Nitartha Digital Library
Tibetan
 
no previousཆོས་མངོན་མཛོད་ཀྱི་ཊཱིཀྐ་རྒྱལ་བ་སྲས་བཅས་འཕགས་ཚོགས་ཐམས་ཅད་ཀྱི་དགོངས་དོན།next

ཆོས་མངོན་མཛོད་ཀྱི་ཊཱིཀྐ་རྒྱལ་བ་སྲས་བཅས་འཕགས་ཚོགས་ཐམས་ཅད་ཀྱི་དགོངས་དོན།

ཆོས་མངོན་མཛོད་ཀྱི་ཊཱིཀྐ་རྒྱལ་བ་སྲས་བཅས་འཕགས་ཚོགས་ཐམས་ཅད་ཀྱི་དགོངས་དོན་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ གྲངས་མེད་གསུམ་གྱི་ཚོགས་གཉིས་ཡོངས་རྫོགས་སྐུ་གསུམ་གོ་འཕང་མཆོག་བརྙེས་ཏེ། །རིགས་ཅན་གསུམ་གྱི་གདུལ་བྱའི་ཚོགས་ལ་རྣམ་གསུམ་འཁོར་ལོ་རབ་བསྐོར་ནས། །ཐེག་པ་གསུམ་གྱི་བྱང་ཆུབ་ལམ་བཀོད་ཁམས་གསུམ་འགྲོ་བའི་གཉེན་གཅིག་པུ། །སྲིད་པ་གསུམ་གྱི་སྟོན་པ་མཆོག་དེར་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དྲི་མེད་ཡེ་ཤེས་སྤྱན་ཟུར་གཅིག་གིས་ཀྱང་། །མ་ལུས་ཆོས་ཀྱི་རང་སྤྱིའི་མཚན་ཉིད་ཀུན། །ཇི་བཞིན་མ་འདྲེས་གསལ་བར་མངོན་གཟིགས་པ། །སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་འདུད། །རྒྱལ་བའི་དམ་ཆོས་མ་ལུས་ཀུན་འཛིན་པར། །རྒྱལ་བ་ཉིད་ཀྱིས་ལུང་བསྟན་བརྙེས་གྱུར་པ། །རྒྱལ་སྲས་ཐོགས་མེད་སྐུ་མཆེད་རྗེས་འབྲང་བཅས། །རྒྱལ་བའི་གདུང་འཚོབ་དགེ་བའི་བཤེས་སུ་ངེས། །བརྟན་པའི་འཁོར་ལོ་རྗེ་བཙུན་ཙོང་ཁ་པ། །པད་དཀར་འཛིན་པ་བློ་བཟང་རྒྱ་མཚོའི་སྡེ། །ཡོངས་འཛིན་མཁས་པ་ངག་དབང་བརྩོན་འགྲུས་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་མངོན་རྒྱ་མཚོར་རང་དབང་འཇུག་དཀའ་ཡང་། །བཤེས་གཉེན་མཁས་པའི་དེད་དཔོན་ལ་བརྟེན་ནས། །དགོངས་དོན་སྙིང་པོ་བསྡུས་པའི་ཡིད་བཞིན་ནོར། །ལེགས་བཤད་རྒྱལ་མཚན་རྩེ་མོར་མཆོད་པར་བྱ། །དེ་ལ་འདིར་མཁས་མཆོག་དབྱིག་གཉེན་ཞབས་ཀྱིས་མཛད་པའི་མངོན་པ་མཛོད་ཀྱི་དགོངས་དོན་འཆད་པ་ལ་འཇུག་པར་བྱ་སྟེ། དེ་ཡང་རྩ་བའི་ཚིག་དོན་ལ་ངེས་པ་རྙེད་པའི་ཆེད་དུ་རང་རང་གི་སྐབས་ཀྱི་རྩ་ཚིག་བཀོད་ནས་དེའི་དོན་རྣམས་རིམ་པ་བཞིན་དུ་འཆད་པར་བྱའོ། །འདི་ལ་གསུམ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་བཤད་པའོ། །དང་པོ་ལ། མཚན་གྱི་དོན་དང་། འགྱུར་གྱི་ཕྱག་བཤད་པ་གཉིས། དང་པོ་ལ། བསྟན་བཅོས་འདིའི་རྒྱ་སྐད་གྱི་མཚན་དང་། དེ་བོད་ཀྱི་སྐད་དུ་བསྒྱུར་བ་གཉིས། དང་པོ་ནི། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥ་ཀཱ་རི་ཀ་ཞེས་བྱ་ལ། གཉིས་པ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདིའི་མཚན་བོད་ཀྱི་སྐད་དུ་བསྒྱུར་ཚུལ་ཡོད་དེ། ཨ་བྷི་ནི་མངོན་པ། དྷརྨ་ནི་ཆོས། ཀོ་ཥ་ནི་མཛོད། ཀཱ་རི་ཀཱ་ནི་ཚིག་ལེའུར་བྱས་པ་ཞེས་བྱ་བར་འགྱུར་བའི་ཕྱིར། སྐད་ཤན་སྦྱར་བ་ལ་དགོས་པ་ཡོད་དེ། བསྟན་བཅོས་འདི་འཕགས་ཡུལ་གྱི་མཁས་པའི་གསུང་ཡིན་པར་ཤེས་པ་དང་། ལེགས་སྦྱར་གྱི་སྐད་ལ་བག་ཆགས་འཇོག་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་འགྱུར་གྱི་ཕྱག་ལ། གཞུང་དགོད་པ་དང་། དོན་བཤད་པ་གཉིས། དང་པོ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་བྱུང་། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཡུལ་གང་ལ་ཕྱག་འཚལ་བ་ལ་དགོས་པ་ཡོད་དེ། སྒྲིབ་གཉིས་ཀྱི་རྩུབ་རེག་དང་བྲལ་བས་ན་འཇམ། ཚོགས་གཉིས་ཀྱི་དཔལ་དང་ལྡན་པས་ན་དཔལ། ན་ཚོད་ལོ་བཅུ་དྲུག་ལོན་པའི་ཉམས་ཅན་ཡིན་པས་ན་གཞོན་ནུར་གྱུར་པ་སྟེ། དེ་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། དེ་ལྟར་ཕྱག་འཚལ་བ་ལ་དགོས་པ་ཡོད་དེ། བསྟན་བཅོས་འདི་སྔོན་གྱི་བཀས་བཅད་ལྟར་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། བསྟན་བཅོས་ལ་འཇུག་པའི་ཡན་ལག་དང་། གཞུང་གི་དོན་དངོས་དང་། བཤད་པ་མཐར་ཕྱིན་པའི་ཚུལ་གསུམ། དང་པོ་ལ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ། མངོན་པའི་མཚན་དོན། བརྩམས་པའི་དགོས་པ་བཤད་པ་བཞི། དང་པོ་ལ་གཞུང་དགོད་པ་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ཞེས་བྱུང་། །གཉིས་པ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སློབ་དཔོན་དབྱིག་གཉེན་ཆོས་ཅན། ཁྱོད་ཀྱིས་བསྟན་བཅོས་འདི་རྩོམ་པའི་ཐོག་མར་སྟོན་པ་སངས་རྒྱས་གང་ཞིག་ལ་ཕྱག་འཚལ་བའི་རྒྱུ་མཚན་ཡོད་དེ། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་དང་། བསོད་ནམས་འཕེལ་བ་དང་། བསྟན་བཅོས་རྩོམ་པའི་བར་ཆད་ཞི་བ་སོགས་ཀྱི་ཆེད་ཡིན་པའི་ཕྱིར། སངས་རྒྱས་དེ་ཆོས་ཅན། ཕུན་སུམ་ཚོགས་པ་གསུམ་མངའ་སྟེ། ཤེས་བྱ་ཀུན་ལ་རྨོངས་པའི་ཉོན་མོངས་དང་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པའི་མུན་པ་ས་བོན་དང་བཅས་པ་གཏན་ནས་བཅོམ་ཞིང་སྤངས་པའི་སྤངས་པ་ཕུན་ཚོགས་དང་། དེའི་ཤུགས་ཀྱིས་འཕངས་པའི་ཤེས་བྱ་ཐམས་ཅད་རྟོགས་པའི་རྟོགས་པ་ཕུན་ཚོགས་གཉིས་དང་ལྡན་ཞིང་། བརྩེ་བའི་ཐུགས་ཀྱིས་འགྲོ་བ་རྣམས་ལ་ཕན་པའི་དོན་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་སྒོ་ནས་བརྒལ་བར་དཀའ་བའི་འཁོར་བའི་འདམ་ལས་དྲང་བར་མཛད་པའི་འཕྲིན་ལས་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མུན་པ་སྤངས་པའི་སྤངས་པ་ཡིན་ན། འདིའི་དངོས་བསྟན་གྱི་སྤངས་པ་ཡིན་པས་ཁྱབ་ཟེར་ན། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་སྤངས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཉན་རང་དགྲ་བཅོམ་པས་དེ་གཉིས་སྤངས་པའི་ཕྱིར། དེར་ཐལ། དེས་ཉོན་མོངས་ཅན་གྱི་མུན་པ་སྤངས་པ་གང་ཞིག །དེ་མ་ཡིན་པའི་མུན་པ་སྤངས་པའི་ཕྱིར། དང་པོ་དེར་ཐལ། དགྲ་བཅོམ་པ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། དེས་དེ་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཡང་། གཏན་ནས་བཅོམ་པ་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི། གཏན་ནས་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། མི་འཐད་པར་ཐལ། དེ་སྤངས་པ་ཕུན་ཚོགས་མ་ཡིན་པའི་ཕྱིར། དེར་ཐལ། དེ་སངས་རྒྱས་ཀྱི་རྒྱུད་ཀྱི་སྤངས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འདིའི་དངོས་བསྟན་གྱི་སྤངས་པ་དེ་ལ། སྐྱེ་མཆེད་བཅུ་གཉིས་ཀྱི་ཆོས་ཀུན་ལ་སྒྲིབ་པའི་མུན་པ་གཏན་ནས་བཅོམ་པ་ཞིག་དགོས་པའི་ཕྱིར། དེར་ཐལ། ཀུན་ལ་མུན་པ་གཏན་བཅོམ་ཞིང་། ཞེས་གསུངས་པའི་ཕྱིར། ཁ་ཅིག །འདིའི་དངོས་བསྟན་གྱི་མུན་པ་ཡིན་ན། མུན་པ་ཡིན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། དེ་ཡིན་ན། མུན་པ་མ་ཡིན་པས་ཁྱབ་པའི་ཕྱིར། དེ་ཡིན་ན། སྒྲིབ་པ་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། སྤྱིར་མུན་པ་ལ། ཕྱིའི་གཟུགས་ཀྱིས་ཁྱབ་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། འདིར་སྒྲིབ་པ་གཉིས་པོ་དེ་ལ་མུན་པ་དང་ཆོས་མཐུན་ཡོད་པའི་སྒོ་ནས་དེའི་མིང་གིས་བཏགས་པ་ཙམ་ཡིན་པའི་ཕྱིར། དེར་ཐལ། མུན་པ་དེས་ཕྱིའི་གཟུགས་གསལ་བར་མཐོང་བ་ལ་སྒྲིབ་པར་བྱེད་པ་བཞིན་དུ། སྒྲིབ་པ་གཉིས་པོ་དེས་ནང་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་དེ་ལྟར་བཏགས་པའི་ཕྱིར། གཞན་ཡང་། སྐབས་འདིར་དེ་གཉིས་གང་རུང་སྤངས་ན། གཏན་ནས་སྤངས་མི་དགོས་ཏེ། དེ་གང་རུང་སྤངས་ན་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་སྤངས་མི་དགོས་པའི་ཕྱིར། དེར་ཐལ། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཡོད་པའི་ཕྱིར། དེར་ཐལ། དགྲ་བཅོམ་པ་རང་གི་འབྲས་བུ་ལས་ཉམས་པ་ཡོད་པའི་ཕྱིར། དེར་ཐལ། དགྲ་བཅོམ་དགུ་ལས་ཉམས་པའི་ཆོས་ཅན་སོགས་ལྔ་རང་གི་འབྲས་བུ་ལས་ཉམས་པར་འགྱུར་བ་དང་། དགྲ་བཅོམ་བར་པ་བཞི་ནི་རང་གི་རིགས་ལས་ཉམས་པར་འགྱུར་བ་ཡོད་ཅིང་། དང་པོ་རྒྱུན་ཞུགས་རང་གི་འབྲས་བུ་ལས་མི་ཉམས་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། རྩ་བར། བཞི་ནི་རིགས་ལས་ལྔ་འབྲས་ལས། ཉམས་འགྱུར་དང་པོ་ལས་མ་ཡིན། ཞེས་གསུངས་པའི་ཕྱིར། ཁ་ཅིག །སྐབས་འདིར་ཤེས་སྒྲིབ་སྤངས་པའི་སྤངས་པ་དེ། སྤངས་པ་ཕུན་ཚོགས་སུ་འདོད་པར་ཐལ། འདིར་ཤེས་བྱའི་གནས་ཚུལ་ལེགས་པར་མཐོང་བ་ལ་སྒྲིབ་པའི་སྒྲིབ་པ་ཁས་ལེན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། དེས་སྒྲིབ་པ་ལ་ཤེས་སྒྲིབ་ཀྱི་ཐ་སྙད་མི་བྱེད་པའི་ཕྱིར། ཁ་ཅིག །ཡོན་ཏན་དེ་ལས་ཉམས་པར་འགྱུར་ན། དེ་ཐོབ་པ་ལས་ཉམས་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། འདིར་ཉམས་ཚུལ་ལ། ཡོན་ཏན་དེ་ཐོབ་པ་དང་། མ་ཐོབ་པ་དང་། ཐོབ་ཀྱང་མངོན་དུ་མི་བྱེད་པའི་ཉེར་སྤྱད་ལས་ཉམས་པ་གསུམ་ཡོད་པའི་ཕྱིར། དེར་ཐལ། གནས་དྲུག་པ་ལས། ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། ཞེས་གསུངས་པའི་ཕྱིར། གསུམ་གྱི་ཁྱད་པར་ཡོད་དེ། དེ་གསུམ་གྱི་དང་པོ་སྔར་ལྟར་ཡིན་ལ། ཡོན་ཏན་དེ་མ་ཐོབ་ན་མ་ཐོབ་པ་ལས་ཉམས་པ་དང་། ཐོབ་ཀྱང་མངོན་དུ་མི་བྱེད་ན་ཉེར་སྤྱད་ལས་ཉམས་པར་འཇོག་པའི་ཕྱིར། ཕྱི་མ་དེར་ཐལ། སྟོན་ལ་འགོག་སྙོམས་ཐོབ་ཀྱང་དེ་མངོན་དུ་མ་བྱས་པའི་ཕྱིར། དེར་ཐལ། དེ་སྒོ་ལྔའི་དབང་ཤེས་དང་ཚོར་འདུ་རགས་པ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། འོན་ཀྱང་ཡོན་ཏན་དེ་མ་ཐོབ་ན། དེ་ལས་ཉམས་པར་མ་ངེས་ཏེ། ཐོབ་མ་ཐོབ་པ་རྩི་བའི་གཞི་ཐོབ་མཁན་ནི་གང་ཟག་གཞིར་བྱེད་པ་ཡིན་པའི་ཕྱིར་རོ། ཁ་ཅིག །མི་ཤེས་པའི་ཆོས་བཞི་པོ་སྒྲིབ་པ་ཡིན་པར་ཐལ། རྒྱུ་བཞིས་ཡུལ་བཞི་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན་དེར་ཐལ། ཡུལ་རིང་པའི་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་རྟོགས་དཀའ་བ་ལ་སྒྲིབ་པར་བྱེད་ཅིང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་འབུམ་སོགས་ཀྱིས་བར་དུ་ཆོད་པ་ལྟ་བུའི་ཡུལ་དང་། བསྐལ་བ་བརྒྱ་སྟོང་སོགས་ཀྱིས་བར་དུ་ཆོད་པའི་དུས་རིང་བ་དང་། ཤེས་བྱའི་དབྱེ་བ་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སངས་རྒྱས་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔའི་ཁྱད་པར་ཕྲ་མོ་རྣམས་སྒྲིབ་པ་མ་ཡིན་པའི་ཕྱིར། ཁ་ཅིག །འདིའི་དངོས་བསྟན་གྱི་དྲང་འོས་ཀྱི་གདུལ་བྱ་ལ་ལམ་མ་ཞུགས་ཡོད་པར་ཐལ། སྐལ་ལྡན་གྱི་ལམ་མ་ཞུགས་ཡོད་པའི་ཕྱིར། ཟེར་ན་མ་ཁྱབ་རྟགས་དེར་ཐལ། ལམ་དུ་འཇུག་ཁ་མ་ཡིན་ན། སྐལ་ལྡན་ཡིན་དགོས་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། འདིའི་དངོས་བསྟན་གྱི་སྐལ་ལྡན་ལ་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པ་ཅིག་དགོས་པའི་ཕྱིར། དེར་ཐལ། གངས་སྤེལ་ལས། སྐལ་བ་དང་ལྡན་པ་གང་ཞིག་ཅེ་ན། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་གདུལ་བྱ་འཁོར་བ་དང་ངན་སོང་ལས་དྲངས་པ་མེད་པར་ཐལ། དེས་དེ་དག་ལས་ཆོས་བསྟན་ནས་འདྲེན་དགོས་པའི་ཕྱིར། དེར་ཐལ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། ཞེས་པ་ནས། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་ན་སྔ་མར་མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེས་རྫུ་འཕྲུལ་བསྟན་ནས་དད་དེ་ངན་སོང་ལས་ཐར་བར་བྱས་རྗེས་འཁོར་བ་ལས་གྲོལ་བ་ཡོད་པའི་ཕྱིར། དེར་ཐལ། དེས་རྫུ་འཕྲུལ་ལ་བརྟེན་ནས་འཁོར་བ་དང་ངན་སོང་ལས་ཐར་བར་མཛད་ན། དེ་ཙམ་གྱི་དབང་གིས་གྲོལ་བར་འདོད་མི་དགོས་པའི་ཕྱིར། དེར་ཐལ། རང་རྒྱལ་གྱིས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་གདུལ་བྱ་སྨིན་པར་བྱེད་ན། སངས་རྒྱས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། དེར་ཐལ། སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། ཞེས་གསུངས་པའི་ཕྱིར། དེས་ན་ཆོས་སྟོན་ན་ངག་གིས་སྟོན་པས་མ་ཁྱབ་བོ། ཁ་ཅིག །འདིའི་དངོས་བསྟན་གྱི་གདུལ་བྱ་སྐལ་ལྡན་ཡིན་ན། འཁོར་བ་ལས་ཐར་ཟིན་པས་ཁྱབ་པར་ཐལ། དེ་ཡིན་ན། འཁོར་བ་ལས་དྲངས་ཟིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན། དེ་ལས་དྲངས་པས་ཁྱབ་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། སྐལ་བ་ཇི་ལྟ་བ་བཞིན་དུ་དྲངས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། དེ་ནི་འཁོར་བའི་རྒྱུད་པ་ཅི་རིགས་ལས་དྲངས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། ཇི་སྐད་དུ། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་གང་མ་མཆིས། །ཞེས་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། ཁ་ཅིག །འདིའི་དངོས་བསྟན་གྱི་དེ་ཡིན་ན། འཁོར་བ་ལས་དྲང་བས་ཁྱབ་པར་ཐལ། རྩ་བར། འཁོར་བའི་འདམ་ལས་འགྲོ་བ་དྲང་མཛད་པ། ཞེས་གསུངས་པའི་ཕྱིར་ན། རེ་ཞིག་འདོད་ཀྱང་རུང་སྟེ། འདིར་དྲང་ཞེས་པ་དྲངས་ཟིན་ཁོ་ནའི་དོན་མ་ཡིན་པའི་ཕྱིར། དེར་ཐལ། དེ་ནི་བྱ་བྱེད་གཉིས་ཀ་ལ་སྦྱོར་རིགས་པའི་ཕྱིར། དེར་ཐལ། བྱེད་པ་ལ་སྦྱར་བའི་ཚེ་དྲང་བར་མཛད་པ་སྟེ་འདྲེན་པའི་སྐབས་ལ་སྦྱོར་རུང་ཞིང་། བྱ་བ་ལ་སྦྱོར་བའི་ཚེ་དྲངས་ཟིན་པ་ལ་སྦྱོར་རིགས་པའི་ཕྱིར། ཁ་ཅིག་སྟོན་པས་སྐལ་པ་དང་མི་ལྡན་པའི་གདུལ་བྱ་མི་འདྲེན་པར་ཐལ། ཉི་མ་ཤར་བའི་ཚེ་ཡོངས་སུ་སྨིན་པའི་པདྨོ་ཁ་འབྱེད་ནུས་ཤིང་། མ་སྨིན་པའི་པདྨོ་ཁ་མི་འབྱེད་པ་ལྟར། སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་གདུལ་བྱ་སྨིན་མ་སྨིན་པའི་དོན་བྱེད་མི་བྱེད་དེ་དང་འདྲ་བའི་ཕྱིར། དེར་ཐལ། ཇི་སྐད་དུ། ཇི་ལྟར་ཉི་མ་ཤར་བ་ན། ཡོངས་སྨིན་པདྨ་ཁ་འབྱེད་ལྟར། །ཞེས་སོགས་གསུངས་པའི་ཕྱིར་ན། མ་ཁྱབ། འདོད་མི་ནུས་ཏེ། སངས་རྒྱས་ཀྱིས་དོན་མི་བྱེད་ པར་ཡལ་བར་དོར་བའི་སེམས next hit་ཅན་མེད་པའི་ཕྱིར། འོན་ཀྱང་སྐལ་བ་དང་ལྡན་པའི་གདུལ་བྱ་འདྲེན་པར་དངོས་སུ་བསྟན་པའི་ཤུགས་ལ། སྐལ་བ་དང་མི་ལྡན་པ་རྣམས་དངོས་སུ་སྨིན་པར་མི་མཛད་པར་བསྟན་ཏེ། ཇི་སྐད་དུ། སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ནི། ནས། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། ཞེས་བྱུང་། སློབ་དཔོན་ཆོས་ཅན། ཁྱོད་ཀྱིས་སྟོན་པ་ལ་མཆོད་བརྗོད་མཛད་ནས། བྱ་བ་གང་ལ་འཇུག་པ་ཡོད་དེ། ཆོས་མངོན་པ་སྡེ་བདུན་གྱི་བརྗོད་བྱའི་དོན་ཐམས་ཅད་འདུས་པའི་རྒྱལ་པོའི་བང་མཛོད་ལྟ་བུའི་བསྟན་བཅོས་འདི་རབ་ཏུ་བཤད་པར་བྱ་བར་བཞེད་པའི་ཕྱིར། གསུམ་པ་ལ། དོན་དམ་པའི་ཆོས་མངོན་པའི་དོན་དང་། བརྡར་བཏགས་པའི་ཆོས་མངོན་པའི་དོན་དང་། མཛོད་ཀྱི་མཚན་དོན་བཤད་པ་གསུམ། དང་པོ་ནི། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། ཞེས་འབྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། མཐོང་སྒོམ་མི་སློབ་ལམ་དྲི་མེད་རྗེས་འབྲང་དང་བཅས་པ་ཆོས་ཅན། དོན་དམ་པའི་ཆོས་མངོན་པ་ཡིན་ཏེ། དོན་དམ་པ་ཡིན་པའམ། དེ་ལས་བྱུང་ཞིང་ཆོས་འགོག་ལམ་ལ་མངོན་དུ་ཕྱོགས་པའམ་མངོན་སུམ་དུ་རྟོགས་པས་ན་དོན་དམ་པ་དང་མངོན་པ་ཞེས་བརྗོད་པའི་ཕྱིར། དོན་དམ་པའི་ཆོས་མངོན་པ་ཆོས་ཅན། ཕུང་པོ་ལྔ་པ་ཅན་ཡིན་ཏེ། ཟག་མེད་ཀྱི་ཤེས་རབ་རྗེས་འབྲང་སྟེ་འཁོར་དུ་བྱས་པའི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་དང་བཅས་པའི་ལྔ་པ་ཅན་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཟག་མེད་ཀྱི་ཆོས་ཡིན་ན། དོན་དམ་པའི་ཆོས་མངོན་པ་ཡིན་པས་ཁྱབ་ཟེར་ན། ནམ་མཁའི་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདུས་མ་བྱས་གསུམ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལམ་བདེན་མ་ཡིན་པའི་ཕྱིར། ཁ་ཅིག །འདིར་ཆོས་མངོན་པ་ལ་ཤེས་རབ་གཙོ་བོར་གྱུར་པ་མི་འཐད་པར་ཐལ། རྣམ་ཤེས་གཙོ་བོ་དང་ཤེས་རབ་དེའི་འཁོར་དུ་འབྱུང་བའི་ཟེར་ན། མ་ཁྱབ། ཁ་ཅིག །ཆོས་མངོན་པ་ཡིན་ན། ཤེས་པ་ཡིན་པས་ཁྱབ་ཟེར་ན། འཕགས་རྒྱུད་ཀྱི་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཟག་མེད་ཀྱི་ཕུང་པོ་ལྔ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། གཟུགས་ཕུང་ཡིན་པའི་ཕྱིར། ཁ་ཅིག །གཟུགས་མེད་ཁམས་ན་ཟག་མེད་ཀྱི་སྡོམ་པ་མེད་ཟེར་ན། རེ་ཞིག་དེ་མི་འཐད་པར་ཐལ། གནས་བཞི་པ་ལས། ཟག་མེད་ནི། བསམ་གཏན་ཁྱད་previous hit པར་འདུ་ཤེས་མེད། སེམས next hit་ཅན་མ་གཏོགས་གཟུགས་མེད་ནའང་། ཞེས་ཁྱད་པར་ཕྱེ་ནས་བཤད་པའི་ཕྱིར་དང་། རང་འགྲེལ་ལས་ཀྱང་། ཟག་པ་མེད་པའི་སྡོམ་པ་ནི་ཞེས་པ་ནས་གཟུགས་མེད་པའི་ཁམས་སུ་སྐྱེས་པ་རྣམས་ལ་ཡང་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཟག་མེད་ཀྱི་སྡོམ་པ་ཡིན་ན། གཟུགས་ཅན་མ་ཡིན་པས་ཁྱབ་པར་ཐལ། གཟུགས་མེད་ཁམས་ན་དེ་ཡོད་པའི་ཕྱིར། དེར་ཐལ། གཟུགས་མེད་ཁམས་པའི་འཕགས་པ་ལ་དེ་ཡོད་པའི་ཕྱིར། ཁ་ཅིག་མ་ཁྱབ་ཟེར། རྟགས་དེར་ཐལ། ཟག་མེད་འཕགས་པའི་སེམས་ཅན་རྣམས། ཞེས་གསུངས་པའི་ཕྱིར། ཁ་ཅིག །གཟུགས་མེད་ཀྱི་སས་བསྡུས་ཀྱི་ཟག་མེད་ཀྱི་སྡོམ་པ་ཡོད་པར་ཐལ། གཟུགས་མེད་ན་དེ་ཡོད་པའི་ཕྱིར་ན་མ་ཁྱབ། ཁྱབ་སྟེ། ཟག་མེད་གང་དུ་སྐྱེས་པའི་ཡིན། ཞེས་གསུངས་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། སྤྱིར་བསྟན་པ་ཙམ་ཡིན་པའི་ཕྱིར། ཡང་ན་གཟུགས་མེད་ཁམས་པའི་རྒྱུད་ལ་ཟག་མེད་ཀྱི་སྡོམ་པ་མེད་པར་ཐལ། གཟུགས་མེད་ཁམས་ན་གཟུགས་ཅན་གྱི་སྡོམ་པ་མེད་པའི་ཕྱིར། དེར་ཐལ། དེ་ན་གཟུགས་མེད་པའི་ཕྱིར་ན་སྔ་མ་ལ་མ་ཁྱབ་པའམ་གང་བ་དེའོ། ཁ་ཅིག །སོ་ཐར་དང་ཟག་མེད་ཀྱི་སྡོམ་པའི་གཞི་མཐུན་ཡོད་པར་ཐལ། སྤོང་སྡོམ་དང་དེའི་གཞི་མཐུན་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་སེམས་ཀྱི་རྗེས་འབྲང་ཞེས་བྱ་ལ། སོ་ཐར་ནི་ལུས་ངག་གི་རྗེས་འབྲང་གཙོ་ཆེ་བའི་ཕྱིར། །གཉིས་པ་བརྡར་བཏགས་པའི་ཆོས་མངོན་པ་ནི། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བརྡར་བཏགས་པའི་ཆོས་མངོན་པ་ཆོས་ཅན། ཁྱོད་ཀྱི་ངོ་བོའི་ཁྱད་པར་ཡོད་དེ། འབྲས་བུའི་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པའི་ལམ་གང་ཡིན་པ་དང་། དེ་དག་བརྗོད་བྱར་བྱེད་པའི་བསྟན་བཅོས་ཏེ་གཞུང་མངོན་པ་གང་ཡིན་པ་གཉིས་སུ་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། ཐོས་བསམ་སྒོམ་གསུམ་གང་རུང་གིས་བསྡུས་པའི་ཟག་བཅས་ཀྱི་མངོན་པ་དེ་ལམ་མངོན་པ་དང་། གཞུང་མངོན་པ་ནི་བཤད་པ་ལྟར་བཀའ་བསྟན་བཅོས་གང་རུང་གིས་བསྡུས་པ་ཞིག་ལ་བྱེད་པའི་ཕྱིར། གཉིས་པ་ལ། ཁ་ཅིག །དོན་དམ་པའི་ཆོས་མངོན་པ་ཐོབ་བྱེད་ཀྱི་ཐོབ་ཡིན་ན། བརྡར་བཏགས་པའི་ཆོས་མངོན་པ་ཡིན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། ཉན་ཐོས་འཕགས་པའི་རྒྱུད་ཀྱི་ཐོས་བསམ་སྒོམ་གསུམ་གང་རུང་གིས་བསྡུས་པའི་དོན་དམ་པའི་ཆོས་མངོན་པ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ལམ་ཡོད་ཅིང་། དེ་བརྡར་བཏགས་པའི་ཆོས་མངོན་པ་མ་ཡིན་པའི་ཕྱིར། དེར་ཐལ། དོན་དམ་པའི་ཆོས་མངོན་པ་ཡིན་པའི་ཕྱིར། ཁ་ཅིག །ཚོགས་སྦྱོར་གང་རུང་ཡིན་ན། བརྡར་བཏགས་པའི་ཆོས་མངོན་པ་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མ་ཡིན་previous hit པར་ཐལ། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས next hit་ཚོགས་ལམ་པ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་དེ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་སྦྱོར་ལམ་ནས་རིགས་བཟློག་ནས་བྱང་སེམས་ལམ་དུ་འཇུག་པ་ཡོད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། གཉིས་སློབ་རིགས་ལས་ལོག་ནས་ནི། སངས་རྒྱས་སུ་འགྱུར་ཞེས་ཉན་ཐོས་ཀྱི་སྦྱོར་ལམ་དྲོད་རྩེ་ནས་དེ་ལྟར་དུ་འགྱུར་བ་ཡོད་པའི་ཕྱིར། ཁ་ཅིག །འདོད་ཁམས་སུ་ལམ་མངོན་པར་གྱུར་པའི་བསྒོམས་བྱུང་མེད་པར་ཐལ། འདོད་པའི་སས་བསྡུས་ཀྱི་བསྒོམས་བྱུང་མེད་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན་དེར་ཐལ། འདོད་པའི་སས་བསྡུས་ཀྱི་ཐོས་བསམ་གྱི་ཤེས་རབ་ཡོད་ཀྱང་བསྒོམས་བྱུང་གི་ཤེས་རབ་མེད། གཟུགས་མེད་ན་ཐོས་བྱུང་དང་བསམ་བྱུང་མེད་ལ་བསྒོམས་བྱུང་ཡོད། གཟུགས་ཁམས་ཀྱི་སས་བསྡུས་པའི་ཐོས་བསམ་གཉིས་མེད་ཀྱང་བསྒོམས་བྱུང་གི་ཤེས་རབ་ཡོད་པའི་ཕྱིར་དང་། གཟུགས་ན་ཐོས་བསམ་ཡོད་ཀྱང་དེའི་སས་བསྡུས་སུ་མི་འཇོག་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། འདོད་ཁམས་ན་སྦྱོར་ལམ་ཡོད་པའི་ཕྱིར། ཁ་ཅིག །གཞུང་མངོན་པ་ཆོས་མངོན་པ་ཡིན་པར་ཐལ། ལམ་འབྲས་ཀྱི་མངོན་པ་ཆོས་མངོན་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ལུང་མངོན་པ་ཆོས་མངོན་པ་ཡིན་པར་ཐལ། ལུང་གི་ཆོས་མངོན་པ་མེར་བསྲེགས་པའི་ཆོས་སྤོང་གི་ལས་འབྱུང་བའི་ཕྱིར་ན་མ་ཁྱབ་བོ། །གསུམ་པ་ནི། འདིར་དེ་དོན་ཏུ་ཡང་དག་ཆུད་ཕྱིར་རམ། འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བསྟན་བཅོས་འདི་ཆོས་ཅན། ཁྱོད་ལ་ཆོས་མངོན་པའི་མཛོད་ཅེས་བྱ་སྟེ། མངོན་པ་སྡེ་བདུན་གྱི་བརྗོད་བྱ་མངོན་པ་གསུམ་པོ་དེ་འདིར་བརྗོད་བྱའི་དོན་དུ་ཡང་དག་པར་ཆུད་པའི་ཕྱིར་རམ། བསྟན་བཅོས་འདི་ཡི་འབྱུང་བའི་གནས་ཀྱང་སྡེ་བདུན་པོ་དེ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །བསྟན་བཅོས་འདིར་སྡེ་བདུན་གྱི་ཚིག་ཐམས་ཅད་ཆུད་པར་ཐལ། དེ་བདུན་གྱིི་ཚིག་དོན་གཅེས་པ་རྣམས་ཆུད་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེ་བདུན་གྱི་ཚིག་ཚོགས་ཀྱི་སྤྲོས་པ་རྣམས་འདིར་མ་འདུས་པའི་ཕྱིར། དེར་ཐལ། རྒྱལ་སྲས་མ་ལས། ཚིག་གི་སྒོ་ནས་མ་ཡིན་ཏེ། དེ་ནི་དོན་གྱི་སྒོ་ནས་ཆུད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །འདིའི་དངོས་བསྟན་གྱི་མངོན་པ་མཛོད་ཡིན་ན། སློབ་དཔོན་གྱི་བསྟན་བཅོས་འདི་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། འདིའི་དངོས་བསྟན་གྱི་དེ་ལ་བསྟན་བཅོས་འདི་གང་ལས་འབྱུང་བའི་གནས་ཀྱི་མཛོད་ཡོད་པའི་ཕྱིར། དེར་ཐལ། མཛོད་ཀྱི་དོན་ལ་སྔར་བཤད་པ་ལྟར་གཉིས་ཡོད་པའི་ཕྱིར། དེར་ཐལ། དཔེར་ན། ནོར་བུ་འཇོག་པའི་གནས་ལ་མཛོད་ཅེས་བཏགས་པ་ལྟར་མཛོད་ཅེས་བརྗོད་པ་དང་། ནོར་བུ་གང་ནས་འབྱུང་བའི་གནས་ལ་མཛོད་ཅེས་བརྗོད་པ་ལྟ་བུ་གཉིས་ཡོད་པའི་ཕྱིར། བཞི་པ་མངོན་པ་གསུངས་པའི་དགོས་པ་ནི། །ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་བས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་འབྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སློབ་དཔོན་ཆོས་ཅན། མངོན་པའི་བསྟན་བཅོས་འདི་རྩོམ་པར་སྤྲོ་བའི་རྒྱུ་མཚན་ཡོད་དེ། རྒྱུ་མཚན་གང་གི་ཕྱིར་ན། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་མེད་པར་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་བྱེད་པའི་ཐབས་ཀྱི་གཙོ་བོ་མེད་ལ། ཉོན་མོངས་པའི་དབང་གིས་ཀྱང་འཇིག་རྟེན་ཏེ་སྐྱེ་རྒུ་རྣམས་སྲིད་པའི་རྒྱ་མཚོ་ཆེན་པོ་འདིར་རབ་ཏུ་འཁྱམས་ཏེ་ཐར་པ་ཐོབ་པར་མི་འགྱུར་བའི་རྒྱུ་མཚན་དེའི་ཕྱིར། དེ་བས་ན་སྟོན་པས་དང་པོར་མངོན་པའི་ཚིག་དོན་ཐོར་བུར་གསུངས་པ་ཕྱོགས་གཅིག་ཏུ་མངོན་པ་སྡེ་བདུན་པོ་འདིར། དགྲ་བཅོམ་པ་བདུན་གྱིས་བསྡུས་པར་བྱེ་བྲག་སྨྲ་བ་ལ་གྲགས་སོ་ལོ། ཞེས་སྨོས་པའི་རྒྱུ་མཚན་ཡོད་དེ། སློབ་དཔོན་གྱིས་སྡེ་བདུན་པོ་འདི་དགྲ་བཅོམ་པའི་མིང་ཅན་བདུན་གྱིས་བརྩམ་པར་བཞེད་པས། བྱེ་བྲག་སྨྲ་བས་སྡེ་བདུན་བཀའ་ཡིན་ཡང་དགྲ་བཅོམ་པ་བདུན་གྱིས་བསྡུས་པར་འདོད་པ་ལ་མ་རངས་པའི་དགག་ཚིག་སྟོན་པའི་ཕྱིར། དགྲ་བཅོམ་དེ་དག་གིས་བསྡུས་པའི་བསྟན་བཅོས་བདུན་ཡོད་དེ། ཇི་སྐད་དུ་སྡོམ་ལས། ཡེ་ཤེས་ལ་འཇུག་ཀཱ་ཏྱའི་བུས། རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །འགྲོ་བའི་རྣམ་གྲགས་གསུམ་པོ་ཆེས། ཁམས་ཀྱི་ཚིགས་ནི་གང་པོས་བྱས། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སློབ་དཔོན་གྱིས་མངོན་པ་སྡེ་བདུན་གྱི་ཚིག་དོན་ལ་མ་རངས་པའི་དགག་པ་མཛད་པར་ཐལ། ལོ་ཞེས་གསུངས་པ་ནི་མ་རངས་པའི་དགག་ཚིག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་བྱེ་བྲག་སྨྲ་བས་སྡེ་བདུན་བཀར་འདོད་པ་ལ་མ་རངས་པའི་དགག་པ་ཡིན་གྱི། སྡེ་བདུན་གྱི་ཚིག་དོན་ལ་མ་རངས་པ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སློབ་དཔོན་གྱིས་སྡེ་བདུན་གྱི་དགོངས་པ་འགྲེལ་བ་ལ་འཇུག་པའི་ཕྱིར། ཁ་ཅིག །སྐབས་འདིར་སློབ་དཔོན་ཉིད་མདོ་སྡེ་པ་ཡིན་པར་ཐལ། རྒྱལ་སྲས་མ་ལས། མདོ་སྡེ་པ་ཁོ་བོ་ཅག་གི །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་སྡེ་བདུན་བཀའ་མ་ཡིན་པར་འདོད་པ་ལ་མདོ་སྡེ་པ་ནང་མཚུངས་ཞེས་པའི་དོན་ཡིན་གྱི། སློབ་དཔོན་ཉིད་མདོ་སྡེ་པ་ཡིན་ཞེས་པའི་དོན་མ་ཡིན་པའི་ཕྱིར། དེར་ཐལ། བྱེ་སྨྲའི་ལུགས་གཞིར་བྱེད་པའི་ཚེ་སློབ་དཔོན་བྱེ་བྲག་ཏུ་སྨྲ་བར་འདོད་དགོས་པའི་ཕྱིར། དེར་ཐལ། དེ་གཞིར་འཇོག་པའི་ཚེ་སྟོན་པ་ཉིད་ཀྱང་བྱེ་བྲག་ཏུ་སྨྲ་བར་འདོད་དགོས་པའི་ཕྱིར། ཁ་ཅིག །ལོ་ཞེས་པ་མ་རངས་པའི་ཚིག་མ་ཡིན་པར་ཐལ། དེ་བཤད་པའི་རྒྱན་ཡིན་པའི་ཕྱིར། དེར་ཐལ། ལོ་གྲགས་ཟེར་གསུམ་བཤད་པའི་རྒྱན་ཡིན་པའི་ཕྱིར། དེར་ཐལ། སློབ་དཔོན་རང་གི་བླ་མ་ཁ་ཆེ་འདུས་བཟང་དེ་ལྟར་བཞེད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །སློབ་དཔོན་གྱིས་དེ་བདུན་གྱི་ཚིག་དོན་ཐམས་ཅད་འཁྲུལ་མེད་དུ་བཞེད་པར་ཐལ། དེས་སྡེ་བདུན་གྱི་དགོངས་པ་ཐམས་ཅད་འཁྲུལ་མེད་དུ་འགྲེལ་བའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་པར་ཐལ། སྡེ་བདུན་གྱི་གཞུང་ལ་ལས་འདུས་མ་བྱས་རྫས་གྲུབ་ཏུ་སྟོན་པས་དེ་རྫས་གྲུབ་ཏུ་སློབ་དཔོན་མི་བཞེད་པའི་ཕྱིར། ཁ་ཅིག །སློབ་དཔོན་གྱིས་སྡེ་བདུན་སྡུད་པ་པོ་རྣམས་དགྲ་བཅོམ་པ་མ་ཡིན་པར་བཞེད་པར་ཐལ། མདོ་སྡེ་པས་དེ་ལྟར་འདོད་པའི་ཕྱིར་ན། རེ་ཞིག་མ་ཁྱབ། རྟགས་དེར་ཐལ། དེས་དེ་རྣམས་འཕགས་པ་མིན་པར་འདོད་པའི་ཕྱིར། དེར་ཐལ། ཐུབ་བསྟན་བྱི་དོར་ལས། དེའི་ཕྱིར་མདོ་སྡེ་པས་ཀྱང་མངོན་པ་སྡེ་བདུན་ལ་སོགས་པ་རྩོམ་པ་པོ་རྣམས་འཕགས་པ་མིན་པར་སྨྲའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གཞུང་དོན་དངོས་ལ། ལུས་ཀྱི་སྒོ་ནས་མདོར་བསྟན་པ་དང་། ཡན་ལག་གི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ལ་གཉིས། བརྗོད་བྱའི་དོན་བསྡུས་ཏེ་བསྟན་པ་དང་། ཅུང་ཟད་ཕྱེ་སྟེ་བཤད་པ་གཉིས། དང་པོ་ནི། ཟག་བཅས་ཟག་པ་མེད་ཆོས་རྣམས། ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བསྟན་བཅོས་འདི་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡོད་དེ། ཟག་བཅས་དང་ཟག་པ་མེད་པའི་ཆོས་རྣམས་ནི་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། ཆོས་ཐམས་ཅད་དེ་གཉིས་སུ་བསྡུས་ནས་སྟོན་པར་བཞེད་པའི་ཆེད་ཡིན་པའི་ཕྱིར། ཟག་བཅས་དང་པོར་འབྱུང་བའི་རྒྱུ་མཚན་ཡོད་དེ། ཀུན་ནས་ཉོན་མོངས་པ་སྔོན་དང་རྣམ་པར་བྱང་བ་རྗེས་སུ་འབྱུང་བའི་གོ་རིམ་དང་མཐུན་པར་བརྗོད་པ་ཡིན་པའི་ཕྱིར། བསྟན་བཅོས་འདི་ཆོས་ཅན། ཁྱོད་ཀྱི་དགོས་སོགས་ཆོས་བཞིའི་ཁྱད་པར་ཡོད་དེ། ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་ཁྱོད་ཀྱི་བརྗོད་བྱ། ཁྱོད་ལ་བརྟེན་ནས་དེ་རྣམས་ལེགས་པར་རྟོགས་པ་དེ་ཁྱོད་ཀྱི་དགོས་པ། རྟོགས་ནས་ཉམས་སུ་བླངས་ནས་ཐོབ་པར་འགྱུར་བའི་མྱང་འདས་གཉིས་ཉིང་དགོས། ཆོས་གསུམ་ཕྱི་མ་སྔ་མ་ལ་འབྲེལ་བ་དེ་འབྲེལ་བ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཟག་བཅས་ཡིན་ན། དམིགས་པ་དང་མཚུངས་ལྡན་གཉིས་ཀྱི་སྒོ་ནས་ཟག་པ་རྒྱས་རུང་ཡིན་པས་ཁྱབ་ཟེར་ན། ཉན་ཐོས་དགྲ་བཅོམ་པའི་མིག་དབང་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལམ་བདེན་དུ་མ་གཏོགས་པའི་འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་ཞེས་གསུངས་པའི་ཕྱིར། འདོད་ན། མི་འཐད་པས་ཐལ། མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་རུང་མ་ཡིན་པའི་ཕྱིར། དེར་ཐལ། དགྲ་བཅོམ་པའི་དབང་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། གཞན་ཡང་། དེ་མི་འཐད་ཐལ། དེ་དང་མཚུངས་ལྡན་མེད་པའི་ཕྱིར། དེར་ཐལ། དེ་གཟུགས་ཅན་ཡིན་པའི་ཕྱིར། ཁ་ཅིག །ཉན་ཐོས་དགྲ་བཅོམ་པའི་མིག་དབང་དེ་ཟག་བཅས་ཡིན་ཀྱང་སྒོམ་སྤང་མ་ཡིན་ཟེར་ན། དེ་ཆོས་ཅན། སྒོམ་སྤང་ཡིན་པར་ཐལ། གཟུགས་ཅན་གྱི་ཁམས་བཅུ་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། དེ་བཅུ་དང་མིག་སོགས་ཀྱི་རྣམ་ཤེས་ཀྱི་ཁམས་ལྔ་ལ་སྒོམ་སྤང་གིས་ཁྱབ་པའི་ཕྱིར། དེར་ཐལ། རྩ་བར། བཅུ་ནི་སྒོམ་པའི་སྤང་བྱ་ཡིན། ལྔ་ཡང་། ཞེས་གསུངས་པའི་ཕྱིར། ཁ་ཅིག །དེ་སྤང་བྱ་ཡིན་པར་ཐལ། སྒོམ་སྤང་ཡིན་པའི་ཕྱིར་ན་མ་ཁྱབ་བོ། ཁ་ཅིག །འདིར་གང་ལ་དམིགས་ནས་ཟག་པ་སྐྱེ་རུང་དེ་ཟག་བཅས་ཀྱི་དོན་ཡིན་ཟེར་ན། འགོག་ལམ་གཉིས་ཆོས་ཅན། ཟག་བཅས་ཡིན་པར་ཐལ། ཁྱོད་ལ་དམིགས་ནས་ཟག་པ་སྐྱེ་རུང་བའི་ཕྱིར། དེར་ཐལ། འགོག་པ་ལ་དམིགས་པ་དང་ལམ་ལ་དམིགས་པའི་འགོག་པ་རང་ལམ་མཐོར་སྤང་ཡོད་པའི་ཕྱིར། དེར་ཐལ། རྩ་བ་འགོག་དང་ལམ་མཐོང་སྤང་བྱ་བ། །ཞེས་སོགས་གསུངས་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། ཁྱོད་ལ་དམིགས་ནས་ཟག་པ་རྒྱས་པར་འགྱུར་བར་ཐལ། ཟག་བཅས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་འགྲེལ་ལས། དེ་གཉིས་ལ་རྒྱས་པར་མི་འགྱུར་བས་དེ་གཉིས་ཟག་པ་དང་བཅས་པ་ཉིད་དུ་ཐལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར། རང་ལུགས་ནི། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པའམ་ཉོན་མོངས་རྒྱས་འགྱུར་དེ་ཟག་བཅས་ཀྱི་དོན་ཡིན་ཏེ། འདིར། ཟག་བཅས་གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་ཏུ་རྒྱས་འགྱུར་ཕྱིར། ཞེས་གསུངས་པའི་ཕྱིར། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་བཞག་པའི་མཚན་གཞི་ཡོད་དེ། གཟུགས་ཅན་བཅུ་ལྟ་བུ་དང་པོ་དང་། ཕྲ་རྒྱས་རྣམས་གཉིས་པ་ཡིན་པའི་ཕྱིར། དམིགས་མཚུངས་གང་རུང་གི་སྒོ་ནས་ཟག་པ་རྒྱས་པར་མི་འགྱུར་བའི་ཆོས་དེ་ཟག་མེད་ཀྱི་དོན་ཡིན་ལ། མཚན་གཞི་ཡོད་དེ། ལམ་བདེན་དང་འདུས་མ་བྱས་གསུམ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ནི། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །དེ་ལ་ནམ་མཁའ་མི་སྒྲིབ་པའོ། །སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་འབྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ལམ་བདེན་དུ་མ་གཏོགས་པའི་འདུས་བྱས་རྣམས་ཆོས་ཅན། ཟག་བཅས་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་དེ་དག་ལ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྣམས་ཀུན་ཏུ་རྒྱས་པར་འགྱུར་བའི་ཕྱིར། ལམ་གྱི་བདེན་པ་དང་། འདུས་མ་བྱས་རྣམ་པ་གསུམ་ཡང་ཆོས་ཅན། ཟག་མེད་ཡིན་ཏེ། སྔར་ལྟར་ཟག་པ་རྒྱས་པར་མི་འགྱུར་བའི་ཕྱིར། ནམ་མཁའ་དང་ནི་འགོག་པ་རྣམ་པ་གཉིས་ཆོས་ཅན། ཟག་མེད་ཡིན་ཏེ། རྟགས་དེའི་ཕྱིར། དེ་ལ་འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མི་སྒྲིབ་པའི་རང་བཞིན་ཅན་ཡིན་ཏེ། གཟུགས་ཅན་གཞན་ལ་ཕར་མི་སྒྲིབ་ཅིང་ཚུར་ཡང་མི་སྒྲིབ་པ་ཞིག་ལ་བྱེད་པའི་ཕྱིར། དགྲ་བཅོམ་པའི་རྒྱུད་ཀྱི་འགོག་པ་གང་ཆོས་ཅན། སོ་སོར་བརྟགས་པས་འགོག་པ་དང་བྲལ་བ་ཞེས་བྱ་སྟེ། བདེན་བཞི་ལ་སོ་སོར་བརྟགས་པའི་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པའི་འགོག་བདེན་ཡིན་པའི་ཕྱིར། སྡུག་བསྔལ་མཐོང་སྤང་སོགས་བཞི་སྤངས་པའི་སོ་སོར་བརྟགས་འགོག་ཆོས་ཅན། རྫས་སོ་སོར་བ་ཡིན་ཏེ། ལྡན་བྱེད་ཀྱི་རྫས་སོ་སོ་བ་ཡིན་པའི་ཕྱིར། འགོག་པ་གཞན་སོ་སོར་བརྟགས་འགོག་མིན་པ་ཆོས་ཅན། ངོ་བོ་ཡོད་དེ། རང་གི་དགག་བྱའི་ཆོས་མ་འོངས་པ་སྐྱེ་བ་ལ་གེགས་བྱེད་པའི་བྲལ་བ་ལས་གཞན་པའི་བྲལ་བ་ཡིན་པའི་ཕྱིར། དེར་ཐལ། བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པ་མ་ཡིན་པར་རང་གི་སྤང་བྱ་རེ་ཞིག་རྐྱེན་མ་ཚང་བས་མ་སྐྱེས་པའི་འགོག་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །འདུས་མ་བྱས་རྣམས་གསུམ་ཡང་སྟེ་ཞེས་པའི་ཡང་སྒྲ་དོན་མེད་པར་ཐལ། དེས་བསྡུ་རྒྱུ་མེད་པའི་ཕྱིར་ན་མ་གྲུབ་སྟེ། གནས་མ་བུ་བ་དང་། བྱེ་བྲག་པ་སོགས་ཀྱིས་འདོད་པའི་ནམ་མཁའ་དགག་པའི་ཆེད་དང་། ཟག་མེད་ལམ་བདེན་དུ་མ་ཟད་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། ཁ་ཅིག །རྐྱེན་མ་ཚང་བའི་འགོག་པ་ཡིན་ན། སོ་སོར་བརྟགས་མིན་གྱི་འགོག་པ་ཡིན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། མི་རྟག་པའི་འགོག་པ་དང་སྙོམས་འཇུག་གི་འགོག་པ་དང་སྐྱེ་བའི་བསམ་གཏན་གྱི་འགོག་པ་ལྟ་བུ་འགོག་པ་གཉིས་པོ་གང་རུང་མ་ཡིན་པའི་ཕྱིར། གཉིས་པ་ཡན་ལག་གི་སྒོ་ནས་རྒྱས་པར་བཤད་པ་ལ། གང་ལ་མཁས་པར་བྱ་དགོས་པའི་གནས་ངོས་བཟུང་བ་དང་། དེ་ལྟར་མཁས་པར་བྱས་པའི་ཡོན་ཏན་བསྟན་པ་གཉིས། དང་པོ་ལ། མཁས་བྱའི་གནས་དང་། དེ་ཉིད་ངེས་པར་བྱེད་པའི་ཚུལ་གཉིས། དང་པོ་ལ། ཡུལ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་དང་། ཡུལ་ཅན་དབང་པོའི་རབ་དབྱེ་བཤད་པ་གཉིས། དང་པོ་ལ། འདུས་བྱས་སྤྱིའི་མཚན་ཉིད་དང་། ཆོས་གསུམ་གྱི་རྣམ་གཞག་དང་། ཁམས་ཀྱི་རྣམ་པ་རབ་དབྱེ་དང་གསུམ། དང་པོ་ལ། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་དང་། རྣམ་གྲངས་ཀྱི་དབྱེ་བ་གཉིས། དང་པོ་ནི། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། གཟུགས་ལ་སོགས་པའི་ཕུང་པོ་ལྔ། ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། འདུས་བྱས་ཀྱི་ཆོས་རྣམས་དེ་དག་ཀྱང་ཆོས་ཅན། དབྱེ་བ་ཡང་ལས་འདིར་བསྡུ་ན་ལྔ་ཡིན་ཏེ། གཟུགས་ལ་སོགས་པ་སྟེ་གཟུགས་ཀྱི་ཕུང་པོ། །ཚོར་བའི་ཕུང་པོ། །འདུ་ཤེས་ཀྱི་ཕུང་པོ། །འདུ་བྱེད་ཀྱི་ཕུང་པོ། །རྣམ་ཤེས་ཀྱི་ཕུང་པོ་དང་ལྔ་པོ་སྔར་འདུས་བྱས་རྣམས་ཞེས་བཤད་པ་ལྟར་ཡོད་པའི་ཕྱིར། དེ་ལྔ་ཆོས་ཅན། འདུས་བྱས་ཡིན་ཏེ། རང་གི་རྒྱུ་རྐྱེན་ལས་སྐྱེས་པས་རབ་ཏུ་ཕྱེ་བ་དེ་ཡིན་པའི་ཕྱིར། དེ་ལྔའི་ངོ་བོ་ཡོད་དེ། གཟུགས་ཅན་ཡིན་པ་གཟུགས་ཀྱི་ཕུང་པོ། གཙོ་སེམས་རྣམས་རྣམ་ཤེས་ཀྱི་ཕུང་པོ། སིམ་གདུང་བར་མ་མྱོང་བའི་སེམས་བྱུང་རྣམས་ཚོར་བའི་ཕུང་པོ། མཐོང་ཐོས་སོགས་བྱེ་བྲག་འབྱེད་པའི་སེམས་བྱུང་རྣམས་འདུ་ཤེས་ཀྱི་ཕུང་པོ། དེ་ལས་གཞན་པའི་སེམས་བྱུང་དང་ལྡན་མིན་འདུ་བྱེད་རྣམས་འདུ་བྱེད་ཀྱི་ཕུང་པོ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །གཟུགས་ཅན་གྱི་ཁམས་ཡིན་ན། གཟུགས་ཀྱི་ཁམས་ཡིན་པས་ཁྱབ་ཟེར་ན། སྒྲའི་ཁམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གཟུགས་ཕུང་ཡིན་པའི་ཕྱིར། དེར་ཐལ། དབང་པོ་ལྔ་དང་དོན་ལྔ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། གཟུགས་ཅན་གྱི་ཁམས་བཅུ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་ཡོད་ཀྱི་གཟུགས་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་ཅན་བཅུའི་དང་པོ་གཟུགས་ཁམས་གཅིག་པུ་བསྟན་ཡོད་ཀྱི་གཟུགས་ཡིན་ཞིང་། གཞན་དགུ་པོ་བསྟན་མེད་ཡིན་པའི་ཕྱིར། དེར་ཐལ། རྩ་བར། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། ཞེས་གསུངས་པའི་ཕྱིར། ཁ་ཅིག །གཟུགས་ཅན་གྱི་ཁམས་ཡིན་ན། གཟུགས་ཅན་གྱི་ཁམས་བཅུ་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གཟུགས་ཅན་ཡིན་པའི་ཕྱིར། འདོད་ན། དབང་པོ་ལྔ་དང་དོན་ལྔ་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྩ་བར། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཡིད་དང་རྣམ་ཤེས་ཀྱི་ཕུང་པོ་འགལ་བར་ཐལ། ཁམས་བཅོ་བརྒྱད་པོ་ནང་ཕན་ཚུན་འགལ་བའི་ཕྱིར་ན། མ་ཁྱབ། འདོད་ན། མི་འཐད་པར་ཐལ། རྣམ་ཤེས་ཀྱི་ཁམས་དྲུག་པོ་གང་རུང་ལ་ཡིད་ཁམས་ཀྱིས་ཁྱབ་པའི་ཕྱིར། ཁ་ཅིག །བར་དོ་བའི་རྒྱུད་ལ་མིག་སོགས་དབང་པོ་ལྔ་ཡོད་པར་ཐལ། ལྷ་མིའི་བར་དོ་བ་རྣམས་དབང་པོ་ཀུན་ཚང་བའི་ཕྱིར། འདོད་ན། འདོད་གཟུགས་ཀྱི་ལྷའི་བར་དོ་བའི་རྒྱུད་ལ་དེ་ལྔ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ཀྱི་བར་དོ་བ་ལ་མིག་གི་རྣམ་ཤེས་སོགས་ལྔ་པོ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་པར་ཐལ། གཟུགས་ཁམས་པའི་བར་སྲིད་པ་ལ་སྣ་ལྕེའི་རྣམ་ཤེས་གཉིས་དང་དྲི་རོ་གཉིས་ཏེ་བཞི་མི་ལྡན་པའི་ཕྱིར། དེར་ཐལ། རྩ་བར། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །དྲི་དང་རོ་དང་སྣ་དང་ནི། ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་གསུངས་པའི་ཕྱིར། ཁ་ཅིག །གཟུགས་མེད་ཁམས་ན་གཟུགས་ཅན་གྱི་ཁམས་ཡོད་ཟེར་ན། དེ་མེད་པར་ཐལ། དེ་ན་གཟུགས་མེད་པས་དེ་དག་མེད་ཅིང་། ཡིད་དང་ཆོས་དང་རྣམ་ཤེས་ཀྱི་ཁམས་རྣམས་ཡོད་པའི་ཕྱིར། དེར་ཐལ། རྩ་བར། གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཟིན་པའི་འབྱུང་བ་ལས་གྱུར་པའི་ཁམས་ཡིན་ན། ཟིན་པས་ཁམས་ཡིན་པས་ཁྱབ་ཟེར་ན། ལག་པ་བརྡབ་པའི་སྒྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ཡིན་ན། མ་ཟིན་པའི་ཁམས་ཡིན་དགོས་པའི་ཕྱིར། དེར་ཐལ། འདིའི་སྐབས་ཀྱི་ཟིན་མ་ཟིན་གྱི་དོན་དབང་པོས་ཟིན་མ་ཟིན་ལ་བྱེད་པའི་རྒྱུ་མཚན་གྱིས། སེམས་ཀྱི་ཁམས་བདུན། ཆོས་ཁམས་ཀྱི་ཕྱེད་དང་previous hit སེམས་བྱུང་དང་བརྒྱད། སྒྲ་དང་དགུ་པོ་དེ་མ་ཟིན་པར next hit་འཇོག ། གཟུགས་ཅན་གཞན་དགུ་ལ་ཟིན་མ་ཟིན་གྱི་ཆ་གཉིས་ཡོད་པའི་ཕྱིར། དེར་ཐལ། རྩ་བར། མ་ཟིན་དགུ། །བརྒྱད་པོ་དེ་དག་རྣམས་དང་སྒྲ། དགུ་པོ་གཞན་ནི་རྣམ་པ་གཉིས། ཞེས་གསུངས་པའི་ཕྱིར། ཁ་ཅིག །གཟུགས་ཡིན་ན། ཆོས་ཁམས་མ་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་ཆོས་ཁམས་ཀྱིས་ཁྱབ་པའི་ཕྱིར། ཁ་ཅིག །སོ་ཐར་གྱི་སྡོམ་པ་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་ཟེར་ན། མི་འཐད་པར་ཐལ། དེར་རྣམ་པར་རིག་བྱེད་ཡིན་མིན་གཉིས་ཡོད་པའི་ཕྱིར། དེར་ཐལ། རྩ་བར། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །རྣམ་རིག་མ་ཡིན་པའི་གཟུགས་ལ་སྡོམ་པས་ཁྱབ་ཟེར་ན། དེ་ཡང་མི་འཐད་པར་ཐལ། དེར་སྡོམ་པ་སྡོམ་མིན་བར་མ་གསུམ་ཡོད་པའི་ཕྱིར། དེར་ཐལ། རྩ་བར། རྣམ་རིག་མིན་རྣམ་གསུམ་ཤེས་པ། སྡོམ་དང་སྡོམ་པ་མིན་དང་གཞན། ཞེས་གསུངས་པའི་ཕྱིར། ཁ་ཅིག །སོ་ཐར་གྱི་སྡོམ་པ་དེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དེ་ནི་རྫས་སྤྱི་མ་ཆོད་པའི་སྐྱོན་དུ་འགྱུར་བའི་ཕྱིར། དེར་ཐལ། དེ་ལ་རིག་བྱེད་ཡིན་མིན་གཉིས་ཡོད་པའི་ཕྱིར། ཁ་ཅིག །ཆོས་དང་ཁམས་ཀྱི་གཞི་མཐུན་ཡིན་ན། ཆོས་ཁམས་ཡིན་པས་ཁྱབ་ཟེར་ན། གཟུགས་ཀྱི་ཁམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་གང་ཞིག་ཁམས་ཡིན་པའི་ཕྱིར། དང་པོ་དེར་ཐལ། གཞི་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། ཕུང་པོ་དང་པོ་ཉིད་ཆོས་ཁམས་མ་ཡིན་ཞིང་། ཕུང་པོ་བར་པ་གསུམ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས། འདུས་མ་བྱས་ཀྱི་ཆོས་གསུམ་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་སུ་འཇོག་པའི་ཕྱིར། དེར་ཐལ། རྩ་བར། དེ་གསུམ་རྣམ་རིག་བྱེད་མིན་དང་། འདུས་མ་བྱས་རྣམས་བཅས་པ་ན། ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། འདུས་བྱས་སྤྱིའི་མིང་གི་རྣམ་གྲངས་དང་། ཟག་བཅས་ཀྱི་མིང་གི་རྣམ་གྲངས་གཉིས། དང་པོ་ནི། དེ་དག་ཉིད་དུས་གཏམ་གཞི་དང་། །ངེས་པར་འབྱུང་བཅས་གཞི་དང་བཅས། ཞེས་འབྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། འདུས་བྱས་དེ་དག་ཉིད་ཆོས་ཅན། ཁྱོད་ལ་དུས་ཞེས་བྱ་སྟེ། དུས་གསུམ་དུ་འཇོག་པའི་གཞི་ཡིན་པའི་ཕྱིར། དེ་ཆོས་ཅན། གཏམ་གྱི་གཞི་ཞེས་བྱ་སྟེ། རྗོད་བྱེད་ཀྱི་གཏམ་ནི་ངག་ཚིག་དུ་མ་འདུས་པ་ཡིན་ཞིང་། དེ་འབྱུང་བའི་གཞི་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་པར་འབྱུང་བཅས་ཞེས་བྱ་སྟེ། ལྷག་མེད་མྱང་འདས་ལ་བལྟོས་ནས་ལམ་བདེན་དང་བཅས་པའི་འདུས་བྱས་རྣམས་ཀྱང་མྱ་ངན་ཡིན་ལ། མྱང་འདས་དེ་མངོན་དུ་བྱེད་པའི་ཚེ་འདུས་བྱས་རྣམས་ངོར་ནས་གདོན་མི་ཟ་བར་ངེས་པར་འབྱུང་བར་བྱེད་དགོས་པའི་ཕྱིར། དེ་ཆོས་ཅན། གཞི་དང་བཅས་པ་ཞེས་བྱ་སྟེ། གཞི་སྐྱེད་བྱེད་ཀྱི་རྒྱུ་དུ་མ་དང་བཅས་པའི་ཕྱིར། གཉིས་པ་ལ། ཁ་ཅིག །གཏམ་གྱི་གཞི་ཡིན་ན། འདུས་བྱས་ཡིན་པས་ཁྱབ་ཟེར་ན། ནམ་མཁའ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འཇིག་རྟེན་ན་ནམ་མཁའ་ཞེས་གཏམ་སྣ་ཚོགས་ཀྱིས་བརྗོད་པའི་ཕྱིར། ཁ་ཅིག ། ནམ་མཁའ་གཏམ་གྱི་གཞིར་མི་རུང་བར་ཐལ། འདུས་མ་བྱས་རྣམས་གཏམ་གྱི་གཞི་མ་ཡིན་པའི་ཕྱིར། དེར་ཐལ། རྒྱལ་སྲས་མ་ལས། འདུས་མ་བྱས་ནི་གཏམ་རྒྱུ་དང་རྐྱེན་མིན་པས་གཏམ་གྱི་གཞི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན། སྐྱོན་མེད་དེ། འདིའི་དངོས་བསྟན་ལ་དགོངས་པའི་ཕྱིར། ཁ་ཅིག ། ལམ་བདེན་འདོར་བྱར་བྱེད་རུང་བར་ཐལ། ལྷག་མེད་མྱང་འདས་མངོན་དུ་བྱེད་པའི་སྐབས་ལ་ལྟོས་ནས་འདོར་བྱར་རུང་བའི་ཕྱིར། ན་མ་ཁྱབ། མ་གྲུབ་ན་དེར་ཐལ། ལྷག་མེད་མྱང་འདས་ཀྱི་ཚེ་འདུས་བྱས་ཀྱི་རྒྱུ་བ་ལྡོག་དགོས་པས་ལམ་བདེན་ཡང་འདོར་བའི་ཕྱིར། དེར་ཐལ། རྒྱལ་སྲས་མ་ལས། ཆོས་ཀྱི་རྣམ་གྲངས་འདི་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཞེས་པའི་ཁུངས་དྲངས་ནས་བསྒྲུབས་པའི་ཕྱིར། གཉིས་པ་ནི། གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་ཀྱང་། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་གསུང་། འདི་ལ་གཉིས། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཟག་བཅས་ཀྱི་ཕུང་པོ་ལྔ་པོ་གང་དག་བཤད་པ་དེ་དག་ཆོས་ཅན། ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། འདིར་ཉེར་ལེན་ནི་ཉོན་མོངས་ཡིན་ལ། དེ་ལས་ཁྱོད་བྱུང་ཞིང་ཁྱོད་ལས་དེ་རྣམས་འབྱུང་བའི་ཕྱིར་ཏེ། དཔེར་ན། རྩ་ལས་བྱུང་བའི་མེ་ལ་རྩྭའི་མེ་ཞེས་པ་ལྟར་རྒྱུའི་སྒོ་ནས་དང་། རྒྱལ་པོ་ལ་རག་ལས་པའི་མི་བཞིན་རག་ལས་ཀྱི་སྒོ་ནས་དང་། མེ་ཏོག་གི་ཤིང་བཞིན་འབྲས་བུའི་སྒོ་ནས་བཏགས་པའི་ཕྱིར། ཟག་བཅས་ཀྱི་ཕུང་པོ་དེ་དག་ཆོས་ཅན། འཐབ་བཅས་ཞེས་ཀྱང་བརྗོད་དེ། ཉོན་མོངས་ནི་རང་གཞན་ལ་གནོད་པས་འཐབ་པ་ཡིན་ལ། ཁྱོད་དེ་དང་བཅས་ཤིང་། ཁྱོད་ལ་བརྟེན་ནས་ལུས་ངག་གི་འཐབ་མོ་སྐྱེད་པའི་ཕྱིར། དེ་ཆོས་ཅན། སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་གསུམ་པོ་གང་རུང་དང་བཅས་པའི་ཕྱིར། དེ་ཆོས་ཅན། ཀུན་འབྱུང་ཞེས་བྱ་སྟེ། ཁྱོད་ལས་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར། དེ་ཆོས་ཅན། འཇིག་རྟེན་ཞེས་བྱ་སྟེ། སྐད་ཅིག་རེ་རེ་ནས་སྐྱེ་འཇིག་བྱེད་པའི་ཕྱིར། དེ་ཆོས་ཅན། ལྟ་གནས་ཞེས་བྱ་སྟེ། ཁྱོད་ལ་བསྟེན་ནས་ལྟ་བ་ངན་པ་རྣམས་སྐྱེ་བའི་ཕྱིར། དེ་ཆོས་ཅན། སྲིད་པ་ཞེས་བྱ་སྟེ། སྡུག་ཀུན་གཉིས་བརྒྱུད་མར་འབྱུང་བའི་སྲིད་པ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག །ཉེར་ལེན་དང་ཕུང་པོའི་གཞི་མཐུན་ཡིན་ན། ཉེར་ལེན་གྱི་ཕུང་པོ་ཡིན་པས་ཁྱབ་ཟེར་ན། དགྲ་བཅོམ་པའི་རྣམ་ཤེས་ཀྱི་ཕུང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཉེར་ལེན་གང་ཞིག །ཕུང་པོ་ཡིན་པའི་ཕྱིར། དང་པོ་དེར་ཐལ། རང་གི་ཉེར་འབྲས་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག །རང་རྒྱུ་ཉོན་མོངས་ལས་བྱུང་བའི་ཕུང་པོ་ཡིན་ན། ཉེར་ལེན་གྱི་ཕུང་པོ་ཡིན་དགོས་པར་ཐལ། རྒྱུ་མཚན་འཐད་པའི་ཕྱིར་ན་མ་ཁྱབ། འདོད་ན། རང་རྒྱུ་མ་རིག་པ་ལས་བྱུང་བའི་དགྲ་བཅོམ་པའི་ཕུང་པོ་ཡོད་པའི་ཕྱིར། དེར་ཐལ། སོ་སྐྱེའི་རྟེན་ལ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་ཡོད་པའི་ཕྱིར། གཉིས་པ་ཆོས་གསུམ་གྱི་རྣམ་གཞག་ལ། ཆོས་གསུམ་སོ་སོའི་རང་བཞིན། ཆོས་གསུམ་གྱི་ཁྱད་ཆོས། ཆོས་གསུམ་གྱི་ཆོས་གཞན་བསྡུས་ཚུལ་གསུམ། དང་པོ་ལ། གཟུགས་གྱིས་བསྡུས་པའི་ཆོས་གསུམ། གཟུགས་སེམས་ལས་གཞན་པས་བསྡུས་པའི་ཆོས་གསུམ། སེམས་ཀྱིས་བསྡུས་པའི་ཆོས་གསུམ་ངང་གསུམ། དང་པོ་ལ། གཟུགས་ཕུང་གི་རང་བཞིན་དང་། དེ་ལས་ཕྱུང་སྟེ་ཕུང་ཉམས་སྐྱེ་མཆེད་འཇོག་ཚུལ་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཞེས་གསུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་སྟེ་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་པོ་ཆོས་ཅན། གཟུགས་ཀྱི་ཕུང་པོ་ཡིན་ཏེ། བློའི་ཡུལ་དུ་མ་སྤུངས་པ་ལྟར་སྣང་བའི་གཟུགས་ཡིན་པའི་ཕྱིར། དེས་ན་གཟུགས་སུ་རུང་བ་དེ་གཟུགས་ཕུང་གི་མཚན་ཉིད་ཡིན་ཏེ། མདོ་ལས། དགེ་སློང་དག་གཟུགས་སུ་ཡོད་ཅིང་། གཟུགས་སུ་རུང་བས་ནི་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ཁ་ཅིག །གཟུགས་རུང་གཟུགས་ཕུང་གི་མཚན་ཉིད་མ་ཡིན་པར་ཐལ། དེ་གཟུགས་ཀྱི་མཚན་ཉིད་དུ་གྲགས་པའི་ཕྱིར་ན། སྐྱོན་མེད་དེ། གང་བྱས་ཀྱང་མི་འགལ་བའི་ཕྱིར། ཁ་ཅིག །དེ་མི་འཐད་པར་ཐལ། ཕུང་པོའི་དོན་ནི་སྤུངས་པའི་དོན་ཡིན་པས་གཟུགས་སུ་རུང་བ་ཙམ་ལ་ནི་ཕུང་པོའི་དོན་མ་ཚང་བའི་ཕྱིར་ཟེར་ན་མ་ཁྱབ། ཁ་ཅིག །དེ་གཟུགས་ཀྱི་མཚན་ཉིད་དུ་མི་འཐད་པར་ཐལ། གཟུགས་སུ་རུང་བར་ངེས་ན་གཟུགས་ཀྱང་ངེས་དགོས་པའི་ཕྱིར་ཟེར་རོ། །གཉིས་པ། དབང་པོ་ལྔ། དོན་ལྔ། རྣམ་རིག་མ་ཡིན་པའི་གཟུགས་བཤད་པ་གསུམ། དང་པོ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། མིག་ལ་སོགས་གཟུགས་དང་བ་རྣམས། ཞེས་འབྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། མིག་ལ་སོགས་པ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། མིག་དབང་ལ་སོགས་པ་རང་རང་གི་འབྲས་བུ་རྣམ་ཤེས་སོ་སོའི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དང་བ་རྣམས་རང་དབང་པོ་གཟུགས་ཅན་པ་ཡིན་པའི་ངོ་བོའམ་མཚན་ཉིད་ཡིན་པའི་ཕྱིར་ཏེ། མདོ་ལས། དགེ་སློང་དག་མིག་ནི་ནང་གི་སྐྱེ་མཆེད་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་གཟུགས་དང་བའོ། །ཞེས་གསུངས་པའི་ཕྱིར། རིགས་གནས་སྨོས་པའི་རྒྱུ་མཚན་ཡོད་དེ། དེ་མཚུངས་ཀྱི་དབང་པོ་སྡུད་པའི་ཆེད་ཡིན་པའི་ཕྱིར། ལ་སོགས་སྨོས་པ་ལ་དགོས་པ་ཡོད་དེ། རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་བཞི་སྡུད་པའི་ཆེད་ཡིན་པའི་ཕྱིར། མདོར་བསྡུས་པའི་མཚན་ཉིད་ཡོད་དེ། མིག་གི་རྣམ་ཤེས་ཀྱི་རྟེན་ནང་གི་གཟུགས་ཅན་དང་བ་དེ། མིག་དབང་གི་མཚན་ཉིད་ཡིན་པ་ནས་ལུས་ཀྱི་རྣམ་ཤེས་ཀྱི་རྟེན་ནང་གི་གཟུགས་ཅན་དང་བ་དེ། ལུས་ཀྱི་དབང་པོའི་མཚན་ཉིད་དུ་རིགས་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། དེ་མཚུངས་དང་རྟེན་བཅས་ཀྱི་དབང་པོ་གཉིས་གཉིས་ཡོད་པའི་ཕྱིར། དེ་གཉིས་སོ་སོའི་ཁྱད་པར་ཡོད་དེ། དང་པོ་ནི་གཉིད་དུས་ཀྱི་དབང་པོ་ལྟ་བུ་དང་། གཉིས་པ་ནི་གཟུགས་སོགས་ལ་ལྟ་བའི་སྐབས་ཀྱི་དབང་པོ་ལ་བྱེད་པའི་ཕྱིར། གཉིས་པ་ལ། ཁ་ཅིག །མིག་དབང་སོགས་བསྟན་མེད་ཀྱི་གཟུགས་མ་ཡིན་པར་ཐལ། བསྟན་ཡོད་ཀྱི་གཟུགས་ཡིན་པའི་ཕྱིར། དེར་ཐལ། མིག་གི་དབང་པོ་ནི་ཟར་མའི་མེ་ཏོག་ལྟ་བུ། རྣ་བའི་དབང་པོ་ནི་གྲོ་ག་གཅུས་ནས་བཅད་པ་ལྟ་བུ། སྣའི་དབང་པོ་ནི་རྒྱ་ཁབ་བཤིབས་པ་ལྟ་བུ། ལྕེའི་དབང་པོ་ནི་ཟླ་བ་ཕྱེད་པ་ལྟ་བུ། ལུས་ཀྱི་དབང་པོ་ནི་ལུས་ཀྱི་ཆ་ལ་ཁྱབ་པའི་ཁྱད་པར་ཞིག་ལ་བྱེད་པ་གང་ཞིག །དེ་ལྟར་ན་བསྟན་ཡོད་དུ་རིགས་པའི་ཕྱིར། དང་པོ་དེར་ཐལ། བྱེ་བྲག་སྨྲ་བས་དེ་ལྟར་འདོད་པའི་ཕྱིར། ཁ་ཅིག་མ་ཁྱབ་ཟེར། ཕྱི་མ་དེར་ཐལ། མིག་གི་དབུས་ན་མཐོང་བྱེད་ཟར་མའི་མེ་ཏོག་ལྟ་བུ་ཡོད་པ་དེ་མིག་གི་ཡུལ་དུ་བསྟན་དུ་ཡོད་པའི་ཕྱིར། ཁ་ཅིག་མ་ཁྱབ་གསུངས་ཏེ་དཔྱད་པར་བྱའོ། །རྩ་བར་འདོད་མི་ནུས་ཏེ། སློབ་དཔོན་སྐུ་མཆེད་ཀྱི་གཞུང་དུ་དབང་པོ་ལྔ་ནང་གི་གཟུགས་ཅན་དང་བ་བསྟན་མེད་དུ་བཤད་པའི་ཕྱིར། གཉིས་པ་ནི། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། གཟུགས་ཀྱི་སྐྱེ་མཆེད་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་དེ། མིག་ཤེས་ཀྱི་གཟུང་བྱ་དེ་དེ་ཡིན་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་དེ་ཆོས་ཅན། ཁྱོད་ལ་རྩ་བའི་སྒོ་ནས་དབྱེ་ན་རྣམ་པ་གཉིས་སུ་ཡོད་དེ། རང་ཡིན་པའི་ཁ་དོག་དང་དབྱིབས་གཟུགས་གཉིས་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཡན་ལག་གི་སྒོ་ནས་དབྱེ་ན་རྣམ་པ་ཉི་ཤུ་ཡོད་དེ། ཁ་དོག་བཅུ་གཉིས་དང་། དབྱིབས་གཟུགས་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བའི་ཁ་དོག་བཞི་དང་། ཡན་ལག་གི་ཁ་དོག་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྔོ་སེར་དཀར་དམར་བཞི་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྲིན་དང་དུ་བ་དང་རྡུལ་དང་ཁུག་སྣ་དང་གྲིབ་མ་དང་ཉི་འོད་དང་སྣང་བ་དང་མུན་པ་རྣམས་སུ་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། རིང་པོ་ཐུང་ངུ་ལྷམ་པ་ཟླུམ་པོ་མཐོ་བ་དམའ་བ་ཕྱལ་ལེ་བ་ཕྱལ་ལེ་བ་མ་ཡིན་པ་རྣམས་སུ་ཡོད་པའི་ཕྱིར། སྣང་བའི་ཁྱད་པར་ཡོད་དེ། ཟླ་བ་དང་སྐར་མ་དང་མེ་འོད་ལྟ་བུ་ལ་བྱེད་པའི་ཕྱིར། ལྷམ་པ་ཡོད་དེ། གྲུ་བཞི་ལ་བྱེད་པའི་ཕྱིར། ཟླུམ་པོ་ཡོད་དེ། རིལ་རིལ་ལྟ་བུ་ལ་བྱེད་པའི་ཕྱིར། གཞན་སླ་ཞིང་ཕྱལ་ལེ་བ་ཡིན་མིན་གྱི་ཁྱད་པར་ཡོད་དེ། མཉམ་མི་མཉམ་དང་ལེབ་ལེབ་ཡིན་མིན་ལྟ་བུ་ལ་བྱེད་པའི་ཕྱིར། ཁ་དོག་དང་དབྱིབས་ཡིན་མིན་ལ་མུ་བཞི་ཡོད་དེ། སྔོ་སེར་དཀར་དམར་བཞི་གྲིབ་མ་ཉི་འོད་མུན་པ་རྣམས་གཟུགས་ཀྱི་སྐྱེ་མཆེད་དང་ཁ་དོག་ཏུ་ཡོད་ཀྱང་དབྱིབས་སུ་མེད། རིང་པོ་དང་ཐུང་ངུ་དང་ལྷམ་པ་དང་ཟླུམ་པ་དང་མཐོ་དམའ་དང་ཕྱལ་ལེ་ཡིན་མིན་རྣམས་ནི་དབྱིབས་སུ་ཡོད་ཅིང་ཁ་དོག་ཏུ་མེད། སྤྲིན་དང་དུ་བ་དང་ཁུག་སྣ་རྣམས་ནི་དབྱིབས་དང་ཁ་དོག་གཉིས་ཀར་ཡོད་པར་རང་འགྲེལ་སོགས་ལས་བཤད་པའི་ཕྱིར། སྒྲའི་སྐྱེ་མཆེད་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་དེ། རྣ་ཤེས་ཀྱི་གཟུང་བྱ་དེ་དེ་ཡིན་པའི་ཕྱིར། སྒྲ་ཆོས་ཅན། ཁྱོད་ལ་རྩ་བའི་སྒོ་ནས་གཉིས་ཡོད་དེ། ཟིན་མ་ཟིན་གྱི་སྒྲ་གཉིས་ཡོད་པའི་ཕྱིར། ཡན་ལག་གི་སྒོ་ནས་རྣམ་པ་བརྒྱད་ཡོད་དེ། དེ་གཉིས་རེ་རེ་ལའང་བཞི་བཞི་ཡོད་པའི་ཕྱིར། ཟིན་མ་ཟིན་གྱི་དོན་ཡོད་དེ། དབང་པོས་ཟིན་མ་ཟིན་ལ་བྱེད་པའི་ཕྱིར། དེ་ཡང་ཡིན་ཏེ། ལག་པ་བརྡབ་པའི་སྒྲ་ལྟ་བུ་ཟིན་པ་དང་། ནགས་ཚལ་ཆུ་སྒྲ་ལྟ་བུ་མ་ཟིན་པའི་སྒྲ་ཡིན་པའི་ཕྱིར། ཟིན་མ་ཟིན་གྱི་སྒྲ་ལ་བཞི་བཞིར་འབྱེད་ཚུལ་ཡོད་དེ། སེམས་ཅན་དུ་སྟོན་པ་གཉིས་དང་མི་སྟོན་པ་གཉིས་རེར་འབྱེད་པའི་ཕྱིར། སེམས་ཅན་དུ་སྟོན་མི་སྟོན་གྱི་ཁྱད་previous hit པར་ཡོད་དེ། འདིར་སེམས next hit་ཅན་དུ་སྟོན་པའི་སྒྲ་ནི་རྣམ་པར་རིག་བྱེད་དང་། མི་སྟོན་པ་ན་རིག་བྱེད་མ་ཡིན་པའི་སྒྲར་འཇོག་པའི་ཕྱིར། དེ་ཡང་ཡིན་ཏེ། རང་འགྲེལ་ལས། སེམས་ཅན་དུ་སྟོན་པ་ནི་ངག་གི་རྣམ་previous hit པར་རིག་བྱེད་ཀྱི་སྒྲའོ། །གཞན་ནི་སེམས next hit་ཅན་དུ་སྟོན་པ་མིན་པའོ། །ཞེས་གསུངས་པའི་ཕྱིར། སེམས་ཅན་དུ་སྟོན་མི་སྟོན་ལ་དབྱེ་ན་བརྒྱད་ཡོད་དེ། ཟིན་པ་སེམས་ཅན་དུ་སྟོན་པ་སྙན་མི་སྙན་གཉིས་དང་། ཟིན་པ་སེམས་ཅན་དུ་མི་སྟོན་པ་སྙན་མི་སྙན་གཉིས་ཏེ་བཞི་དང་། མ་ཟིན་པ་སེམས་ཅན་དུ་སྟོན་པ་སྙན་མི་སྙན་གཉིས་དང་། དེ་སེམས་ཅན་དུ་མི་སྟོན་པ་སྙན་མི་སྙན་གཉིས་ཏེ་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྐྱེས་བུས་གླུ་ལེན་པ་དེས་ཚིག་རྩུབ་སྨྲ་བ་དང་། སྐྱེས་བུས་གླིང་བུ་འབུད་པ་དེས་ཁུ་ཚུར་རྡེག་པའི་སྒྲ་ལྟ་བུ་ལ་བྱེད་པའི་ཕྱིར་གཉིས་པ་གྲུབ་སྟེ། སྤྲུལ་པས་ཆོས་བསྟན་པ་དེས་ཚིག་རྩུབ་སྨྲ་བ་དང་རྔ་སྒྲ་དང་ཆུ་སྒྲ་དྲག་པོ་ལྟ་བུ་ལ་བྱེད་པའི་ཕྱིར། དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། སྣ་ཤེས་ཀྱི་གཟུང་བྱ་དེ་དེ་ཡིན་པའི་ཕྱིར། དྲི་ཆོས་ཅན། རྩ་བའི་སྒོ་ནས་གཉིས་ཡོད་དེ། དྲི་ཞིམ་མི་ཞིམ་གཉིས་ཡོད་པའི་ཕྱིར། ཡན་ལག་གི་སྒོ་ནས་རྣམ་པ་བཞི་ཡོད་དེ། ཞིམ་པ་ལ་མཉམ་མི་མཉམ་གཉིས་དང་། མི་ཞིམ་པ་ལའང་དེ་གཉིས་ཡོད་པའི་ཕྱིར། མཉམ་མི་མཉམ་པའི་དོན་ཡོད་དེ། ཤེས་མི་ཆེ་བ་ནི་མཉམ་པ་དང་། ཤེས་ཆེ་བའི་དྲི་ནི་མི་མཉམ་པ་ཡིན་པའི་ཕྱིར། དེ་ཡང་དྲི་གང་ལ་སྦྱོར་བ་ཡོད་དེ། གཙོ་བོར་སྦྱར་བའི་དྲིའི་དབང་དུ་མཛད་པའི་ཕྱིར། རོའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། ལྕེ་ཤེས་ཀྱི་གཟུང་བྱ་དེ་དེ་ཡིན་པའི་ཕྱིར། རོ་ཆོས་ཅན། ཁྱོད་ལ་རྩ་བའི་སྒོ་ནས་དབྱེ་ན་རྣམ་པ་དྲུག་ཡོད་དེ། མངར་བ། སྐྱུར་བ། ཁ་བ། སྐ་བ། ཚྭ་བ། ལན་ཚྭ་བ་དང་དྲུག་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཡན་ལག་གི་སྒོ་ནས་མང་སྟེ། མངར་བའི་མངར་བ་སོགས་དྲུག་ཏུ་ཕྱེ་བའི་སོ་དྲུག་དང་། དེ་རེ་རེ་ལ་ལྕེ་ཤེས་ལ་ཕན་འདོགས་པ། ལུས་ཤེས་ལ་ཕན་འདོགས་པ། ལུས་སེམས་ལ་ཕན་འདོགས་པའི་རོ་བརྒྱ་དང་བརྒྱད་ཡོད་པའི་ཕྱིར། རེག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། ལུས་ཤེས་ཀྱི་གཟུང་བྱ་དེ་དེ་ཡིན་པའི་ཕྱིར། དབང་པོ་ལྔའི་གཟུང་བྱ་དང་དེའི་གཟུང་དོན་གཉིས་དོན་གཅིག་སྟེ། ཀུན་བཏུས་ལས། མིག་གི་དབང་པོའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་སྟེ། ཞེས་པ་ནས། ལུས་ཀྱིས་གཟུང་བའི་དོན་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར། རེག་བྱ་ཆོས་ཅན། ཁྱོད་ལ་དབྱེ་ན་བཅུ་གཅིག་ཡོད་དེ། འབྱུང་བ་ཆེན་པོ་བཞི་དང་འབྱུང་འགྱུར་གྱི་རེག་བྱ་བདུན་ཏེ་བཅུ་གཅིག་གི་བདག་ཉིད་དུ་ཡོད་པའི་ཕྱིར། འབྱུང་འགྱུར་ལ་བདུན་ཡོད་དེ། འཇམ་རྩུབ། ལྕི་ཡང་། བཀྲེས་སྐོམ། གྲང་བའི་རེག་བྱ་དང་བདུན་ཡོད་པའི་ཕྱིར། ལྕི་ཡང་གི་དོན་ཡོད་དེ། ཞོ་སྲང་སོགས་ལ་གཞལ་རྒྱུ་ཡོད་པ་ལྕི་བ་དང་། དེ་མེད་པ་ཡང་བར་འཇོག་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག་ཁ་དོག་ཡིན་ན། གཟུགས་ཡིན་དགོས་པར་ཐལ་གདམ་བཅའ་འཐད་པའི་ཕྱིར། འདོད་ན། རྟ་དཀར་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དཀར་པོ་ཡིན་པའི་ཕྱིར། དེ་དེར་ཐལ། རྟ་དཀར་པོ་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ས་དཀར་པོ་ཆོས་ཅན། ཁ་དོག་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། དེར་ཐལ། ས་དཀར་པོ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར། ཁ་ཅིག །དབྱིབས་ལ་གཟུགས་ཀྱིས་ཁྱབ་པར་ཐལ། གཟུགས་ལ་དབྱེ་ན་ཁ་དོག་དང་དབྱིབས་གཉིས་ཀྱི་དབྱེ་བ་འཐད་པའི་ཕྱིར། འདོད་ན། མི་བོད་ཚོད་རིང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རིང་ཐུང་གང་རུང་ཡིན་པའི་ཕྱིར། དེར་ཐལ། རིང་པོ་ཡིན་པའི་ཕྱིར། དེ་དེར་ཐལ། མི་རིང་པོ་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ས་གྲུ་བཞི་ཆོས་ཅན། དབྱིབས་གཟུགས་སུ་ཐལ། གྲུ་བཞི་ཡིན་པའི་ཕྱིར། དེ་དེར་ཐལ། ས་གྲུ་བཞི་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པའི་ཕྱིར། དེར་ཐལ། རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར། དེར་ཐལ། འབྱུང་བཞི་གང་རུང་ཡིན་པའི་ཕྱིར། ཁ་ཅིག །སྤྲིན་དཀར་པོའི་ཁ་དོག་ཆོས་ཅན། ཡན་ལག་གི་ཁ་དོག་ཡིན་པར་ཐལ། སྤྲིན་གྱི་ཁ་དོག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བའི་ཁ་དོག་ཡིན་པའི་ཕྱིར། དེར་ཐལ། དཀར་པོ་ཡིན་པའི་ཕྱིར་ཟེར་ཏེ་དཔྱད་དོ། ཁ་ཅིག །ཉི་མ་ཁ་དོག་ཡིན་པར་ཐལ། དེ་ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར། དེར་ཐལ། རྒྱ་གཞུང་དུ་མར་ཉི་མའི་འོད་ཀྱི་ཐ་སྙད་མེད་པར་ཉི་མ་ཡན་ལག་གི་ཁ་དོག་ཏུ་དྲངས་བའི་ཕྱིར་ན། སྐྱོན་མེད་དེ། དོན་ནི་དེའི་འོད་ཀྱི་ཁ་དོག་ལ་དགོངས་ཀྱི་ཉི་མ་ཁ་དོག་ཏུ་འདོད་ན་རིགས་པ་དང་འགལ་བའི་ཕྱིར་རོ། ཁ་ཅིག །རིང་ཐུང་གཉིས་མི་འགལ་བར་ཐལ། ཁྲུ་གང་གི་མཐོ་གང་ལས་རིང་། འདོམ་གང་ལས་ཐུང་བའི་ཕྱིར་ཟེར་བ་དང་། ཡང་ཆེ་ཆུང་གཉིས་ཀྱང་མི་འགལ་བར་ཐལ། ནས་ཀྱི་ཚད་ཙམ་དེ་ཉུངས་ལས་སོགས་ལས་ཆེ། སྲན་མོ་སོགས་ལས་ཆུང་བའི་ཕྱིར་ཟེར་བ་དང་། མཐོ་དམན་གཉིས་ཀྱང་མི་འགལ་བར་ཐལ། རི་ཕྲན་རྣམས་རི་རབ་ལས་དམའ། གཞན་དུ་མ་ལས་མཐོ་བའི་ཕྱིར་ཟེར་ན། འདི་ལྟ་བུ་ནི་བལྟོས་ནས་འཇོག་དགོས་པས་མཐའ་གཅིག་ཏུ་མ་ངེས་སོ། །གསུམ་པ་རྣམ་previous hit པར་རིག་བྱེད་མ་ཡིན་པའི་གཟུགས་ལ་དངོས་དང་། ཞར་བྱུང་གཉིས། དང་པོ་ནི། གཡེངས་དང་སེམས next