Nitartha Digital Library
Tibetan
 
previousམཛོད་ཀྱི་གནས་གཉིས་པའི་ཊཱིཀྐ། next

མཛོད་ཀྱི་གནས་གཉིས་པའི་ཊཱིཀྐ།

མཛོད་ཀྱི་གནས་གཉིས་པའི་ཊཱིཀྐ་བཞུགས།

གཉིས་པ་ཡུལ་ཅན་དབང་པོའི་རབ་དབྱེ་བཤད་པ་ལ། དབང་པོ་ཉེར་གཉིས་ཀྱི་རང་བཞིན། འདུས་བྱས་ཀྱི་ཆོས་རྣམས་ཀྱི་སྐྱེ་ཚུལ། རྒྱུ་རྐྱེན་འབྲས་བུའི་འབྱུང་ཚུལ་གྱི་སྒོ་ནས་བཤད་པ་དང་གསུམ། དང་པོ་ལ། དབང་པོར་འཇོག་པའི་རྒྱུ་མཚན། དབང་པོའི་གྲངས་ངེས། ངོ་བོ། རབ་དབྱེ་དང་བཞི། དང་པོ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ནི། ལྔ་པོ་རྣམས་ནི་དོན་བཞི་ལ། དབང་བྱེད་བཞི་རྣམས་གཉིས་ལ་ལོ་ལྔ་དང་བརྒྱད་པོ་དེ་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། མིག་སོགས་དབང་པོ་ལྔ་པོ་རྣམས་ནི་ཆོས་ཅན། དོན་བཞི་བཞི་ལ་དབང་བྱེད་པ་ཡིན་ཏེ། ལུས་བསྲུང་བ། ལུས་མཛེས་པ། ཡུལ་ལ་དམིགས་པ། རང་འབྲས་རྣམ་ཤེས་སྐྱེད་པ་སྟེ་བཞི་བཞི་རང་སང་བྱེད་པས་ན་དབང་པོ་ཞེས་བརྗོད་པའི་ཕྱིར། དང་པོ་གྲུབ་སྟེ། མིག་གིས་གནོད་བྱེད་མཐོང་ནས་ལུས་སྲུང་། རྣ་བས་དེའི་སྒྲ་ཐོས་ནས་སྲུང་། སྣ་ལྕེ་ལུས་གསུམ་གྱིས་ཁམ་ཟས་ལ་ལོངས་སྤྱོད་པའི་སྒོ་ནས་ལུས་རྒྱས་པར་བྱས་པའི་སྒོ་ནས་སྲུང་བར་བྱེད་པའི་ཕྱིར། གཉིས་པ་གྲུབ་སྟེ། དབང་པོ་དེ་དག་ལུས་ལ་ལྡན་ན་མཛེས་ཤིང་མི་ལྡན་ན་མི་མཛེས་པའི་ཕྱིར། གསུམ་པ་གྲུབ་སྟེ། དབང་པོ་ལྔ་པོ་དེ་དག་གིས་རང་རང་གི་ཡུལ་གཟུགས་སྒྲ་སོགས་ལ་དམིགས་པའི་ཕྱིར། བཞི་པ་གྲུབ་སྟེ། ལྔ་པོ་དེས་རང་རང་གི་རྣམ་ཤེས་ཀྱི་བདག་རྐྱེན་བྱེད་པ་ལ་དབང་བྱེད་པའི་ཕྱིར། ཕོ་མོའི་དབང་པོ་གཉིས་དང་སྲོག་ཡིད་གཉིས་ཏེ་བཞི་རྣམས་ཆོས་ཅན། དོན་གཉིས་གཉིས་ལ་དབང་བྱེད་པ་ཡིན་ཏེ། དང་པོ་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་དེ་ཉིད་ཕོར་མཚོན་ཞིང་། སྐད་གཟེངས་མཐོ་བ་སོགས་ལ་དབང་བྱེད། གཉིས་པས་མོར་མཚོན་ཞིང་སྐད་ཕྲ་བ་སོགས་ལ་དབང་བྱེད། གསུམ་པས་དབང་པོའི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བ་དང་། བྱུང་བ་གནས་པར་བྱང་། བཞི་པས་སྔ་མ་ནས་འདི་དང་འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་བ་སོགས་ལ་དབང་བྱེད་པའི་ཕྱིར། ལོ་ཞེས་སྨྲོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བྱེ་སྨྲའི་འདོད་པ་ལ་མ་རངས་པའི་དགག་པ་འཕེན་པའི་ཕྱིར་ཏེ། དབང་པོ་དེ་དག་གི་དོན་བཤད་ཚུལ་བྱེ་སྨྲའི་དེར་མ་འདུས་པའི་ཕྱིར། ཚོར་བ་བདེ་སྡུག་གཉིས་དང་ཡིད་བདེ་མི་བདེ་གཉིས་དང་བཏང་སྙོམས་ཀྱི་དབང་པོ་ལྔ་ཆོས་ཅན། དབང་པོ་ཞེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པའི་ཕྱིར། དེར་ཐལ། བདེ་བ་ལ་ཆགས། སྡུག་བསྔལ་ལ་ཁྲོ། བཏང་སྙོམས་ལས་ནི་མ་རིག་པ་སྐྱེད་པའི་ཕྱིར། དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ཀྱི་དབང་པོ་ལྔ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་སོགས་གསུམ་སྟེ་བརྒྱད་པོ་དེ་རྣམས་ནི་ཆོས་ཅན། དབང་པོ་ཞེས་བྱ་བ་སྟེ། རྣམ་བྱང་ཕྱོགས་ལ་དབང་བྱེད་པའི་ཕྱིར། དེར་ཐལ། རང་གི་མི་མཐུན་ཕྱོགས་མགོ་མནོན་ཅིང་། རྟོགས་པ་གོང་འཕེལ་དུ་བྱེད་པ་ལ་དབང་བྱེད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཕོ་ཐམས་ཅད་ཕོ་དབང་གིས་ཕོར་མཚོན་ཟེར་ན། དེ་མི་འཐད་པར་ཐལ། གཟུགས་ཁམས་པའི་གང་ཟག་ལ་ཕོ་མོའི་དབྱེ་བ་ཡོད་ཀྱང་། ཕོ་མོའི་དབང་པོ་དེ་མེད་པའི་ཕྱིར། དེར་ཐལ། དེའི་ཕོ་མོ་ནི་སྐད་གདངས་མཐོ་མི་མཐོ་དང་། ནུ་མའི་ཁྱད་པར་གྱིས་འཇོག་པའི་ཕྱིར། ཁ་ཅིག །ཕོའི་དབང་པོ་ལྡན་པའི་གང་ཟག་ཡིན་ན། ཕོ་ཡིན་པས་ཁྱབ་ཟེར་ན། མཚན་གཉིས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཕོ་མོ་གཉིས་ཀའི་དབང་པོ་དང་ལྡན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། མོ་ཡིན་པར་ཐལ། མོ་དབང་དང་ལྡན་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་དོན་གྱིས་སོང་། འདོད་ན། ཕོ་མོ་གཉིས་ཀ་ཡིན་པར་ཐལ་ལོ། །གཉིས་པ་ནི། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག །མོ་ནི་ཕོ་ཉིད་ལ་དབང་ཕྱིར། །ལུས་ལས་མོ་དང་ཕོ་དབང་དག །རིས་གནས་ཀུན་ནས་ཉོན་མོངས་དང་། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་དབང་པོ་ལྔར་འདོད་དོ། །མྱ་ངན་འདས་སོགས་གོང་ནས་གོང་། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང་། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་བྱུང་། མིག་སོགས་དབང་པོ་རྣམས་ཆོས་ཅན། ཁྱོད་ལ་དབང་པོ་ཞེས་བྱ་སྟེ། ཁྱོད་དྲུག་གི་དང་པོ་ལྔས་རང་གི་གཟུང་དོན་གཟུགས་སོགས་ལྔ་དང་། དྲུག་པ་ཡིད་ཀྱིས་ཆོས་ཐམས་ཅད་ལ་དམིགས་པར་བྱེད་པ་ལ་དབང་བྱེད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། ཕོ་མོའི་དབང་པོ་གཉིས་ཆོས་ཅན། རང་གི་རང་བཞིན་ལ་དབང་བྱེད་པས་དབང་པོ་ཞེས་བྱ་སྟེ། མོའི་རང་བཞིན་ང་རོ་ཞེན་པ་དང་སྤྱོད་པ་ཕོ་ལ་སེམས་པ་ཉིད་དང་། ཕོའི་རང་བཞིན་དེ་ལས་ལྡོག་པ་ཉིད་ལ་དབང་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར། དེ་གཉིས་ཆོས་ཅན། ལུས་དབང་གི་ཆ་ཤས་ཡིན་ཏེ། ལུས་ཀྱི་ཆ་ཤས་ལས་གྲུབ་པའི་མོ་དང་ཕོའི་དབང་པོ་དག་ཡིན་པའི་ཕྱིར། སྲོག་གི་དབང་པོ་ཆོས་ཅན། དབང་པོ་ཞེས་བྱ་སྟེ། སེམས་ཅན་གྱི་ཕུང་པོའི་རིགས་འདྲ་གནས་པ་ལ་དབང་བྱེད་པའི་ཕྱིར། ཚོར་བའི་དབང་པོ་རྣམས་དང་། དད་སོགས་ཀྱི་དབང་པོ་ལྔ་ཆོས་ཅན། དབང་པོ་ཞེས་བྱ་སྟེ། རིམ་བཞིན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་དབང་བྱེད་པར་འདོད་པའི་ཕྱིར། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། དེ་བཞིན་དུ་ཀུན་ཤེས་ལྡན་པའི་དབང་པོ་རྣམས་ཆོས་ཅན། དབང་པོ་ཞེས་བྱ་སྟེ། སྔ་མས་ཕྱི་མ་དང་ལྷག་མེད་མྱང་འདས་ཀྱི་བར་གོང་ནས་གོང་དུ་འཐོབ་པ་ལ་དབང་བྱེད་ཅིང་། སོགས་ཏེ་མཐོང་སྒོམ་གྱི་སྤང་བྱ་རིམ་གྱིས་སྤོང་བ་དང་། སྤངས་པ་ལའང་དབང་བྱེད་པའི་ཕྱིར། གཉིས་པ་གྲངས་ངེས་ལ། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ནི། སེམས་ཀྱི་རྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་པ། །དབང་པོ་དག་ཀྱང་དེ་སྙེད་དུ། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། གྲངས་ཅན་སོགས་ན་རེ། དབང་པོ་ཉེར་གཉིས་སུ་གྲངས་མ་ངེས་པར་ཐལ། ངག་དང་རྐང་ལག་དང་འདོམས་དང་ཕོངས་ཀྱི་དབང་པོ་ཡང་ཡོད་པའི་ཕྱིར། ཞེ་ན། སྐྱོན་དེ་མི་འཇུག་པར་ཐལ། སེམས་ཅན་གྱི་ལུས་སེམས་ཀྱི་ཁྱད་པར་གྱི་རྟེན་བྱེད་པའི་ཆ་ནས་རྒྱུ་ཇི་སྙེད་ཡོད་པ་དེ་དག་དང་མཐུན་པར་དབང་པོའི་གྲངས་དག་ཀྱང་དེ་སྙེད་དུ་བཞག་པའི་ཕྱིར། དེར་ཐལ། སེམས་རྣམ་ཤེས་ཀྱི་རྟེན་ནམ་གཞི་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་བཞག །སེམས་ཅན་དེའི་ཕོ་མོའི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས་བཞག །སེམས་ཅན་གྱི་ཕུང་པོའི་རིགས་རྒྱུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ་བཞག །སེམས་ཅན་ཀུན་ནས་ཉོན་མོངས་པ་ལ་སྤྱོད་ཅིང་དབང་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ་སྟེ་ཉོན་མོངས་ཕྱོགས་ཀྱི་དབང་པོ་བཅུ་བཞི་བཞག་ལ། རྣམ་བྱང་གི་རྒྱུ་ཚོགས་པའི་དབང་དུ་བྱས་ནས་དད་སོགས་དབང་པོ་ལྔ་དང་། རྣམ་པར་བྱང་བའི་ངོ་བོར་སྐྱེས་ཤིང་དབང་བྱེད་པ་དང་ལྡན་པའི་ཆ་ནས་དྲི་མེད་ཀྱི་དབང་པོ་གསུམ་བཞག་ཅིང་། འཁོར་བའི་འཇུག་རིམ་གྱི་དབང་གིས་བཅུ་བཞི་དང་། ལྡོག་རིམ་གྱི་དབང་གིས་བརྒྱད་བཞག་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །དབང་པོ་ཉེར་གཉིས་སུ་གྲངས་མ་ངེས་པར་ཐལ། ངག་གི་དབང་པོ་སོགས་ཀྱིས་དབང་པོའི་བྱ་བ་བྱེད་ནུས་པའི་ཕྱིར། དེར་ཐལ། ངག་གིས་གཏམ་སྨྲ། ལག་པས་ལེན་འཇོག །རྐང་པས་འགྲོ་འདུག །འདོམས་ཀྱིས་དགའ་མགུར། ཕོངས་ཀྱིས་རྟུག་པ་འབྱིན་པ་ལ་དབང་བྱེད་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། རེ་རེ་ནས་མ་ངེས་པའི་ཕྱིར། དེར་ཐལ། ཚིག་སྨྲ་བ་སློབ་པ་དང་ཀུན་སློང་ལྟ་བུ་ལ་ལྟོས། སྲོག་ཆགས་འགའི་ཁ་དང་རྐང་པས་ཀྱང་འདེགས་འཇོག་བྱེད། སྦྲུལ་དང་ཉ་སོགས་ལ་རྐང་ལག་མེད་ཀྱང་འགྲོ་འོང་བྱེད། ཕ་ཝང་གི་ཁ་ནས་ཀྱང་རྟུག་པ་འབྱིན་པའི་ཕྱིར། ཁ་ཅིག །ཉན་ཐོས་ཀྱི་ཚོགས་སྦྱོར་ན་དྲི་མེད་ཀྱི་དབང་པོ་གསུམ་ཀ་ཡོད་ཟེར་ན། དེ་མི་འཐད་པར་ཐལ། དྲི་མེད་དབང་པོ་དང་པོ་ཀུན་ཤེས་བྱེད་པའི་དབང་པོ་ལ་མཐོང་ལམ་གྱིས་ཁྱབ། གཉིས་པ་ཀུན་ཤེས་པའི་དབང་པོ་ལ་སྒོམ་ལམ་གྱིས་ཁྱབ། གསུམ་པ་ཀུན་ཤེས་ལྡན་པའི་དབང་པོ་ལ་མི་སློབ་ལམ་གྱིས་ཁྱབ་པའི་ཕྱིར། གཉིས་པ་མདོ་སྡེ་པའི་ལུགས་ནི། ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །ཞེས་བྱུང་། ཡང་ན་དབང་པོ་ཉེར་གཉིས་སུ་གྲངས་ངེས་པ་ཡིན་ཏེ། འཁོར་བར་འཇུག་པའི་རྟེན་གྱི་དབང་དུ་བྱས་ནས་མིག་སོགས་དབང་པོ་དྲུག་དང་། འཁོར་བར་སྐྱེ་བའི་རྒྱུ་བྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས་དང་། རིས་མཐུན་གནས་པའི་དབང་དུ་བྱས་ནས་སྲོག་གི་དབང་པོ་དང་། ཡུམ་ཉེ་བར་ལོངས་སྤྱོད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ་སྟེ་བཅུ་བཞི་བཞག །དེ་བཞིན་དུ་དེ་ལས་ལྡོག་པའི་དབང་དུ་བྱས་ནས་དབང་པོ་གཞན་ཕྱེ་མ་བརྒྱད་རྣམས་བཞག་པའི་ཕྱིར་རོ། །གསུམ་པ་ངོ་བོ་ལ། ཚོར་བའི་དབང་པོ་ལྔ་བཤད་པ་དང་། དྲི་མེད་ཀྱི་དབང་པོ་གསུམ་བཤད་པ་གཉིས། དང་པོ་ནི། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དཔའ་བོའོ་སེམས་པ་ནི། །བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ནི་དེ་ཡིད་བདེ་བ་ཡིན། །སེམས་ཀྱི་སིམ་པ་མ་ཡིན་པ། །ཡིད་མི་བདེ་བའོ་བཏང་སྙོམས་ནི། །བར་མའོ་གཉིས་ཀའི་མི་གཏོགས་ཕྱིར། །ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཚོར་བ་ལ་ལྔར་ཕྱེ་བའི་ཚོར་བ་སྡུག་བསྔལ་གྱི་དབང་པོའི་མཚན་ཉིད་ཡོད་དེ། སིམ་པ་སྟེ་བདེ་བ་མ་ཡིན་པར་གདུང་བར་ཉམས་སུ་མྱོང་བའི་ལུས་ཚོར་དེ་དེ་ཡིན་པའི་ཕྱིར། ཚོར་བ་བདེ་བའི་དབང་པོའི་མཚན་ཉིད་ཡོད་དེ། སིམ་པར་ཉམས་སུ་མྱོང་བའི་ལུས་ཚོར་དང་བསམ་གཏན་གསུམ་པ་ན་ཡོད་པའི་སེམས་ཀྱི་ཚོར་བ་བདེ་བ་གང་རུང་གིས་བསྡུས་པའི་སིམ་པའི་ཚོར་བ་དེ་ནི་དེ་ཡིན་པའི་ཕྱིར། ཚོར་བ་ཡིད་བདེ་བའི་མཚན་ཉིད་ཡོད་དེ། བསམ་གཏན་གསུམ་པ་ལས་གཞན་པའི་སིམ་པར་མྱོང་བའི་སེམས་ཚོར་དེ་དེ་ཡིན་པའི་ཕྱིར། ཚོར་བ་ཡིད་མི་བདེ་བའི་མཚན་ཉིད་ཡོད་དེ། སིམ་པ་མ་ཡིན་པར་གདུང་བར་ཉམས་སུ་མྱོང་བའི་སེམས་ཀྱི་ཚོར་བ་དེ་དེ་ཡིན་པའི་ཕྱིར། ཚོར་བ་བཏང་སྙོམས་ཀྱི་མཚན་ཉིད་ཡོད་དེ། སིམ་གདུང་བར་མ་ཉམས་སུ་མྱོང་བའི་ཚོར་བ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་ནི་བདེ་སྡུག་གཉིས་ཀར་མི་གཏོགས་པར་མྱོང་བའི་ཡུལ་ཅན་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག་ཚོར་བ་སྡུག་བསྔལ་གྱི་དབང་པོ་ཡིན་ན། ཚོར་བ་ལ་ལྔར་ཕྱེ་བའི་སྡུག་བསྔལ་གྱི་དབང་པོ་ཡིན་པས་ཁྱབ་ཟེར་ན། ཚོར་བ་ཡིད་མི་བདེ་བའི་དབང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། ལུས་ཚོར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱི་ཚོར་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ལུས་ཚོར་ཕྱི་ཚོར་དབང་ཤེས་སུ་གྱུར་པའི་ཚོར་བ་རྣམས་དོན་གཅིག་ཡིན་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། ནང་གི་ཚོར་བ་ཡིན་པའི་ཕྱིར། དེར་ཐལ། ཡིད་ཀྱི་ཚོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཡིད་ཀྱི་ཚོར་བ། ནང་གི་ཚོར་བ། ཡིད་ཤེས་སུ་གྱུར་པའི་ཚོར་བ་རྣམས་དོན་གཅིག་པའི་ཕྱིར། ཁ་ཅིག །ཚོར་བ་བདེ་བའི་དབང་པོ་ཡིན་ན། ཚོར་བ་ལ་ལྔར་ཕྱེ་བའི་བདེ་བའི་དབང་པོ་ཡིན་པས་ཁྱབ་ཟེར་ན། ཚོར་བ་ཡིད་བདེ་བའི་དབང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཚོར་བ་ལ་གསུམ་དུ་ཕྱེ་བའི་ཚོར་བ་བདེ་བ་ཡིན་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར་ཁྱབ་སྟེ། དེ་ལྔར་ཕྱེ་བའི་ཚོར་བ་བདེ་བ་གཙོ་བོར་ལུས་ཚོར་ལ་འཇོག་པའི་ཕྱིར། ཁ་ཅིག །དད་སོགས་དབང་པོ་ལྔ་པོ་གང་རུང་ལ་ལམ་གྱི་ཁྱབ་ཟེར་ན། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་དད་པའི་དབང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེར་དཀོན་མཆོག་དང་ལས་འབྲས་དང་བདེན་བཞིའི་བླང་དོར་ལ་དད་ཅིང་འཇུག་པ་ཡོད་པའི་ཕྱིར། འདོད་ན་སླའོ། །གཉིས་པ་དྲི་མེད་ཀྱི་དབང་པོ་ནི། མཐོང་སྒོམ་མི་སློབ་ལམ་ལ་དགུ། ། གསུམ་ཡིན་ཞེས་བྱུང་། ཐེག་པ་གསུམ་གའི་མཐོང་ལམ་ཆོས་ཅན། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ཏེ། བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། མཐོང་ལམ་ཆོས་ཅན། ཁྱོད་ལ་དབྱེ་ན་དགུ་ཡོད་དེ། རང་གི་ངོ་བོར་གྱུར་པའི་དད་སོགས་དབང་པོ་ལྔ་དང་། ཡིད་དང་ཚོར་བ་བདེ་བ་དང་ཡིད་བདེ་བཏང་སྙོམས་དང་དགུ་ཡོད་པའི་ཕྱིར། སྒོམ་ལམ་རྣམས་ཆོས་ཅན། ཀུན་ཤེས་པའི་དབང་པོ་ཡིན་ཏེ། ཟག་མེད་ཀྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། དབྱེ་ན་དགུ་ཡོད་དེ། སྔར་ལྟར་དགུ་ཡོད་པའི་ཕྱིར། མི་སློབ་ལམ་རྣམས་ཆོས་ཅན། ཀུན་ཤེས་ལྡན་པའི་དབང་པོ་ཡིན་ཏེ། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་ངོ་བོ་ལྡན་པའི་ཟག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། དབྱེ་ན་དགུ་ཡོད་དེ། སྔར་ལྟར་ཡོད་པའི་ཕྱིར། བཞི་པ་དབང་པོའི་དབྱེ་བ་ལ། དབང་པོའི་དབྱེ་བ་དངོས། དེ་རྙེད་གཏོང་གི་ཚུལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ་ཚུལ། དབང་པོ་ལྡན་ཚུལ་བཞི། དང་པོ་ལ། ཉིས་ཚན་དང་། སུམ་ཚན་གྱི་དབྱེ་བ་གཉིས། དང་པོ་ལ། ཟག་པ་དང་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ། རྣམ་སྨིན་ཡིན་མིན་གྱི་སྒོ་ནས། རྣམ་སྨིན་དང་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་གསུམ། དང་པོ་ནི། གསུམ་ནི་དྲི་མ་མེད། །གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཟག་དང་བཅས་པ་དགུ་རྣམ་གཉིས། ཞེས་བྱུང་། བཤད་མ་ཐག་པའི་ཀུན་ཤེས་ཀྱི་དབང་པོ་གསུམ་ཆོས་ཅན། ཟག་མེད་ཁོ་ན་ཡིན་ཏེ། དྲི་མེད་ཀྱི་དབང་པོ་ཡིན་པའི་ཕྱིར། དབང་པོ་གཟུགས་ཅན་བདུན་དང་སྲོག་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་དགུ་པོ་དག་ཆོས་ཅན། ཟག་པ་དང་བཅས་པ་ཁོ་ན་ཡིན་ཏེ། ལམ་བདེན་དུ་མ་གཏོགས་པའི་འདུས་བྱས་ཡིན་པའི་ཕྱིར། དད་སོགས་དབང་པོ་ལྔ། ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས། ཡིད་དབང་དང་དགུ་ཆོས་ཅན། ཟག་བཅས་ཡིན་མིན་གྱིས་རྣམ་པ་གཉིས་ཡོད་དེ། ལམ་བདེན་གྱིས་བསྡུས་མ་བསྡུས་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས། །ཐ་མ་བརྒྱད་དང་ཡིད་མི་བདེ། །མ་གཏོགས་པ་སྟེ་ཞེས་བྱུང་། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། དབང་པོ་ཉེར་གཉིས་ལ་རྣམ་སྨིན་ཡིན་མིན་གྱི་ཁྱད་པར་ཡོད་དེ། སྲོག་ནི་རྣམ་སྨིན་ཁོ་ན་ཡིན་ལ། དད་སོགས་ལྔ་དང་དྲི་མེད་གསུམ་སྟེ་ཐ་མ་བརྒྱད་དང་ཡིད་མི་བདེ་བ་རྣམས་རྣམ་སྨིན་མ་ཡིན་པ་ཁོ་ན་ཡིན་ཞིང་། དེ་རྣམས་མ་གཏོགས་པ་དབང་པོ་གཟུགས་ཅན་བདུན། ཚོར་བ་གཞན་བཞི་དང་ཡིད་དབང་དང་བཅུ་གཉིས་ལ་རྣམ་སྨིན་ཡིན་མིན་གཉིས་ཀ་ཡོད་པའི་ཕྱིར། སྲོག་ནི་རྣམ་སྨིན་ཁོ་ན་ཡིན་ཏེ། བདེ་འགྲོ་དང་ངན་འགྲོའི་སྲོག་ནི་དགེ་མི་དགེའི་རྣམ་སྨིན་ཉིད་ཡིན་པའི་ཕྱིར། དད་སོགས་བརྒྱད་ཆོས་ཅན། རྣམ་སྨིན་མ་ཡིན་ཏེ། དགེ་བ་ཡིན་པའི་ཕྱིར། ཡིད་མི་བདེ་བ་ཆོས་ཅན། རྣམ་སྨིན་མ་ཡིན་ཏེ། ཁྱོད་ལ་དགེ་མི་དགེ་གཉིས་འབྱུང་བའི་ཕྱིར་ཏེ། སྡིག་པས་ཡིད་མི་བདེ་བ་དགེ་བ་དང་། ཞེ་སྡང་གིས་ཡིད་མི་བདེ་བ་མི་དགེ་བ་ཡིན་པའི་ཕྱིར། མིག་རྣ་བ་སྣ་ལྕེ་ལུས་ཕོ་མོའི་དབང་པོ་བདུན་ལ་རྣམ་སྨིན་ཡིན་མིན་གཉིས་ཡོད་དེ། དེ་བདུན་ལས་ཀྱིས་བྱུང་བ་ནི་རྣམ་སྨིན་དང་། རྒྱས་བྱུང་རྣམས་ནི་རྣམ་སྨིན་མ་ཡིན་པའི་ཕྱིར། ཚོར་བ་ཡིད་བདེ་བ་ལས་གཞན་བཞི་དང་ཡིད་དབང་དང་ལྔ་ལ་རྣམ་སྨིན་ཡིན་མིན་གཉིས་ཀ་ཡོད་དེ། དེ་རྣམས་ཀྱི་དགེ་བ་དང་ཉོན་མོངས་ཅན་སོགས་རྣམ་སྨིན་མ་ཡིན་ལ། ལས་སྐྱེས་འགའ་ཞིག་ནི་རྣམ་སྨིན་ཡིན་པའི་ཕྱིར། དེར་ཐལ། རྣམ་སྨིན་ནི་ལུང་མ་བསྟན་ཡིན་ཡང་འབད་རྩོལ་ལ་མི་བལྟོས་ཤིང་། དགེ་མི་དགེ་དང་འབད་པས་བསྒྲུབ་དགོས་པའི་ལུང་མ་བསྟན་རྣམས་རྣམ་སྨིན་མ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སྲོག་ལ་རྣམ་སྨིན་གྱིས་མ་ཁྱབ་པར་ཐལ། འབྱུང་བ་རྒྱས་པ་ལས་བྱུང་བའི་སྲོག་ནི་རྣམ་སྨིན་མ་ཡིན་པར་འདོད་པ་སོགས་དུ་མ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། བཙུན་པ་དབྱངས་སྒྲོགས་རྗེས་འབྲང་དང་བཅས་པས་དེ་ལྟར་འདོད་པའི་ཕྱིར། ཁ་ཅིག་ཚེ་འདིའི་ཕུང་པོ་ལྔ་རྣམ་སྨིན་ཡིན་པར་ཐལ། ཚེ་འདིའི་སྐྱེ་བ་བླངས་པའི་ཆ་དང་ལུས་གྲུབ་པའང་རྣམ་སྨིན་ཡིན་པའི་ཕྱིར། འདོད་ན། དེ་གང་རུང་ཡིན་ན། རྣམ་སྨིན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན། མ་ཁྱབ་སྟེ། དེ་ལ་རྣམ་སྨིན་གྱི་འགྱུར་བ་ཡིན་ལ། རྣམ་སྨིན་མ་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། དེ་ལས་ཕྱིས་རྒྱས་བྱུང་དུ་གྱུར་པ་ཡོད་པའི་ཕྱིར། གསུམ་པ་ནི། དེ་གཅིག་ནི། རྣམ་པར་སྨིན་བཅས་བཅུ་རྣམ་གཉིས། །ཡིད་དང་ཚོར་གཞན་དད་ལ་སོགས། །ཞེས་བྱུང་། ཤེས་བྱ་ཆོས་ཅན། དབང་པོ་ཉེར་གཉིས་ལ་རྣམ་པར་སྨིན་པ་བཅས་མ་བཅས་ཡིན་མིན་གཉིས་ཡོད་དེ། ཡིད་མི་བདེ་བ་དེ་གཅིག་པུ་ནི་འབྲས་བུ་རྣམ་སྨིན་དང་བཅས་ལ། ཡིད་དབང་དང་ཚོར་བ་གཞན་བཞི་དད་པ་ལ་སོགས་པའི་དབང་པོ་ལྔ་སྟེ་བཅུ་ལ་རྣམ་སྨིན་དང་བཅས་མ་བཅས་རྣམས་པ་གཉིས་ཡོད་པའི་ཕྱིར། ཕྱི་མ་དེར་ཐལ། དད་སོགས་ཟག་བཅས་རྣམ་སྨིན་དང་བཅས་ཤིང་། ཟག་མེད་རྣམས་རྣམ་སྨིན་དང་མ་བཅས་ལ། ཡིད་དང་ཚོར་བ་གཞན་བཞི་དགེ་མི་དགེ་ནི་རྣམ་སྨིན་དང་བཅས་ཤིང་། དེ་ལས་གཞན་རྣམ་སྨིན་དང་མ་བཅས་པའི་ཕྱིར། ལྷག་མ་རྣམས་ལ་རྣམ་སྨིན་མེད་དེ། སྲོག་གི་དབང་པོ་དང་གཟུགས་ཅན་བདུན་ནི་ལུང་མ་བསྟན་ཡིན་པས་རྣམ་སྨིན་མེད་ལ། དྲི་མེད་གསུམ་ནི་ཟག་མེད་ཡིན་པས་རྣམ་སྨིན་མེད་པའི་ཕྱིར། གཉིས་པ་ལ། དགེ་སོགས་གསུམ་དང་། ཁམས་གསུམ་དང་། མཐོང་སྤང་སོགས་གསུམ་གྱི་སྒོ་ནས་དབྱེ་བ་གསུམ། དང་པོ་ནི། དགེ་བ་བརྒྱད་ཡིད་མི་བདེ་བ། །རྣམ་གཉིས་ཡིད་དང་ཚོར་གཞན་ནི། །རྣམ་གསུམ་གཞན་ནི་རྣམ་པ་གཅིག །ཅེས་བྱུང་། ཤེས་བྱ་ཆོས་ཅན། དབང་པོ་དེ་ལས་གཅིག་ཏུ་དགེ་བ་ཡིན་པ་ཡོད་དེ། རྣམ་བྱང་གི་དབང་པོ་བརྒྱད་པོ་དེ་དེ་ཡིན་པའི་ཕྱིར། ཡིད་མི་བདེ་བ་ཆོས་ཅན། དགེ་མི་དགེ་རྣམ་པ་གཉིས་ཡོད་དེ། དགེ་བ་བྱས་པ་ལ་ཡིད་མི་བདེ་བ་མི་དགེ་བ་དང་། མི་དགེ་བ་བྱས་པ་ལ་ཡིད་མི་བདེ་བ་དགེ་བ་ཡིན་པའི་ཕྱིར། ཡིད་དང་ཚོར་བ་གཞན་བཞི་ཆོས་ཅན། དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡོད་དེ། དགེ་སོགས་གསུམ་གྱི་སེམས་དང་མཚུངས་ལྡན་གསུམ་ཡོད་པའི་ཕྱིར། གཞན་དབང་པོ་གཟུགས་ཅན་བདུན་དང་སྲོག་དབང་དང་བརྒྱད་ཆོས་ཅན། རྣམ་པ་གཅིག་ཏུ་ལུང་མ་བསྟན་ཡིན་ཏེ། དགེ་མི་དགེ་གང་རུང་གིས་བསྡུས་པ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། གཉིས་པ་ནི། དྲི་མེད་མ་གཏོགས་འདོད་པར་གཏོགས། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང་། །བདེ་བའང་མ་གཏོགས་གཟུགས་མེད་གཏོགས། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འདོད་ཁམས་ཀྱི་སར་གཏོགས་བཅུ་དགུ་ཡོད་དེ། དྲི་མེད་ཀྱི་དབང་པོ་གསུམ་པོ་མ་གཏོགས་གཞན་བཅུ་དགུ་པོ་རྣམས་དེ་ལྟར་ཡིན་པའི་ཕྱིར། དབང་པོ་ཉེར་གཉིས་པོ་ཆོས་ཅན། ཁྱོད་ལས་གཟུགས་ཀྱི་སར་གཏོགས་པ་བཅོ་ལྔ་ཡོད་དེ། སྔར་གྱི་བཅུ་དགུ་ལས་ཕོ་མོའི་དབང་པོ་དང་། ཚོར་བ་སྡུག་བསྔལ་དང་། ཡིད་མི་བདེ་བ་དག་སྟེ་བཞི་མ་གཏོགས་པའི་བཅོ་ལྔ་པོ་དེ་དེ་ཡིན་པའི་ཕྱིར། གཟུགས་མེད་ཀྱི་སར་གཏོགས་བརྒྱད་ཡོད་དེ། དབང་པོ་གཟུགས་ཅན་བདུན་དང་བདེ་མི་བདེ་སོགས་བཞི་དང་དྲི་མེད་གསུམ་མ་གཏོགས། སྲོག་ཡིད་བཏང་སྙོམས་གསུམ་དང་དད་སོགས་ལྔ་སྟེ་བརྒྱད་ཡོད་པའི་ཕྱིར། གསུམ་པ་ནི། ཡིད་དང་ཚོར་བ་གསུམ་རྣམ་གསུམ། །གཉིས་ཀྱིས་སྤང་བྱ་ཡིད་མིན་ཏེ། །དགུ་ནི་སྒོམ་པས་ལྔ་པོ་ནི། །སྤང་བར་བྱ་མིན་ཡང་གསུམ་མིན། །ཞེས་བྱུང་། ཡིད་དང་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་པོ་ཆོས་ཅན། ཁྱོད་ལ་མཐོང་སྤང་སྒོམ་སྤང་སྤང་བྱ་མིན་པ་རྣམ་པ་གསུམ་གའི་ཆ་ཡོད་དེ། མཐོང་སྤང་དང་མཚུངས་ལྡན་རྣམས་མཐོང་སྤང་ཡིན་ལ། དེ་ལས་གཞན་པའི་ཟག་བཅས་རྣམས་སྒོམ་སྤང་དང་། ཟག་མེད་རྣམས་སྤང་བྱ་མ་ཡིན་པའི་ཕྱིར། ཚོར་བ་ཡིད་མི་བདེ་བ་ཆོས་ཅན། ཁྱོད་ལ་མཐོང་སྒོམ་གཉིས་ཀྱིས་སྤང་བར་བྱ་བའི་ཆ་གཉིས་ཡོད་དེ། མཐོང་སྤང་དང་མཚུངས་ལྡན་ཡིན་མིན་གཉིས་ཡོད་པའི་ཕྱིར། དབང་པོ་གཟུགས་ཅན་བདུན་དང་སྲོག་དང་ཚོར་བ་སྡུག་བསྔལ་གྱི་དབང་པོ་དགུ་ཆོས་ཅན། སྒོམ་པས་སྤང་པར་བྱ་བ་ཡིན་ཏེ། མཐོང་སྤང་མ་ཡིན་པའི་ཟག་བཅས་ཡིན་པའི་ཕྱིར། དད་སོགས་ལྔ་པོ་ཆོས་ཅན། སྒོམ་པས་སྤང་བར་བྱ་བ་མ་ཡིན་པ་ཡང་ཡོད་ལ་དེའི་སྤང་བྱ་ཡིན་པ་ཡང་ཡོད་དེ། ཟག་མེད་སྤང་བྱ་མིན་ཡང་ཟག་བཅས་སྒོམ་སྤང་ཡིན་པའི་ཕྱིར། དྲི་མེད་ཀྱི་དབང་པོ་གསུམ་ཆོས་ཅན། སྤང་བྱ་མིན་པར་ངེས་ཏེ། ཟག་མེད་ཡིན་པའི་ཕྱིར་རོ། །གཉིས་པ་རྙེད་གཏོར་གི་ཚུལ་ལ། རྙེད་པའི་ཚུལ་དང་། གཏོར་བའི་ཚུལ་གཉིས། དང་པོ་ལ། འདོད་པ་དང་། གོང་མའི་དབང་དུ་བྱས་པ་གཉིས། དང་པོ་ལ། མངལ་སྐྱེས་དང་། རྫུས་སྐྱེས་ཀྱི་དབང་དུ་བྱས་པ་གཉིས་ཏེ། འདོད་པར་དང་པོར་རྣམ་སྨིན་གཉིས། །རྙེད་དེ་རྫུས་ཏེ་སྐྱེ་བས་མིན། །དེ་ལས་དྲུག་གམ་བདུན་ནམ་བརྒྱད། །ཅེས་བྱུང་། ཤེས་བྱ་ཆོས་ཅན། འདོད་པར་མངལ་སྐྱེས་སོགས་གསུམ་སྐྱེ་བའི་ཚེ་དང་པོར་རྣམ་སྨིན་གྱི་དབང་པོ་དུ་ཞིག་རྙེད་ཚུལ་ཡོད་དེ། ལུས་སྲོག་གི་དབང་པོ་གསར་དུ་རྙེད་ལ། དེའི་ཚེ་དད་སོགས་དང་ཡིད་དང་བཏང་སྙོམས་སོགས་འགའ་ཞིང་རྙེད་ཀྱང་དེ་རྣམས་ནི་རྣམ་སྨིན་མ་ཡིན་པའི་ཕྱིར། འོན་ཀྱང་འདོད་པར་རྫུས་ཏེ་སྐྱེ་བས་ནི་རྣམ་སྨིན་སྲོག་ལུས་གཉིས་ཁོ་ན་རྙེད་པ་མ་ཡིན་ཏེ། བསྐལ་པ་དང་པོའི་མི་ལྟར་མཚན་གཉིས་ཀ་མེད་ན་རྣམ་སྨིན་དུ་གྱུར་པའི་མིག་སོགས་ལྔ་དང་སྲོག་དང་དྲུག །འདོད་ལྷ་ལྟ་བུས་དེ་ལས་མིག་སོགས་དྲུག་དང་ཕོ་མོའི་དབང་པོ་གང་རུང་དང་བདུན། ངན་འགྲོ་ལྟ་བུས་མིག་སོགས་དྲུག་དང་མཚན་གཉིས་བསྣན་ནས་བརྒྱད་རྙེད་པའི་ཕྱིར། གཉིས་པ་ནི། གཟུགས་ན་དྲུག་གོ་གོང་མར་གཅིག །ཞེས་བྱུང་། ཤེས་བྱ་ཆོས་ཅན། གཟུགས་སུ་ཉིང་མཚམས་སྦྱོར་བའི་དང་པོར་དབང་པོ་དྲུག་རྙེད་དེ། མིག་སོགས་ལྔ་དང་སྲོག་དང་དྲུག་རྙེད་པའི་ཕྱིར། དེའི་གོང་མ་གཟུགས་མེད་དུ་མང་པོ་ཅིག་ཅར་དུ་རྙེད་པ་མ་ཡིན་ཏེ། རྣམ་སྨིན་སྲོག་སྐྱེས་གཅིག་པུ་རྙེད་པའི་ཕྱིར། དེར་ཐལ། གཟུགས་མེད་ཁམས་ན་གཟུགས་ཅན་གྱི་དབང་པོ་རྣམས་མེད་པའི་ཕྱིར། གཉིས་པ་ལ། ཉོན་མོངས་ཅན་ལུང་མ་བསྟན་གྱི་གཏོང་ཚུལ་དང་། དགེ་སེམས་ཅན་གྱི་གཏོང་ཚུལ་གཉིས། དང་པོ་ལ། ཁམས་གོང་མ་དང་། འདོད་ཁམས་ཀྱི་གཏོང་ཚུལ་གཉིས། དང་པོ་ནི། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། །འགག་པར་འགྱུར་རོ་གཟུགས་ན་བརྒྱད། ། ཅེས་བྱུང་། ཤེས་བྱ་ཆོས་ཅན། གཟུགས་མེད་དག་ཏུ་འཆི་བའི་ཚེ་ན་དབང་པོ་དུ་ཞུག་གཅིག་ཅར་དུ་གཏོང་ཚུལ་ཡོད་དེ། སྲོག་དང་ཡིད་དང་བཏང་སྙོམས་གསུམ་ཉིད་ཅིག་ཅར་དུ་འགག་པར་འགྱུར་བའི་ཕྱིར། གཟུགས་ཁམས་སུ་གཏོང་ཚུལ་ཡོད་དེ། སྔ་མ་གསུམ་དང་མིག་སོགས་ལྔ་སྟེ་བརྒྱད་ཅིག་ཅར་འགག་པར་འགྱུར་བའི་ཕྱིར། དེར་ཐལ། རྫུས་སྐྱེས་ལ་དབང་པོ་ལྔ་ཚང་བར་འགྱུར་བའི་ཕྱིར། གཉིས་པ་ནི། འདོད་པར་བཅུ་འམ་དགུ་འམ་བརྒྱད། རིམ་གྱིས་འཆི་བདག་ལ་བཞི། ཞེས་བྱུང་། ཤེས་བྱ་ཆོས་ཅན། འདོད་པར་མཚན་གཉིས་པ་ཅིག་ཅར་འཆི་བའི་ཚེ་དབང་པོ་དུ་ཞིག་འགག་ཚུལ་ཡོད་དེ། མིག་སོགས་ལྔ་དང་སྲོག་ཡིད་བཏང་སྙོམས་གསུམ་ཕོ་མོའི་དབང་པོ་གཉིས་ཏེ་བཅུ་ཅིག་ཅར་གཏོང་བའི་ཕྱིར། མཚན་གཅིག་པ་ཆོས་ཅན། ཁྱོད་ཀྱིས་དབང་པོ་གཏོང་ཚུལ་ཡོད་དེ། སྔ་མ་བརྒྱད་ཀྱི་སྟེང་ཕོ་མོའི་དབང་པོ་གང་རུང་ཞིག་དང་བཅས་པ་དགུ་ཅིག་ཅར་གཏོང་བའི་ཕྱིར། འདོད་ཁམས་པ་རིམ་གྱིས་འཆི་བ་དག་ལ་ཆོས་ཅན། གཏོང་ཚུལ་ཡོད་དེ། ལུས་སྲོག་ཡིད་བཏང་སྙོམས་བཞི་ཅིག་ཅར་གཏོང་བའི་ཕྱིར། དེར་ཐལ། དེ་དག་སོ་སོར་ཕྲལ་ནས་མི་འཆི་བའི་ཕྱིར། གཉིས་པ་ནི། དགེ་ལ་ཐམས་ཅད་དག་དང་ལྔ། ཞེས་བྱུང་། དགེ་སེམས་ཅན་ཆོས་ཅན། ཁྱོད་འཆི་བའི་ཚེ་སྔ་མ་ལས་མང་སྟེ། གོང་དུ་བཤད་པ་ལྟར་འགག་པའི་གནས་སྐབས་ཐམས་ཅད་དུ་དེ་དག་དང་དད་སོགས་དབང་པོ་ལྔ་ཅིག་ཅར་འགག་དགོས་པའི་ཕྱིར། གསུམ་པ་ནི། འབྲས་བུ་ཐ་མ་གཉིས་དགུས་འཐོང་། །གཉིས་ནི་བདུན་དང་བརྒྱད་དང་དགུས། །བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །ཞེས་བྱུང་། འབྲས་བུ་ཐ་མ་སྔ་ཕྱི་གཉིས་ལས་རྒྱུན་ཞུགས་ཀྱི་འབྲས་བུ་ཆོས་ཅན། ཟག་མེད་ཀྱི་དབང་པོ་དགུས་འཐོབ་སྟེ། ལམ་རྗེས་ཤེས་ཀྱི་ངོ་བོར་གྱུར་པའི་དད་སོགས་དབང་པོ་ལྔ། ཡིད་དབང་། བཏང་སྙོམས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་སྟེ་བརྒྱད་དང་། ལམ་རྗེས་ཤེས་ཀྱི་ངོ་བོར་གྱུར་པའི་ཀུན་ཤེས་པའི་དབང་པོ་དང་དགུས་ཐོབ་པའི་ཕྱིིར། ཕྱི་མ་དགྲ་བཅོམ་པའི་འབྲས་བུ་ཆོས་ཅན། དབང་པོ་དགུས་ཐོབ་སྟེ། སྒོམ་ལམ་རྡོ་རྗེ་ལྟ་བུའི་ངོ་བོར་གྱུར་པའི་དད་སོགས་ལྔ་དང་ཚོར་བ་བདེ་བ་ཡིད་དབང་ཡིད་བདེ་བཏང་སྙོམས་གསུམ་གང་རུང་། ཀུན་ཤེས་པའི་དབང་པོ་སྟེ་བརྒྱད་དང་། མི་སློབ་ལམ་གྱི་ངོ་བོར་གྱུར་པའི་ཀུན་ཤེས་ལྡན་པའི་དབང་པོ་དང་དགུས་ཐོབ་པའི་ཕྱིར། འབྲས་བུ་བར་པ་གཉིས་ནི་ཆོས་ཅན། ཐོབ་ཚུལ་ཡོད་དེ། དབང་པོ་བདུན་དང་བརྒྱད་དང་དགུས་ཐོབ་པ་གསུམ་ཡོད་པའི་ཕྱིར། དེར་ཐལ། ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཐོབ་པར་བྱེད་ན་དད་སོགས་ལྔ་དང་མི་ལྕོགས་མེད་པའི་ངོ་བོར་གྱུར་པའི་ཡིད་དང་བཏང་སྙོམས་བདུན་གྱིས་ཐོབ། མཐར་གྱིས་པ་ལྷག་མཐོང་ལ་ཤས་ཆེར་སྤྱད་པ་ཡིན་ན། དད་སོགས་དང་མེ་ལྕགས་མེད་པའི་ཡིད་དང་ཚོར་བ་བཏང་སྙོམས་ཏེ་བདུན་དང་ཀུན་ཤེས་པའི་དབང་པོ་དང་བརྒྱད་ཀྱིས་ཐོབ། ཆགས་བྲལ་གྱི་འབྲས་བུ་ནི་རྒྱུན་ཞུགས་ལྟར་མཐོང་ལམ་གྱི་ངོ་བོར་གྱུར་པའི་དབང་པོ་བརྒྱད་དང་ལམ་རྗེས་ཤེས་དང་དགུས་ཐོབ་པའི་ཕྱིར། རབ་ཏུ་བྱེད་པར་དགྲ་བཅོམ་པའི་འབྲས་བུ་དབང་པོ་བཅུ་གཅིག་དག་གིས་ཐོབ་པར་བཤད་པ་དང་མི་འགལ་ཏེ། དེས་དགྲ་བཅོམ་པའི་འབྲས་བུ་ཉིད་འགལ་ཞིག་ཐོབ་སྲིད་པ་ལ་དགོངས་ནས་བཤད་པའི་ཕྱིར། བཞི་པ་ལྡན་ཚུལ་ལ། ངེས་ལྡན་དང་། སྲིད་ལྡན་གཉིས། དང་པོ་ལ། ཕན་ཚུན་ངེས་ལྡན་དང་། དབང་པོ་གཞན་ངེས་ལྡན་གྱི་ཚུལ་གཉིས། དང་པོ་ནི། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་པ་ངེས་ལྡན་གསུམ། །ཞེས་བྱུང་། བཏང་སྙོམས་དང་ནི་སྲོག་དང་ཡིད་དབང་གསུམ་ཆོས་ཅན། ངེས་ལྡན་ཡིན་ཏེ། ཕན་ཚུན་ངེས་ལྡན་ཡིན་པའི་ཕྱིར་དེར་ཐལ་གང་རུང་གཅིག་དང་ལྡན་ན་གཞན་གཉིས་ཀྱང་ལྡན་པར་ངེས་པའི་ཕྱིར། དེ་ཆོས་ཅན། ཁྱབ་པའི་ངེས་ལྡན་ཡིན་ཏེ། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར། དེར་ཐལ། དེ་གསུམ་དང་མི་ལྡན་པའི་གང་ཟག་མི་སྲིད་པའི་ཕྱིར། གཉིས་པ་ནི། བདེ་ལུས་ལྡན་ལ་བཞི་དག་དང་། །མིག་སོགས་ལྡན་ལ་ལྔ་དང་ལྡན། །ཡིད་བདེ་ལྡན་ཡང་སྡུག་བསྔལ་ལྡན། །བདུན་དང་མོ་ཡི་དབང་སོགས་ལྡན། །བརྒྱད་དང་ཀུན་ཤེས་ལྡན་པ་ཡི། །དབང་པོ་ལྡན་ལ་བཅུ་གཅིག་ལྡན། །ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །ཞེས་བྱུང་། བདེ་བ་ཆོས་ཅན། ཁྱོད་དང་ལྡན་ན་དབང་པོ་བཞི་དག་དང་ལྡན་པས་ཁྱབ་སྟེ། ངེས་ལྡན་གསུམ་གྱི་སྟེང་དུ་བདེ་བ་དང་བཞི་ལྡན་པའི་ཕྱིར། ལུས་དབང་ཆོས་ཅན། ཁྱོད་དང་ལྡན་ན་བཞི་དག་དང་ལྡན་ཏེ། ངེས་ལྡན་གསུམ་དང་ཁྱོད་དང་བཅས་བཞི་ལྡན་པའི་ཕྱིར། མིག་སོགས་དབང་པོ་ལྔ་ཆོས་ཅན། ཁྱོད་སོ་སོ་དང་ལྡན་ན་ལྔ་དང་ལྡན་ཏེ། ངེས་ལྡན་གསུམ་དང་ལུས་དང་བཞིའི་སྟེང་དུ་ཁྱོད་གང་རུང་གཅིག་སྟེ་ལྔ་དང་ལྡན་པའི་ཕྱིར། ཡིད་བདེ་ཆོས་ཅན། ཁྱོད་དང་ལྡན་ན་ཡང་ལྔ་དང་ལྡན་ཏེ། བདེ་བ་དང་ཡིད་བདེ་བ་སྟེ་ལྔ་དང་ལྡན་པའི་ཕྱིར། སྡུག་བསྔལ་གྱི་དབང་པོ་ཆོས་ཅན། ཁྱོད་དང་ལྡན་ན་དབང་པོ་བདུན་དང་ལྡན་ཏེ། ངེས་ལྡན་གསུམ། སྡུག་བསྔལ་བདེ་བ་ཡིན་བདེ་བ་བཏང་སྙོམས་བཅས་ལྡན་པའི་ཕྱིར། མོ་ཡི་དབང་པོ་དང་སོགས་ཏེ་ཕོའི་དབང་པོ་ཡིད་མི་བདེ་དང་དད་སོགས་གང་རུང་སྟེ་བཞི་དང་ལྡན་ན་བརྒྱད་དང་ལྡན་ཏེ། སྔ་མ་བདུན་དང་ཕོ་མོའི་དབང་པོ་གང་རུང་སྟེ་བརྒྱད་དང་ལྡན་པ་དང་། ཡིད་མི་བདེ་དང་། དད་སོགས་གང་རུང་དང་ལྡན་ན་སྔར་ལྟར་བདུན་དང་བཅས་བརྒྱད་དང་ལྡན་པས་ཁྱབ་པའི་ཕྱིར། ཀུན་ཤེས་དང་དེ་ལྡན་པའི་དབང་པོ་ཆོས་ཅན། ཁྱོད་དང་ལྡན་ན་བཅུ་གཅིག་དང་ལྡན་ཏེ། བདེ་བ་ཡིད་བདེ་བཏང་སྙོམས་སྲོག་ཡིད་དང་དད་སོགས་ལྔ་ཀུན་ཤེས་པའི་དབང་པོའམ་དེ་ལྡན་པའི་དབང་པོ་དང་བཅུ་གཅིག་ལྡན་པའི་ཕྱིར། ཀུན་ཤེས་བྱེད་པའི་དབང་པོ་ཆོས་ཅན། ཁྱོད་དང་ལྡན་ན་བཅུ་གསུམ་དག་དང་ལྡན་པས་ཁྱབ་སྟེ། ཡིད་སྲོག་ལུས་གསུམ་དང་ཚོར་བའི་དབང་པོ་གཉིས། དད་སོགས་ལྔ་དང་། ཡིད་བདེ་བཏང་སྙོམས་གཉིས། ཁྱོད་རང་བཅས་བཅུ་གསུམ་ལྡན་པའི་ཕྱིར། གཉིས་པ་སྲིད་ལྡན་ལ། ཉུང་ལྡན་དང་། མང་ལྡན་གཉིས། དང་པོ་ནི། དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །གཟུགས་མེད་བྱིས་པའང་དེ་བཞིན་ཏེ། །བཏང་སྙོམས་སྲོག་ཡིད་དགེ་རྣམས་དང་། །ཞེས་བྱུང་། དགེ་རྩ་ཆད་ནས་མེད་པའི་གང་ཟག་གི་ནང་ནས་དབང་པོ་ཉུང་ངུ་དང་ལྡན་ན་བརྒྱད་དང་ལྡན་ཏེ། ལུས་ཚོར་བ་ལྔ་དང་སྲོག་ཡིད་བརྒྱད་དང་ལྡན་པའི་ཕྱིར། གཟུགས་མེད་ཀྱི་བྱིས་པའང་ཆོས་ཅན། དབང་པོ་བརྒྱད་དང་ལྡན་ཏེ། སྔ་མ་དེ་བཞིན་དུ་བཏང་སྙོམས་སྲོག་ཡིད་དང་དད་སོགས་དགེ་བ་ལྔ་སྟེ་བརྒྱད་རྣམས་དང་ལྡན་པའི་ཕྱིར། གཉིས་པ་ནི། མང་པོར་ལྡན་ལ་བཅུ་དགུ་སྟེ། དྲི་མ་མེད་རྣམས་མ་གཏོགས་སོ། །ཞེས་བྱུང་། མཚན་གཉིས་དང་ལྡན་པའི་འདོད་པའི་སོ་སྐྱེ་ཆོས་ཅན། དབང་པོ་མང་པོ་དང་ལྡན་ཏེ། དྲི་མེད་ཀྱི་དབང་པོ་རྣམས་མ་གཏོགས་བཅུ་དགུ་དང་ལྡན་པའི་ཕྱིར། རྒྱུན་ཞུགས་དང་ཕྱིར་འོང་ལྟ་བུའི་འཕགས་པ་ཆགས་བཅས་ཆོས་ཅན། དབང་པོ་བཅུ་དགུ་དང་ལྡན་ཏེ། སྔར་གྱི་སྟེང་ནས་ཕོ་མོའི་མཚན་མ་གང་རུང་གཅིག་མ་གཏོགས་བཅོ་བརྒྱད་དང་། དྲི་མེད་ཕྱི་མ་གཉིས་མ་གཏོགས་པ་ལྷག་མ་རྣམས་དང་ལྡན་པའི་ཕྱིར་རོ། ༧ །གཉིས་པ་འདུས་བྱས་སྐྱེ་ཚུལ་ལ། །གཟུགས་ཚན་སྐྱེ་ཚུལ་དང་། དེ་མིན་པའི་སྐྱེ་ཚུལ་གཉིས། དང་པོ་ནི། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུའོ། །དབང་པོ་གཞན་ལྡན་རྫས་བཅུའོ། །ཞེས་བྱུང་། འདི་ལ་གཉིས། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་པ་ན་དབང་པོས་ཟིན་པ་མེད་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བའི་ཚེ་རྡུལ་རྫས་བརྒྱད་ཅིག་ཆར་དུ་སྐྱེ་སྟེ། དེ་སྐྱེ་བའི་ཚེ་འབྱུང་བཞིའི་རྡུལ་དང་སྒྲ་མེད་པ་སྟེ་མ་གཏོགས་པའི་གཟུགས་དྲི་རོ་རེག་བྱའི་རྡུལ་ཕྲ་རབ་བཅས་བརྒྱད་ཅིག་ཅར་དུ་སྐྱེ་བའི་ཕྱིར། འདོད་པར་ལུས་དབང་དང་ལྡན་པ་ལ་རྫས་དགུ་ཅིག་ཅར་སྐྱེ་སྟེ། སྔ་མ་བརྒྱད་ལུས་དབང་དང་དགུ་སྐྱེ་བའི་ཕྱིར། དབང་པོ་གཞན་མིག་རྣ་བ་སྣ་ལྕེ་དང་ལྡན་པ་ལ་རྫས་བཅུ་དུས་ཅིག་ཅར་སྐྱེ་སྟེ། སྔ་མ་དགུ་དང་མགོ་སོགས་གང་རུང་བཅས་བཅུ་སྐྱེ་བའི་ཕྱིར། གཉིས་པ་ལ། ཁ་ཅིག །རྫས་རྡུལ་ཕྲ་རབ་མེད་པར་ཐལ། བསགས་རྡུལ་ཕྲ་རབ་ལས་ཆུང་བའི་རྡུལ་མེད་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། །རང་འགྲེལ་ལས། དེ་ཡང་ཆུང་བ་ནི་མི་མངོན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། གངས་སྤེལ་ལས། རྡུལ་ཕྲ་རབ་ནི་རྣམ་པ་གཉིས་ཏེ། རྫས་ཀྱི་རྡུལ་ཕྲ་རབ་དང་བསགས་པའི་རྡུལ་ཕྲ་རབ་བོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སློབ་དཔོན་གྱིས་རྫས་རྡུལ་ཕྲ་རབ་བཞེད་པར་ཐལ། བྱེ་སྨྲའི་ལུགས་འདིར་དེ་ཡོད་པར་འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་བར་ཐལ། སློབ་དཔོན་དང་མདོ་སྡེ་པས་དེ་ཁས་མི་ལེན་པར་བཤད་པའི་ཕྱིར། ཁ་ཅིག །འདོད་པའི་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཕྲ་རབ་གཅིག་ལ། རྡུལ་ཕྲ་རབ་བརྒྱད་ཡོད་པར་ཐལ། དེ་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟ་བུའི་གོང་བུ་ཕྲ་རབ་གཅིག་ཡོད་པའི་ཕྱིར་ན་སྔ་མར་མ་ཁྱབ། འདོད་ན། དེ་མི་འཐད་པར་ཐལ། རྡུལ་རྫས་བརྒྱད་འདྲེན་པའི་ཚེ་ས་ཆུ་མེ་རླུང་བཞི་དང་། གཟུགས་དྲི་རོ་རེག་བྱ་བཞི་སྟེ་བརྒྱད་ཀྱི་རྫས་འདྲེན་པ་གང་ཞིག །དེ་ལྟར་རྡུལ་བརྒྱད་འདུས་པར་རྡུལ་ཕྲ་རབ་གཅིག་ཏུ་ཁས་ལེན་དགོས་པའི་སྐྱོན་ཡོད་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། རྡུལ་རྫས་བརྒྱད་འདུས་ཅེས་པ་ནི་རྫས་སམ་ནུས་པ་འདུས་པ་ཡིན་གྱི། རྫས་རིལ་རིལ་བརྒྱད་ཚང་བའི་དོན་མ་ཡིན་པའི་ཕྱིར། ཁ་ཅིག །རྡོ་སྲ་བ་ལྟ་བུ་ཞིག་ལ་ས་ཁམས་ཡོད་ཀྱང་གཞན་གསུམ་མེད་པར་ཐལ། དེ་ལ་རླུང་རྫས་མེད་པའི་ཕྱིར། དེར་ཐལ། དེ་ལ་གཡོ་བ་མེད་པའི་ཕྱིར། དེར་ཐལ། དེ་གཡོ་བའི་ཁམས་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། གཞན་གསུམ་ཡོད་པར་ཐལ། དེ་ལས་སྡུད་པ་དང་མེ་ཁམས་དྲོ་བ་དང་ཆུ་རྫས་གཤེར་བ་དང་རླུང་ཁམས་གཡོ་བ་རྣམས་ཡོད་པའི་ཕྱིར། དེར་ཐལ། དེ་ལ་ས་ཁམས་ཤས་ཆེ་ཡང་གཞན་གསུམ་ནུས་པའི་ཚུལ་གྱིས་ཡོད་པའི་ཕྱིར། ཁ་ཅིག །བསགས་རྡུལ་ཕྲ་རབ་གཅིག་ལ་རྡུལ་རྫས་བརྒྱད་ངོ་བོ་ཐ་དད་དུ་དམིགས་པར་ཐལ། དེ་ལ་རྡུལ་རྫས་བརྒྱད་ཚང་བའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེ་ལ་དེ་བརྒྱད་ཀྱི་ངོ་བོ་སོ་སོར་བཟུང་བར་མི་ནུས་པའི་ཕྱིར། གཉིས་པ་ལ། མཚུངས་ལྡན་འདུ་བྱེད་དང་། ལྡན་མིན་འདུ་བྱེད་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཐམས་ཅད་འདུས་བྱས་མཚན་ཉིད་དང་། ཐོབ་པའམ་ཞེས་བྱུང་། ཤེས་བྱ་ཆོས་ཅན། གཙོ་སེམས་གཅིག་སྐྱེ་བའི་ཚེ་འཁོར་སེམས་བྱུང་དང་ལྷན་ཅིག་ངེས་པར་སྐྱེ་བས་ཁྱབ་སྟེ། སེམས་སེམས་བྱུང་གཉིས་ཕན་ཚུན་གཅིག་མེད་པར་ཅིག་ཤོས་མ་སྐྱེས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། འདི་དག་ནི་ཕན་ཚུན་མེད་ན་འབྱུང་བར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། འདུས་བྱས་ཐམས་ཅད་ཆོས་ཅན། སྐྱེ་བའི་ཚེ་རང་གི་མཚན་ཉིད་སྐྱེ་འགག་གནས་གསུམ་མི་རྟག་པ་དང་བཞི་ལྷན་ཅིག་སྐྱེ་བར་ཁྱབ་སྟེ། དེ་རྣམས་དང་འབྲལ་མེད་དུ་ལྡན་པས་ཁྱབ་པའི་ཕྱིར། གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་འདུས་བྱས་ཆོས་ཅན། ཁྱོད་ཡིན་ན་སྔ་མའི་སྟེང་དུ་རང་གི་ཐོབ་པ་དང་ལྷན་ཅིག་སྐྱེ་བས་ཀྱང་ཁྱབ་སྟེ། ཁྱོད་ཡིན་ན་གང་ཟག་དེ་ཉིད་ཀྱི་རྒྱུད་ལ་ལྡན་པར་བྱེད་པའི་རྫས་ཞིག་ཡོད་པས་ཁྱབ་པའི་ཕྱིར། འམ་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། རྒྱུད་དུ་གཏོགས་མི་གཏོགས་ལ་ཐོབ་པ་ཡོད་མེད་ཀྱི་ཁྱད་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། སེམས་བྱུང་སྤྱིའི་རྣམ་གཞག །གཙོ་སེམས་གང་གི་འཁོར་དུ་སེམས་བྱུང་དུ་འགྲོ་བ། ཞར་ལ་སེམས་བྱུང་འགའ་ཞིག་གི་ཁྱད་པར་བཤད་པ་གསུམ། དང་པོ་ལ། ངེས་པའི་མཚུངས་ལྡན་འདུ་བྱེད་དང་། མ་ངེས་པའི་མཚུངས་ལྡན་འདུ་བྱེད་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། སེམས་བྱུང་རྣམ་ལྔ་སྟེ། ས་མང་ལ་སོགས་ཐ་དད་ཕྱིར། ཞེས་བྱུང་། ངེས་པའི་མཚུངས་ལྡན་གྱི་སེམས་བྱུང་ཆོས་ཅན། ཁྱོད་ལ་སྐྱེ་ཚུལ་རྣམ་པ་ལྔ་ཡོད་དེ། སེམས་ཀྱི་ས་མང་པོ་ལ་སོགས་ཏེ་དགེ་བའི་ས་བ། ཉོན་མོངས་ཆེན་པོའི་ས་བ། མི་དགེ་བའི་ས་བ། ཉོན་མོངས་ཆུང་ངུའི་ས་བ་སྟེ་ཐ་དད་པ་ལྔ་ཡོད་པའི་ཕྱིར། གཉིས་པ་ལ་ལྔའི་དང་པོ་ནི། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འདི་པའི་ལུགས་ཀྱི་ས་མང་པོ་པ་བཅུ་ཡོད་དེ། ཡུལ་མྱོང་བའི་ཚོར་བ་དང་། འདུ་བྱེད་པའི་སེམས་པ་དང་། ཡུལ་དང་འདུས་ནས་ཤེས་པའི་འདུ་ཤེས་དང་། དོན་དུ་གཉེར་བའི་འདུན་པ་དང་། ཡུལ་དབང་རྣམ་ཤེས་གསུམ་དང་ཕྲད་ནས་སྐྱེས་པའི་རེག་པ་དང་། ཆོས་རྣམ་པར་འབྱེད་པའི་བློ་གྲོས་ཤེས་རབ་དང་། མི་བརྗེད་པའི་དྲན་པ་དང་། སེམས་ཀྱི་འཇུག་པ་ཡིད་ལ་བྱེད་པ་དང་། ཡུལ་དེ་འདོད་པའི་མོས་པ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་དང་བཅུ་ཡོད་པའི་ཕྱིར། དེ་བཅུ་ཆོས་ཅན། ས་མང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སེམས་ཀྱི་སྐད་ཅིག་ཐམས་ཅད་དང་ས་ཐམས་ཅད་ལ་འབྱུང་བའི་ཕྱིར། ལྔའི་གཉིས་པ་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་བྱུང་། སེམས་དངས་བའི་དད་པ་དང་། ཡོན་ཏན་ལ་གཅེས་སྤྲས་བྱེད་པའི་བག་ཡོད་དང་། སེམས་ལས་རུང་གི་ཤིན་ཏུ་སྦྱངས་པ་དང་། སེམས་མཉམ་པ་ཉིད་ཀྱི་འདུ་བྱེད་བཏང་སྙོམས་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཆགས་མེད་དང་ཞེ་སྡང་མེད་པའི་རྩ་བ་གཉིས་དང་། གཞན་ལ་མི་འཚེ་བ་དང་། དགེ་བའི་བརྩོན་འགྲུས་དང་བཅུ་ཆོས་ཅན། དགེ་བའི་ས་མང་ཞེས་བྱ་སྟེ། དགེ་བའི་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་ཕྱིར། གསུམ་པ་ནི། རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །ཞེས་བྱུང་། རྨོངས་པ་སྟེ་མ་རིག་པ་དང་། བག་མེད་དང་། ལེ་ལོ་དང་། མ་དད་པ་དང་། རྨུགས་སེམས་དང་། མ་ཞི་བའི་རྒོད་པ་དང་དྲུག་ཆོས་ཅན། ཉོན་མོངས་ཆེན་པོའི་ས་པ་ཡིན་ཏེ། རྟག་ཏུ་ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཕྱིར། བཞི་པ་ནི། མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ་ཞེས་བྱུང་། ཁྲེལ་མེད་དང་ངོ་ཚ་མེད་པ་གཉིས་ཆོས་ཅན། མི་དགེ་བའི་ས་མང་ཡིན་ཏེ། མི་དགེ་བའི་ས་མང་པོ་ཐམས་ཅད་ཀྱི་འཁོར་ཁོ་ནར་འབྱུང་བའི་ཕྱིར། ལྔ་པ་ནི། ཁྲོ་བ་དང་། ཁོན་དུ་འཛིན་དང་གཡོ་དང་ནི། ཕྲག་དོག་འཚེག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་བ་རྣམས། །ཞེས་བྱུང་། མནར་སེམས་ཀྱིས་ཁྲོ་བ་དང་། ཤ་གཉེར་བའི་འཁོན་དུ་འཛིན་པ་དང་། སེམས་སྒྱུར་བའི་གཡོ་དང་། གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་དང་། སྡིག་ལ་ཞེན་པའི་འཚིག་པ་དང་། ཉེས་པ་སྦེད་པའི་འཆབ་སེམས་དང་། སེར་སྣ་དང་། ཡོན་ཏན་དེ་མེད་ཀྱང་ཡོད་པར་སྟོན་པའི་སྒྱུ་དང་། རང་གི་ཆོས་ལ་ཆགས་པའི་རྒྱགས་པ་དང་། གཞན་ལ་འཐོ་འཚམ་པའི་རྣམ་འཚེ་དང་བཅུ་པོ་རྣམས་ཆོས་ཅན། ཉོན་མོངས་ཆུང་ངུའི་ས་པ་ཡིན་ཏེ། གྲོགགས་ཆུང་ངུ་སྤང་བྱའི་སྒོ་ནས་ཆུང་ངུ་ས་རྣམས་ཀྱི་ཆུང་ངུར་བཞག་པའི་ཕྱིར། དེར་ཐལ། གྲོགས་མ་རིག་པ་དང་མཚུངས་ལྡན། སྒོམ་སྤང་ཁོ་ན། འདོད་པའི་སས་བསྡུས་པའི་ཡིད་ཀྱི་རྣམ་ཤེས་ཁོ་ན་དང་མཚུངས་ལྡན་ཡིན་པའི་ཕྱིར། གཉིས་པ་མ་ངེས་པའི་མཚུངས་ལྡན་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་བཞི་དང་། གཞན་འགྱུར་བཞི་དང་བརྒྱད་པོ་ཆོས་ཅན། མ་ངེས་པ་ཞེས་བྱ་སྟེ། ས་དེ་གང་དུའང་མ་ངེས་པའི་ཕྱིར། གཉིས་པ་ལ། འདོད་པ་དང་། ཁམས་གོང་མའི་དབང་དུ་བྱས་པ་གཉིས། དང་པོ་ལ། དགེ་བ་དང་། མི་དགེ་བ་དང་། ལུང་མ་བསྟན་གྱི་དབང་དུ་བྱས་པ་གསུམ། དང་པོ་ནི། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ལ་ལ་དག་ཏུ་འགྱོད་པ་བསྣན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འདོད་པའི་དགེ་སེམས་ཀྱི་འཁོར་དུ་སེམས་ལས་བྱུང་བ་ཉི་ཤུ་རྩ་གཉིས་ཡོད་དེ། སེམས་ཀྱི་ས་མང་བཅུ། དགེ་བའི་ས་མང་བཅུ། རྟོག་དཔྱོད་གཉིས་དང་བཅས་པའི་ཉེར་གཉིས་ཡོད་པའི་ཕྱིར། ཉེར་གསུམ་འབྱུང་བའང་ཡོད་དེ། ལ་ལ་དག་ཏུ་སྡིག་པ་ལ་འགྱོད་པ་བསྣན་པས་དེ་ལྟར་དུ་འབྱུང་བའི་ཕྱིར། གཉིས་པ་ལ་མ་འདྲེས་པ་དང་། འདྲེས་པ་གཉིས་ཀྱི་དང་པོ་ནི། མི་དགེ་ལ་ནི་མ་འདྲེས་དང་། །ལྟ་དང་ལྡན་ལའང་ཉི་ཤུ་འབྱུང་། །ཞེས་བྱུང་། ཆགས་སོགས་གཞན་དང་མ་འདྲེས་པའི་ལྟ་བ་ཕྱི་མ་གསུམ་དང་མཚུང་ལྡན་གྱི་འདོད་པའི་མི་དགེ་བའི་སེམས་ཆོས་ཅན། ཁྱོད་ཀྱི་འཁོར་དུ་སེམས་བྱུང་ཉི་ཤུ་འབྱུང་བ་ཡོད་དེ། སེམས་ཀྱི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་མང་དྲུག །དགེ་བའི་ས་མང་གཉིས། རྟོག་དཔྱོད་གཉིས་རྣམས་འབྱུང་བ་ཡོད་པའི་ཕྱིར། གཉིས་པ་ནི། ཉོན་མོངས་བཞི་དང་ཁྲོ་སོགས་དང་། །འགྱོད་པ་དང་ནི་ཉི་ཤུ་གཅིག །ཞེས་བྱུང་། འདོད་ཆགས་ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་ཉོན་མོངས་ཅན་བཞི་མཚུངས་ལྡན་ངེས་པའི་སེམས་ཆོས་ཅན། ཁྱོད་ཀྱི་འཁོར་དུ་ཉེར་གཅིག་འབྱུང་སྟེ། སྔ་མ་ཉི་ཤུ་དང་འདོད་ཆགས་སོགས་བཞི་པོ་གང་རུང་གཅིག་དང་ཉི་ཤུ་རྩ་གཅིག་འབྱུང་བའི་ཕྱིར། ཁྲོ་སོགས་ནས་རྣམ་འཚེའི་བར་གྱི་ཉེ་ཉོན་བཅུ་རྣམས་དང་མཚུངས་ལྡན་གྱི་མི་དགེ་བའི་སེམས་ཆོས་ཅན། ཁྱོད་ཀྱི་འཁོར་ལའང་ཉི་ཤུ་རྩ་གཅིག་འབྱུང་སྟེ། སྔ་མ་ཉི་ཤུ་དང་ཉེ་ཉོན་དེ་དང་དེ་གང་རུང་བསྣན་པས་ཉེར་གཅིག་འབྱུང་བའི་ཕྱིར། འགྱོད་པ་ལའང་དེ་དང་འདྲ་བ་འབྱུང་སྟེ། སྔ་མ་ཉི་ཤུ་དང་དེ་ལ་དགེ་མི་དགེ་གཉིས་ཡོད་པའི་གང་རུང་འབྱུང་བའི་ཕྱིར། གསུམ་པ་ནི། བསྒྲིབས་ལ་བཅོ་བརྒྱད་ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། །གཉིད་ནི་ཀུན་དང་མི་འགལ་ཕྱིར། །གང་ལ་ཡོད་པ་དེ་བསྣན་ནོ། །ཞེས་བྱུང་། བསྒྲིབས་ལུང་མ་བསྟན་གྱི་གཙོ་སེམས་ཆོས་ཅན། ཁྱོད་ཀྱི་འཁོར་དུ་བཅོ་བརྒྱད་འབྱུང་བ་ཡོད་དེ། སེམས་ཀྱི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་མང་དྲུག །རྟོག་དཔྱོད་གཉིས་དང་བཅས་པ་འབྱུང་བ་ཡོད་པའི་ཕྱིར། གཞན་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་ཆོས་ཅན། ཁྱོད་ལ་བཅུ་གཉིས་འབྱུང་བ་ཡོད་དེ། སེམས་ཀྱི་ས་མང་བཅུ་དང་། རྟོག་དཔྱོད་གཉིས་རྣམས་འབྱུང་བ་ཡོད་པའི་ཕྱིར། གཉིད་ནི་ཆོས་ཅན། ཁྱོད་དགེ་མི་དགེ་བསྒྲིབས་མ་བསྒྲིབས་ལུང་མ་བསྟན་གང་ལ་ཡོད་པ་དེ་ལ་བསྣན་རིགས་ཏེ། དེ་ཀུན་དང་མི་འགལ་བའི་ཕྱིར། དེར་ཐལ། ཁྱོད་དུ་གྱུར་པའི་དེ་རྣམས་ཡོད་པའི་ཕྱིར། དེ་དག་ལས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་དང་དེ་སྐྱེ་བའི་གོ་སྐབས་ཀྱི་ཡུལ་ཡིན་པས་ན་སའམ་ས་པ་ཞེས་བརྗོད་པའི་ཕྱིར། གཉིས་པ་ཁམས་གོང་མའི་དབང་དུ་བྱས་པ་ནི། དེ་ལ་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །རྟོག་པའང་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པ་ཡང་། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སེམས་བྱུང་དེ་ལས་འགྱོད་པ་དང་གཉིད་དང་མི་དགེ་བ་རྣམས་ནི་བསམ་གཏན་དང་པོ་དག་ན་མེད་དེ། །དེ་དག་ལ་ཆགས་པ་དང་བྲལ་བའི་ཕྱིར་དང་། དེར་མ་ཟད། རྟོག་དཔྱོད་ཀྱི་རྟོག་པའང་བསམ་གཏན་ཁྱད་པར་ཅན་ན་མེད་ལ། དེའི་གོང་བསམ་གཏན་གཉིས་པ་ཡན་ཆད་ན་དཔྱོད་པ་ཡང་མེད་པའི་ཕྱིར། ཡང་སྒྲའི་དོན་ཡོད་དེ། དེར་མི་དགེ་བའི་རྟོག་དཔྱོད་སོགས་མེད་པར་མ་ཟད། གཡོ་སྒྱུ་ཡང་མེད་ཅེས་པ་ཡིན་པའི་ཕྱིར། གསུམ་པ་སེམས་བྱུང་འགའ་ཞིག་གི་ཁྱད་པར་ལ། སེམས་བྱུང་བརྒྱད་ཀྱི་ཁྱད་པར་དང་། སེམས་སེམས་བྱུང་གི་མིང་གི་རྣམ་གྲངས་གཉིས། དང་པོ་ནི། མ་གུས་ངོ་ཚ་མེད་ཁྲེལ་མེད། ཁ་ན་མ་ཐོ་འཇིགས་མེ་ལྟ། །དགའ་དང་གུས་ཉིད་ངོ་ཚ་ཤེས། །དེ་གཉིས་འདོད་དང་གཟུགས་དག་ན། །རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ང་རྒྱལ་ཁེངས་པ་རྒྱགས་པ་ནི། །རང་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་གཏོགས་པའོ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སེམས་བྱུང་གི་ངོ་ཚ་མེད་པ་དང་ཁྲེལ་མེད་ཀྱི་ཁྱད་པར་ཡོད་དེ། བྱེ་སྨྲ་ལྟར་ན་ཡོན་ཏན་དང་ཡོན་ཏན་ཅན་ལ་མ་གུས་པ་ངོ་ཚ་མེད་པ་དང་། ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བ་ནི་ཁྲེལ་མེད་པ་ཡིན་ལ། སློབ་དཔོན་ལྟར་ན་རང་དང་གཞན་ལ་ལྟོས་ནས་ཉེས་པ་ལ་མི་འཛེམ་པ་གཉིས་རིམ་པ་བཞིན་ངོ་ཚ་མེད་པ་དང་ཁྲེལ་མེད་དུ་འཇོག་པའི་ཕྱིར། གཉིས་པ་དེར་ཐལ། དེར་གཉིས་ལས་ལྡོག་པ་ནི་ངོ་ཚ་ཡོད་པ་དང་ཁྲེལ་ཡོད་ཡིན་པའི་ཕྱིར། དགའ་བ་དང་གུས་པ་ཉིད་ཀྱི་ཁྱད་པར་ཡོད་དེ། ཡུལ་ལ་དགའ་བ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་ཡོད་དེ། ཡུལ་ཁྱད་པར་ཅན་ལ་དད་ཅིང་གུས་པ་ནི་ངོ་ཚ་ཤེས་པ་ཡིན་པའི་ཕྱིར། ཟུར་དང་པོ་དེར་ཐལ། དགའ་བ་ལ་བུ་དང་ཆུང་མ་སོགས་ལ་དགའ་བ་དང་། ཡོན་ཏན་ཅན་ལ་དགའ་བ་གཉིས་ཡོད་ཅིང་། སྤྱིར་དགའ་དད་ལ་མུ་བཞི་ཡོད་པའི་ཕྱིར། དགའ་བ་དང་གུས་པ་དེ་གཉིས་ནི་འདོད་པ་དང་གཟུགས་ཁམས་དག་ན་ཡོད་ཀྱང་གཟུགས་མེད་ན་མེད་དེ། གཟུགས་མེད་ན་གང་ཟག་ཕན་ཚུན་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར། རྟོག་པ་དང་དཔྱོད་པ་གཉིས་ཀྱི་ཁྱད་པར་ཡོད་དེ། རྟོག་པ་ནི་རྩིང་བ་དང་དཔྱོད་པ་ནི་ཞིབ་པ་ཉིད་ཀྱི་རྣམ་པས་འཇུག་པའི་ཕྱིར། ང་རྒྱལ་ཆོས་ཅན། ཡོད་དེ། སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་འཇོག་པའི་ཕྱིར། །རྒྱགས་པ་ཆོས་ཅན། འཇོག་ཚུལ་ཡོད་དེ། རང་གི་ཆོས་ལ་རང་གིས་ཆགས་ལ་ཆགས་པ་ཡི་སེམས་ཡོངས་སུ་གཏུགས་པའི་སེམས་བྱུང་ཞིག་ལ་འཇོག་པའི་ཕྱིར། ང་རྒྱལ་དང་ཁྱད་པར་ཡོད་དེ། དེ་ནི་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་འཇོག་པའི་ཕྱིར། གཉིས་པ་ནི། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་སེམས་དང་སེམས་བྱུང་དང་། །རྟེན་དང་དམིགས་དང་རྣམ་བཅས་དང་། །མཚུངས་པར་ལྡན་པ་རྣམ་པ་ལྔ། །ཞེས་བྱུང་། གསུང་རབ་ནས་བཤད་པའི་སེམས་དང་ཡིད་དང་རྣམ་ཤེས་རྣམས་ཆོས་ཅན། དོན་ཐ་དད་པ་མ་ཡིན་ཏེ། དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། རྣམ་པར་རིག་པའི་གཙོ་སེམས་སུ་མཚུངས་པའི་ཕྱིར། མིང་གིས་ཐ་དད་དུ་བཤད་པའི་སྒྲ་དོན་ཡོད་དེ། དོན་རྣམ་པར་འབྱེད་པས་ན་སེམས་དང་། དོན་ཤེས་པས་ཡིད་དང་། ཡུལ་གཟུགས་སོགས་ལ་དམིགས་ནས་རྣམ་པར་ཤེས་པར་བྱེད་པས་ན་རྣམ་ཤེས་སུ་བཤད་པའི་ཕྱིར། མདོ་སེམས་གཉིས་ན་རེ། རྣམ་གྲངས་ཀྱི་ཐ་དད་དེ། བག་ཆགས་བསགས་པས་ན་སེམས་དང་། རྟེན་དུ་གྱུར་པས་ན་ཡིད་དང་། ད་ལྟའི་དངོས་པོ་ལ་བལྟོས་པས་ན་རྣམ་ཤེས་སུ་བཤད་པའི་ཕྱིར་གསུང་། སེམས་དང་སེམས་བྱུང་རྣམས་ཆོས་ཅན། ཁྱོད་རྟེན་བཅས་དང་དམིགས་བཅས་དང་རྣམ་བཅས་དང་མཚུངས་ལྡན་ཞེས་བརྗོད་ཅིང་། དོན་གཅིག་ལ་འཇུག་སྟེ། ཁྱོད་དབང་པོ་ལ་བརྟེན། ཡུལ་ལ་དམིགས་རྣམ་པ་ཁྱད་པར་དུ་གཅོད། མཚུངས་པར་ལྡན་པ་རྣམ་པ་ལྔ་དང་བཅས་པའི་ཕྱིར། ཕྱི་མ་དེར་ཐལ། རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་ལྔ་མཚུངས་པའི་ཕྱིར། དེ་ལྔས་མཚུངས་ཏེ། གཙོ་སེམས་རྟེན་གང་ལ་བརྟེན་པ་དེ་ལ་འཁོར་སེམས་བྱུང་རྣམས་ཀྱང་བརྟེན། དམིགས་པ་གང་ལས་སེམས་སྐྱེ་བ་དེ་ལས་འཁོར་སེམས་བྱུང་རྣམས་སྐྱེ། སེམས་ཡུལ་གང་གི་རྣམ་པར་སྐྱེས་པ་ལྟར་འཁོར་སེམས་བྱུང་རྣམས་ཀྱང་སྐྱེས། སེམས་དུས་གང་གི་ཚེ་སྐྱེས་པ་ན་འཁོར་སེམས་བྱུང་རྣམས་ཀྱང་སྐྱེས། སེམས་རྫས་རིགས་གཅིག་པ་ལྟར་དེ་དང་འཁོར་སེམས་བྱུང་རྣམས་ཀྱང་རྫས་རིགས་གཅིག་པའི་ཕྱིར། གོང་དུ་བཤད་པའི་སེམས་སེམས་བྱུང་ལ་སྤྱི་དོན་གྱིས་མདོར་བསྡུས་བཤད་ན། གཙོ་སེམས་ཀྱི་མཚན་ཉིད་ཡོད་དེ། རང་གི་འཁོར་སེམས་བྱུང་དང་མཚུངས་ལྡན་ལྔས་མཚུངས་པའི་རྣམ་རིག་དེ་དེ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་དྲུག་ཡོད་དེ། རྣམ་ཤེས་ཚོགས་དྲུག་ཡོད་པའི་ཕྱིར། སེམས་བྱུང་གི་མཚན་ཉིད་ཡོད་དེ། གཙོ་སེམས་གང་གི་འཁོར་དུ་བྱུང་ཞིང་དེ་དང་མཚུངས་ལྡན་རྣམ་པ་ལྔས་མཚུངས་པའི་རིག་པ་དེ་དེ་ཡིན་པའི་ཕྱིར། དབྱེ་བ་ཡོད་དེ། ཀུན་བཏུས་ལྟར་ན་ང་གཅིག་དང་། སྐབས་འདིའི་སྡེ་ཚན་ལྔས་དབྱེ་ན་ཞེ་དྲུག་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། སེམས་ཀྱི་ས་མང་བཅུ། དགེ་བའི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་མང་དྲུག་མི་དགེ་བའི་ས་པ་གཉིས། ཉོན་མོངས་ཆུང་ངུའི་ས་པ་བཅུ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་བཞི། གཞན་འགྱུར་བཞི་དང་བརྒྱད་རྣམས་སུ་ཡོད་པའི་ཕྱིར། གཙོ་འཁོར་གྱི་དོན་ཡོད་དེ། སེམས་ལ་རྟེན་དམིགས་པ་སོགས་ལྔ་རང་དབང་ཡོད། སེམས་བྱུང་རྣམས་སེམས་ཀྱི་དེ་ལ་མ་བརྟེན་པར་དེ་ལྔ་རང་དབང་དུ་མེད་པའི་ཕྱིར། ཁ་ཅིག་བརྩོན་འགྲུས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པར་ཐལ། གཉིད་དང་འགྱོད་པ་ལ་དེ་གསུམ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། མི་དགེ་བའི་ཕྱོགས་དང་བྱ་བ་གཞན་ངན་པ་ལ་འབད་པའི་བརྩོན་འགྲུས་ཏེ་བརྩོན་འགྲུས་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལེ་ལོ་ངན་ལ་ཞེན་པ་དང་། ཞེས་གསུངས་པའི་ཕྱིར། ཁ་ཅིག་དགེ་བའི་རྩ་བ་གསུམ་མེད་པར་ཐལ། འདིར་རྩ་བ་གཉིས་ཞེས་འབྱུང་བའི་ཕྱིར་ན་མ་ཁྱབ་སྟེ། འདིར་ཆགས་མེད་དང་སྡང་མེད་ཀྱིས་གཏི་མུག་མེད་པ་ཡང་སྡུད་པའི་ཕྱིར། ཁ་ཅིག །བསམ་གཏན་དང་པོ་སོགས་ན་མི་དགེ་བ་ཡོད་པར་ཐལ། དེ་དག་ན་རང་སར་ཆགས་པའི་སྲེད་པ་ཡོད་པའི་ཕྱིར་ན་སྐྱོན་མེད་དེ། དེ་ཡོད་ཀྱང་ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། གོང་མ་ཐམས་ཅད་ལུང་མ་བསྟན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སེམས་སེམས་བྱུང་རྣམས་རྣམ་པ་མི་མཚུངས་པར་ཐལ། སེམས་བྱུང་སྣ་ཚོགས་པ་རྣམས་ཀྱིས་ཡུལ་སྣ་ཚོགས་ལ་དམིགས་པའི་ཚེ་རྣམ་པ་ཡང་སྣ་ཚོགས་འབྱུང་ལ། སེམས་ཀྱི་རྣམ་པ་སེམས་བྱུང་ལྟར་སྣ་ཚོགས་སུ་མི་འགྱུར་བའི་ཕྱིར་ཟེར་བ་དང་། མིག་གི་རྣམ་ཤེས་ཀྱིས་གཟུགས་སྣ་ཚོགས་ལ་བལྟས་པའི་ཚེ་དེའི་འཁོར་དུ་གྱུར་པའི་ཚོར་འདུ་སོགས་ལྔ་པོ་རེ་རེར་གཟུགས་སྣ་ཚོགས་པའི་རྣམ་པ་ཤར་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཚོར་བ་མ་མྱོང་བ་དང་། འདུ་ཤེས་ཀྱིས་དྲན་པ་སོགས་དོན་འདྲ་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་པོ། །གཉིས་པ་ལྡན་མིན་འདུ་བྱེད་ལ། དབྱེ་བ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་དང་། ཁྱད་པར་གཞན་བསྟན་པའི་སྒོ་ནས་དོན་བསྡུ་བ་གསུམ། དང་པོ་ནི། མི་ལྡན་པ་ཡི་འདུ་བྱེད་རྣམས། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་པའི་སྙོམས་འཇུག་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང་། །ཞེས་བྱུང་། མི་ལྡན་པ་སྟེ་ལྡན་མིན་འདུ་བྱེད་རྣམས་ཆོས་ཅན། ཁྱོད་ལ་དབྱེ་ན་བཅུ་བཞི་ཡོད་དེ། ཐོབ་པ་དང་མ་ཐོབ་པ་དང་སྐལ་མཉམ་དང་འདུ་ཤེས་མེད་པ་དང་དེའི་སྙོམས་འཇུག་དང་སྲོག་དང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་རྒ་གནས་པ་མི་རྟག་པ་བཞི་རྣམས་དང་། མིང་གི་ཚོགས་དང་། ལ་སོགས་པ་ངག་གི་ཚོགས་དང་། ཡི་གེའི་ཚོགས་དང་བཅུ་བཞི་ཡོད་པའི་ཕྱིར། གཉིས་པ་ལ། ཐོབ་པ་སོགས་གསུམ་བཤད་པ་དང་། འདུ་ཤེས་མེད་པ་སོགས་གསུམ་བཤད་པ་དང་། སྲོག་སོགས་ལྔ་བཤད་པ་དང་། མིང་ཚིག་སོགས་གསུམ་བཤད་པ་དང་བཞི། དང་པོ་ལ། ཐོབ་མ་ཐོབ་དང་། སྐལ་མཉམ་བཤད་པ་གཉིས། དང་པོ་ལ། ཐོབ་མ་ཐོབ་ཀྱི་ངོ་བོ་དང་། ཁྱད་ཆོས་གཉིས། དང་པོ་ནི། ཐོབ་པ་རྙེད་དང་ལྡན་པའོ། །ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱིའོ་འགོག་གཉིས་ཀྱི། །ཞེས་བྱུང་། ཐོབ་པ་ཆོས་ཅན། ཁྱོད་ཀྱི་འཇོག་ཚུལ་ཡོད་དེ། རང་གང་ལ་ལྡན་པའི་གང་ཟག་གི་རྒྱུད་ལ་ལྡན་པར་བྱེད་པའི་རྫས་ཞིག་ལ་འཇོག་