གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣལ་འབྱོར།
གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣལ་འབྱོར་བཞུགས།
ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། གང་ཞིག་བསྟེན་ནས་མཆོག་ཐུན་གྱི། །དངོས་གྲུབ་བདེ་བླག་སྟེར་མཛད་པའི། །བླ་མ་རྡོ་རྗེ་འཆང་ཆེན་ཞབས། །གུས་མཆོད་བླ་མའི་རྣལ་འབྱོར་བཤད། །སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་རིམ་པ་མང་ཡང་། ཆེས་མཆོག་ཏུ་གྱུར་པ་ནི་རྣལ་འབྱོར་བླ་མེད་ཀྱི་རིམ་གཉིས་ཡིན་ལ། དེའི་ནང་ནས་ཀྱང་གསང་བདེ་འཇིགས་གསུམ་གྱི་རིམ་པ་གཉིས་ཉམས་སུ་ལེན་དགོས་པར་བཤད་པས། འདིར་དེ་དག་གི་ཡང་སྙིང་བླ་མ་དང་ཡི་དམ་ཐ་མི་དད་པའི་རྣལ་འབྱོར་ཇི་ལྟར་ཉམས་སུ་ལེན་ཚུལ་ཅུང་ཟད་རྒྱས་པའི་དབང་དུ་བྱས་པ་རྗེ་ཡབ་སྲས་ཀྱི་མན་ངག་པཎ་ཆེན་གོང་མ་སོགས་ཀྱི་གསུངས་རབ་ལས་འབྱུང་བ་བཞིན། རྒྱུན་གྱི་ཉམས་ལེན་དུ་འཁྱེར་བ དེར་དགོད་པ་ལ་གསུམ། གསང་འདུས། བདེ་མཆོག །འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། དབང་བསྐུར་ཐོབ་ཅིང་དམ་ཚིག་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྣམས་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་པ་བསམས་ལ། ནང་མཆོད་དང་མཆོད་པ་རྣམས་དངོས་སུ་ཡོད་ན་ཕུན་སུམ་ཚོགས་པ་ཡིན་པས། བྱིན་རླབས་ཆོ་གའི་གཞུང་ལྟར་རམ། བསྡུ་ན། བི་གྷཱ་ན་ཏ་ཀྲྀ་ཏ་ཀྱིས་བསངས་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱད་པ་ཞུ་བ་ལས་བྱུང་བའི་མཆོད་པ་རྣམས་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བརླབ། རང་གི་སྤྱི་བོ་འམ། མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རྩ་བའི་བླ་མ་དེ་ཉིད་རྣམ་པ་རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱན་ཅུས་བརྒྱན་པ། ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་ནས་རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་ཏེ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་པ་དང་ལྡན་པ། ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་འདོད་ཡོན་ལྔའི་དགའ་བས་རོལ་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་ནས། ཤམ་ཐབས་འཕྱར་བ། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་མི་བསྐྱོད་པ། སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ལྟེ་བར་རིན་ཆེན་འབྱུང་ལྡན། བརླའི་རྩ་བར་དོན་ཡོད་གྲུབ་པ། ལྟེ་བར་སྤྱན་མ། སྙིང་གར་མ་མ་ཀི། མགྲིན་པར་གོས་དཀར་མོ། །སྤྱི་གཙུག་ཏུ་སྒྲོལ་མ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག །སྙིང་གར་འཇམ་དཔལ། གསང་གནས་སུ་སྒྲིབ་པ་རྣམ་སེལ། ཚིགས་རྣམས་ལ་ཀུན་ཏུ་བཟང་པོ། སྤྱི་གཙུག་ཏུ་བྱམས་པ། མིག་གི་སྒོར་གཟུགས་རྡོ་རྗེ་མ། རྣ་བའི་སྒོར་སྒྲ་རྡོ་རྗེ་མོ། སྣའི་སྒོར་དྲི་རྡོ་རྗེ་མ། ཁའི་སྒོར་རོ་རྡོ་རྗེ་མ། རྡོ་རྗེའི་སྒོར་རེག་བྱ་རྡོ་རྗེས། ལག་པ་གཡས་ལ་གཤིན་རྗེའི་གཤེད། ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བདུད་རྩི་འཁྱིལ་བ། དཔུང་པ་གཡས་པའི་རྩ་བར་མི་གཡོ་བ། དཔུང་པ་གཡོན་པའི་རྩ་བར་འདོད་པའི་རྒྱལ་པོ། པུས་མོ་གཡས་ལ་དབྱུག་སྔོན་ཅན། པུས་མོ་གཡོན་ལ་སྟོབས་པོ་ཆེ། སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་བསྒྱུར་བ། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། །དེའི་མཐར་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ། སོ་སོའི་མདུན་དུ་རང་རང་གི་ལུང་གི་དམ་པའི་ཆོས་རྣམས་གསུང་རབ་པོ་ཏིའི་རྣམ་པ་ཅན་དུ་འཁོད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ༀ་དཀར་པོ། །མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་ཉིད་མི་བསྐྱོད་རྡོ་རྗེར་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མི་བསྐྱོད་པའི་དཀྱིལ་འཁོར་ལ་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །ཞེས་སོགས་ཚིགས་བཅད་གཅིག་གི་མཐར། ༀ་བཛྲ་ས་མཱ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་ལྷ་སོ་སོ་ལ་དབང་བསྐུར་བར་གྱུར། གང་གི་དྲིན་གྱི་བདེ་ཆེན་གནས། །ཞེས་སོགས་དང་། རྨད་བྱུང་མཚན་དཔེའི་དཔ ལ་འབར་སོགས་ཚིགས་བཅད་གཅིག་དང་། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། །ཞེས་པ་ནས། རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་ཀྱིས་ཕྱག་བྱ། དེ་ནས། རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ནས། སྤཪྴ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ་དང་། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་མཎྜལ་དང་བཅས་པའི་ཕྱེ་མཆོད་དང་། ༀ་གུ་རུ་སརྦ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ༀ་ཨཱཿཧཱུཾ་གིས་ནང་མཆོད་དང་། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཞུ་བས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་ཞིང་། བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བས། གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར་བར་བསམ། དེ་ནས་བླ་མ་རྡོར་འཛིན་མ་སོགས་བཤགས་པ་ཅི་རིགས་དང་། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་པ་ནས། བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཞེས་པའི་བར་དང་། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། ནས། ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །ཞེས་པའི་བར་དང་། སྤྲོ་ན་རིགས་ལྔའི་སྡོམ་བཟུང་ཀྱང་བྱ་བར་གསུང་། དེ་ནས་བླ་མ་རྡོ་རྗེ་འཆང་དེ་ཉིད་མཆོག་གསུམ་ཀུན་འདུས་ཀྱི་བདག་ཉིད་དུ་མོས་ལ། བླ་མ་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས༴ སངས་རྒྱས་ཀུན་འདུས༴ དམ་ཆོས་ཀུན་འདུས༴ འཕགས་ཚོགས་ཀུན་འདུས༴ སྐྱབས་གནས་ཀུན་འདུས༴ དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་སྙིང་ཐག་པ་ནས་ཅི་ནུས་བརྗོད་པའི་མཐར། བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརློབ་ཏུ་གསོལ། བཤེས་གཉེན་ལ་མ་དད་པ་དང་ལོག་པར་ལྟ་བ་དང་དུག་གསུམ་ལ་སོགས་པ་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརློབ་ཏུ་གསོལ། དད་པ་དང་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་ལམ་རིམ་པ་གཉིས་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་རྟོག་པ་མཐའ་དག་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརློབ་ཏུ་གསོལ། ཞེས་ལན་གསུམ་སོགས་ཀྱིས་བྱིན་རླབས་ཞུ། དེ་ལྟར་གསོལ་བ་བཏབ་པས། བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་འོད་ཟེར་ལྔ་དང་འདྲེས་པའི་རྒྱུན་དཔག་ཏུ་མེད་པ་བྱུང་། རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་པས་ནད་གནོད་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚེ་དཔལ་བསོད་ནམས་དང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱས་ནས། བླ་མ་རྡོ་རྗེ་འཆང་གི་སྐུར་གྱུར། སླར་ཡང་འོད་དང་བདུད་རྩིའི་ཚོགས་སྤྲོས་ཏེ། སྣོད་ཀྱི་མ་དག་པ་སྦྱངས་ནས་དག་པའི་ཞིང་དུ་བསྒྱུར་བས་སྣོད་ཐམས་ཅད་དག་པའི་ཞིང་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རྣམ་རོལ་ཏུ་གྱུར་པར་བསམས་ལས་མཉམ་པར་འཇོག །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ཞེས་ལན་གསུམ་སམ་གཅིག་གིས་གསོལ་བ་གདབ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གིས་རྒྱལ་བ་སྲས་བཅས་ཐམས་ཅད་འདུས་པའི་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་བའི་རྣམ་པར་སྤྱན་དྲངས། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བར་སྦྱིན་པར་བྱ། །ༀ་ཨཱཿ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་དྲངས་ཏེ། སྐུ་ལ་ཞུགས་པས་ཆགས་པ་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་སུ་གྱུར། ༀ་ཨཱཿབཛྲ་དྷྲྀ་ཀ་ཧཱུཾ། ཞེས་གསུངས་ཏེ། བླ་མ་ཡབ་ཡུམ་གྱི་བྱང་སེམས་རང་གི་ལྕེའི་སྟེང་དུ་བཞག་པ་མྱང་བས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སྒྱུ་མའི་སྐུ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་དང་གཙོ་བོ་ཐ་མི་དད་པའི་ཡུམ་ལས་རེག་བྱ་རྡོ་རྗེ་མ་གཉིས་པ་ཞིག་ཆད་ནས་རང་གི་ཡུམ་ལ་ཐིམ། དེ་དང་སྙོམས་པར་ཞུགས་པས་བདེ་སྟོང་དབྱེར་མེད་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག་དོན་དམ་འོད་གསལ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །དེ་ནས་བླ་མ་དང་གཙོ་བོ་ཐ་མི་དད་པས། ཁྱོད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་ རང་དང་རིག ་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན་སེམས་ལྷན་སྐྱེས་ཀྱི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་ལྟར། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་ལྷན་སྐྱེས་ཀྱི་དགའ་བས་སྟོང་པ་ཉིད་མངོན་དུ་བྱས་པའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་གོ་འཕང་འགྲུབ་པར་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ་ཞེས་གསུང་། དེས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག །ཟུང་འཇུག་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་རྡོ་རྗེ་འཆང་གི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ །དབང་བཞི་བསྡུ་ན། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་པར་གསུངས་ཏེ། དེ་ཡང་བྱང་ཆུབ་རྡོ་རྗེ་ཞེས་སོགས་ཀྱི་རྐང་པ་བཞི་པའི་མཐར། བླ་མའི་སྤྱི་བོའི་ༀ་ལས་འོད་དང་བདུད་རྩི་དཀར་པོའི་ཚོགས་བྱུང་། རང་གི་སྤྱི་བོར་ཞུགས་ནས་ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ་སོགས་སྔར་བཞིན་དང་། བླ་མའི་མགྲིན་པའི་ཨཱཿལས་འོད་དང་བདུད་རྩི་དམར་པོའི་ཚོགས་བྱུང་། རང་གི་མགྲིན་པར་ཞུགས་ངག་གི་དྲི་མ་དག་སོགས་དང་། བླ་མའི་ཐུགས་ཀའི་ཧཱུཾ་ལས་འོད་དང་བདུད་རྩི་སྔོན་པོའི་ཚོགས་བྱུང་། རང་གི་སྙིང་ཀར་ཞུགས། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སོགས་དང་། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་དང་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་། རང་གི་སྤྱི་བོ་མགྲིན་པ་སྙིང་ཀ་གསུམ་དུ་ཞུགས་པས། སྒོ་གསུམ་གྱི་དྲི་མ་དག་དབང་བཞི་པ་ཐོབ་སོགས་སྔར་བཞིན་བྱའོ། །སླར་ཡང་། སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་ལ་ཕྱིན་ཅི་ལོག་གི་བློ་སྣ་འགག་པ་དང་། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་སྐྱེ་བར་བྱིན་གྱིས་བརློབ་ཏུ་གསོལ། ཞེས་ཅི་ནུས་བརྗོད་པའི་མཐར། ཞེས་གསོལ་བ་བཏབ་པས། བླ་མ་འཁོར་དང་བཅས་པའི་སྐུ་ལས་འོད་དང་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ། རང་དང་སྣོད་བཅུད་ཐམས་ཅད་ལ་འཕོག་པས་དེ་རྣམས་ཀྱི་སྐྱོན་ཐམས་ཅད་སྦྱངས། སྣོད་ཐམས་ཅད་དག་པའི་ཞིང་དང་། བཅུད་ཐམས་ཅད་རྡོ་རྗེ་འཆང་གི་སྐུར་གྱུར། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་མཐའ་སྐོར་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་བཀུག་ནས་བླ་མ་ཡབ་ཡུམ་གྱི་སྐུ་ལ་ཞུགས། དེ་གཉིས་ཀྱང་དགྱེས་བཞིན་དུ་རང་གི་སྤྱི་བོ་ནས་ཞུགས་ཏེ་དབུ་མའི་ལམ་བརྒྱུད། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་པདྨའི་གདན་ལ་བཞུགས་པ་དང་། རང་ཞེ་སྡང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར་པར་བསམས་ལ་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་དམིགས་ནས། ༀ་ཨཱཿབཛྲ་དྷྲྀ་ཀ་ཧཱུཾ་ཧཱུཾ། ཞེས་ཅི་ནུས་པ་ཟླ་ཞིང་། འཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །ཞེས་སོགས་ཚིགས་བཅད་གཉིས་དང་། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱིས་བསྔོ་སྨོན་བྱའོ། །གཉིས་པ་བདེ་མཆོག་གི་བླ་མའི་རྣལ་འབྱོར་ནི། འདི་ལྟར། བླ་མ་འཁོར་ལོ་སྡོམ་པ་སོགས། །མཆོག་གསུམ་རྣམས་ལ་གུས་ཕྱག་འཚལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐོབ་ཟིན་པའི་བདེ་བ་བརྟན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡིད་དེ་བཞིན་ཉིད་ལ་རོ་གཅིག་ཏུ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། དེ་ནས། ཤྲཱི་ཧེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ། རྒྱུའི་བདག་ཉིད་དུ་བརྟགས་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང་། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང་ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། །སྟོང་པའི་ངང་ལས་སྐད་ཅིག་གི་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། ཤྲཱི་ཧེ་རུ་ཀོ྅ཧཾ། ལན་གསུམ་དང་། ༀ་ཨ་ཨཱ། ནས། ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། གསུམ། རང་གི་ལྟེ་བའི་ཕྱོགས་སུ་སྔགས་འཕྲེང་འོད་ཟེར་ལྔ་དང་བཅས་པ་གཡོན་བསྐོར་གྱིས་ལན་གསུམ་དུ་བསྐོར་ནས་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷའི་ཚོགས་འཕྲོས་པས་སྣ་བུག་གཡས་པ་ནས་ཐོན་ཏེ་ཕྱིར་འཕྲོས་པས་བགེགས་ཐམས་ཅད་བསྐྲད་ཏེ། སླར་བྱོན་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ་ལྟེ་བའི་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམ། མཆོད་པ་མེད་ན་མོས་པས་ཀྱང་རུང་མོད། ཡོད་ན་ནང་མཆོད་གཞུང་ལྟར་རམ། བསྡུ་ན། ༀ་ཨཱཿཧཱུཾ་ཧ་ཧེ་ཧྲཱིཿ ལན་གསུམ་དང་། མཆོད་པ་གཞན་རྣམས། པཎྜ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཀཾ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་སིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་མ་རྣམས་དང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། སྤཪྴ་ཨཱཿཧཱུཾ་གིས་བྱིན་བརླབ་བྱ། དེ་ནས། རང་གི་མདུན་གྱི་ནམ་མཁའི་གནས་སུ་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་གྱི་ལྟེ་བར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་ཕྱེད་པའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་བཞི་པའི་རྩ་ཞལ་ནག །གཡོན་ཞལ་ལྗང་། རྒྱབ་ཞལ་དམར། གཡས་ཞལ་སེར། ཞལ་རེ་རེ་ཡང་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་འཕྲེང་བ་འཛིན་ཅིང་། ཞབས་གཡས་བརྐྱང་པས་འཇིགས་བྱེད་ནག་པོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཡས་ཌ་མ་རུ་དང་གཡོན་རལ་གྲི་འཛིན་པའི་མགོ་བོ་མནན་ཅིང་། གཡོན་བསྐུམས་པས་དུས་མཚན་མ་དམར་མོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་ནུ་མ་མནན་པ། གདན་གཉིས་ཀའང་གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པའོ། །དང་པོ་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་ཅིང་། དེའི་འོག་མ་གཉིས་ཀྱིས་སྡིགས་མཛུབ་དང་བཅས་པས་གླང་པོ་ཆེའི་ལྤགས་པ་རློན་པ་བརྒྱངས་ཏེ་འཛིན་པ། གཡས་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག །བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་ཤིང་། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་རེ་རེ་ལའང་ཐོད་པ་བསྐམ་པོ་ལྔ་ལྔའི་ཕྲེང་བས་བརྒྱན་ཅིང་། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཆང་བ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་བཞི་བཞི་གཙིགས་པ་འཇིགས་སུ་རུང་བ། སྒེག་པ་དཔའ་བ་མི་སྡུག་པ་ལ་སོགས་པ་གར་དགུའི་ཉམས་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མགོ་རློན་ལྔ་བཅུས་འཕྲེང་བ་བྱས་ཤིང་། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །ཞལ་གཅིག་ཕྱག་གཉིས་པ། གཅེར་མོ་སྐྲ་གྲོལ་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་པག་ཅན། གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཕྱག་ནས་ཁྲག་གིས་བཀང་བའི་ཐོད་པ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། གཡས་པས་གདུག་པ་ཅན་ཀུན་ལ་རྡོ་རྗེ་དང་བཅས་པའི་སྡིགས་འཛུབ་ཀྱིས་སྡིགས་པར་མཛད་པ། སྤྱན་གསུམ་དམར་ཞིང་མེ་ལྟར་འབར་བ་ཉི་མའི་གཟི་བརྗིད་ཅན། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་ལེགས་པར་འཁྲིལ་བ། ཐུགས་རྗེའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །ཕྱོགས་བཞིའི་འདབ་མ་ལ་ཤར་དུ་མཁའ་འགྲོ་མ་ནག་མོ། །བྱང་དུ་ལཱ་མ་ལྗང་ཁུ། ནུབ་དུ་ཁཎྜ་རོ་ཧི་མ་དམར་མོ། །ལྷོར་གཟུགས་ཅན་མ་སེར་མོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། འོག་མ་གཉིས་ཀྱིས་ཌ་མ་རུ་དང་ཁ་ཊྭཱཾ་ཀ་བསྣམས་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་རྣམ་པར་གཙིགས་པ། གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ལྔ་བཅུའི་དོ་ཤལ་ཅན། མཚམས་བཞིར་ཟླ་གདན་ལ་བདུད་རྩིས་གང་བའི་ཐོད་པ་བཞིའོ། །དེའི་མཐའ་སྐོར་གྱི་འདབ་མ་རྣམས་ལ་རིམ་པ་བཞིན་དུ་འཁོར་ལོ་གསུམ་གྱི་ལྷ་ཚོགས་རྣམས་ཏེ། དེ་ཡང་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ་ལ་སོགས་པ་ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་སྔོན་པོ། མྱུ་གུ་ཅན་དང་ས་སྲུང་མ་ལ་སོགས་པ་གསུང་གི་འཁོར་ལོའི་ལྷ་རྣམས་དམར་པོ། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་སྐུའི་འཁོར་ལོའི་ལྷ་རྣམས་དཀར་པོའོ། །དཔའ་བོ་ཉིད་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་ཌ་མ་རུ་དང་ཁ་ཊྭཱཾ་ཀ་འཛིན་པ། དཔའ་བོའི་ཆས་ཀྱིས་བརྒྱན་ཅིང་། གཡས་བརྐྱང་གིས་བཞུགས་པ། དཔའ་མོ་ཉེར་བཞི་པོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། ཡབ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་གྲི་ཐོད་འཛིན་ཅིང་། དཔའ་མོའི་ཆས་ཀྱིས་བརྒྱན་པའོ། །དེ་དག་གི་ཕྱི་རོལ་དུ་དམ་ཚིག་གི་འཁོར་ལོའི་ལྷ་ཁ་གདོང་མ་ལ་སོགས་པ་སྒོ་མཚམས་མ་བརྒྱད་དེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱི་གྲི་ཐོད་ཐུགས་ཀར་འཛིན་ཅིང་། འོག་མ་གཉིས་ཀྱིས་ཌ་མ་རུ་དང་ཁ་ཊྭཱཾ་ཀ་བསྣམས་པ། རང་རང་གི་ཕྱོགས་ཀྱི་མདོག་ཅན། དཔའ་མོའི་ཆས་ཀྱིས་བརྒྱན་ཅིང་། རོའི་གདན་ལ་གཡས་བརྐྱང་གིས་བཞུགས་པའོ། །དེ་དག་གི་མཐའ་སྐོར་དུ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་བསྐོར་བ། སྟེང་གི་ཆ་ལ་རྡོ་རྗེ་འཆང་ལ་དངོས་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པའི་ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། །མགྲིན་པར་པདྨ་ལ་ཨཱཿདམར་པོ། །ཐུགས་ཀར་ཉི་མ་ལ་ཧཱུཾཾ་སྔོན་པོ། །རང་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀར་པཾ་སེར་པོ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་ཨཾ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་རྡོ་རྗེ་འཛིན་པའི་རང་བཞིན་དབུས་སྔོ་ལ་མཐའ་སྐྱ་བ་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་འོད་ཟེར་གྱིས་རང་གི་སྤྱི་བོ་ནས་རྐང་པའི་བར་དུ་གང་། ཐོག་མ་མེད་པ་ནས་བགྱིས་པའི་སྒོ་གསུམ་གྱི་དྲི་མ་རྣམས་སྦྱངས། ལུས་ཤེལ་གོང་ལྟར་དག་པར་གྱུར་ཏེ། བ་སྤུའི་སྒོ་ནས་ཕྱིར་འཕྲོས་པའི་འོད་ཟེར་གྱིས་འོག་མིན་ནས་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དང་། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་བའི་ལྷ་ཚོགས་དང་། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་དང་ལྷ་མོ་དང་ཁྲོ་བོའི་ཚོགས་དབང་ལྷའི་དཀྱིལ་འཁོར་བ་དང་བཅས་པ་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་ལྟར་གང་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་ཁར་ཐིམ། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། ཆུ་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། གང་གི་དྲིན་གྱི་བདེ་ཆེན་གནས། །སོགས་ཚིགས་བཅད་གཅིག་གི་མཇུག་ཏུ། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང་། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །གནས་དང་ཉེ་བའི་གནས་དང་ཞིང་། །འདུ་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །ཀུན་ལ་བདག་ནི་གུས་ཕྱག་འཚལ། །རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར་པས་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ནས། ཤཔྟ་པྲ་ཏཱེཙྪ་ཧཱུཾ་སྭཱ་ཧཱ། ༀ་བཛྲ་ཝཱི་ནི་ཧུཾཾ་ཧཱུཾ་ཕཊ། ༀ་བཛྲ་བཾ་ཤེ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་མྲྀ་ཏཾ་ཧུཾཾ་ཧཱུཾ་ཕཊ། ༀ་བཛྲ་མུ་ར་ཛེ་ཧུཾཾ་ཧཱུཾ་ཕཊ། ༀ་བཛྲ་ཧཱ་སྱ་ཧུཾཾ་ཧཱུཾ་ཕཊ། ༀ་བཛྲ་ལཱ་སྱ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་གཱི་ཏཾ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་ནྲྀ་ཏྱ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་པུཥྤེ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་དྷཱུ་པེ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་དཱི་པེ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་གནྡྷེ་ཧུཾ་ཧཱུཾ་ཕཊ། ༀ་རཱུ་པ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ༀ་རཱ་ས་བཛྲཱི་ཧུཾཾ་ཧཱུཾ་ཕཊ། ༀ་སྤཪྴ་བཛྲཱི་ཧུཾ་ཧཱུཾ་ཕཊ། ༀ་དྷརྨཱ་དྷཱ་ཏུ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཀྱིས་མཆོད། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ། གིས་ནང་མཆོད་འབུལ། རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་ཀྱིས་ཐོད་པ་ན་གནས་པའི་བདུད་རྩི་ལྔས་མཆོད། ༀ་སརྦ་ཀཱ་མི་ནི་སརྦ་བྷཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་སྭཱ་ཧཱ། ༀ་ཨཱཿཧཱུཾ། ཡབ་ཡུམ་གྱི་སྤྱི་བོ་ལ་སོགས་པ་གནས་བཞི་དང་གསང་གནས་བྱིན་གྱིས་བརླབས་པས་དེ་གཉིས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ། སྤྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབས་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབས་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བས། ལྷ་ཐམས་ཅད་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་དགའ་བ་མྱོང་། བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། ༀ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ༀ་བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད་ཧུཾ་ཧཱུཾ་ཕཊ། ༀ་རལ་པའི་ཅོད་པན་མི་བཟད་པ་དང་ལྡན་ཧུཾ་ཧཱུཾ་ཕཊ། ༀ་མཆེ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་ཧཱུཾ་ཧཱུཾ་ཕཊ། ༀ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧུཾ་ཧཱུཾ་ཕཊ། ༀ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་འཛིན་ཧུཾ་ཧཱུཾ་ཕཊ། ༀ་སྟག་གི་ལྤགས་པའི་ན་བཟའ་འཛིན་པ་ཅན་ཧུཾཾ་ཧཱུཾ་ཕཊ། ༀ་སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧུཾཾ་ཧཱུཾ་ཕཊ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། རང་གི་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །ཞེས་པས་བདག་ཉིད་འབུལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྐང་པ་བཞི་ལན་གསུམ་བརྗོད་དེ་བྱང་སེམས་ཀྱི་སྡོམ་པ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་ལན་གསུམ་མམ་གཅིག་གིས་སྔགས་སྡོམ་ཡང་འཛིན། དེས་ནས། ཆོས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་བར་མཛོད། །ཅེས་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། །དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་དང་ཕག་མོ་དང་ལྔས་ཕྱག་གཡོན་པའི་བདུད་རྩིས་གང་བའི་ཐོད་པ་ཅུང་ཟད་ཡོ་བར་བྱས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། སྙིང་པོའི་རྣལ་འབྱོར་མ་བཞི་ཕག་མོ་ལ་ཐིམ། དེ་དང་ཧེ་རུ་ཀ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཞུ་བ་རང་གི་ལྕེ་ལ་བཞག་པ་མྱང་བ་ལས་བདེ་བ་སྐྱེས་པས་གསང་བའི་དབང་ཐོབ། དེ་ནས་ཧེ་རུ་ཀས་ཕག་མོ་གཉིས་པ་ཞིག་ཕྱག་རྒྱར་གནང་བ་རང་གི་ཡུམ་ལ་ཐིམ། དེ་དང་སྙོམས་པར་ཞུགས་པར། རླུང་ཐིམ་པ་ལས་ལྷན་སྐྱེས་ཀྱི་བདེ་བ་མྱོང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཧེ་རུ་ཀས་རིགས་ཀྱི་བུ་ཁྱོད་ཀྱིས་ཕྱག་རྒྱ་དང་སྦྱར་བ་ལ་བརྟེན་ནས་ཐོབ་པའི་སྣང་བ་ཐོབ་པའི་ཡེ་ཤེས་དེ་འོད་གསལ་བར་སྒོམས་ཤིག །འོད་གསལ་དེ་ནི་སྣང་མཆེད་ཐོབ་གསུམ་གྱི་རྣམ་ཤེས་རྣམ་པར་དག་པ་ཤེར་ཕྱིན་གྱི་ངོ་བོ་ཡིན་ལ། དོན་དམ་པའི་བདེན་པ་དེ་ནི་མཐོང་བ་གཞན་གྱི་ཡུལ་ལས་འདས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤིག །དེ་ལྟར་གཞན་གང་གིས་ཀྱང་རང་བཞིན་དུ་མ་མཐོང་བ་དེ་འོད་གསལ་བ་མཐོང་བ་ཡིན་ནོ། །དེའི་དོན་རྒྱུ་འབྲས་གང་ཡང་མི་སྣང་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་རྣམས་གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་མ་འདྲེས་པར་སོ་སོར་སྣང་བ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་ལྟོས་ཤིག །དེ་འདྲ་བའི་ཀུན་རྫོབ་དང་དོན་དམ་འོད་གསལ་གཉིས་དབྱེར་མི་ཕྱེད་པར་ཟུང་དུ་འཇུག་པ་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་དབང་བཞི་པའོ། །ཞེས་གསུངས་པར་མོས་ཏེ་དབང་བཞི་ལེན། དེ་ནས། མཐའ་སྐོར་གྱི་རྒྱལ་བ་ཞི་ཁྲོ་ཐམས་ཅད་བཅོམ་ལྡན་འདས་ཡབ་ཡུམ་ལ་ཐིམ། དེ་གཉིས་རང་གི་སྤྱི་བོར་ༀ་བཛྲ་ས་མ་ཛཿ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སོགས། མདོ་སྔགས་ཀྱི་ལམ་གྱི་རིམ་པ་མཐའ་དག་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། ཞེས་ཅི་ནུས་གསོལ་བ་གདབ། མཐར། བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུའི་ཆ་དང་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བདུད་རྩིའི་རྒྱུན་དཀར་ཆིལ་གྱིས་བབས་པས་ལུས་ཀྱི་ནང་ཐམས་ཅད་གང་ཡབ་ཡུམ་གཉིས་ཀའང་རང་གི་སྤྱི་བོ་ནས་ཞུགས་དབུ་མའི་ལམ་བརྒྱུད་དེ། སྙིང་གར་རྩ་འདབ་བརྒྱད་པའི་དབུས་སུ་མི་བཤིག་པའི་ཐིག་ལེ་དང་ངོ་བོ་དབྱེར་མེད་དུ་བཞུགས་པར་གྱུར་པར་བསམས་ལ་མཉམ་པར་འཇོག །དེ་ནས། གཙོ་འཁོར་ཐམས་ཅད་ཀྱི་བཟླས་པ་སྒྲུབ་ཐབས་བཞིན་བྱ་བའམ། བསྡུ་ན། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སྭཱ་ཧཱ། ཞེས་ཡབ་ཀྱི་སྙིང་པོ་དང་། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་སྙིང་། ༀ་བཛྲ་བཻ་རོ་ཙ་ནཱ་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཡུམ་གྱི་སྙིང་པོ་དང་། ༀ་བཛྲ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝཪྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་སྙིང་སྟེ་བཞི་བཟླ། ཡང་ན། སྙིང་པོ་གཉིས་ཙམ་མམ། ལྷ་དྲུག་ཅུའི་སྔགས་ཤིན་ཏུ་བསྡུས་པ་བྱེད་ན། ༀ་རྀཾ་རཱྀཾ། ལྀཾ་ལཱྀཾ། ཀཾ་ཁཾ་གཾ་གྷཾ་ངཾ་ཙཾ་ཚཾ་ཛཾ་ཛྷཾ་ཉཾ་ཊཾ་ཌཾ་ཌྷཾ་ཎཾ་ཏཾ་དྷཾ་ནཾ་པཾ་ཕཾ་བཾ་བྷཾ་ཡཾ་རཾ་ལཾ་ཝཾ་ཤཾ་ཥཾ་སཾ་ཧཾ་ཧུཾ་ཧཱུཾ་ཕཊ། ཅེས་བཟླས་ཆོག་པར་རྗེ་ཉིད་ཀྱིས་བཤད་པས་དེ་ལྟར་བྱའོ། །མཇུག་ཏུ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་བསྔོ་སྨོན་བྱ། ཐུན་དུ་བཅད་ནས་བསྒོམ་པའི་ཚེ། གཏོར་མ་སྒྲུབ་ཐབས་བཞིན་འབུལ་བར་བྱའོ། །སྒྲུབ་ཐབས་རྒྱས་པ་མ་ལྕོགས་པའི་ཚེ་དེའི་དོད་དུའང་འདི་བཞིན་བྱས་ན་ཤིན་ཏུ་ལེགས་པ་ཡིན་ནོ། །གསུམ་པ་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་ནི། སྐུ་དང་མཆོད་པ་སོགས་ཡོད་ན་སྟ་གོན་བྱས་ཏེ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད། ནས། ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་པར་བསམས་མཆོད་པ་བཅུ་གསུམ་མ་ལྟར་བྱིན་གྱིས་བརླབ་པའམ། བསྡུ་ན། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ། དེ་ནས། རང་གི་མདུན་གྱི་ནམ་མཁར་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་དང་ཉི་མའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་ཕྱེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ། ཕྱག་སོ་བཞི། ཞབས་བཅུ་དྲུག་པ་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས། ཞེས་སོགས་སྒྲུབ་ཐབས་བཞིན་སེམས་དཔའ་སུམ་བརྩེགས་ཡུམ་བཅས་བསྐྱེད་པའམ། བསྡུ་ན། གཡོན་བརྐྱང་པའི་སྟབས་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། དེའི་ཐུགས་ཀར་ཟླ་གདན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྟེ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ། །དེའི་མཐའ་བསྐོར་དུ་བླ་མ་ཡིད་དམ་མཆོག་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པའི་སྤྱི་བོར་འཇིགས་བྱེད་དཀར་པོ། །མགྲིན་པར་འཇིགས་བྱེད་དམར་པོ། །ཐུགས་ཀར་འཇིགས་བྱེད་སྔོན་པོ། །ལྟེ་བར་འཇིགས་བྱེད་སེར་པོ། །གསང་གནས་སུ་འཇིགས་བྱེད་ལྗང་ཁུ་རྣམས་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་ཐོད་བཟུང་ནས་ཡུམ་ལ་འཁྱུད་པ། མ་ཧེའི་གདོང་པ་ཅན། པད་ཉིའི་གདན་ལ་གཡོན་བརྐྱང་གིས་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྩ་བའི་བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་རིགས་ལྔ་ལ་བརྒྱུད་པའི་བླ་མ་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ༀ་ཧྲཱིཿབྷོ་སེམས་ཀྱི་མཐར། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས། ཧཱུཾ། ཞེས་དབང་བསྐུར། ནས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསལ། གང་གི་དྲིན་གྱིས་བདེ་ཆེན་གནས། །ཞེས་སོགས་དང་། གཟུགས་མཆོག་མཆོག་ཏུ་སོགས་དང་། སངས་རྒྱས་ཀུན་གྱི་དངོས་པོ་སོགས་དང་། ཕྱག་བྱར་འོས་པ་སོགས་ཅི་རིགས་ཀྱིས་ཕྱག་འཚལ། དེ་ནས་མཆོད་པ་རྣམས་ཚིགས་བཅད་སྔགས་དང་བཅས་པས་སམ། བསྡུ་ན། རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར་པར་བསམས་ལ། ༀ་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱ་ཧཱ། ནས། སྤཪྴའི་བར་དང་། ཙཀྲ་རཏྣ་ནས། ཁངྒ་རཏྣའི་བར་དང་། བདག་གཞན་ལུས་ངག་སོགས་ཀྱིས་མཎྜལ་དང་ནང་མཆོད་ཀྱང་འབུལ་ཞིང་། དེ་ནས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་སྐྱེས་ཀྱི་བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར་ཅེས་བརྗོད་ཅིང་བསམ། སླར་ཡང་། ཕྱོགས་བཅུའི་རབ་འབྱམས་ཞིང་ན་མཆིས་པ་ཡི། །ཇི་སྙེད་ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པའི། །སྒོ་གསུམ་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །འཁོར་འདས་ཀུན་གྱི་རྣམ་དཀར་དགེ་བའི་ཚོགས། །ཇི་སྙེད་མཆིས་པ་ཀུན་ལ་རྗེས་ཡི་རང་། །སླུ་མེད་སྐྱབས་ཀྱི་དམ་པ་ཁྱེད་རྣམས་ལ། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །ཐུགས་རྗེ་ཆེ་ལྡན་བླ་མ་ལྷ་ཚོགས་རྣམས། །བསྐལ་བརྒྱར་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །འདི་ལྟར་བགྱིས་པའི་དགེ་ཚོགས་ཅི་མཆིས་པ། །འགྲོ་བའི་དོན་དུ་བྱང་ཆུབ་ཐོབ་ཕྱིར་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །ཞེས་སོགས་ཀྱི་རྐང་པ་བཞིས་བྱང་སྡོམ་ལེན་ཅིང་། སྤྲོ་ན། རིགས་ལྔའི་སྡོམ་བཟུང་ཀྱང་བྱའོ། །དེ་ནས། མཐའ་སྐོར་གྱི་རྒྱལ་བ་ཞི་ཁྲོ་ཐམས་ཅད་གཙོ་བོ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར་པར་མོས་ལ། བླ་མ་ཀུན་འདུས་ཀྱི་ངོ་བོ་བླ་མ་རྡོ་རྗེ་འཇིགས་བྱེད་ལ་གསོལ་བ་འདེབས་སོ། །དེ་བཞིན་དུ། ཡི་དམ༴ སངས་རྒྱས༴ དམ་ཆོས༴ དགེ་འདུན༴ མཁའ་འགྲོ༴ ཆོས་སྐྱོང་༴ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རྡོ་རྗེ་འཇིགས་བྱེད་ལ་གསོལ་བ་འདེབས་སོ། །ཐུགས་རྗེས་གཟུང་ཏུ་གསོལ། བྱིན་གྱིས་རློབ་ཏུ་གསོལ། ཅེས་ཅི་ནུས་སམ། བསྡུ་ན། ཕྱི་མ་ཙམ་ཞིག་གིས་བྱ། ཞེས་གསོལ་བ་བཏབ་པས་བླ་མའི་སྐུའི་ཆ་ལས་འོད་དང་བདུད་རྩིའི་རྒྱུད་དཔག་ཏུ་མེད་པ་བྱུང་སྟེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་དང་བཅས་པ་ཐམས་ཅད་སྦྱང་། ཚེ་དང་བསོད་ནམས་དང་ལུང་རྟོགས་ཀྱི་ཡོན་ཏན་རྣམས་རྒྱས་པར་བྱས། བླ་མ་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཐའ་དག་རྒྱུད་ལ་ཞུགས་པས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་སྐལ་བ་ཅན་དུ་གྱུར་པར་བསམ། དེ་ནས། བླ་མ་རྒྱལ་བ་ཀུན་འདུས་ཀྱིས། །བདག་ལ་དབང་བཞི་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་སྤྲོས་པའི་དབང་གི་ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས། ཧཱུཾ་ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་བས་དེའི་སྒྲིབ་པ་སྦྱངས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱས། སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བྱུང་བ། རང་གི་ལྕེ་ལ་མྱང་བས་ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། སྒྱུ་ལུས་བསྒོམ་པ་ལ་དབང་བར་བྱས། ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་དང་གཙོ་བོ་ཐ་མི་དད་པའི་ཡུམ་ལས་ཡུམ་གཉིས་པ་ཞིག་ཆད་ནས་རང་གི་ཡུམ་ལ་ཐིམ། དེ་དང་མཉམ་པར་སྦྱར་བས་དགའ་བ་གསུམ་དང་། ཁྱད་པར་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་། བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བས་ཡིད་ཀྱི་སྒྲིབ་པ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དོན་དམ་འོད་གསལ་བསྒོམ་པ་ལ་དབང་བར་བྱས། ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་ཡབ་ཡུམ་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། དབང་བཞི་པ་ཐོབ། ཟུང་འཇུག་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་རྡོ་རྗེ་འཆང་གི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ །དེ་ནས། བླ་མ་ཡབ་ཡུམ་རང་གི་སྤྱི་བོར་བྱོན་པར་གྱུར་པར་བསམས་ལ། སླར་ཡང་། སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་བླ་མ་རྡོ་རྗེ་འཇིགས་བྱེད་ཆེན་པོ་གསོལ་བ་འདེབས་སོ། །བདག་ལ་བྱིན་གྱིས་རློབ་ཏུ་གསོལ། ཞེས་ལན་བདུན་ནས་ཉེར་གཅིག་སོགས་བྱ། གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་རང་གི་སྤྱི་བོའི་ཚངས་བུག་ནས་སྙིང་ཀར་ཞུགས་པས། རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་གསལ་བར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་འཕོགས་པས། དེ་དག་གི་སྐྱོན་ཐམས་ཅད་སྦྱངས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་གྱུར་པར་བསམས་ལ། སྔགས་གསུམ་ཅི་འགྲུབ་བཟླའོ། མཐར་ཡིག་བརྒྱ་བརྗོད་དོ། སྐྱེ་བ་ཀུན་དུའམ། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་ཞི་ཁྲོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བྱའོ། །དེ་ལྟར་ཐུན་བཞི་འམ། གསུམ་མམ། གཉིས་སམ། གཅིག་ཏུ་ཉམས་སུ་བླངས་ན་ནི་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ངོ་ཞེས་རྒྱལ་པ་དབེན་ས་པས་བཤད་དོ། །འདི་དག་གང་ཉམས་སུ་ལེན་ཡང་དབང་ཐོབ་པ་སྔོན་དུ་འགྲོ་དགོས་ལ། དེ་ཐོབ་ནས་གསང་བདེ་འཇིགས་གསུམ་ལྟ་བུའི་བླ་མེད་ཀྱི་བསྐྱེད་རྫོགས་གཉིས་ཀའམ། གང་རུང་རྒྱས་པར་ཉམས་ལེན་དུ་བྱེད་བཞིན་པ་ཡིན་ན་ཤིན་ཏུ་ལེགས་མོད། དེ་དག་རྒྱས་པར་མ་ལྕོགས་པའི་ཚེ་འདི་བཞིན་བྱས་ནའང་ལེགས་པ་ཡིན་ནོ། །དེས་ན་བློ་གྲོས་ཅན་སྐལ་བ་དང་ལྡན་པས་སུ་དག་བླ་མེད་ཀྱི་ལམ་དུ་ཞུགས་ནས་འདི་ལྟ་བུའི་ཉམས་ལེན་གྱི་ཕྱོགས་རེ་ཙམ་མེད་ན། ཕྱིས་སངས་རྒྱས་དང་འདྲ་བའི་ལམ་བཟང་པོ་དང་འཕྲད་པའི་སྐལ་བ་དང་བྲལ་བར་འགྱུར་བས། འདི་ལྟ་བུའི་ཉམས་ལེན་གྱི་ཕྱོགས་ལ་ཅི་ནུས་སུ་འབད་པར་བྱ་ཞིང་། དམ་པ་དོན་མེད་པར་མི་བྱའོ། །དེ་ལྟ་ན་འང་ཤིན་ཏུ་སྙིགས་མ་ལྔ་བདོ་བའི་དུས་འདིར་ནི། ལམ་གྱི་རྟོགས་པ་མཆོག་རྣམས་རང་ཅག་ལྟ་བུའི་རྒྱུད་ལ་སྐྱེ་དཀའ་ཡང་། ཕྱོགས་མཐུན་གྱི་བག་ཆགས་བཟང་པོའི་འཇོག་པར་གནད་ཆེ་ལ། དེ་ཡང་། གསང་བདེ་སོགས་བསྐྱེད་རྫོགས་ཉིད་འགངས་ཆེ་བ་ཙམ་གྱིས་མི་ཆོག་གི །རང་གི་བློ་ཚོད་དང་བསྟུན་ནས་རྒྱུད་ཐོག་ཏུ་ཁེལ་བར་བྱེད་ནུས་མི་ནུས་ལ་ཐུག་པས། རང་གི་བློ་དང་མི་འཚམས་པའི་ཆོ་ག་རྒྱས་པ་ཙམ་ལ་ནི་དགའ་བར་མི་བྱ་བར་བཤད་དོ། །སྨྲས་པ། རྒྱུད་ཀྱི་མཐར་ཐུག་གསང་བདེ་འཇིགས་གསུམ་གྱི། །བརྗོད་བྱ་མཐར་ཐུག་རིམ་གཉིས་ཉམས་ལེན་ཏེ། །སྙིང་པོ་མཐར་ཐུག་བླ་མའི་རྣལ་འབྱོར་ཉིད། །མན་ངག་མཐར་ཐུག་ཡིན་ནམ་སྙམ་ནས་བྲིས། །ཞེས་པ་འདིའང་། ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས། པཎ་ཆེན་གོང་མ་སོགས་དམ་པ་སྔ་མའི་མན་ངག་ལ་བརྟེན་ནས་གཞན་ལ་ཕན་པར་གྱུར་ན་ཅི་མ་རུང་སྙམ་པའི་བདུན་པ་ཁོ་ནས་སྦྱར་བ་སྟེ། འདིས་ཀྱང་རྗེ་བླ་མའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས།། །།