hit་མེད་པ་ཡི་ཡང་། །དགེ་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རྟོག་བྱེད་མིན་བརྗོད། །ཅེས་གསུངས། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། རྣམ་པར་རིག་བྱེད་མིན་པའི་གཟུགས་དེ་ནི་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། ཁྱད་ཆོས་བཞི་ལྡན་གྱི་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཞིག་ལ་བརྗོད་པའི་ཕྱིར། དེ་ཆོས་ཅན། ཁྱད་ཆོས་བཞི་དང་ལྡན་previous hit པར་བརྗོད་དེ། གནས་སྐབས་ངོ་བོ་རྒྱུན་རྒྱུ་བཞི་དང་ལྡན་པའི་ཕྱིར། དང་པོ་གྲུབ་སྟེ། སེམས next hit་མ་གཡེངས་པའི་སྐབས་སུ་མ་ཟད། སེམས་གཡེངས་པ་དང་སེམས་མངོན་འགྱུར་བ་མེད་པའི་སྐབས་སུ་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། དགེ་དང་མི་དགེ་གང་རུང་གིས་བསྡུས་པ་ཞིག་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། སྔ་མ་ལས་ཕྱི་མ་རྗེས་སུ་འབྲེལ་བའི་རྒྱུན་གང་ཡིན་པ་དང་བཅས་པའི་ཕྱིར། བཞི་པ་གྲུབ་སྟེ། ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ལས་བྱུང་བའི་འབྲས་གཟུགས་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག །གྲུབ་མཐའ་སྨྲ་བ་བཞི་པོས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་གཟུགས་མཚན་ཉིད་པར་བཞེད་པར་ཐལ། བྱེ་སྨྲ་དང་ཐལ་འགྱུར་བ་རྣམ་པ་གཉིས་ཀྱིས་དེ་གཟུགས་མཚན་ཉིད་པར་བཞེད་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་previous hit པར་ཐལ། མདོ་སེམས next hit་རང་རྒྱུད་པ་གསུམ་གྱིས་དེ་གཟུགས་དངོས་མིན་པར་འདོད་པའི་ཕྱིར། དེར་ཐལ། དེ་གསུམ་གྱིས་དེ་ཀུན་བཏགས་ཀྱི་གཟུགས་ཙམ་དུ་འདོད་པར་བཤད་པའི་ཕྱིར། ཁ་ཅིག །རྣམ་previous hit པར་རིག་བྱེད་མ་ཡིན་པའི་གཟུགས་དེ་སེམས next hit་མེད་ཀྱི་སྐབས་སུ་མི་འཇུག་པར་ཐལ། རྣམ་previous hit པར་རིག་བྱེད་ཀྱི་གཟུགས་དེའི་སྐབས་སུ་མི་འཇུག་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། དེ་སེམས next hit་བཅས་ཁོ་ནའི་གནས་སྐབས་སུ་འཇུག་པའི་ཕྱིར། སྐབས་འདིར་འདུས་བཟང་གིས་སྐྱོན་བརྗོད་ཚུལ་མང་ཡང་མ་སྤྲོས་སོ། །རྣམ་པར་རིག་བྱེད་མིན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་ཀུན་ནས་སོང་བའི་previous hit སེམས་གཞན་གྱིས་རིག་པར next hit་མི་བྱེད་པས་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གཉིས་པ་ཞར་བྱུང་ལ། འབྱུང་བའི་དབྱེ་བ། བྱེད་ལས། ངོ་བོ། འཕྲོས་དོན་དང་བཞི། དང་པོ་ནི། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་རྣམས། །ཞེས་འབྱུང་། འབྱུང་བ་དག་ནི་ཆོས་ཅན། ཁྱོད་ལ་དབྱེ་ན་བཞི་ཡོད་དེ། ས་ཁམས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་སུ་ཡོད་པའི་ཕྱིར། འབྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཟུགས་སྣ་ཚོགས་འགྲུབ་པ་ནི་འབྱུང་བ་དེ་དག་གི་རྣམ་པར་འབྱུང་བས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། འཛིན་པ་ལ་སོགས་ལས་སུ་གྲུབ། །ཅེས་འབྱུང་། དེ་བཞི་ཆོས་ཅན། བྱེད་ལས་ཡོད་དེ། སས་འཛིན་པ་དང་ལ་སོགས་ཏེ་ཆུས་སྡུད། མེས་སྨིན། རླུང་གིས་རྒྱས་པར་བྱེད་པའི་ལས་རྣམས་སུ་གྲུབ་པའི་ཕྱིར། གསུམ་པ་ནི། སྲ་གཤེར་དྲོ་འདི་གཡོ་རྣམས་ཏེ། ཞེས་འབྱུང་། འབྱུང་བཞི་སོ་སོའི་མཚན་ཉིད་ཡོད་དེ། སྲ་བའི་འབྱུང་བ་དེ་ས་དང་། གཤེར་བའི་འབྱུང་བ་དེ་ཆུ་དང་། དྲོ་བའི་འབྱུང་བ་དེ་མེ་དང་། གཡོ་བའི་འབྱུང་བ་དེ་རླུང་གི་མཚན་ཉིད་ཡིན་པའི་ཕྱིར། ཁམས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་གི་མཚན་ཉིད་འཛིན་པས་ན་དེ་སྐད་དུ་བརྗོད་པའི་ཕྱིར། །བཞི་པ་ནི། འཇིག་རྟེན་གྱི་ནི་ཐ་སྙད་དུ། ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཆུ་མེ་ཡང་ངོ་རླུང་ཁམས་རྣམས། །ཉིད་ཡིན་ད་དང་འདྲ་བའང་ཡིན། །ཞེས་འབྱུང་། འདི་ལ་གཉིས། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ས་སོགས་དང་དེའི་ཁ་དོག་གི་ཁྱད་པར་ཡོད་དེ། འཇིག་རྟེན་གྱི་ཐ་སྙད་དུ་འབྱུང་བཞིའི་ཁ་དོག་དང་དབྱིབས་ལས་ཞེས་སོགས་ཀྱི་ཐ་སྙད་བརྗོད་པའི་ཕྱིར་ཏེ། ས་སེར་པོ་དང་གྲུ་བཞི། ཆུ་དཀར་པོ་དང་ཟླུམ་པོ། མེ་དམར་པོ་དང་གྲུ་གསུམ་ཞེས་བརྗོད་ཅིང་། རླུང་གི་ཚོགས་ཇི་སྙེད་པ་ནི་རླུང་གི་ཁམས་རྣམས་ཉིད་ཡིན་ཡང་ཐ་སྙད་ནི་སྔ་མ་དེ་དང་འདྲ་བར་སྔོན་པོ་དང་ཟླ་གམ་ཞེས་སུ་འང་བརྗོད་པ་ཡིན་པའི་ཕྱིར། འབྱུང་བཞིའི་ཁ་དོག་སོགས་འབྱུང་བཞི་དེ་དག་མིན་ཀྱང་དེ་མཐོང་བས་ས་སོགས་མཐོང་བར་འཇོག་པ་མི་འགལ་ཏེ། མིའི་གཟུགས་མི་མ་ཡིན་ཡང་དེ་མཐོང་བས་མི་མཐོང་བར་འཇོག་པ་མི་འགལ་བ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག །ས་སེར་པོ་ས་མ་ཡིན་པར་ཐལ། སའི་ཁ་དོག་ས་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་དེ་ཡིན་པར་ཐལ། རྟ་དཀར་པོ་རྟ་ཡིན་པའི་ཕྱིར། ཁ་ཅིག །སའི་སྐྱེ་མཆེད་མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། ས་སེར་པོ་དེའི་གཟུང་བྱ་ཡིན་པའི་ཕྱིར། དེར་ཐལ། སའི་སེར་པོ་དེའི་གཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། སའི་ཁ་དོག་དེའི་གཟུང་བྱ་ཡིན་པའི་ཕྱིར། དེར་ཐལ། འཇིག་རྟེན་པས་སའི་ཁ་དོག་དང་དབྱིབས་མཐོང་བས་ས་ཞེས་ཐ་སྙད་བྱེད་པའི་ཕྱིར། གོང་དུ་འདོད་ན་མི་འཐད་པར་ཐལ། འབྱུང་བའི་ས་ཡིན་ན། རེག་བྱའི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར། ཁ་ཅིག །ཤིང་དང་རྡོ་ལྕགས་སོགས་ཀྱི་སྲ་བ་སའི་ཁམས་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཤིང་དང་རྡོ་ལྕགས་ཀྱང་སའི་ཁམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དག་ས་ཡིན་པར་ཐལ། འདོད་པའི་ཕྱིར་ན་དཔྱད་དོ། །གཉིས་པ་དེ་ལས་ཕྱུང་སྟེ་ཁམས་དང་སྐྱེ་མཆེད་དུ་འཇོག་པ་ནི། དབང་དོན་དེ་དག་ཁོ་ན་ལ། སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། ཅེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། དབང་པོ་ལྔ་དང་དོན་ལྔ་སྟེ་བརྒྱ་བོ་དེ་དག་ཁོ་ན་ཆོས་ཅན། ཁྱོད་ལ་སྐྱེ་མཆེད་དུ་འཇོག་ཚུལ་ཡོད་དེ། གཟུགས་ཅན་གྱི་སྐྱེ་མཆེད་བཅུར་འཇོག་པའི་ཕྱིར་ཏེ། མིག་གི་སྐྱེ་མཆེད་སོགས་ལྔ་དང་དེ་དག་གི་ཡུལ་གྱི་སྐྱེ་མཆེད་ལྔ་སྟེ་བཅུར་འཇོག་པའི་ཕྱིར། ཁམས་བཅུར་འཇོག་ཚུལ་ཡོད་དེ། མིག་གི་ཁམས་སོགས་ལྔ་དང་གཟུང་དོན་ཡུལ་གྱི་ཁམས་ལྔ་སྟེ་བཅུར་འཇོག་པར་འདོད་པའི་ཕྱིར། གཉིས་པ་ནི། ཁ་ཅིག །འདིར་མིག་དང་མིག་གི་ཁམས་གཉིས་དོན་གཅིག་ཏུ་འདོད་ཟེར་ན། དགྲ་བཅོམ་པའི་མིག་ཐ་མ་ཆོས་ཅན། མིག་གི་ཁམས་ཡིན་པར་ཐལ། མིག་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱི་རིགས་འདྲའི་ཕྱི་རྒྱུན་ཡོད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་མ་ཁྱབ་ཟེར། འདོད་མི་ནུས་ཏེ། རྒྱུན་ཆད་ཁ་མ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། གཞན་ཡང་དེ་དེ་མ་ཡིན་པར་ཐལ། ཀུན་བཏུས་ལས། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ་ཡང་ཡོད་དེ། དགྲ་བཅོམ་པའི་ཐ་མའི་མིག་གོ །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྒོ་ངའི་ནང་གི་མིག་གི་ཁམས་ཆོས་ཅན། མིག་ཡིན་པར་ཐལ། མིག་གི་ཁམས་ཡིན་པའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། ཀུན་བཏུས་ལས། མིག་གི་ཁམས་ཡིན་ལ་མིག་མ་ཡིན་པ་ཡང་ཡོད་དེ། སྒོ་ངའི་ནང་ན་འདུག་པ་དང་། ཞེས་སོགས་གསུངས་ཤིང་། རྣ་བ་སོགས་ལའང་དེ་བཞིན་དུ་སྦྱོར་བར་བཤད་པའི་ཕྱིར་རོ། །གཉིས་པ་གཟུགས་སེམས་གཉིས་ལས་གཞན་པའི་ཆོས་ལ། ངོ་བོ་དང་། དེ་ལས་ཁམས་དང་སྐྱེ་མཆེད་འཇོག་ཚུལ་གཉིས། དང་པོ་ནི། ཚོར་བ་མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སྤྱིར་སིམ་གདུང་བར་མ་གསུམ་ཅི་རིགས་ཉམས་སུ་མྱོང་བའི་སྒོ་ནས་བཞག་པའི་སེམས་བྱུང་དེ་ཚོར་བའི་མཚན་ཉིད་ཡིན་པས། འདིར་ཚོར་བ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་དེ་ཞེས་སོགས་འགོད་པའམ། ཚོར་བའི་ཕུང་པོའི་མཚན་ཉིད་ཡོད་དེ། སིམ་གདུང་བར་མ་ཅི་རིགས་ཉམས་སུ་མྱོང་བའི་སེམས་བྱུང་གི་ཕུང་པོ་དེ་དེ་ཡིན་པའི་ཕྱིར། ཚོར་བ་ཆོས་ཅན། ཁྱོད་ལ་ངོ་བོའི་སྒོ་ནས་གསུམ་ཡོད་དེ། ཡུལ་བདེ་སྡུག་བཏང་སྙོམས་ཀྱི་དབྱེ་བས་གསུམ་ཡོད་པའི་ཕྱིར། བདག་རྐྱེན་གྱི་སྒོ་ནས་དྲུག་ཡོད་དེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དྲུག་ཡོད་པའི་ཕྱིར། དྲུག་པོ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་བཅོ་བརྒྱད་ཡོད་དེ། རྩ་བར། ཚོར་བ་དག་ནི་ཡར་བཅོ་བརྒྱད། ཞེས་གསུངས་པའི་ཕྱིར། བསྡུ་ན་ལུས་ཚོར་དང་སེམས་ཚོར་གཉིས་སུ་འདུ་སྡེ། རྩ་བར། ལྔ་ནི་ལུས་ཀྱི་འོ་སེམས་ཀྱི་གཞན། ཞེས་གསུངས་པའི་ཕྱིར། དབང་ཤེས་སུ་གྱུར་པའི་ཚོར་བ་དང་ལུས་ཚོར་དོན་གཅིག །ཡིད་ཤེས་སུ་གྱུར་པའི་ཚོར་བ་དང་སེམས་ཚོར་གཅིག་སྟེ་མིང་གི་རྣམ་གྲངས་ཀྱིས་ཕྱེ་བ་ཙམ་ཡིན་པའི་ཕྱིར། མྱོང་བའི་དོན་ལ་གསུམ་ཡོད་དེ། གང་མྱོང་བ་དང་། གང་གིས་མྱོང་བ་དང་། ཇི་ལྟར་མྱོང་བ་གསུམ་ཡོད་པའི་ཕྱིར་ཏེ། དང་པོ་ནི་མྱོང་བྱ་དང་། གཉིས་པ་ནི་མྱོང་བྱེད་དང་། གསུམ་ནི་མྱོང་ཚུལ་ཡིན་པའི་ཕྱིར། ཉམས་སུ་ཞེས་པའི་དོན་ཡོད་དེ། རེག་པས་བཅད་པ་ལྟར་མྱོང་བའི་དོན་ཡིན་པའི་ཕྱིར། འདིར། ཁ་ཅིག །མྱོང་བའི་དོན་ལ་གསུམ་དུ་ཕྱེ་བ་མི་འཐད་དེ། མྱོང་བ་ནི་ཇི་ལྟར་མྱོང་བའི་ཚུལ་གཅིག་ཏུ་ངེས་པའི་ཕྱིར། དེར་ཐལ། མྱོང་བ་ནི་བདེ་སྡུག་བར་མ་གསུམ་པོ་གང་རུང་ཞིག་ཏུ་ངེས་པའི་ཕྱིར་ན་མ་ཁྱབ། ཡང་ན། མ་ངེས་ཏེ། དེ་གསུམ་པོ་གང་རུང་མ་ཡིན་པའི་ཚོར་བ་ཡོད་པའི་ཕྱིར། དེར་ཐལ། ཚོར་བ་སྤྱི་དང་ཚོར་བ་གསུམ་པོ་དེ་དེ་ལྟར་ཡིན་པའི་ཕྱིར། འདུ་ཤེས་ཀྱི་མཚན་ཉིད་ཡོད་དེ། རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མའམ་སྤུ་རིས་མ་འདྲེས་previous hit པར་འཛིན་པའི་བདག་ཉིད་ཀྱི་སེམས next hit་བྱུང་དེ་དེ་ཡིན་པའི་ཕྱིར། དབྱེ་བ་ཡོད་དེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག་དང་། ངོ་བོའི་སྒོ་ནས་རྟོག་མེད་དང་རྟོག་བཅས་ཀྱི་འདུ་ཤེས་གཉིས་ཡོད་པའི་ཕྱིར། ཕྱི་མ་གཉིས་ཀྱི་ཁྱད་པར་ཡོད་དེ། སྒོ་ལྔའི་དབང་པོའི་འདུ་ཤེས་དང་པོ་དང་། ཡིད་ཀྱི་འདུ་ཤེས་གཉིས་པ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་མཚན་ཉིད་ཡོད་དེ། གཟུགས་ཚོར་འདུ་ཤེས་རྣམ་ཤེས་ཀྱི་ཕུང་པོ་བཞི་པོ་གང་རུང་ལས་དོན་གཞན་པའི་འདུས་བྱས་དེ་དེ་ཡིན་པའི་ཕྱིར། དབྱེ་ན། གཉིས་ཡོད་དེ། མཚུངས་ལྡན་འདུ་བྱེད་དང་། ལྡན་མིན་འདུ་བྱེད་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། དང་པོ་ནི། ཤེས་པ་ཡིན་པའི་འདུ་བྱེད་དང་། གཉིས་པ་ནི་ཤེས་པ་མ་ཡིན་པའི་འདུ་བྱེད་ཡིན་པའི་ཕྱིར། དང་པོ་ལ་དུ་མ་ཡོད་དེ། ཚོར་འདུ་གཉིས་མ་ཡིན་པའི་སེམས་བྱུང་ཞེ་དགུ་ཡོད་པའི་ཕྱིར། གཉིས་པ་ལ་དུ་མ་ཡོད་དེ། ཀུན་བཏུས་ལྟར་ན་ཉེར་གཉིས་དང་། འདི་ལྟར་ན་འཆད་པ་ལྟར་བཅུ་བཞི་ཡོད་པའི་ཕྱིར་རོ། །གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཡན་ལག་གཉིས་པ་འདུ་བྱེད་ཀྱི་ལས་བཤད་པ་མི་འཐད་པར་ཐལ། ལས་འདུ་བྱེད་དུ་ཁྱོད་ཀྱིས་མ་བཤད་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། མཚུངས་ལྡན་འདུ་བྱེད་ཀྱི་ནང་དུ་བསྡུས་ནས་བསྟན་པའི་ཕྱིར། དེར་ཐལ། ནང་གི་འདུ་བྱེད་ལ་ལས་གཙོ་ཆེ་བའི་ཕྱིིར། དེར་ཐལ། སེམས་བྱུང་ལས་ནི་མཚུངས་ལྡན་འདུ་བྱེད་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཁ་ཅིག །ཚོང་འདུ་གཉིས་ལས་འདུ་བྱེད་ཀྱི་མཚན་གཞི་མང་བར་ཐལ། previous hit སེམས་བྱུང་ལྷག་མ་ཞེ་དགུ་པོ་ཐམས་ཅད་འདུ་བྱེད་དུ་འཇོག་པའི་ཕྱིར། འདོད་ན། མི་འཐད་པར next hit་ཐལ། གང་ཟག་གཅིག་ལའང་ཚོར་བ་དང་འདུ་ཤེས་ཀྱི་རྣམ་རྟོག་གྲངས་ཀྱིས་མི་ཆོད་པ་ལྟ་བུ་སྐྱེ་བའི་ཕྱིར་ན་མ་ཁྱབ་པོ། །གཉིས་པ་ནི། དེ་གསུམ་རྣམ་རིག་བྱེད་མིན་དང་། འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་བྱུང་། ཚོར་འདུ་འདུ་བྱེད་ཀྱི་ཕུང་པོ་དེ་གསུམ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཞི་འདུས་མ་བྱས་གསུམ་རྣམས་དང་བཅས་པ་བདུན་པོ་འདི་ནི་ཆོས་ཅན། ཁམས་ནང་སྐྱེ་མཆེད་གང་དུ་འཇོག་ཚུལ་ཡོད་དེ། ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་བྱ་བར་འཇོག་པའི་ཕྱིར་རོ། །གསུམ་པ་སེམས་ཀྱིས་བསྡུས་པའི་ཆོས་གསུམ་ལ། ཆོས་གསུམ་གྱི་རང་བཞིན། ཆོས་གསུམ་གྱི་གཙོ་བོ་ངོས་བཟུང་བ། ཞར་ལ་ཁམས་ཀྱི་གྲངས་ངེས་ལ་རྩོད་པ་སྤང་བ་གསུམ། དང་པོ་ནི། རྣམ་ཤེས་སོ་སོ་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་བདུན་དག་དུ་འང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། །དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཞེས་བྱུང་། འདི་ལས། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་ཆོས་ཅན། རྣམ་ཤེས་ཀྱི་ཕུང་པོ་ཞེས་བྱ་སྟེ། བློའི་ཡུལ་དུ་དུ་མ་སྤུངས་པ་ལྟར་སྣང་ཞིང་རང་སྟོབས་ཀྱིས་ཡུལ་གྱི་ངོ་བོ་སོ་སོར་རྣམ་previous hit པར་རིག་པའི་གཙོ་སེམས next hit་ཡིན་པའི་ཕྱིར། ཡིན་ཏེ། མིག་གི་རྣམ་ཤེས་ཀྱིས་གཟུགས་རང་སྟོབས་ཀྱིས་རིག་པ་ནས་ཡིད་ཀྱི་རྣམ་ཤེས་ཀྱིས་ཆོས་རང་སྟོབས་ཀྱིས་རིག་པའི་ཕྱིར། ཡིད་ཀྱི་སྐྱེ་མཆེད་ཀྱང་ཆོས་ཅན། བཞག་ཏུ་ཡོད་དེ། རྣམ་ཤེས་དྲུག་པོ་དེ་ཉིད་ལ་བྱེད་པ་ཡིན་པའི་ཕྱིར། ཁམས་དྲུག་ཏུ་མ་ཟད། བདུན་དག་ཏུའང་འདོད་པ་སྟེ་རྣམ་པར་ཤེས་པའི་ཁམས་དྲུག་སོ་སོ་དང་ཡིད་ཀྱི་ཁམས་ཏེ་བདུན་དུ་འདོད་པའི་ཕྱིར། རྣམ་ཤེས་ཚོགས་དྲུག་ཏུ་མ་འདུས་པའི་རྣམ་ཤེས་མེད་ཀྱང་རྣམ་ཤེས་ཀྱི་ཁམས་བདུན་དུ་འཇོག་པ་མི་འགལ་ཏེ། རྣམ་ཤེས་ཚོགས་དྲུག་པོ་གང་གི་སྔོན་དུ་འདས་མ་ཐག་པ་སྟེ་འགགས་མ་ཐག་པའི་རྣམ་ཤེས་དྲུག་པོ་གང་ཡིན་པ་དེ་ནི་ཡིད་ཀྱི་ཁམས་སུའང་འཇོག་པའི་ཕྱིར། དགོས་པ་ཡོད་དེ། རྣམ་ཤེས་དང་པོ་ལྔ་ལ་རྟེན་མིག་ནས་ལུས་ཀྱི་བར་ཡོད་ལ། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ལ་གཞན་མེད་པས་སྔ་རོལ་དེ་མ་ཐག་འགགས་པའི་རྣམ་ཤེས་དྲུག་པོོ་གང་རུང་གིས་དེའི་རྟེན་བྱེད་པར་བསྒྲུབ་པའི་ཚད་ཡིན་པའི་ཕྱིར། ཁམས་ཆོས་ཅན། ཁྱོད་ལ་རྒྱས་པར་ཕྱེ་ན་བཅོ་བརྒྱད་དག་ཏུ་འདོད་པ་ཡིན་ཏེ། རྟེན་དབང་པོའི་ཁམས་དྲུག །བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག །དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ་བཅོ་བརྒྱད་ཡོད་པའི་ཕྱིར་ཏེ། མིག་སོགས་དབང་པོ་དྲུག་དང་། མིག་གི་རྣམ་ཤེས་སོགས་དྲུག་དང་། གཟུགས་སོགས་ཡུལ་དྲུག་སྟེ་བཅོ་བརྒྱད་ཡོད་པའི་ཕྱིར། གཉིས་པ་ལ། ཁ་ཅིག་རྣམ་ཤེས་ཚོགས་དྲུག་ཙམ་དུ་མི་རིགས་པར་ཐལ། ཀུན་གཞིའི་རྣམ་ཤེས་ཡོད་པའི་ཕྱིར། དེར་ཐལ། རྣམ་ཤེས་ཕྱི་མ་དྲུག་གི་གཞི་བྱེད་པའི་རྣམ་ཤེས་ཅིག་ཡོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །རྣམ་ཤེས་ཆོས་ཅན། དུ་མར་སྤུངས་པར་ཐལ། བློའི་ཡུལ་དུ་དུ་མར་སྤུངས་པའི་ཕྱིར། དེར་ཐལ། བློའི་ཡུལ་དུ་དུ་མ་སྤུངས་པ་ལྟར་སྣང་བའི་ཕྱིར་ན་མ་ཁྱབ། ཁ་ཅིག །རྣམ་ཤེས་སྔ་མ་དྲུག་འགག་མ་ཐག་པ་དེ་རྣམ་ཤེས་ཡིན་པར་ཐལ། དེ་དྲུག་འགགས་མ་ཐག་པའི་རྣམ་ཤེས་དེ་རྣམ་ཤེས་ཀྱི་ཁམས་ཡིན་པའི་ཕྱིར་ན་རེ་ཞིག་མ་ཁྱབ། རྟགས་དེར་ཐལ། རྣམ་ཤེས་ཕྱི་མ་དྲུག་སྐྱེས་པའི་ཚེ་སྔ་མ་དྲུག་འགགས་ལ། འགག་ཁ་མའི་རྣམ་ཤེས་དྲུག་པོ་དེ་རྣམ་ཤེས་ཀྱི་ཁམས་ཡིན་པའི་ཕྱིར་ན་མ་ཁྱབ། གོང་དུ་འདོད་ན། མི་འཐད་པར་ཐལ། འདུས་མ་བྱས་ཡིན་པའི་ཕྱིར། དེར་ཐལ། དེ་འགགས་པ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །གཉིས་པ་ཆོས་གསུམ་གྱི་གཙོ་བོ་ངོས་བཟུང་བ་ནི། ཕུང་པོ་དང་ནི་སྐྱེ་མཆེད་དང་། ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། རང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཞེས་བྱུང་། གཟུགས་ཀྱི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཁམས་གཅིག་པུ་སྟེ་གསུམ་པོ་ཆོས་ཅན། ཆོས་གསུམ་གྱི་གཙོ་བོ་བསྡུ་བྱ་མང་བ་ཅན་ཡིན་ཏེ། ཆོས་ཐམས་ཅད་བསྡུས་པའི་ཕྱིར་ཏེ། གཟུགས་ཀྱིས་རང་དུ་གཏོགས་པ་ཐམས་ཅད་དང་། ཡིད་ཀྱིས་ཡིད་ཁམས་བདུན་དང་། ཚོར་འདུ་འདུ་བྱེད་འདུས་མ་བྱས་རྣམས་དང་རྣམ་རིག་མིན་པ་ནི་ཆོས་ཁམས་ཀྱིས་བསྡུས་པའི་ཕྱིར། བསྡུས་ཚུལ་དེ་ཆོས་ཅན། བསྡུ་ཚུལ་གཞན་གྱི་དབང་དུ་བྱས་པ་ཡིན་ཏེ། རང་གི་ངོ་བོ་ཉིད་ཡིན་པའི་བསྡུ་ཚུལ་ཡིན་པའི་ཕྱིར་ཏེ། འདིར་བསྡུ་བྱ་སྡུད་བྱེད་ནི་རང་མ་ཡིན་པ་གཞན་གྱི་དངོས་པོ་དང་མི་ལྡན་པའི་ཕྱིར་རོ། །གསུམ་པ་ཁམས་ཀྱི་གྲངས་ངེས་ལ་རྩོད་པ་སྤང་བ་ནི། མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ་། །ཞེས་བྱུང་། འདིར་ཁོ་ན་རེ། ཁམས་བཅོ་བརྒྱད་དུ་གྲངས་མ་ངེས་པར་ཐལ། མིག་སོགས་གཉིས་གཉིས་ཡོད་པའི་ཕྱིར་ཟེར་ན། ཤེས་བྱ་ཆོས་ཅན། མིག་རྣ་ལ་སོགས་པ་གཡས་གཡོན་གཉིས་གཉིས་ཡོད་མོད་ཀྱི། དེས་ཁམས་ཀྱི་གྲངས་ངེས་འཇིག་པའི་སྐྱོན་མེད་པར་ཐལ། མིག་གཡས་གཡོན་ལྟ་བུ་མིག་ཏུ་རིགས་གཅིག་པ་དང་། སྤྱོད་ཡུལ་གཟུགས་ལ་དམིགས་པར་མཚུངས་པ་དང་། འབྲས་བུ་མིག་གི་རྣམ་པར་ཤེས་པ་སྐྱེད་པ་འདྲ་བས། ཁམས་གཅིག་ཏུ་བཞག་པའི་ཕྱིར། རྣ་བ་ལའང་དེ་ལྟར་རོ། །མིག་རེ་རེ་དང་གསུམ་སོགས་ཀྱིས་ཀྱང་བྱ་བ་བྱེད་ནུས་ཀྱང་གཉིས་གཉིས་བྱུང་བའི་རྒྱུ་མཚན་ཡོད་དེ། རྟེན་མཛེས་པར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར་རོ། །སྣའི་གོང་བུ་གཅིག་ཡིན་ཀྱང་སྣ་གཉིས་སུ་བཞེད་པའང་མི་འགལ་ཏེ། སྣ་བུག་གཉིས་རེ་ཡོད་ཅིང་སོ་སོ་ནས་དྲི་ཚོར་བའི་ཕྱིར་རོ། །གཉིས་པ་ཆོས་གསུམ་གྱི་ཁྱད་ཆོས་ལ། ཆོས་གསུམ་གྱི་སྒྲ་དོན། ཆོས་གསུམ་གསུངས་པའི་དགོས་པ། ཆོས་གསུམ་གྱི་གོ་རིམ་གསུམ། དང་པོ་ནི། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཕུང་པོ་ལྔ་ཆོས་ཅན། ཁྱོད་ལ་ཕུང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱུ་རྐྱེན་དུ་མ་སྤུངས་པའམ་ཚོགས་པས་ན་དེ་ལྟར་བརྗོད་པའི་ཕྱིར་ཏེ། རང་འགྲེལ་ལས། སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ། །ཞེས་གསུངས་པའི་ཕྱིར། སྐྱེ་མཆེད་བཅུ་གཉིས་ཆོས་ཅན། སྐྱེ་མཆེད་ཅེས་བརྗོད་པའི་སྒྲ་དོན་ཡོད་དེ། སེམས་སེམས་བྱུང་རྣམས་སྐྱེ་ཞིང་མཆེད་པ་སྟེ་རྒྱས་པའི་སྒོར་གྱུར་པས་ན་དེ་ལྟར་བརྗོད་པའི་ཕྱིར་རོ། །གཟུགས་སྒྲ་དྲི་རོ་སོགས་ཁམས་བཅོ་བརྒྱད་ཆོས་ཅན། ཁམས་ཞེས་བྱ་སྟེ། འབྲས་བུ་འབྱུང་བའི་རྒྱུ་འམ་རིགས་ཏེ་ས་བོན་ལྟ་བུ་ཡིན་པས་ན་དེ་སྐད་བརྗོད་པའི་ཕྱིར་ཏེ། རང་འགྲེལ་ལས། རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ཁ་ཅིག །གཟུགས་ཡིན་ན། གཟུགས་ཀྱི་ཕུང་པོ་ཡིན་པས་ཁྱབ་པར་ཐལ། ཕྱིའི་གཟུགས་ལ་དེའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། འདིར་རྡུལ་ཕྲ་རབ་ཀྱང་གཟུགས་ཀྱི་ཕུང་པོ་ཡིན་པའི་ཕྱིར། དེར་ཐལ། དེ་རྒྱུ་རྐྱེན་དུ་མ་འདུས་པ་ཡིན་པའི་ཕྱིར། མ་གྲུབ་ན། རྒྱུ་རྐྱེན་གྱིས་མ་སྐྱེད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། འདུས་བྱས་མ་ཡིན་པར་ཐལ་ལོ། །འདོད་ན། རྣམ་རིག་མིན་པའི་གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་དེ་མ་ཡིན་པར་ཐལ། དེ་ཆོས་ཀྱི་ཁམས་དང་དེའི་སྐྱེ་མཆེད་ཡིན་པའི་ཕྱིར། གཞན་ཡང་། བྱེ་སྨྲའི་ལུགས་འདིར་རྡུལ་ཕྲ་རབ་ལ་ཕུང་པོའི་དོན་ཚང་བར་ཐལ། གངས་སྤེལ་ལས། རྡུལ་ཕྲ་རབ་གཅིག་པུ་ཡང་ཕུང་པོར་བརྗོད་དེ། ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་དེ་ཡིན་པར་ཐལ། བྱེ་སྨྲས་དེ་ཕུང་པོའི་དོན་ཚང་བར་འདོད་པ་ལ། མདོ་སྡེ་པས་དེ་ལ་སྤུངས་པའི་དོན་མ་ཚང་བའི་སྐྱོན་བརྗོད་པའི་ཕྱིར། ཁ་ཅིག །ཕུང་པོ་རྫས་ཡོད་ཡིན་པར་ཐལ། ཕུང་པོ་རེ་རེ་ནས་རྫས་ཡོད་ཡིན་པའི་ཕྱིར། དེར་ཐལ། ཕུང་པོ་རེ་རེ་ནས་རྫས་ཡོད་དུ་སློབ་དཔོན་ཡང་བཞེད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བཏགས་ཡོད་ཡིན་པའི་ཕྱིར། དེར་ཐལ། བྱེ་སྨྲས་རྫས་ཡོད་དང་། སློབ་དཔོན་དང་མདོ་སྡེ་པས་ཕུང་པོ་སྤྱི་ཙམ་པ་དེ་བཏགས་ཡོད་དུ་བཞེད་པའི་ཕྱིར། གཉིས་པ་ལ། ཆོས་གསུམ་བསྟན་པའི་དགོས་པ་དང་། དོགས་གཅོད་གཉིས། དང་པོ་ནི། རྨོངས་དབང་འདོད་རྣམས་གསུམ་གྱི་ཕྱིར། ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །ཞེས་བྱུང་། ཕུང་པོ་ལ་སོགས་ཏེ་སྐྱེ་མཆེད་དང་ཁམས་ཏེ་ཆོས་གསུམ་བསྟན་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རྨོངས་པ་གསུམ་བཟློག་པ་དང་། དད་སོགས་ཀྱི་དབང་པོ་རྣོ་འབྲིང་རྟུལ་གསུམ་རྗེས་སུ་འཛིན་པ་དང་། ཚིག་གི་སྤྲོས་པ་རྒྱས་འབྲིང་བསྡུས་གསུམ་འདོད་པ་རྣམ་པ་གསུམ་གྱི་ཆེད་དུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་བྱུང་རྣམས་ལ་རིལ་པོའམ་གཅིག་ཏུ་འཛིན་པའི་རྨོངས་པ་བཟློག་པའི་ཆེད་དུ་ཕུང་པོ་ལྔ་བསྟན། གཟུགས་ལ་རིལ་འཛིན་གྱི་རྨོངས་པ་བཟློག་པའི་ཆེད་དུ་སྐྱེ་མཆེད་བཅུ་གཉིས་བསྟན། གཟུགས་སེམས་གཉིས་ཀ་ལ་རིལ་འཛིན་གྱི་རྨོངས་པ་བཟློག་པའི་ཆེད་དུ་ཁམས་བཅོ་བརྒྱད་བསྟན་པའི་ཕྱིར། དེ་ལྟར་བསྟན་པས་རྨོངས་པ་གསུམ་བཟློག་ནུས་ཏེ། ཕུང་པོ་ལྔའི་སྐབས་སུ་སེམས་བྱུང་གི་ཕུང་པོ་གསུམ་དུ་ཕྱེ། སྐྱེ་མཆེད་བཅུ་གཉིས་ཀྱི་སྐབས་སུ་གཟུགས་ཅན་བཅུར་ཕྱེ། ཁམས་བཅོ་བརྒྱད་ཀྱི་སྐབས་སུ་གཟུགས་ཅན་བཅུ་དང་རྣམ་ཤེས་ཀྱི་ཁམས་བདུན་དུ་བཤད་པས་རྨོངས་པ་དེ་རྣམས་བཟློག་ནུས་པའི་ཕྱིར། རྩ་རྟགས་ཕྱི་མ་གཉིས་གྲུབ་སྟེ། དབང་རྣོན་འགོ་སྨོས་པས་གོ་བ་ལ་ཚིག་བསྡུས་ཏེ་ཕུང་པོ་ལྔ་བསྟན། ཅུང་ཟད་སྤྲོས་ནས་གོ་བ་དབང་འབྲིང་ལ་ཚིག་རྒྱས་བསྡུས་མཚམས་སྐྱེ་མཆེད་བཅུ་གཉིས་བསྟན། དབང་རྟུལ་ཚིག་དོན་གཉིས་ཀ་རྒྱས་པར་འདོད་པ་ལ་ཁམས་བཅོ་བརྒྱད་བསྟན་ནས་འདོད་པ་རྣམ་པ་གསུམ་དང་ལྡན་པའི་གདུལ་བྱ་རྗེས་སུ་འཛིན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྩོད་པའི་རྩ་བར་གྱུར་པ་དང་། འཁོར་བའི་རྒྱུ་དང་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །ཕུང་པོ་དག་དུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །ཅེས་བྱུང་། ཤེས་བྱ་ཆོས་ཅན། སེམས་བྱུང་རྣམས་ལས་ཚོར་བ་དང་འདུ་ཤེས་ལོགས་ཤིག་ཏུ་ཕུང་པོར་བཞག་པའི་རྒྱུ་མཚན་ཡོད་དེ། ཟག་བཅས་ཀྱི་ཚོར་བ་བཅུ་གཉིས་རྩོད་པའི་རྩ་བར་གྱུར་པ་དང་། འཁོར་བར་འཁོར་བྱེད་ཀྱི་རྒྱུ་དང་། ཉོན་མོངས་གཞན་ལས་རགས་ཤིང་དེ་རྣམས་ཀྱི་གོ་རིམ་གྱི་རྒྱུ་བྱེད་པའི་ཕྱིར། འདུས་མ་བྱས་ཆོས་ཅན། ཕུང་པོ་དག་ཏུ་མ་བཤད་དེ། རྒྱུ་རྐྱེན་དུ་མ་སྤུངས་པའི་དོན་དུ་མི་རུང་བའི་ཕྱིར། མ་བཤད་ཅེས་པ་ནི་སྟོན་པས་མ་བཤད་ཅེས་པ་ཡིན་གྱི། སློབ་དཔོན་རང་ཉིད་ཀྱིས་མ་བཤད་ཅེས་པ་ཙམ་གྱི་དོན་མིན་ཏེ། འདིར་སངས་རྒྱས་ཀྱིས་གསུངས་པའི་མངོན་པའི་གཞུང་གིས་བསྟན་ཚུལ་དང་དགོས་པ་སོགས་འཆད་པར་མཛད་པའི་ཕྱིར་རོ། །གསུམ་པ་གོ་རིམ་ལ། ཕུང་པོའི་གོ་རིམ། ཁམས་དང་སྐྱེ་མཆེད་ཀྱི་གོ་རིམ། ཞར་བྱུང་དང་གསུམ། དང་པོ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས། ། སྣོད་སོགས་དོན་ཁམས་ཇི་བཞིན་ནོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ཕུང་པོ་ལྔའི་གོ་རིམ་ནི་རགས་པ་དང་པོར་བསྟན་ནས་ཕྲ་བ་རྗེས་སུ་བསྟན་པ་ཡིན་ཏེ། གཟུགས་སོགས་ལྔ་སྔ་མ་སྔ་མ་རགས་ཤིང་། ཕྱི་མ་ཕྱི་མ་ཕྲ་བའི་ཕྱིར། དེ་འདྲ་བའི་གོ་རིམ་བྱས་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། དང་པོར་གཟུགས་མཐོང་སྟེ་ཉོན་མོངས་སྐྱེ། དེ་ནས་ཚོར་བ་སྐྱེ་ཞིང་བདེ་བ་འདོད། དེ་ནས་འདུ་ཤེས་ཕྱིན་ཅི་ལོག་སྐྱེ། དེ་ལས་འདུ་བྱེད་ཀྱི་ལས་གསོལ། དེའི་དབང་གིས་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་ཅན་དུ་འགྱུར་བའི་གོ་རིམ་ལྟར་ཡིན་པའི་ཕྱིར། དགོས་པ་ཡོད་དེ། གཟུགས་སྣོད་ལྟ་བུ། ཚོར་བ་ཟས་ལྟ་བུ། འདུ་ཤེས་བྱན་ལྟ་བུ། འདུ་བྱེད་བྱན་པ་ལྟ་བུ། རྣམ་ཤེས་ལོངས་སྤྱོད་པ་པོ་ལྟ་བུར་ཤེས་པའི་དགོས་པ་ཡོད་པའི་ཕྱིར། དེ་ཡང་ཡིན་ཏེ། ཕྱིའི་སྣོད་ལ་སོགས་པའི་དཔེས་ནང་གི་དོན་ཁམས་ཇི་ལྟ་བ་བཞིན་དུ་ངེས་པའི་ཕྱིར། དེར་ཐལ། སྣོད་ཀྱིས་ཟས་རྟེན་པ་ལྟར་གཟུགས་ཀྱིས་ཚོར་བའི་རྟེན་བྱེད། ཟས་ལོངས་སྤྱད་བྱ་ཡིན་པ་ལྟར་ཚོར་བ་རྣམ་ཤེས་ཀྱིས་སྤྱད་བྱ། བྱན་སྟེ་ཚོད་མས་ཟས་ཞིམ་པར་བྱེད་པ་ལྟར་འདུ་ཤེས་ཀྱིས་བདེ་སྡུག་གི་ཐ་སྙད་ཤེས་བྱན་པོ་ལག་བདེས་ཟས་འདྲེན་པ་ལྟར་འདུ་བྱེད་ཀྱིས་རྣམ་ཤེས་ལ་བདེ་སྡུག་སྐྱེད་པར་བྱེད། སྐྱེས་བུས་ཟས་ལ་ལོངས་སྤྱད་པ་ལྟར་རྣམ་ཤེས་ཀྱིས་བདེ་སྡུག་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར། དགོས་པ་གཞན་ཡོད་དེ། འདོད་ཁམས་ནི་གཟུགས་ཅན་གྱི་འདོད་ཡོན་ལྔ་ལ་ལོངས་སྤྱོད་པས་ཕྱེ། བསམ་གཏན་བཞི་ཚོར་བ་ལ་ལོངས་སྤྱོད་པས་གཟུགས་ཁམས་ཚོར་བས་ཕྱེ། གཟུགས་མེད་དང་པོ་གསུམ་འདུ་ཤེས་ཀྱིས་ཕྱེ། སྲེད་རྩེ་འདུ་བྱེད་ཀྱིས་ཕྱེ། རྣམ་ཤེས་ནི་ཀུན་ལ་ཁྱབ་པས་དེ་དག་དང་འདྲ་བར་ཤེས་པའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ནི། ད་ལྟའི་དོན་ཕྱིར་དབང་པོ་ལྔ། འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ཡང་ན་ཇི་ལྟར་གནས་རིམ་བཞིན། །ཞེས་བྱུང་། དབང་པོ་ལྔ་དང་པོར་བསྟན་ནས་ཡིད་རྗེས་སུ་བཤད་པ་ལ་དགོས་པ་ཡོད་དེ། དང་པོ་དབང་པོ་ལྔ་ཡུལ་ད་ལྟ་བ་ཁོ་ནའི་དོན་གྱི་ཕྱིར་འཇུག །ཡིད་ནི་དུས་གསུམ་ག་ལ་འཇུག་པར་འགྱུར་པའི་ཕྱིར། དབང་པོ་ལྔའི་ནང་ནས་ལས་དབང་རྗེས་སུ་བཤད་པ་ལ་དགོས་པ་ཡོད་དེ། དབང་པོ་སྔ་མ་བཞི་ནི་འབྱུང་བ་ལས་གྱུར་པའི་དོན་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར་དང་། ལུས་དབང་ནི་འབྱུང་བ་དང་འབྱུང་འགྱུར་གཉིས་ཀའི་ཡུལ་ལ་འཇུག་པའི་ཕྱིར། མིག་རྣ་གཉིས་ལས་མིག་དང་པོར་བཤད་པའི་རྒྱུ་མཚན་ཡོད་དེ། མིག་དབང་གཞན་ནི་ཆེས་རིང་བའི་ཡུལ་ལ་མྱུར་དུ་འཇུག་ལ། རྣ་བས་དེ་ཙམ་གྱི་སྒྲ་མི་ཐོས་པའི་ཕྱིར། སྣ་ལྕེ་གཉིས་ལས་སྣ་དང་པོར་བཤད་པའི་རྒྱུ་མཚན་ཡོད་དེ། ལྕེས་རོ་མ་མྱོང་གོང་དུ་སྣ་ཡུལ་དྲི་ལ་མྱུར་དུ་འཇུག་པའི་ཕྱིར། གོ་རིམ་དེར་མ་ཟད་རྒྱུ་མཚན་ནམ་དགོས་པ་གཞན་ཡོད་དེ། ཡང་ན་དབང་རྟེན་ལུས་ལ་ཇི་ལྟར་གནས་པ་བཞིན་གྱི་རིམ་པ་ཡང་ཡིན་པའི་ཕྱིར། གསུམ་པ་ནི། བྱེ་བྲག་དོན་དང་གཙོ་བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། །གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་། །གཅིག་གི་ཆོས་ཞེས་བྱ་བར་བརྗོད། །ཅེས་བྱུང་། མིག་གི་ཡུལ་དུ་གཟུགས་ཀྱི་སྐྱེ་མཆེད་སྒོས་སུ་བཞག་པའི་རྒྱུ་མཚན་ཅི་ཞེ་ན། སྐྱེ་མཆེད་དང་པོ་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དུ་བཞག་པའི་རྒྱུ་མཚན་ཡོད་དེ། སྤྱིར་གཟུགས་ཅན་བཅུ་གཟུགས་ཡིན་ཡང་འདིར་སྤྱི་མིང་བྱེ་བྲག་ལ་བཏགས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་བཏགས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེ་གཟུགས་ཀྱི་སྐྱེ་མཆེད་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཡིད་ཤེས་ཀྱི་ཡུལ་གྱི་སྐྱེ་མཆེད་ཅིག་པོ་ནི་ཆོས་ཅན། ཆོས་ཀྱི་ཁམས་ཞེས་བྱ་བར་བརྗོད་དེ། སྤྱིར་སྐྱེ་མཆེད་ཐམས་ཅད་ཆོས་ཡིན་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཆོས་མང་པོ་དང་ཆོས་ཀྱི་མཆོག་མྱང་འདས་བསྡུས་ཀྱི། གཞན་དག་གིས་མ་བསྡུས་པའི་ཕྱིར་རོ། །གསུམ་པ་ཆོས་གསུམ་གྱིས་གཞན་བསྡུས་ཚུལ་ལ། ཆོས་ཕུང་གིས་བསྡུས་ཚུལ་དང་། ཕུང་ཁམས་གཞན་བསྡུས་ཚུལ་གཉིས། དང་པོ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། ཞེས་བྱུང་། ཆོས་ཕུང་གང་རྣམས་ཐུབ་པའི་དབང་པོས་དུག་གསུམ་རེ་རེ་དང་ཆ་མཉམ་པའི་གཉེན་པོར་ཉི་ཁྲི་རེ་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་པོ་དེ་དག་ཆོས་ཅན། འདིར་བཤད་པའི་ཕུང་པོར་འདུས་པ་ཡིན་ཏེ། མདོ་སྡེ་པ་ལྟར་ན་ཚིག་གི་རང་བཞིན་ཡིན་པས་གཟུགས་ཕུང་གིས་བསྡུས་ལ། བྱེ་བྲག་སྨྲ་བ་ལྟར་ན་མིང་ཚིག་ཚོགས་པའི་རང་བཞིན་ཡིན་པས་ལྡན་མིན་འདུ་བྱེད་དག་ཏུ་འདུས་པར་འདོད་པའི་ཕྱིར། གཉིས་པ་ནི། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ཆོས་ཕུང་གི་ཚད་ལ་འདོད་ཚུལ་མི་འདྲ་བ་ཡོད་དེ། ཁ་ཅིག་ཤཱ་རིའི་བུས་མཛད་པའི་ཆོས་ཀྱི་ཕུང་པོ་ཞེས་པའི་བསྟན་བཅོས་དེར་ཤོ་ལོ་ཀ་དྲུག་སྟོང་ཡོད་པ་དེའི་ཚད་ཟེར་ལ། གཞན་དག་ཕུང་པོ་ལ་སོགས་ཏེ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་དོན་ཚན་རེ་རེ་རྫོགས་པར་སྟོན་པའི་གཏམ་རེ་ཡིན་ཞེས་འདོད་པ་སོགས་ཡོད་པའི་ཕྱིར། སློབ་དཔོན་རང་གི་བཞེད་པ་ཡོད་དེ། ཉོན་མོངས་པ་སྣ་རེའི་གཉེན་པོ་རྫོགས་པར་སྟོན་པའི་གསུང་རབ་རེ་ལ་བྱེད་པའི་ཕྱིར། དེར་ཐལ། ཉོན་མོངས་པ་བརྒྱད་ཁྲི་ལ་སྤྱོད་པ་རྣམས་ཀྱི་གཉེན་པོར་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་གྲངས་མཐུན་པར་གསུངས་པའི་ཕྱིར། གལ་ཏེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་བརྗོད་པ་མ་ཡིན་ནམ་ཞེ་ན། སྐྱོན་མེད་དེ། འདི་བྱེ་བྲག་སྨྲ་བའི་ལུགས་གཙོ་བོར་མཛད་པ་ཡིན་པའི་ཕྱིར། གཉིས་པ་ཁམས་དང་སྐྱེ་མཆེད་གཞན་གྱིས་བསྡུས་ཚུལ་ནི། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། །བུ་ག་ནམ་མཁའི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ནོ། །ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ཆོས་ཕུང་ཆོས་གསུམ་གྱིས་བསྡུས་པ་དེ་བཞིན་དུ་གཞན་ཡང་མདོ་ལས་ཅི་རིགས་པར་གསུངས་པའི་ཕུང་པོ་དང་སྐྱེ་མཆེད་ཁམས་རྣམས་ནི། རང་གི་མཚན་ཉིད་ཇི་ལྟར་ཡིན་པ་ལ་ལེགས་པར་དཔྱད་དེ་འདིར་ཇི་སྐད་བཤད་པའི་ཆོས་གསུམ་དུ་བསྡུ་བར་བྱ་སྟེ། ཟག་མེད་ཀྱི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་རྣམ་པར་གྲོལ་བ་དེའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམས་ལས་དང་པོ་གཟུགས་ཀྱི་ཕུང་པོ་དང་། ལྷག་མ་རྣམས་འདུ་བྱེད་ཀྱི་ཕུང་པོར་བསྡུ་ཞིང་། དེ་ལྟ་བུ་གཞན་དག་ཀྱང་བསྡུ་ཚུལ་ཤེས་པར་བྱ་བ་ཡིན་པའི་ཕྱིར། སྣང་དང་སྐར་ཁུང་ལ་སོགས་པའི་བུ་ག་ནི་ནམ་མཁའ་དངོས་མིན་ཀྱང་བུ་ག་ནམ་མཁའི་ཁམས་ཞེས་བྱ་སྟེ། དེར་ཉིན་མོར་སྣང་བ་དང་མཚན་མོ་མུན་པའི་རང་བཞིན་དག་ཡིན་པའི་ཕྱིར། ལོ་ཞེས་སྨྲོས་པའི་རྒྱུ་མཚན་ཡོད་དེ། སྣང་མུན་དེ་གཉིས་ནམ་མཁའ་དངོས་གནས་པར་འདོད་པའི་ལུགས་དགག་པའི་ཆེད་ཡིན་པའི་ཕྱིར། ཟག་པ་དང་བཅས་པའི་རྣམ་ཤེས་ཆོས་ཅན། ཁམས་དྲུག་ཏུ་ཕྱེ་བའི་རྣམ་ཤེས་ཀྱི་ཁམས་ཡིན་ཏེ། ཡང་སྲིད་དུ་སྐྱེ་བའི་རྟེན་བྱེད་པའི་རྣམ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། ཟག་མེད་ཀྱི་རྣམ་ཤེས་ཀྱིས་དེའི་རྟེན་མི་བྱེད་པའི་ཕྱིར། གསུམ་པ་ཁམས་ཀྱི་རྣམ་པ་ཤར་བ་དབྱེ་བཤད་པ་ལ། མཚན་ཉིད་ཀྱི་སྒོ་ནས་བཤད་པ། སུམ་ཚན་གྱི་སྒོ་ནས། བཅས་མ་བཅས་ཀྱི་སྒོ་ནས། གྲུབ་པ་སོགས་ཀྱི་སྒོ་ནས། བྱུང་སོགས་ཀྱི་སྒོ་ནས། ལྟ་སོགས་ཀྱི་དབྱེ་བ་དྲུག །དང་པོ་ནི། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱུང་། གཟུགས་ཀྱི་སྐྱེ་མཆེད་གཅིག་པུ་ཆོས་ཅན། འདིར་ནི་བསྟན་ཡོད་ཡིན་ཏེ། མིག་གི་དབང་པོའི་ཡུལ་དུ་བསྟན་དུ་ཡོད་པའི་གཟུགས་ཡིན་པའི་ཕྱིར། དབང་པོ་ལྔ་དོན་ལྔ་སྟེ་གཟུགས་ཅན་བཅུ་པོ་ཆོས་ཅན། ཐོགས་དང་བཅས་པ་ཞེས་བྱ་སྟེ། གཟུགས་ཅན་གཞན་རང་ལ་ཐོགས་པ་དང་། རང་གཟུགས་ཅན་གཞན་ལ་ཕར་ཐོགས་པ་གང་རུང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྣང་བ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། རྩིག་པ་ལ་ཐོགས་པའི་ཕྱིར། ཐོགས་ཚུལ་དེ་ལ་གསུམ་ཡོད་དེ། ཡུལ་དང་དམིགས་པ་དང་སྒྲིབ་པ་གསུམ་ལ་ཐོགས་པའི་ཕྱིར། དང་པོ་གྲུབ་སྟེ། ཡུལ་ཅན་ཡུལ་ལ་ཐོགས་པའི་ཕྱིར། དེར་ཐལ། གཟུགས་ཅན་གྱི་ཐོགས་པ་ནི་ཕན་ཚུན་གོ་ས་འགོག་པའི་ཐོགས་པ་ཡིན་ལ། མིག་དབང་སོགས་ཡུལ་ཅན་རྣམས་ཡུལ་ལ་ཐོགས་པ་ནི་རང་རང་གི་ཡུལ་དང་འཕྲད་ནས་དེ་འཛིན་གྱི། གཞན་མི་འཛིན་པའི་དོན་ཡིན་པའི་ཕྱིར། མིག་དབང་ཡུལ་ལ་ཐོགས་མི་ཐོགས་ཀྱི་ཁྱད་པར་དུ་མ་ཡོད་དེ། ཆུ་ལ་ཐོགས་ཤིང་སྐམ་ལ་མི་ཐོགས་པ། དེ་ལས་བཟློག་པ། ཆུ་དང་སྐམ་གཉིས་ཀར་ཐོགས་པ། གཉིས་ཀར་མི་ཐོགས་པ། མཚན་མོ་ཐོགས་ལ་ཉིན་མོ་མི་ཐོགས་པ། དེ་ལས་བཟློག་པ། གཉིས་ཀར་ཐོགས་པ། གཉིས་ཀར་མི་ཐོགས་པའི་མུ་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཉའི་མིག་རྣམས་དེ་ཡིན་པའི་ཕྱིར། དེར་ཐལ། དེས་ཆུར་མཐོང་ཞིང་སྐམ་སར་མི་མཐོང་བའི་ཕྱིར། གཉིས་པ་གྲུབ་སྟེ། མི་ཕལ་ཆེར་གྱིས་སྐམ་སར་མཐོང་ལ་ཆུར་མི་མཐོང་བའི་ཕྱིར། གསུམ་པ་གྲུབ་སྟེ། སྦལ་པ་སོགས་ཀྱིས་གཉིས་ཀར་མཐོང་བའི་ཕྱིར། བཞི་པ་གྲུབ་སྟེ། གཉིད་དུས་དང་མངལ་གྱི་མིག་ལྟ་བུ་ཡིན་པའི་ཕྱིར། ལྔ་པ་གྲུབ་སྟེ། མི་ཕལ་ཆེར་གྱི་མིག་དེ་དེ་ཡིན་པའི་ཕྱིར། དྲུག་པ་གྲུབ་སྟེ། འུག་པའི་མིག་གིས་མཚན་མོ་མཐོང་ཞིང་ཉིན་མོ་མི་མཐོང་བའི་ཕྱིར། བདུན་པ་གྲུབ་སྟེ། གུང་བྱིའི་མིག་གིས་ཉིན་མཚན་གཉིས་ཀར་མཐོང་བའི་ཕྱིར། བརྒྱད་པ་གྲུབ་སྟེ། འགོག་པ་ལ་སྙོམས་པར་ཞུགས་པའི་མིག་ལྟ་བུ་དེ་ཡིན་པའི་ཕྱིར། གཉིས་པ་དམིགས་པ་ལ་ཐོགས་པ་ཡོད་དེ། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། གཟུགས་ཅན་ཕན་ཚུན་གཅིག་ཡོད་པའི་གོ་སར་གཞན་འབྱུང་བ་འགོག་ཅིང་སྒྲིབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ལ། དགེ་སོགས་གསུམ་དུ་དབྱེ་བ་ཁམས་གསུམ་གྱི་སྒོ་ནས་དབྱིབས་གཉིས། དང་པོ་ནི། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། །ཞེས་བྱུང་། གཟུགས་ཅན་བཅུ་ལས་གཟུགས་སྒྲ་མ་གཏོགས་པའི་གཟུགས་ཅན་བརྒྱད་པོ་དེ་དག་ཉིད་ཆོས་ཅན། མཐའ་གཅིག་ཏུ་ལུང་མ་བསྟན་ཡིན་ཏེ། དགེ་མི་དགེ་གཉིས་ཁྱོད་ལ་བཞག་ཏུ་མི་རུང་བའི་ཕྱིར། དེ་དག་ལས་གཞན་གཟུགས་སྒྲ་གཉིས་དང་རྣམ་ཤེས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་དང་བཅུ་ཆོས་ཅན། ཁྱོད་ལ་དགེ་སོགས་རྣམ་པ་གསུམ་ཡོད་དེ། ཁྱོད་ལ་སྡོམ་པ་ལྟ་བུ་དགེ་བའི་གཟུགས་དང་། རྫུན་ལྟ་བུ་མི་དགེ་བའི་སྒྲ་དང་། དེ་ལས་གཞན་པ་རྣམས་སུ་ཡོད་པའི་ཕྱིར། ཕྱི་མ་དེར་ཐལ། ཁ་དོག་དང་དབྱིབས་ལྟ་བུ་གཟུགས་ལུང་མ་བསྟན། ཆུ་སྒྲ་ལྟ་བུ་སྒྲ་ལུང་མ་བསྟན། རྣམ་ཤེས་ཀྱི་ཁམས་བདུན་དང་། ཆོས་ཁམས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་སྐབས་སྟོབས་ཀྱིས་འབྱུང་བའི་ཕྱིར། ཕྱི་མ་དེར་ཐལ། མིག་སོགས་ཀྱིས་གཟུགས་སྒྲ་སོགས་ལ་ལྟ་བའི་ཚེ་དེ་གསུམ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་གཟུགས་ལྟ་བུ་དང་དེའི་གསུང་ལྟ་བུ་མཐོང་ཐོས་ཀྱི་ཚེ་དགེ་བའི་དབང་ཤེས་སམ་ཡིད་ཤེས་སྐྱེ་ལ། བུད་མེད་ལྟ་བུའི་གཟུགས་དང་དེའི་གླུ་ལྟ་བུ་མཐོང་ཐོས་ཀྱི་ཚེ་མི་དགེ་བའི་དབང་ཤེས་དང་ཡིད་ཤེས་སྐྱེ་བ་ཡོད་ཅིང་། བར་མའི་གཟུགས་སྒྲ་སོགས་མཐོང་ཐོས་སོགས་ཀྱི་ཚེ་ལུང་མ་བསྟན་དུ་འགྱུར་བའི་ཕྱིར། ཆོས་ཁམས་ཀྱི་ནང་ཚན་སེམས་བྱུང་ལ་དགེ་སོགས་གསུམ་ཀ་ཡོད་དེ། མ་རིག་པ་ལྟ་བུ་ལུང་མ་བསྟན་ཡིན་ཅིང་། སེམས་བྱུང་ལ་དགེ་མི་དགེ་གཉིས་ཡོད་པའི་ཕྱིར་ཏེ། previous hit སེམས་བྱུང་ལ་མི་དགེ་བ་དང་དགེ་བ་བཅུ་གཅིག་སོགས་དབྱེར་ཡོད་པའི་ཕྱིར། གཉིས་པ་ནི། འདོད་པར next hit་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ཁམས་གསུམ་གྱི་སར་གཏོགས་མི་གཏོགས་འབྱེད་ཚུལ་ཡོད་དེ། འདོད་པའི་སར་གཏོགས་པ་ལ་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཡོད་པའི་ཕྱིར། གཟུགས་ཀྱི་ཁམས་ན་ཁམས་བཅུ་བཞི་ཡོད་དེ། དེར་དྲི་དང་རོ་དང་སྒྲའི་རྣམ་ཤེས་དག་ལྕེའི་རྣམ་ཤེས་ཀྱི་ཁམས་མ་གཏོགས་གཞན་ཐམས་ཅད་ཡོད་པའི་ཕྱིར། གཟུགས་མེད་ཀྱི་སར་གཏོགས་པའི་ཁམས་གསུམ་ཡོད་དེ། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ཡོད་པའི་ཕྱིར། གསུམ་པ་ལ། ཟག་པ་དང་བཅས་མ་བཅས། རྟོག་པ་དང་བཅས་མ་བཅས། དམིགས་པ་དང་བཅས་མ་བཅས་གསུམ། དང་པོ་ནི། དེ་གསུམ་ཟག་བཅས་ཟག་པ་མེད། ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་བྱུང་། ཡིད་ཆོས་ཡིད་ཀྱི་རྣམ་ཤེས་དེ་གསུམ་ཆོས་ཅན། ཁྱོད་ལ་ཟག་བཅས་ཟག་མེད་གཉིས་ཡོད་དེ། དེ་གསུམ་དུ་གཏོགས་པའི་ལམ་བདེན་མ་ཡིན་པའི་འདུས་བྱས་རྣམས་ཟག་བཅས་དང་། ལམ་བདེན་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཟག་མེད་ཡིན་པའི་ཕྱིར། ཁམས་ལྷག་མ་བཅོ་ལྔ་པོ་རྣམས་ཆོས་ཅན། ཟག་བཅས་ཡིན་ཏེ། སྒོམ་སྤང་ཡིན་པའི་ཕྱིར། གཉིས་པ་ལ་དངོས་དང་། རྩོད་སྤོང་གཉིས། དང་པོ་ནི། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས། །ཞེས་བྱུང་། མིག་སོགས་དབང་པོ་ལྔའི་རྣམ་པར་ཤེས་པའི་ཁམས་ལྔ་པོ་ཆོས་ཅན། རྒྱུན་ལྡན་གྱི་དབང་དུ་བྱས་ན་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ཡིན་ཏེ། གཞན་འགྱུར་གྱི་ནང་ཚན་གྱི་རྟོག་དཔྱོད་གཉིས་ཀ་ཡང་ཁྱོད་ཀྱི་འཁོར་དུ་འབྱུང་བའི་ཕྱིར། ཁམས་ཐ་མ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ཆོས་ཅན། ཁྱོད་ལ་རྟོག་དཔྱོད་གཉིས་དང་བཅས་པ་དང་། རྟོག་པ་མེད་ཅིང་དཔྱོད་པ་ཡོད་པ་དང་། གཉིས་ཀ་སྤངས་པ་དང་རྣམ་པ་གསུམ་ཡོད་དེ། འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་ཁམས་དེ་གསུམ་ནི་དང་པོ་དང་། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་ཁམས་དེ་ནི་གཉིས་པ་དང་། བསམ་གཏན་གཉིས་པ་ཡིན་གྱི་ཁམས་དེ་གསུམ་དང་གཟུགས་སོགས་ཁམས་ལྷག་མ་བཅོ་ལྔ་རྣམས་ནི་རྟོག་དཔྱོད་གཉིས་ཀ་སྤངས་པ་ཡིན་པའི་ཕྱིར། གཉིས་པ་ནི། ངེས་པར་རྟོགས་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །དེ་དག་ཡིད་ཀྱི་ཤེས་རབ་གཡེང་། ཡིད་ཀྱི་དྲན་པ་ཐམས་ཅད་ནི། །ཞེས་བྱུང་། ཁོ་ན་རེ། ཁྱོད་ཀྱི་སྒོ་ལྔའི་དབང་ཤེས་རྟོག་བཅས་སུ་བཤད་པ་མི་འཐད་པར་ཐལ། མདོ་ལས། དགེ་སློང་དག །མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་དབང་ཤེས་རྟོག་བྲལ་དུ་བཤད་པ་དང་འགལ་བའི་ཕྱིར། ཞེ་ན། སྐྱོན་མེད་དེ། སྤྱིར་དབང་ཤེས་རྟོག་མེད་དུ་གྲགས་ཀྱང་། འདིའི་རྟོག་དཔྱོད་ཀྱི་རྟོག་བཅས་ནི་གཞན་འགྱུར་ལྔའི་ནང་ཚན་གྱི་རྟོག་བཅས་ཀྱི་དབང་དུ་བྱས་ལ། མདོ་ལས་དབང་ཤེས་ལྔ་རྟོག་བྲལ་དུ་གསུངས་པ་ནི། ངེས་པར་རྟོག་པ་དང་རྗེས་དྲན་གྱི་རྟོག་པས་རྣམ་པར་མི་རྟོག་པ་ཅི་རིགས་ལ་དགོངས་པའི་ཕྱིར། དེ་དག་གི་འཇོག་ཚུལ་ཡོད་དེ། ངེས་རྟོག་ནི་ཡིད་ཤེས་དང་མཚུངས་ལྡན་གཡེང་བ་རྗེས་ཐོབ་ཀྱི་སྐབས་སུ་འབྱུང་བ། ངོ་བོ་ཡུལ་དོན་སྤྱིའི་སྒོ་ནས་འཛིན་པའི་ཤེས་རབ་ཞིག་ལ་བྱེད། རྗེས་དྲན་གྱི་རྟོག་པ་ནི་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན། མཉམ་རྗེས་ཐམས་ཅད་ཉིད་དུ་འབྱུང་བ། ངོ་བོ་དྲན་པ་ཞིག་ལ་བྱེད་པའི་ཕྱིར། གསུམ་པ་ནི། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཆོས་ཀྱི་ཕྱེད་ཀྱང་ཞེས་བྱུང་། སེམས་ཀྱི་ཁམས་བདུན་ནི་ཆོས་ཅན། དམིགས་པ་དང་བཅས་པ་ཡིན་ཏེ། རང་གི་དམིགས་ཡུལ་དུ་དམིགས་པའི་ཤེས་པ་ཡིན་པའི་ཕྱིར། ཆོས་ཁམས་ཀྱི་ཕྱེད་སེམས་བྱུང་ཀྱང་ཆོས་ཅན། དམིགས་པ་དང་བཅས་ཏེ། རྟགས་དེའི་ཕྱིར། བཞི་པ་ལ། ཟིན་མ་ཟིན་གྱི་སྒོ་ནས་དབྱེ་བ། འབྱུང་བ་དང་འབྱུང་གྱུར་གྱི་སྒོ་ནས་དབྱེ་བ། བསགས་མ་བསགས་ཀྱི་སྒོ་ནས་དབྱེ་བ། གཅད་བྱ་གཅོད་བྱེད་ཀྱི་སྒོ་ནས་དབྱེ་བ་བཞི། དང་པོ་ནི། མ་ཟིན་དགུ། །བརྒྱད་པོ་དེ་དག་རྣམས་དང་སྒྲ། དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་བྱུང་། རྣམ་ཤེས་ཀྱི་ཁམས་བདུན་དང་སེམས་བྱུང་བཅས་བརྒྱད་པོ་དེ་དག་རྣམས་དང་སྒྲ་དང་དགུ་པོ་ཆོས་ཅན། འདིར་མ་ཟིན་པ་ཞེས་བྱ་སྟེ། ཟིན་མ་ཟིན་ནི་གཟུགས་ཅན་ནང་། ཕན་ཚུན་ཕྲད་པ་ལས་ཚོར་བ་བདེ་སྡུག་སྐྱེད་མི་སྐྱེད་ལ་འཇོག་པ་གང་ཞིག་ཁྱོད་རྣམས་ཀྱིས་དེ་ལྟར་སྐྱེད་མི་ནུས་པའི་ཕྱིར། སྒྲ་མ་ཡིན་པའི་གཟུགས་ཅན་གཞན་དགུ་པོ་ནི་ཆོས་ཅན། ཟིན་མ་ཟིན་རྣམ་པ་གཉིས་ཡོད་དེ། ཕན་ཚུན་ཕྲད་པ་ལས་བདེ་སྡུག་སྐྱེད་ནུས་མི་ནུས་གཉིས་ཀྱི་ཆ་ཡོད་པའི་ཕྱིར། གཉིས་པ་ནི། རེག་བྱ་རྣམ་པ་གཉིས་ཡིན་ཏེ། ལྷག་མ་གཟུགས་ཅན་དགུ་པོ་ནི། འབྱུང་གྱུར་ཆོས་ཁམས་ཕྱོགས་གཅིག་ཀྱང་། །ཞེས་བྱུང་། རེག་བྱའི་ཁམས་ཆོས་ཅན། ཁྱོད་ལ་འབྱུང་བ་དང་འབྱུང་གྱུར་རྣམ་པ་གཉིས་ཡོད་པ་ཡིན་ཏེ། ཁྱོད་ལ་ས་སོགས་འབྱུང་བ་བཞི་དང་། འཇམ་རྩུབ་ལྕི་ཡང་སོགས་འབྱུང་གྱུར་བདུན་ཡོད་པའི་ཕྱིར། ཁམས་བཅོ་བརྒྱད་ཆོས་ཅན། ཁྱོད་ལས་འབྱུང་འགྱུར་ཁོ་ན་ཡིན་པ་ཡོད་དེ། རེག་བྱའི་ལྷག་མ་གཟུགས་ཅན་དགུ་དང་། དེར་མ་ཟད་ཆོས་ཁམས་ཀྱི་ཕྱོགས་གཅིག་ཀྱང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་འབྱུང་གྱུར་ཁོ་ན་ཡིན་པའི་ཕྱིར། གསུམ་པ་ནི། གཟུགས་ཅན་བཅུ་ནི་བསགས་པའོ། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི་དབང་དོན་གྱི་གཟུགས་ཅན་བཅུ་ཆོས་ཅན། བསགས་པ་ཞེས་བྱ་སྟེ། རྡུལ་ཕྲ་རབ་འདུས་པའི་གཟུགས་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག །བསགས་རྡུལ་ཡིན་ན། རྫས་རྡུལ་ལས་ཆེ་བས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། བསགས་རྡུལ་ཕྲ་རབ་ཡོད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། ཐམས་ཅད་པས་ཕྲ་བའི་གཟུགས་ནི་གསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆུང་བ་ནི་མི་མངོན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །རྫས་རྡུལ་བརྒྱད་འདུས་པའི་གོང་བུ་དེ་བསགས་རྡུལ་ཡིན་པར་ཐལ། རྫས་རྡུལ་གཉིས་འདུས་པའི་གོང་བུ་དེ་བསགས་རྡུལ་གང་ཞིག །བསགས་རྡུལ་དེ་རྫས་རྡུལ་བརྒྱད་དང་ལྷན་ཅིག་སྐྱེས་པའི་ཕྱིར་ན་མ་ཁྱབ། འདོད་ན། མ་ཡིན་པར་ཐལ། དེ་རྡུལ་རགས་པ་ཡིན་པའི་ཕྱིར། དེར་ཐལ། རྫས་རྡུལ་བདུན་འདུས་པའི་གོང་བུ་དེ་རྡུལ་རགས་པ་ཡིན་པའི་ཕྱིར། ཁ་ཅིག །རྡུལ་ཕྲ་རབ་ཡིན་ན། རྡུལ་རགས་པ་དང་མ་བཅས་པས་ཁྱབ་ཟེར་ན། བུམ་པའི་ཆ་ཤས་སུ་གྱུར་པའི་རྡུལ་ཕྲ་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བུམ་པ་དེ་རྡུལ་ཕྲ་རབ་བསགས་པའི་གོང་བུ་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། བུམ་པའི་ཆ་ཤས་ཡིན་པའི་ཕྱིར། ཁ་ཅིག །དུ་མ་བསགས་པའི་རྡུལ་ཡིན་ན། བསགས་རྡུལ་ཡིན་པས་ཁྱབ་ཟེར་ན། རྡུལ་ཕྲ་རབ་དྲུག་མན་བསགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྡུལ་ཕྲ་རབ་དྲུག་བསགས་པའི་དེ་ཡིན་པའི་ཕྱིར། འདོད་མི་ནུས་སོ། །བཞི་པ་ནི། གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །དེ་བཞིན་བསྲེག་བྱ་འཇལ་བྱ་དང་། །སྲེག་དང་གཞལ་ལ་མི་མཐུན་སྨྲ། །ཞེས་བྱུང་། ཁམས་བཅོ་བརྒྱད་པོ་དེ་དག་ཆོས་ཅན། ཁྱོད་ལས་གཅོད་བྱེད་དང་གཅད་པར་བྱ་བ་ཉིད་ཀྱི་ཁྱད་པར་ཡོད་དེ། སྟ་རེ་དང་གྲི་ཟོར་ལྟ་བུ་དང་པོ་དང་། ཤིང་དང་རྩྭ་ལྟ་བུ་གཉིས་པར་གྲགས་པའི་གཅོད་བྱེད་ནི་དབང་པོ་ལྔ་དང་སྒྲ་ལྟ་བུ་དང་། གཅད་བྱ་ནི་ཕྱི་རོལ་གྱི་གཟུགས་དྲི་རོ་རེག་བྱའི་ཁམས་བཞི་ལ་འཇོག་པའི་ཕྱིར། དེ་བཞིན་དུ་བསྲེག་བྱ་སྲེག་བྱེད་དང་འཇལ་བྱ་འཇལ་བྱེད་ཀྱི་ཁྱད་པར་ཡོད་དེ། དཔེ་བསྲེག་བྱ་ཤིང་དང་སྲེག་བྱེད་མེ་དང་འཇལ་བྱ་དངོས་པོ་དང་འཇལ་བྱེད་སྲང་ལྟ་བུ་ཡང་དོན་སྔ་མ་ལྟར་ཁམས་རྣམས་ཀྱི་དེའི་སྟེང་ནས་འཇོག་པའི་ཕྱིར། སྲེག་དང་གཞལ་བ་ལ་མི་མཐུན་པར་སྨྲ་བའི་ཚུལ་ཡོད་དེ། ཁ་ཅིག་ཁམས་བཞི་པོ་ཉིད་སྲེག་བྱེད་དང་གཞལ་བྱ་གཉིས་ཀར་འདོད་ཅིང་། ལ་ལ་མེ་ཁོ་ན་སྲེག་བྱེད་དང་ལྕི་བ་ཁོ་ན་གཞལ་བྱར་སྨྲ་བའི་ཕྱིར། ལྔ་པ་ལ་བྱུང་མ་བྱུང་གི་སྒོ་ནས་དབྱེ་བ། ཕྱི་རང་གི་སྒོ་ནས། རྟེན་བཅས་དེ་མཚུངས་ཀྱི་སྒོ་ནས། སྤང་བྱ་ཡིན་མིན་གྱི་སྒོ་ནས་དབྱེ་བ་བཞི། དང་པོ་ལ། བྱུང་བ་སྤྱིར་བསྟན་པ། མ་བྱུང་བ་དམིགས་ཀྱིས་བསལ་བ། །དབང་པོ་དང་རྣམ་ཤེས་ཀྱི་ས་མཚུངས་གསུམ། དང་པོ་ལ། རྣམ་སྨིན་གྱི་རྒྱུ། རྒྱས་བྱུང་གི་རྒྱུ། རྒྱུ་མཐུན་གྱི་རྒྱུ་གསུམ། དང་པོ་ནི། རྣམ་པར་སྨིན་ལས་བྱུང་བ་དང་། ཞེས་བྱུང་། བདེ་འགྲོ་ངན་འགྲོའི་ནང་གི་དབང་པོ་ལྔ་ཆོས་ཅན། རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། བདེ་འགྲོའི་དབང་པོ་ལྔ་ནི་དགེ་བ་ཟག་བཅས་དང་། ངན་འགྲོའི་དབང་པོ་ལྔ་ནི་མི་དགེ་བ་ལས་བྱུང་བའི་ཕྱིར། གཉིས་པ་ནི། རྒྱས་ལས་བྱུང་བ་ནང་གི་ལྔ། །སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །ཞེས་བྱུང་། ནང་གི་དབང་པོ་ལྔ་ཆོས་ཅན། རྒྱས་པ་ལས་བྱུང་བ་ཡོད་དེ། ཁམ་ཟས་ཟོས་པ་དང་། གཉིད་ལོག་པ་དང་། ལེགས་སྤྱད་སོགས་ཀྱིས་དབང་རྟེན་ཁོག་པ་སོགས་རྒྱས་པས་དབང་པོ་ལྔ་ཡང་རྒྱས་པར་བྱེད་པའི་ཕྱིར། སྒྲ་ཆོས་ཅན། རྣམ་སྨིན་གྱི་རྒྱུ་ལས་སྐྱེེས་པ་མ་ཡིན་ཏེ། སྨྲ་བ་པོའི་འདོད་པ་བཞིན་དུ་བྱས་ཆོག་པའི་ཕྱིར། གསུམ་པ་ནི། རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད་གཞན་རྣམ་གསུམ། ཞེས་བྱུང་། ཐོགས་མེད་ཀྱི་ཁམས་རྣམ་ཤེས་བདུན་དང་སེམས་བྱུང་དང་བརྒྱད་ཆོས་ཅན། རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་གཉིས་ཀ་ཡོད་དེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་བྱུང་བ་རྣམས་ནི་རྒྱུ་མཐུན་ལས་བྱུང་བ་ཡིན་ལ། ཟག་བཅས་ཀྱི་དགེ་མི་དགེ་ལས་བྱུང་བ་ནི་རྣམ་སྨིན་ལས་བྱུང་བ་ཡིན་པའི་ཕྱིར། གཞན་སྒྲ་མ་གཏོགས་པའི་གཟུགས་དྲི་རོ་རེག་བཞི་ཆོས་ཅན། རྒྱས་པ་དང་རྣམ་སྨིན་དང་རྒྱུ་མཐུན་རྣམ་པ་གསུམ་ག་ལས་སྐྱེས་པ་ཡོད་དེ། རྒྱུ་མཚན་གོང་དུ་བཤད་ཅིང་འཆད་པར་འགྱུར་བའི་ཕྱིར། གཉིས་པ་ནི། རྫས་དང་ལྡན་གཅིག་ཐ་མ་གསུམ། སྐད་ཅིག་མ་སྟེ་ཞེས་བྱུང་། བྱེ་སྨྲའི་སྐབས་འདིར་རྟག་པའི་རྫས་དང་ལྡན་པའི་ཆོས་ཁམས་གཅིག་པོ་ཆོས་ཅན། རྒྱུ་གསུམ་གང་རུང་ལས་མ་བྱུང་སྟེ། འདུས་མ་བྱས་ཡིན་པའི་ཕྱིར། སྡུག་བསྔལ་ཆོས་བཟོད་སྐད་ཅིག་མ་དང་པོའི་ངོ་བོར་གྱུར་པའི་ཁམས་ཐ་མ་ཡིད་རྣམ་ཤེས་ཆོས་གསུམ་ཆོས་ཅན། རྒྱུ་མཐུན་ལས་བྱུང་བ་ཡིན་ཏེ། རང་དང་རིགས་འདྲ་བའི་ཟག་མེད་ཀྱི་ཁམས་སྔོན་དུ་མ་སོང་བའི་ཕྱིར་ཏེ། ཟག་མེད་དང་པོ་ཡིན་པའི་ཕྱིར། གསུམ་པ་ནི། མིག་དང་ནི། རྣམ་ཤེས་ཁམས་དག་སོ་སོ་དང་། ལྷན་ཅིག་ཏུ་ནི་འཐོབ་པའང་ཡོད། །ཞེས་བྱུང་། ཤེས་བྱ་ཆོས་ཅན། མིག་དབང་དང་མིག་གི་རྣམ་ཤེས་ཀྱི་ཁམས་དག་འཐོབ་ཚུལ་ཡོད་དེ། གཉིས་ཀ་སོ་སོར་འཐོབ་པ་དང་ལྷན་ཅིག་ཏུ་ནི་འཐོབ་པའང་ཡོད་པའི་ཕྱིར། དེར་ཐལ། སས་བསྡུས་ཀྱི་མིག་དབང་གསར་དུ་འཐོབ་ལ། རྣམ་ཤེས་གསར་དུ་མ་ཐོབ་པ་དང་། དེ་ལས་བཟློག་པ། གཉིས་ཀ་ཐོབ་པ། གཉིས་ཀ་མ་ཐོབ་པ་དང་བཞི་ཡོད་པའི་ཕྱིར། རྟགས་རྣམས་དེར་ཐལ། གཟུགས་མེད་ནས་བསམ་གཏན་བཞི་པར་སྐྱེ་བའི་ཚེ། གཟུགས་མེད་ན་དེ་གཉིས་ཀ་མེད་ཅིང་། བསམ་གཏན་བཞི་པའི་སས་བསྡུས་ཀྱི་མིག་ཡོད་ཀྱང་མིག་ཤེས་མེད། བཞི་པ་ནས་དང་པོར་སྐྱེ་བའི་ཚེ་བསམ་གཏན་དང་པོའི་སས་བསྡུས་ཀྱི་གཉིས་ཀ་ཡོད། གཟུགས་མེད་ནས་དང་པོར་སྐྱེ་བའི་ཚེ་ཡང་གཉིས་ཀ་ཡོད། བསམ་གཏན་དང་པོ་ནས་གཟུགས་མེད་དུ་སྐྱེ་བའི་ཚེ་གཟུགས་མེད་ན་གཉིས་ཀ་མེད་པའི་ཕྱིར་རོ། །དེར་མ་ཟད། མིག་དབང་དང་དེའི་ཤེས་པ་གཉིས་ཀྱིས་གཟུགས་ལ་ལྟ་བའི་ཆོས་མཚུངས་ཡང་མི་འདྲ་སྟེ། འདོད་པའི་རྟེན་ཅན་གྱིས་བསམ་གཏན་དང་པོའི་མིག་ལ་བརྟན་ནས་གཟུགས་ལ་ལྟ་བའི་ཚེ། རྟེན་དབང་པོ་རྣམ་ཤེས་རྣམས་སས་བསྡུས་མི་མཚུངས་པའི་ཕྱིར། དེར་ཐལ། དེའི་ཚེ་རྟེན་འདོད་པའི་སས་བསྡུས། གཞན་གཉིས་བསམ་གཏན་དང་པོའི་སས་བསྡུས་པའི་ཕྱིར་རོ། །གཉིས་པ་ནི། ནང་གི་བཅུ་གཉིས་གཟུགས་ལ་སོགས། །མ་གཏོགས་ཞེས་བྱུང་། ནང་གི་ཁམས་ཆོས་ཅན། ཁྱོད་ལ་བཅུ་གཉིས་ཡོད་དེ། ཕྱིའི་གཟུགས་ལ་སོགས་པ་ཡུལ་གྱི་ཁམས་དྲུག་མ་གཏོགས་པ་དབང་པོ་དྲུག་དང་རྣམ་ཤེས་དྲུག་པོ་རྣམས་དེ་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་ཞེས་བྱ་བ་སྟེ། རྟེན་པ་དང་བཅས་ལྷག་མ་ནི། །དེ་དང་མཚུངས་པ་དག་ཀྱང་ཡིན། །གང་ཞིག་རང་གི་ལས་མི་བྱེད། །ཅེས་བྱུང་། ཆོས་ཞེས་བྱ་བའི་ཁམས་ནི་ཆོས་ཅན། མཐའ་གཅིག་ཏུ་རྟེན་དང་བཅས་པ་ཡིན་ཏེ། རྣམ་ཤེས་ཀྱི་ཡུལ་དུ་མི་འགྱུར་མི་སྲིད་པའི་ཕྱིར། ལྷག་མ་རྣམས་ནི་ཆོས་ཅན། རྟེན་བཅས་དང་དེ་དང་མཚུངས་པ་དག་ཀྱང་ཡོད་དེ། ཁམས་གང་ཞིག་རང་གི་ལས་བྱེད་བཞིན་པ་རྟེན་བཅས་དང་། ལས་མི་བྱེད་པ་ནི་དེ་མཚུངས་ཡིན་པའི་ཕྱིར། དཔེར་ན། མིག་གིས་གཟུགས་ལ་ལྟ་བ་དང་མི་ལྟ་བའི་སྐབས་ཀྱི་ཁམས་བཞིན་ནོ། །བཞི་པ་ནི། བཅུ་ནི་སྒོམ་པས་སྤང་བྱ་ཡིན། །ལྔ་ཡང་ཐ་མ་གསུམ་རྣམ་གསུམ། །ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་བྱུང་། གཟུགས་ཅན་བཅུ་ནི་ཆོས་ཅན། སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། མཐོང་སྤང་མིན་པའི་སྤང་བྱ་ཡིན་པའི་ཕྱིར། ཟག་བཅས་ཀྱི་རྣམ་པར་ཤེས་པའི་ཁམས་ལྔ་ཡང་ཆོས་ཅན། སྒོམ་སྤང་ཡིན་ཏེ། རྟགས་དེའི་ཕྱིར། ཁམས་ཐ་མ་ཡིད་ཆོས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། མཐོང་སྤང་སྒོམ་སྤང་སྤང་བྱ་མིན་པ་གསུམ་ཡོད་པའི་ཕྱིར། དེར་ཐལ། ཉོན་མོངས་ཅན་འགའ་ཞིག་མཐོང་སྤང་། དེ་མིན་པ་སྔར་བཤད་པ་ལྟ་བུ་སྒོམ་སྤང་། ཟག་མེད་ཀྱི་ཡིད་རྣམས་དེ་གང་རུང་མ་ཡིན་པའི་ཕྱིར། སོ་སོའི་སྐྱེ་བོ་ཆོས་ཅན། མཐོང་སྤང་མིན་ཏེ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར། གཟུགས་ཅན་བཅུ་ཆོས་ཅན། མཐོང་སྤང་མ་ཡིན་ཏེ། གཟུགས་ཡིན་པའི་ཕྱིར། དྲུག་པ་ཡིད་ཆེས་མིན་པ་དབང་པོ་གཟུགས་ཅན་པ་ལས་སྐྱེས་པའི་སྒོ་ལྔའི་དབང་ཤེས་ཆོས་ཅན། མཐོང་སྤང་མིན་ཏེ། ཡུལ་བདེན་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་བྱེད་མ་ཡིན་པའི་ཕྱིར། ཁྱབ་སྟེ། འདིར་མཐོང་སྤང་ནི་ཡུལ་བདེན་བཞིའི་རྣམ་པ་ཅི་རིགས་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་ཉོན་མོངས་ཅན་ཞིག་ལ་བྱེད་པའི་ཕྱིར། དྲུག་པ་ལ། ལྟ་བ་ཡིན་མིན་གྱི་སྒོ་ནས་དབྱེ་བ། ཡུལ་དུ་འགྱུར་ཚུལ་གྱི་སྒོ་ནས། རྟག་མི་རྟག་གི་སྒོ་ནས། དབང་པོ་ཡིན་མིན་གྱི་སྒོ་ནས་དབྱེ་བ་བཞི། དང་པོ་ལ། སྤྱིར་བསྟན་པ། མིག་ལྟ་བར་སྒྲུབ་པ། དབང་པོའི་ཁྱད་ཆོས་གསུམ། དང་པོ་ནི། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་རྣམ་པ་བརྒྱད། །རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ལྟ་བ་དང་ལྟ་མིན་གྱི་ཁྱད་པར་ཡོད་དེ། མིག་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་ལྟ་བ་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་སློབ་མི་སློབ་ཀྱི་གཉིས་ཏེ་རྣམ་པ་བརྒྱད་པོ་ལྟ་བ་ཡིན་ལ། ལྷག་མ་ཕྱེད་དང་བཅུ་བདུན་ལྟ་བ་མ་ཡིན་པའི་ཕྱིར། སྒོ་ལྔའི་རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་ཤེས་རབ་ཉོན་མོངས་ཅན་ཆོས་ཅན། ཡང་དག་པའི་ལྟ་བ་མ་ཡིན་ཏེ། ངེས་རྟོག་མིང་དོན་འཛིན་པའི་ཡང་དག་པའི་རྟོག་པའི་ངོ་བོར་མེད་པའི་ཕྱིར། དེར་ཐལ། དབང་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །མིག་ནི་གཉིས་ཀ་དག་གིས་ཀྱང་། །མཐོང་སྟེ་གསལ་བར་མཐོང་ཕྱིར་རོ། །ཞེས་བྱུང་། མིག་ཆོས་ཅན། ལྟ་བ་ཡིན་ཏེ། གཟུགས་རྣམས་མཐོང་བྱེད་ཡིན་པའི་ཕྱིར། །མིག་གིས་གཟུགས་མཐོང་བ་ནི་རྟེན་དབང་པོ་དང་བཅས་ཤིང་དེ་ལ་རག་ལས་པ་ཡིན་གྱི། དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བ་མིན་ཏེ། རྒྱུ་མཚན་གང་གི་ཕྱིར་དེ་ཁོ་ནས་མཐོང་ན་བར་དུ་ཆོད་པའི་གཟུགས་རྣམས་ཀྱང་མཐོང་དགོས་པ་ལས། དེ་ནི་མཐོང་བ་མིན་པའི་ཕྱིར། ལོ་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། མིག་དབང་ཙམ་གྱིས་གཟུགས་མཐོང་བ་དགག་པའི་ཆེད་དུ་ཡིན་པའི་ཕྱིར། གཟུགས་ཆོས་ཅན། མིག་གཅིག་གིས་མཐོང་ཡང་ཁྱད་པར་ཡོད་དེ། མིག་ནི་གཉིས་ཀ་དག་གིས་ཀྱང་གསལ་བར་མཐོང་བར་འགྱུར་བའི་ཕྱིར། གསུམ་པ་ལ། དབང་པོས་ཡུལ་འཛིན་ཚུལ། དབང་པོ་རྟེན་དུ་འགྱུར་ཚུལ། ས་གང་དུ་གཏོགས་པ་དང་གསུམ། དང་པོ་ནི། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པར་འཛིན་པར་འདོད། །ཞེས་བྱུང་། མིག་དང་ཡིད་དང་རྣ་བ་གསུམ་ནི་ཆོས་ཅན། རང་གི་ཡུལ་དང་མ་ཕྲད་པར་འཛིན་པ་ཡིན་ཏེ། མིག་གིས་རྒྱང་རིང་པོའི་གཟུགས་མཐོང་། རྣ་བས་རྒྱང་རིང་པོའི་སྒྲ་ཐོས། ཡིད་ཀྱིས་དུས་གསུམ་ཀ་ཡུལ་དུ་བྱེད་པས་འཕྲད་མི་དགོས་པའི་ཕྱིར། སྣ་ལ་སོགས་པ་གསུམ་ནི་ཆོས་ཅན། མ་ཕྲད་པ་ལས་གཞན་དུ་འཕྲད་ནས་འཛིན་པ་ཡིན་ཏེ། ཁྱོད་གསུམ་གྱིས་ནི་རང་དང་མཉམ་པའི་ཡུལ་འཛིན་པར་འདོད་པའི་ཕྱིར། དེར་ཐལ། ལྕེས་རང་དང་ཕྲད་པའི་རོའི་རྡུལ་འཛིན་གྱི། མ་ཕྲད་པར་མི་འཛིན། དེ་བཞིན་དུ་སྣ་དང་ལུས་ཀྱིས་ཀྱང་ཕྲད་པའི་ཡུལ་འཛིན་གྱི། མ་ཕྲད་པ་མི་འཛིན་པའི་ཕྱིར། གཉིས་པ་ནི། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དག་ལྷན་ཅིག་སྐྱེས་པའང་ཡིན། །དེ་དག་གྱུར་པས་འགྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན། །དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གིས་ནི་རྣམ་ཤེས་བསྟན། །ཞེས་བྱུང་། ཁམས་ཐ་མ་ཡིན་གྱི་རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་རྟེན་དུ་དུས་གསུམ་ག་མེད་དེ། རང་དུས་ན་འདས་པའི་ཡིད་ཀྱི་བདག་རྐྱེན་ཁོ་ན་ལ་བརྟེན་ནས་སྐྱེས་པའི་ཕྱིར། དབང་པོའི་རྣམ་ཤེས་ལྔ་རྣམས་ཆོས་ཅན། ཁྱོད་ཀྱི་བདག་རྐྱེན་ལ་གཉིས་ཡོད་དེ། རང་དུས་སུ་འདས་པ་དང་ད་ལྟ་བ་གཉིས་ཡོད་པའི་ཕྱིར། དེར་ཐལ། དབང་པོ་དེ་དག་རང་དང་ལྷན་ཅིག་ཏུ་སྐྱེས་པའང་ཡིན་པའི་ཕྱིར། མིག་ལ་སོགས་པ་དབང་པོ་ལྔ་པོ་དེ་དག་ཆོས་ཅན། རང་གི་རྣམ་ཤེས་ཀྱི་རྟེན་ཡིན་ཏེ། དབང་པོ་དེ་དག་གསལ་མི་གསལ་དུ་གྱུར་པ་ལས་རྣམ་ཤེས་དག་ཀྱང་གསལ་མི་གསལ་དུ་འགྱུར་བ་ཉིད་ཀྱི་ཕྱིར། རྟེན་དབང་པོ་ལྔ་པོ་དེ་དག་གི་མིང་གིས་ནི་བརྟེན་པ་རང་རང་གི་རྣམ་ཤེས་ཀྱང་བསྟན་པ་ཡིན་ཏེ། མིག་སོགས་དབང་པོ་ལྔ་པོ་དེ་རང་རང་གི་རྣམ་ཤེས་སོ་སོའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་པའི་ཕྱིར། དེར་ཐལ། མིག་རྣ་བ་སྣ་ལྕེ་ལུས་ཀྱི་རྣམ་ཤེས་ཞེས་པའི་ཐ་སྙད་ནི་རང་རང་གི་བདག་རྐྱེན་ཐུན་མོང་མ་ཡིན་པ་དབང་པོའི་སྒོ་ནས་བརྗོད་ཀྱི། ཐུན་མོང་བའི་བདག་རྐྱེན་གཟུགས་སྒྲ་དྲི་རོ་རེག་བྱའི་སྒོ་ནས་མ་ཡིན་པའི་ཕྱིར། གསུམ་པ་ནི། ལུས་ལ་འོག་མའི་མིག་མ་ཡིན། །མིག་གིས་གོང་མའི་གཟུགས་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་གཟུགས། །ལུས་ཀྱི་འང་གཉིས་ཀ་ཐམས་ཅད་དུ། །རྣ་བའང་དེ་བཞིན་གསུམ་དག་ནི། །ཐམས་ཅད་རང་གི་ས་པ་ཉིད། །ལུས་ཀྱི་རྣམ་ཤེས་འོག་དང་ནི། །རང་གི་ས་ཡི་མ་ངེས་ཏེ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། ས་གོང་མའི་ལུས་ལ་ས་འོག་མའི་མིག་སྐྱེ་བ་མ་ཡིན་ཏེ། གོང་མའི་ལུས་ཀྱིས་འོག་མའི་མིག་ལས་མཆོག་ཏུ་གྱུར་པ་རང་སའི་མིག་གི་རྟེན་བྱེད་པའི་ཕྱིར། ས་འོག་མའི་མིག་གིས་གོང་མའི་གཟུགས་མཐོང་བ་མིན་ཏེ། འོག་མའི་མིག་དམན་ཅིང་། གོང་མའི་གཟུགས་མཆོག་ཡིན་པས་ཡུལ་དུ་བྱེད་མི་ནུས་པའི་ཕྱིར་དང་། འོག་མའི་མིག་གིས་གོང་མའི་རྣམ་པར་ཤེས་པའི་རྟེན་མི་བྱེད་པའང་དེ་དང་འདྲ་བའི་ཕྱིར། རྣམ་ཤེས་དེ་ཡི་ཡུལ་ལ་ས་གསུམ་ཀའི་གཟུགས་ནི་ཡོད་དེ། བསམ་གཏན་དང་པོ་བས་བཞི་པའི་མིག་ཐོབ་པའི་ཚེ་རྣམ་ཤེས་ཀྱིས་རང་ས་དང་པོ། །འོག་ས་འདོད་པ། གོང་ས་བཞི་པའི་གཟུགས་ཡུལ་དུ་བྱེད་པའི་ཕྱིར། ལུས་ཀྱི་འང་རྣམ་ཤེས་དང་ཡུལ་གཉིས་ཀ་ས་གསུམ་དུ་གཏོགས་པ་ཡོད་དེ། སྔ་མ་དང་འདྲ་ཞིང་། རྣ་བའང་དེ་བཞིན་དུ་སྦྱོར་རིགས་པའི་ཕྱིར། སྣ་ལྕེ་ལུས་ཀྱི་རྣམ་པར་ཤེས་པ་གསུམ་པོ་དག་ནི་ཆོས་ཅན། དབང་རྟེན་ཡུལ་དང་བཅས་པ་ཐམས་ཅད་རང་གི་ས་བར་སྤྱིར་མཚུངས་པ་ཉིད་ཡིན་ལ་འོན་ཀྱང་མ་ངེས་ཏེ། ལུས་ཀྱི་རྣམ་ཤེས་ནི་འོག་སར་གཏོགས་པ་ཡོད་ཅིང་། རང་གི་སར་གཏོགས་པ་ནི་འདོད་པ་དང་བསམ་གཏན་དང་པོ་ན་ཡོད་པའི་ཕྱིར། ཡིད་ཀྱི་རྣམ་ཤེས་ཆོས་ཅན། རང་ཡུལ་དང་ས་མཚུངས་པར་མ་ངེས་ཏེ། ས་གོང་འོག་ཐམས་ཅད་ཀྱི་གཟུགས་ཡུལ་དུ་བྱེད་པའི་ཕྱིར། གཉིས་པ་ནི། གཉིས་ཀྱི་རྣམ་ཤེས་ཕྱི་ཡི་ལྔ། །ཞེས་བྱུང་། ཕྱིའི་གཟུགས་སོགས་སྐྱེ་མཆེད་ལྔ་ཆོས་ཅན། རྣམ་ཤེས་གཉིས་གཉིས་ཀྱི་ཡུལ་དུ་འགྱུར་བ་ཡོད་དེ། མིག་གི་རྣམ་ཤེས་སོགས་ལྔ་དང་ཡིད་ཤེས་ཀྱི་ཡུལ་དུའང་འགྱུར་བའི་ཕྱིར། གསུམ་པ་ནི། འདུས་མ་བྱས་ཆོས་རྟག་པའོ། །ཞེས་བྱུང་། འདུས་མ་བྱས་ཀྱི་ཆོས་ཆོས་ཅན། རྟག་པ་ཡིན་ཏེ། མི་འཇིག་པའི་ཆོས་ཡིན་པའི་ཕྱིར། བཞི་པ་ནི། ཆོས་ཀྱི་ཕྱེད་དང་གང་དག་ནི། བཅུ་གཉིས་ནང་གིར་བཤད་དབང་ངོ་། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དབང་པོ་ཡིན་མིན་གྱི་ཁྱད་པར་ཡོད་དེ། ཆོས་ཀྱི་ཕྱེད་ཚོར་བ་བདེ་བ་སོགས་ལྔ་དང་། དད་པའི་དབང་པོ་སོགས་ལྔ་དང་། རྣམ་བྱང་གི་དབང་པོ་གསུམ་སྟེ་བཅུ་གསུམ་དང་། ཁམས་གང་དག་མིག་སོགས་ནང་གི་ཁམས་སུ་བཤད་པ་བཅུ་གཉིས་ནི་དབང་པོ་ཡིན་ལ། དེ་ལས་གཞན་པ་རྣམས་དབང་པོར་མ་བཤད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོ་ལེགས་པར་བཤད་པ་ཡིན་ཏེ། ཚིག་དོན་གྱི་སྒོ་ནས་ལེགས་པར་བཤད་པའི་ཕྱིར་རོ།། །།


no previousཆོས་མངོན་མཛོད་ཀྱི་ཊཱིཀྐ་རྒྱལ་བ་སྲས་བཅས་འཕགས་ཚོགས་ཐམས་ཅད་ཀྱི་དགོངས་དོན།next