ་གསུང་ཐུགས་རིག་པ་ལ་བཤད་པའི་ཚུལ་ཡང་སྣང་ངོ་། །དེ་ལྟར་རིག་པ་ཡེ་ཤེས་ནི། སྐྱོན་ཐམས་ཅད་ཀྱིས་མ་གོས་པས་ན་གཙང་མ་དག་པ་སྟེ་ཞེས་བྱའོ། །ལྷའི་མིག་གི་མངོན་ཤེས་ནས། ཟག་པ་ཟད་པའི་མངོན་ཤེས་ཀྱི་བར་མངོན་ཤེས་དྲུག་དང་ལྡན་ལ། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་གཏོང་བ་ལྷ་རྗེས་སུ་དྲན་པའི་རྗེས་དྲན་དྲུག་སྟེ་ཁ་ཅིག་ཕྱི་མ་གསུམ་ལ། དམ་ཚིག་ཐུགས་མཛད་པ་རྗེས་སུ་དྲན་པ་གསུམ་འདྲེན། ལ་ལ་འགྲོ་དྲུག་རྗེས་སུ་དྲན་པ་ལ་བཞེད། དེ་ལྟ་བུ་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྟེ་རང་དོན་གྱི་སྐུ་ལ་དམིགས་པ་དང་། སེམས་དཔའ་ཆེན་པོ་སྟེ་གཞན་དོན་གྱི་ས་ལ་དམིགས་པའམ་ཐོབ་པའི་སྒོ་ནས་འགྲོ་བའི་དོན་བྱེད་པའོ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་ལས་འདས་པ་བརྙེས་པ་སྟེ། སྐུའི་དབང་ཕྱུག་ཐོབ་པའོ། ཁ་ཅིག །རྫུ་འཕྲུལ་ཆེན་པོ་དང་འཇིག་རྟེན་ལས་འདས་པ་སོ་སོར་ཕྱེ་ནས་འཆད་དེ། འཁོར་བ་ལས་འདས་པའི་ཕྱིར་འཇིག་རྟེན་ལས་འདས་པར་བཞེད། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་ལ་གནས་པ་སྟེ་མཐར་ཕྱིན་པར་གྱུར་ལ། ཤེས་རབ་གོམས་པའི་སྟོབས་ཀྱིས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་སྐུ་ཐོབ་བོ། །བདག་གི་དོན་རིག་པ་དང་། གཞན་གྱི་དོན་རིག་པ་ཐམས་ཅད་མཐར་ཕྱིན་པ་སྟེ། དེའི་ཕྱིར་སེམས་ཅན་ཀུན་ལ་ཕན་པ་དང་། དེས་ན་གང་ཟག་མཆོག་གམ་དམ་པ་ཞེས་བྱའོ། །གཞན་གྱི་དོན་བྱེད་པ་ལ་མཚུངས་པ་གཞན་མེད་པས། དཔེར་བྱ་ཀུན་ལ་འདས་པ་སྟེ། དཔེ་མེད་པའོ། །ཤེས་པ་ཡེ་ཤེས་ཀྱི་སྐུ་དང་། ཤེས་བྱ་གཟུགས་ཀྱི་སྐུ་གཉིས་ངོ་བོ་དབྱེར་མེད་པའི་ཟུང་འཇུག་གི་སྐུའི་བདག་པོ་མཆོག་གོ ཁ་ཅིག །ཤེས་པར་བྱེད་པ་དང་བྱ་བའི་དོན་གཉིས་ཀའི་བདག་པོ་མཆོག་ཏུ་བཞེད། ལ་ལ་གཟུངས་འཛིན་གཉིས་ཀྱི་བདག་པོར་འཆད་པའང་སྣང་། སྐྱེ་འཕགས་ཀུན་གྱི་གཙོ་བོ་དང་། ཆོས་ཀྱི་སྦྱིན་པ་བྱིན་པས་ན་ཆོས་ཀྱི་སྦྱིན་བདག་ཞེས་བྱ་སྟེ། དམ་རྒྱ། ཆོས་རྒྱ། ལས་རྒྱ། ཕྱག་ཆེན་གྱི་ཕྱག་རྒྱ་བཞི་པོའི་དོན་སྟོན་པ་སྟེ། ཐུགས་དམ་རྒྱ། གསུང་ཆོས་རྒྱ། འཕྲིན་ལས་རྒྱ། སྐུ་ཕྱག་རྒྱ་ཆེན་པོ་སྟོན་པའོ། ཁ་ཅིག །འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་སྟོན་པ་ལ་སྦྱར་ནས་བཤད་པ་ལྟར་བྱས་ཀྱང་མི་འགལ་ལོ། །དེ་སྟོན་པས་ན་འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་ཏུ་གྱུར་པའོ། །ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་ཐེག་པ་གསུམ་གྱི་ངེས་པར་འབྱུང་གི་གསུམ་པོ་དེར་བགྲོད་པའི་འབྲས་བུ་རྣམས་ཀྱི་ནང་ནས་དོན་གྱི་དམ་པ་མཆོག་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མས་རྣམ་པར་དག་པའི་དཔལ་དུ་གྱུར་པ་འཇིག་རྟེན་གསུམ་ན་སྐལ་བཟང་ཆེ་བ་སྟེ་ཕུན་སུམ་ཚོགས་པ་དང་། དོན་གཉིས་ཀྱི་དཔལ་དང་ལྡན་པའི་འབྱོར་བ་ཀུན་འགྲུབ་པར་བྱེད་པ་སྟེ། དེ་གང་ཞེ་ན། དྲང་དོན་དང་། ངེས་དོན་གྱི་འཇམ་དཔལ་ཡོན་ཏན་གྱི་དཔལ་དང་ལྡན་པའི་མཆོག་དེ་ཉིད་ཡིན་ནོ། །ཅེས་བྱ་བ་ནི་ལེའུ་བཅུ་པའི་བཤད་པའོ།། །།གསུམ་པ་འཇུག་བསྡུ་བ་ལ་གཉིས། ཡེ་ཤེས་ལྔ་ལ་བསྟོད་པའི་ལེའུ་དང་། སྔགས་ཀྱི་ལེའུ་བཤད་པའོ། །དང་པོ་ནི། མཆོག་སྦྱིན་རྡོ་རྗེ་ནས་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་ཏེ། འདི་ལ་ལྔ་མེ་ལོང་ལྟ་བུ། ཆོས་དབྱིངས་ཡེ་ཤེས། སོ་སོར་རྟོགས་པ། མཉམ་ཉིད་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །དང་པོ་ནི། སངས་རྒྱས་ཀྱི་གོ་འཕང་མཆོག་སྦྱིན་པར་བྱེད་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་མེ་ལོང་ལྟ་བུའི་ཡེ་ཤེས་ཁྱོད་ལ་འདུད། ཡང་དག་པའི་མཐའ་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་དང་པོ་གཅིག་ཏུ་ཞུགས་པར་གྱུར་པ་ཁྱོད་ལ་འདུད། ཆོས་རྣམས་རང་བཞིན་གྱིས་སྟོང་པ་ཉིད་རྟོགས་པ་ལས་བྱུང་བ་ཁྱོད་ལ་འདུད། སངས་རྒྱས་ཀྱི་བྱང་ཆུབ་ཏུ་གྱུར་པ་ཁྱོད་ལ་འདུད་དོ་ཅེས་པ་སྟེ་ངོ་བོའི་སྒོ་ནས་བསྟོད་པའོ། །གཉིས་པ་ནི། སྒྲིབ་གཉིས་ཀྱི་གཉིད་སངས་ཤིང་ཤེས་བྱ་ལ་བློ་རྒྱས་པ། ཡུལ་སྟོང་པ་ཉིད་ལ་རྟག་ཏུ་གནས་པས་ན་ཆགས་པ་སྟེ། ཆོས་དབྱིངས་ཡེ་ཤེས་ཁྱོད་ལ་འདུད། སངས་རྒྱས་ཡུལ་སྟོང་པ་ཉིད་ལ་གནས་པར་འདོད་པ་ལ་ཕྱག་འཚལ་འདུད། སངས་རྒྱས་ཡུལ་དེར་གནས་པར་དགྱེས་པ་ཁྱོད་ལ་འདུད། སངས་རྒྱས་ཡུལ་དེར་རྟག་ཏུ་སར་རོལ་པ་ཕྱག་འཚལ་འདུད་དོ། ། འདིར་སེམས་ཅན་གྱི་དོན་དུ་ཆགས་པ་དང་། འདོད་པ་སོགས་ལའང་ཞེད་པ་སྣང་ངོ་། །གསུམ་པ་ནི། སངས་རྒྱས་ཆོས་སྟོན་པ་ལ་མཉེས་ནས་འཛུམ་པའི་རྒྱུ་བྱེད་པའི་སོ་སོར་རྟོགས་པའི་ཡེ་ཤེས་ཁྱོད་ལ་འདུད། སངས་རྒྱས་འགྲོ་བའི་དོན་མཛད་པ་ལ་དགྱེས་ནས་བཞད་པ་ལ་ཕྱག་འཚལ་འདུད། །སངས་རྒྱས་ཆོས་སྟོན་པའི་གསུང་གི་མངའ་བདག་ཉིད་དུ་གྱུར་པ་ཁྱོད་ལ་འདུད། སངས་རྒྱས་དེ་བཞིན་ཉིད་དང་རོ་གཅིག་ཏུ་གྱུར་པའི་ཐུགས་ལ་ཕྱག་འཚལ་འདུད་དོ། །བཞི་པ་ནི། རང་བཞིན་གྱིས་མེད་པའི་སྟོང་པ་ཉིད་ལས་བྱུང་བའི་མཉམ་ཉིད་ཡེ་ཤེས་ཁྱོད་ལ་འདུད། སངས་རྒྱས་ཀྱི་གོ་འཕང་འབྱུང་བའི་གནས་ཁྱོད་ལ་འདུད། ནམ་མཁའ་ལྟ་བུའི་ཆོས་ཉིད་རྟོགས་པ་ལས་བྱུང་བ་ཁྱོད་ལ་འདུད། གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བ་ཁྱོད་ལ་འདུད་དོ། །ལྔ་པ་ནི། སྒྱུ་མ་ལྟ་བུའི་རྣམ་པར་འཁྲུལ་པའི་དྲ་བ་སྤྲུལ་པ་སྣ་ཚོགས་སྟོན་པ་བྱ་གྲུབ་ཡེ་ཤེས་ཁྱོད་ལ་འདུད། སངས་རྒྱས་ཀྱི་མཛད་པའི་རྣམ་རོལ་སྟོན་པ་ཁྱོད་ལ་འདུད། ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཁྱོད་ལ་འདུད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་ཉིད་དུ་གྱུར་པ་ཁྱོད་ལ་འདུད་དོ་ཅེས་པ་སྟེ། འདི་དག་ཡེ་ཤེས་ལྔ་གང་གི་བསྟོད་པ་ཡིན་པའི་གོ་རིམ་དང་། དོན་བཤད་པས་མི་འདྲ་བ་འགའ་རེ་སྣང་ངོ་། །འདི་ཡེ་ཤེས་ལྔའི་བསྟོད་པ་ཡིན་ཀྱང་། དོན་ལ་རིགས་ལྔའི་བསྟོད་པ་སྟེ། དེ་ཡང་སྤྱི་དང་བྱེ་བྲག་འཇམ་དཔལ་ཉིད་ལ་རིགས་ལྔར་ཕྱེ་ནས་བསྟོད་པའི་སྐབས་སོ། །ཞེས་པ་ནི། ལེའུ་བཅུ་གཅིག་པའི་བཤད་པའོ།། །།གཉིས་པ་ནི། ༀ་སརྦ་དྷརྨ་ནས་གརྦྷེ་ཨཿཞེས་སོ། །ༀ་ནི་སྔགས་ཀྱི་འགོ་འདྲེན་ཏེ། དམ་བཅའ་བ་དང་། བཀྲ་ཤིས་པ་སོགས་ལ་འཇུག་གོ །སརྦ་དྷ་མ་ནི་ཆོས་ཐམས་ཅད། ཨ་བྷ་ཝ་ནི་དངོས་པོ་མེད་པ་ཙམ་རང་བཞན་མེད་པ། སྭཱ་བྷཱ་ཝ་ནི་རང་བཞིན། བི་ཤུདྡྷེ་ནི་རྣམ་པར་དག་པ། བཛྲ་ཙཀྵཱ་ནི་རྡོ་རྗེའི་མིག །ཨ་ཨཱཿ ཨཾ་ཨཱཿརྣམ་པར་ཐར་པའི་སྒོ་བཞི་མཚོན་བྱེད། པྲ་ཀྲྀ་ཏ་ནི་རང་བཞིན་ནས་གང་ལ་ཞུགས་པའམ་གཉིས་སུ་མེད་པ། པ་རི་དྷུད་དྷ་ནི་ཡོངས་སུ་དག་པ། སརྦ་དྷཱརྨཱ་ནི་ཆོས་ཐམས་ཅད། ཡ་དུ་ཏ་ནི་གཤེགས་ཤིག་གམ་སྐྱེད་པ། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཛྙཱ་ན་ཀཱ་ཡ་ནི་ཡེ་ཤེས་ཀྱི་སྐུ། མཉྫུ་ཤྲཱི་ནི་འཇམ་དཔལ། པ་རི་ཤུདྷི་ཏ་ནི་ཡོངས་སུ་དག་པ། མུ་པཱ་དཱ་ཡ་ཏི་ནི་མྱུར་བར་གཤེགས་ཤིག །ཨ་ཨཱཿནི་རང་བཞིན་སྐྱེ་མེད་མཚོན་བྱེད། སརྦ་ཏ་ཐཱ་ག་ཏ་ནི་དེབཞིན་གཤེགས་པ་ཐམས་ཅད། ཧྲི་ད་ཡ་ནི་སྙིང་པོ། ཧ་ར་ཧ་ར་ནི་འབྱུང་བ་འབྱུང་བའམ་འཕྲོག་པ་གཉིས། ༀ་ཧཱུཾ་ཧྲཱིཿནི་སྐུ་གསུང་ཐུགས་མཚོན་བྱེད། བྷ་ག་ཝན་བཅོམ་ལྡན་འདས། ཛྙཱ་ན་ཡེ་ཤེས། མུརྟི་ནི་ལས་སམ་སྐུའམ་ཐམས་ཅད། ཝཱ་གི་ཤྭ་ར་ནི་ངག་གི་དབང་ཕྱུག །མ་ཧཱ་པ་ཙ་ནི་འཇམ་པ་ཆེན་པོའམ་སྨིན་པ་ཆེན་མོ། ག་ག་ནི་ནམ་མཁའ། ཨ་མ་ལ་ནི་ལྟ་བུ། མུ་ནེ་བདེ་བ། པ་རི་ཤུདྷ་ནི་ཡོངས་སུ་དག་པ། དྷཱརྨཱ་དྷ་དུ་ནི་ཆོས་ཀྱི་དབྱིངས། གརྦྷ་ནི་སྙིང་པོ། ཨཱཿནི་སྐྱེ་བ་མེད་པའོ། །དེ་ཡང་། རྩ་སྔགས། སྤྱན་འདྲེན་གྱི་སྔགས། འཕྲེང་སྔགས་གསུམ་སྟེ། ༀ་སརྦ་དྷརྨཱ་ནས་ཨ་ཨ་ཨཾ་ཨཿའི་བར་རྩ་སྔགས་དང་། པྲ་ཀྲྀ་ཏ་ནས། མུ་བཱ་དཱ་ཡ་ཏིའི་བར་སྤྱན་འདྲེན་པའི་སྔགས། དེ་མན་ཆད་ནི་འཕྲེང་བའི་སྔགས་སོ། །སྔགས་འདི་དག་གི་དོན་ལ་ངེས་དོན་གྱི་བཤད་པ་གཞན་ཡོད་ཀྱང་མང་དུ་དོགས་ནས་མ་བྲིས་སོ། །ཞེས་པ་ནི་ལེའུ་བཅུ་གཉིས་པའི་བཤད་པའོ།། །།གསུམ་པ་རྗེས་སུ་ཡི་རང་བ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ནས། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། ཅེས་པའི་བར་ཏེ། སྟོན་པས་ལན་རྒྱས་པར་གསུངས་པའི་རྗེས་དེ་ནས་སྡུད་པ་པོ་རྡོ་རྗེ་འཆང་ཕྱག་ན་རྡོ་རྗེ། ཡིད་དགའ་ཞིང་མགུ་ནས་ཐལ་མོ་སྦྱར་ཏེ། མགོན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ཏེ། རྣམ་མང་མགོན་པོ་ལག་ན་རྡོ་རྗེ་གཞན་རྣམས་དང་། གསང་བ་ཀུན་གྱི་དབང་པོ་ལག་ན་རྡོ་རྗེ་དེ། རང་གི་འཁོར་ཁྲོ་བོའི་རྒྱལ་པོར་བཅས་པ་རྣམས་ཀྱིས་སྐད་ཀྱི་གསང་བསྟོད་ནས་ནི་འོག་ནས་འབྱུང་བའི་ཚིག་འདི་སྐད་ཅེས་གསོལ་ཏོ། མགོན་པོ་ཞེས་སྟོན་པ་ལ་བོས་ནས། ཞུ་བ་པོ་བདག་ཅག་ཁྱོད་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ངོ་། །ལེགས་སོ་ལེགས་སོ་ཞེས་གཉིས་འབྱུང་བའི་སྔ་མ་ནི། རང་དོན་དང་། ཕྱི་མ་གཞན་དོན་དུ་བྱིན་པའི་ཚུལ་གཅིག་དང་། ཡང་སྔ་མ་ཟབ་པ་དང་། ཕྱི་མ་བརྗོད་བྱ་རྒྱ་ཆེ་བའི་ཚུལ་ལ་བྱིན་པར་བཤད་པའང་སྣང་ངོ་། །དེའི་ཕྱིར་རྒྱུད་འདི་ལེགས་པར་གསུངས་སོ་ཞེས་པ་སྟེ། དེ་ཡང་ཞུ་བ་པོ་བདག་ཅག་རྣམས་ཡང་དག་པར་རྫོགས་པའི་ བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པའི་དོན་ཆེན་པོ་མཛད་པའོ། །འགྲོ་བ་མགོན ་མེད་པ་རྣམས་དང་ནི། རྣམ་གྲོལ་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཚལ་བ་སྟེ། འདོད་པ་ཡི་དོན་དུ་གཉེར་བྱ་རྣམ་དག་ལེགས་པའི་ལམ་འདི་ནི། སྒྱུ་འཕྲུལ་དྲ་བའི་ཚུལ་ཏེ་ལྷ་དང་ཡེ་ཤེས་ཀྱི་བཀོད་པའི་རྣམ་རོལ་བསྟན་པ། བརྗོད་བྱ་ཟབ་ཅིང་ཡངས་ལ་རྒྱ་ཆེ་བ་སྟེ། དོན་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་སྟེར་བར་མཛད་པའི་སྒོ་ནས་འགྲོ་བའི་དོན་བྱེད་པ། དོན་མ་ལུས་པ་སངས་རྒྱས་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་མཚན་ཡང་དག་པར་བརྗོད་པ་འདི་ནི། དུས་གསུམ་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད་པ་ཡིན་ནོ། །འདི་ལའང་སྦས་དོན་གྱི་བཤད་པ་གཞན་ཞིག་ཀྱང་སྣང་ལ། དེར་མ་ཟད་ལེའུ་འདི་ལ་འགྱུར་མི་འདྲ་བ་སྣང་བས་དོན་ཀྱང་གོ་རིམ་མི་འདྲ་བ་རེ་འབྱུང་ངོ་། །རྒྱུད་འདི་ནི་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་རྣལ་འབྱོར་ཆེན་པོའི་རྒྱུད་རྒྱས་པ་ལས་ལོགས་སུ་ཕྱུང་བ་ཡིན་པ་སོགས་ནི་འཕགས་པ་སྒྱུ་འཕྲུལ་དྲ་བ་ཞེས་སོགས་ཀྱིས་སྟོན་པ་དོན་ནི་སླའོ། །ཅེས་པ་ནི་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ། །འདི་ལ་ཕན་ཡོན་ནི་ལེའུར་དྲངས་ན་བཅུ་བཞི་ཡིན་ལ། བཅུ་གསུམ་གྱི་རིམ་པ་ནི། གོང་དུ་བསྟན་པ་ལྟར་ཏེ། གོ་བདེ་བར་བརྗོད་ན། ཞུས་པའི་ལེའུ། ལམ་གྱི་ལེའུ། ལུས་རྣམ་གཞག་གི་ལེའུ། མངོན་པར་བྱང་ཆུབ་པའི་ལེའུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལེའུ། ཡེ་ཤེས་ལྔ་ལ་ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། སོར་རྟོགས་ཡེ་ཤེས། མཉམ་ཉིད་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཀྱི་ལེའུ་ལྔ། བསྟོད་པའི་ལེའུ། སྔགས་ཀྱི་ལེའུ། རྗེས་སུ་ཡི་རངས་པའི་ལེའུ་སྟེ་བཅུ་གསུམ་མོ། །འདི་ལས་སྐུ་གསུམ་གྱི་རྣམ་གཞག་དང་། མཛད་པ་སོགས་བསྐྱར་ནས་གསུངས་པ་སྣང་བ་ནི། ཡེ་ཤེས་ལྔ་པོ་རེ་རེ་ལ་བརྩམས་ཏེ་སྐུ་གསུམ་མཛད་པ་སོགས་བསྟན་པ་ཡིན་པས་ཟློས་པའི་སྐྱོན་མེད་ལ། དེ་དག་ཀྱང་འཇམ་དཔལ་གྱི་རྣམ་པར་འཕྲུལ་བའི་དབང་དུ་བྱས་པ་ཡིན་པས། འཇམ་དཔལ་ལ་བསྟོད་པའི་སྐབས་འཚོལ་བའི་ཉེས་པ་ཡང་མེད་དོ། །རྒྱུད་འདིའི་དོན་འགྲེལ་པའི་སློབ་དཔོན་ཉི་མ་སྦས་པ་དང་། གྲུབ་ཆེན་དཔེ་མེད་འཚོས་འདིའི་དོན་གཙོ་བོར་ངེས་དོན་བསྐྱེད་རྫོགས་གཉིས་དང་། ཁྱད་པར་རྫོགས་རིམ་བསྟོན་པའི་དོན་དུ་བཤད་ལ། རྒྱ་འགྲེེལ་གཞན་ཕལ་ཆེར་ལས་སྔར་གྱི་འཆད་ཚུལ་ལྟར་བཤད་དོ། །འོན་ཀྱང་འཆད་ཚུལ་མི་འདྲ་བ་ཡོད་པ་ནི་གོང་དུ་བརྗོད་པ་ལྟར་ཏེ། རྒྱ་འགྲེལ་འདི་དག་གི་དགོངས་པ་རྟོགས་དཀའ་ཡང་དེ་དག་ལས་གང་འཆད་བདེ་བ་དང་སྐབས་སུ་བབས་པ་ཉིད་གཞིར་བྱས་ཏེ་བཤད་པ་ཡིན་ནོ། །སྨྲས་པ། གསུང་རབ་ཀུན་གྱི་སྙིང་པོ་མཐར་ཐུག་པ། །རྡོ་རྗེའི་ཚིག་གིས་རྒྱས་བཏབ་རྒྱུད་ཀྱི་རྩེ། །སར་གནས་འཕགས་པའི་སྤྱོད་ཡུལ་འདི་ཡི་དོན། །བདག་ལྟའི་བྱིས་བློས་དཔག་པར་ག་ལ་ཞིག །ཇི་ལྟར་འདོད་རྒུའི་འབྱུང་གནས་དབང་གི་རྒྱལ། །དམུས་ལོང་ལག་ཏུ་སོན་བཞིན་ཕྱོགས་ཀུན་ན། །འདི་ལ་ཞལ་ཏོན་བྱེད་པ་མང་མོད་ཀྱང་། །གང་འདིའི་དོན་ཟབ་མི་ཤེས་ཚིག་ཙམ་བརྗོད། །གལ་ཏེ་དཔྱད་ཀྱང་གཏིང་དཔོག་མི་ནུས་ཤིང་། ཁྱིམ་པ་ཡན་གྱི་བཀླག་བྱའི་ཆོས་ཙམ་དུ། །འཛིན་པར་མཐོང་ནས་ཚུལ་དེ་མ་བཟོད་པར། །གང་གིས་བསྐུལ་བཞིན་འདི་དོན་འགྲེལ་ལ་བརྩོན། །དེ་ཚེ་མཁས་པས་བཀྲལ་བའི་སྲོལ་ཞུགས་ནས། །ཇི་ལྟར་ནུས་པའི་ཚུལ་གྱིས་དཔྱད་པ་འདིར། །མ་རྟོགས་ལོག་རྟོག་ནོངས་པར་གྱུར་པའི་ཆ། །རང་གི་ཉེས་ཏེ་དམ་པའི་སྤྱན་སྔར་འཆགས། །གང་ཕྱིར་འཕགས་ཡུལ་མཁས་པའི་མཆོག་དག་ཀྱང་། །ཤིན་ཏུ་རྟོགས་དཀའི་གནས་འདི་འཆད་པའི་ཚེ། །ཐེ་ཚོམ་ཁྱོགས་ལ་ངལ་སོ་བསྟེན་བྱེད་ན། །བླུན་རྨོངས་བདག་ལྟ་འདི་ལ་ཅིས་མི་འཁྲུལ། །འོན་ཏེ་ཚད་ལྡན་གཞུང་དོན་གཞིར་བཞག་ནས། །རང་གི་བློ་ཡིས་འབད་པས་བཀྲལ་བ་ལས། །ལེགས་པར་བསྐྲུན་པའི་དགེ་བ་གང་ཐོབ་དེས། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་གྱུར་ཅིག །ཅེས་རྒྱུད་ཀྱི་རྒྱལ་པོ་མཚན་ཡང་དག་པར་བརྗོད་པའི་སྙིང་པོའི་དོན་འགྲེལ་གསལ་བ་ཞེས་བྱ་བ་འདི་ནི། ཕྱོགས་འདིར་བསྟན་པའི་མངའ་བདག་ཀོའུ་ཤྲི་ནང་སོ་ངག་དབང་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་དང་། གང་དེའི་རིགས་དཔོན་དུ་གྱུར་པ་དཔོན་སྲས་བློ་བཟང་བསྟན་པའི་རྒྱལ་མཚན་རྣམ་པ་གཉིས་ཀྱིས་གནང་སྦྱིན་དང་བཅས་ཏེ་བསྐུལ་བ་དང་། དཔོན་པོ་ཉིད་ཀྱི་སློབ་དཔོན་པ་གནས་བརྟན་འཕྲིན་ལས་དར་རྒྱས་དང་། ཉང་བཟའི་དཀའ་བཅུས་ཀྱང་བསྐུལ་བའི་ངོར་ཅོ་ནེའི་སློབ་དཔོན་པ་ཤཱཀྱའི་དགེ་སློང་རིགས་པ་སྨྲ་བའི་སྦོབས་པ་ཅན་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་དགེ་བྱེད་ཀྱི་ལོར་སྦྱར་བ་སྟེ། ཕྱིས་དགེ་སློང་འཇམ་དབྱངས་གྲགས་པ་དང་བློ་བཟང་ཕུན་ཚོགས་གཉིས་ཀྱིས་གྲྭ་ཚང་དུ་དཀའ་བཅུའི་མཚན་གསོལ་བའི་ཚེ་པར་དུ་བརྐོས་སོ། །མངྒལཾ།