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་ཡོད་དེ། རྙེད་ཐོབ་དང་ལྡན་ཐོབ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྔར་མ་ཐོབ་པ་དང་ཐོབ་ཀྱང་ཉམས་པ་སླར་གསར་དུ་རྙེད་བྱེད་ཀྱི་རྫས་ཞིག་ལ་འཇོག་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། སྔ་མ་ནི་མཐོང་ལམ་གསར་དུ་ཐོབ་པ་ལྟ་བུ་དང་། གཉིས་པ་ནི་བསམ་གཟུགས་ལས་ཉམས་པ་སླར་གསར་དུ་ཐོབ་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ལྡན་ཐོབ་ཡོད་དེ། ཐོབ་ཟིན་སྐད་ཅིག་གཉིས་པ་ཕན་ཆད་དུ་ལྡན་པར་བྱེད་པའི་རྫས་ཞིག་ལ་འཇོག་པའི་ཕྱིར། མ་ཐོབ་པ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། ཐོབ་བྱ་དེ་གང་ཟག་དེའི་རྒྱུད་ལ་ལྡན་པ་ལ་གེགས་བྱེད་པའི་རྫས་ཞིག་ལ་འཇོག་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། རྙེད་པའི་མ་ཐོབ་པ་དང་། ལྡན་པའི་མ་ཐོབ་པ་གཉིས་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། དང་པོ་ནི། ཐོབ་བྱའི་ཆོས་དེ་གསར་དུ་རྙེད་པ་ལ་གེགས་བྱེད་ཀྱི་རྫས་ཞིག་དང་། ཕྱི་མ་ནི་ཆོས་དེ་གང་ཟག་དེའི་རྒྱུད་ལ་རྒྱུན་དུ་ལྡན་པ་ལ་གེགས་བྱེད་པའི་རྫས་ཞིག་ལ་འཇོག་པའི་ཕྱིར། ཐོབ་དང་མ་ཐོབ་གཉིས་ཆོས་ཅན། གང་ཟག་དེ་རྣམས་ཀྱི་རང་རྒྱུད་དུ་གཏོགས་པ་ཞིག་དགོས་ཏེ། གཞན་རྒྱུད་དུ་གཏོགས་པ་སོགས་ཀྱིས་མི་ཆོག་པའི་ཕྱིར། ཐོབ་མ་ཐོབ་གཉིས་འདུས་བྱས་ཁོ་ནའི་སྟེང་དུ་བརྩི་བར་མ་ངེས་ཏེ། འགོག་པ་གཉིས་ཀྱི་ཐོབ་མ་ཐོབ་ཀྱང་ཡོད་པའི་ཕྱིར། འདིར་ཁ་ཅིག །ཐོབ་པ་དང་རྙེད་པ་དང་ལྡན་པ་གསུམ་དོན་གཅིག་ཟེར་བ་ནི་མི་འཐད་དེ། ཐོབ་པ་དབྱེ་གཞི་དང་། གཞན་གཉིས་དབྱེ་བའི་ཡ་གྱལ་ཡིན་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། ཐོབ་པ་ནི་རྣམ་པ་གཉིས་ཏེ། ཞེས་གསུངས་པའི་ཕྱིར། ཁ་ཅིག །རྙེད་ཐོབ་དང་ལྡན་ཐོབ་གཉིས་འགལ་གསུང་པ་ནི་མི་འཐད་དེ། དེ་གཉིས་སུ་ཕྱེ་བའི་རྙེད་ཐོབ་དང་ལྡན་ཐོབ་འགལ་ཡང་། སྤྱིར་དེ་གཉིས་མི་འགལ་བའི་ཕྱིར། དེར་ཐལ། སྡུག་བསྔལ་ཆོས་བཟོད་སྐད་ཅིག་དང་པོ་དེ་རྙེད་པ་ཐོབ་པ་ལྡན་པ་གསུམ་ཀ་ཡིན་པའི་ཕྱིར། དེར་ཐལ། གངས་སྤེལ་ལས། ཐོབ་པ་དང་རྙེད་པ་དང་ལྡན་པའི་སྒྲ་དོན་གཅིག་པར་འདོད་མོད་ཀྱི། ཞེས་གསུངས་པའི་ཕྱིར། གཉིས་པ་ཁྱད་ཆོས་སོ་སོར་བཤད་པ་ལ། ཐོབ་པའི་ཁྱད་ཆོས་དང་། མ་ཐོབ་པའི་ཁྱད་ཆོས་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། དམིགས་བསལ་གཉིས། དང་པོ་ནི། དུས་གསུམ་པ་ཡི་རྣམ་པ་གསུམ། དགེ་ལ་སོགས་ཀྱི་དགེ་ལ་སོགས། ། དེར་གཏོགས་རྣམས་ཀྱི་རང་ཁམས་པ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། ། སློབ་དང་མི་སློབ་མིན་གྱི་གསུམ། །སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཅེས་བྱུང་། འདི་ལ་གཉིས། ཚིག་དོན་དང་། མཐའ་དཔྱད་པའོ། །དང་པོ་ནི། ཐོབ་པ་ཆོས་ཅན། ཁྱོད་ལ་དུས་གསུམ་བཞག་ཏུ་ཡོད་དེ། ལྟོས་ས་ལ་ལྟོས་ནས་དུས་གསུམ་དང་། དུས་རེ་རེ་ལ་ཡང་འདས་པའི་ཐོབ་པ་མ་འོངས་པའི་ཐོབ་པ་ད་ལྟ་བའི་ཐོབ་པ་རྣམ་པ་གསུམ་གསུམ་ཡོད་པའི་ཕྱིར། དེར་ཐལ། ཆོས་འདས་པའི་ཐོབ་པ་ལ་ཡང་འདས་མ་འོངས་ད་ལྟ་བ་གསུམ་ཡོད་པའི་ཕྱིར། དེར་ཐལ། སོ་ཐར་ལྟ་བུའི་ཐོབ་པ་སྐྱེས་ལ་འགགས་པ་ནི་འདས་པ་ཡིན་ལ། དེའི་སྔར་ཐོབ་པ་སྐྱེས་པ་འདས་པའི་འདས་པ་དང་དེའི་ཕྱིས་སྐྱེ་བའི་ཐོབ་པ་འདས་པའི་མ་འོངས་པ་དང་དེ་དང་ལྷན་ཅིག་ཐོབ་པ་ནི་འདས་པའི་ད་ལྟ་བ་ཡིན་པའི་ཕྱིར། དེ་བཞིན་དུ་ཉོན་མོངས་སམ་དགེ་བ་གང་ཡིན་ཡང་ཐོབ་པ་སྐྱེས་ལ་མ་འགག་དེ་ད་ལྟ་བ་དང་། དེའི་སྔར་སྐྱེས་པ་དེའི་འདས་པ་དང་། དེའི་ཕྱིས་སྐྱེ་བ་དེའི་མ་འོངས་པ་དང་། དེ་དང་ལྷན་ཅིག་སྐྱེས་པ་དེའི་ད་ལྟ་བ་ཡིན་ཏེ། གཞན་ལའང་རིགས་འགྲེ་བའི་ཕྱིར། ཐོབ་པ་ཆོས་ཅན། ཁྱོད་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་དེ། དགེ་བའི་ཐོབ་པ་དགེ་བ་དང་། ལ་སོགས་པས་མི་དགེ་བའི་ཐོབ་པ་མི་དགེ་བ་དང་ལུང་མ་བསྟན་གྱི་ཐོབ་པ་ནི་ལུང་མ་བསྟན་དུ་འཇོག་པ་གཙོ་ཆེ་བའི་ཕྱིར། དེར་ཐལ། དགེ་ལ་སོགས་པ་ཞེས་པས་གོ་རིམ་དེ་ལྟར་སྦྱོང་བར་བསྟན་པའི་ཕྱིར། ཐོབ་པ་ཆོས་ཅན། ཁྱོད་ལ་ཁམས་གསུམ་གྱི་སར་གཏོགས་པ་ཡོད་དེ། ཐོབ་བྱའི་ཆོས་ཁམས་གསུམ་པོ་གང་ཡིན་པ་དེར་གཏོགས་པ་རྣམས་ཀྱི་ཐོབ་པ་ནི་རང་གི་ཁམས་དེར་གཏོགས་པ་སྟེ་ས་དེས་བསྡུས་པའི་ཕྱིར། ཤེས་བྱ་ཆོས་ཅན། ཐོབ་བྱའི་ཆོས་ཁམས་གསུམ་གྱི་སར་མ་གཏོགས་པ་རྣམས་ཀྱི་ཁྱད་པར་རྣམ་པ་བཞི་ཡོད་དེ། ཐོབ་བྱའི་ཆོས་ཁམས་གསུམ་གྱི་སར་མ་གཏོགས་ལ། ཐོབ་པ་དེ་གསུམ་གྱིས་བསྡུས་པ་སོགས་མུ་གསུམ། ཆོས་དེ་ཁམས་གསུམ་གང་རུང་གི་སར་མ་གཏོགས་ལ། ཐོབ་པ་དེ་གསུམ་གང་རུང་གིས་མ་བསྡུས་པའི་མུ་དང་བཞི་ཡོད་པའི་ཕྱིར། རྟགས་དེར་ཐལ། ཁམས་གསུམ་པའི་གང་ཟག་གི་རྒྱུད་ཀྱི་སོ་སོར་བརྟགས་མིན་གྱི་འགོག་པ་འདོད་པའི་སར་མ་གཏོགས་ཀྱང་། དེའི་ཐོབ་པ་ནི་གང་ཟག་གང་དུ་གཏོགས་པ་དེར་གཏོགས་པ་གསུམ། སོ་སོར་བརྟགས་འགོག་གི་ཐོབ་པ་ཟག་བཅས་གོང་མ་གཉིས་སུ་གཏོགས་ལ། སོ་སོར་བརྟགས་འགོག་དང་ལམ་བདེན་ཁམས་གསུམ་གང་དུ་མ་གཏོགས་ཤིང་དེའི་ཐོབ་པ་ཟག་མེད་རྣམས་ཁམས་གསུམ་གང་དུ་ཡང་མི་གཏོགས་པའི་ཕྱིར། སློབ་པ་དང་མི་སློབ་པའི་ཆོས་ཟག་མེད་ཀྱི་ཐོབ་པ་ཆོས་ཅན། རིམ་པ་བཞིན་དུ་རང་རྒྱུད་ལྡན་གྱི་གང་ཟག་སློབ་པ་དང་མི་སློབ་པར་མཚོན་པར་བྱེད་པའི་ཆོས་ཡིན་ཏེ། སློབ་མི་སློབ་པའི་ལམ་བདེན་གྱིས་བསྡུས་པའི་ཡོན་ཏན་ཡིན་པའི་ཕྱིར། སློབ་མི་སློབ་གང་རུང་མིན་པའི་ཆོས་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། ཁྱོད་ལ་སློབ་མི་སློབ་གང་རུང་མ་ཡིན་པ་དང་། སློབ་པ་དང་མི་སློབ་པར་བྱེད་པའི་ཆོས་གསུམ་ཡོད་པའི་ཕྱིར། དེར་ཐལ། ཟག་བཅས་དང་འདུས་མ་བྱས་རྣམས་ནི་སློབ་མི་སློབ་གང་རུང་མིན་པའི་ཆོས། སོ་སོར་བརྟགས་འགོག་སློབ་པའི་ལམ་གྱིས་ཐོབ་པའི་ཐོབ་པ་ནི་སློབ་པ་དང་དེ་མི་སློབ་པའི་ལམ་གྱིས་ཐོབ་པའི་ཐོབ་པ་ནི་མི་སློབ་པར་བྱེད་པའི་ཆོས་ཡིན་པའི་ཕྱིར། ཐོབ་བྱའི་ཆོས་སྤང་བྱ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་ཐོབ་པ་ལ་རྣམ་པ་གཉིས་འདོད་དེ། སྤང་བྱ་དང་སྤང་བྱ་མ་ཡིན་པ་རྣམ་པ་གཉིས་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཐོབ་བྱའི་ཆོས་ཁམས་གསུམ་གང་དུ་གཏོགས་པ་རྣམས་ཀྱི་ཐོབ་པ་ཡང་འདོད་པར་གཏོགས་སོ་ཟེར་ན། དེ་མི་འཐད་དེ། གོང་དུ་བཤད་ཅིང་འཆད་པའི་ཕྱིར། ཁ་ཅིག །མ་གཏོགས་རྣམས་ཀྱི་རྣམ་པ་བཞི་ཞེས་པའི་སྐབས་ཀྱི་མ་གཏོགས་པའི་དོན་ལམ་བདེན་དེ་ཁམས་གསུམ་དུ་མི་གཏོགས་པའི་དོན་ཡིན་ཟེར་ན། དེ་ཡང་མི་འཐད་པར་ཐལ། དེ་ཟག་མེད་ཀྱི་ཐོབ་པ་བཞི་ལ་བྱེད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། ཟག་པ་མེད་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ཁམས་གསུམ་པ་དང་ཟག་པ་མེད་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སློབ་པའི་ཐོབ་པ་སློབ་པ། མི་སློབ་པའི་ཐོབ་པ་མི་སློབ་པ་ཡིན་ནོ་ཟེར་ན། དེ་ཡང་མི་འཐད་པར་ཐལ། སློབ་པ་དང་མི་སློབ་པ་གཉིས་ཀ་གང་ཟག་གི་སྟེང་ནས་འཇོག་རིགས་པའི་ཕྱིར། དེར་ཐལ། སློབ་མི་སློབ་ཏུ་བྱེད་པའི་ཆོས་སློབ་པ་དང་མི་སློབ་པ་མ་ཡིན་པའི་ཕྱིར། དེར་ཐལ། བདག་སྒྲ་སྦྱར་མ་སྦྱར་ལ་ཁྱད་པར་ཡོད་པའི་ཕྱིར། འོན་ཀྱང་འདོད་ཚུལ་མི་འདྲ་བའང་ཡོད་དོ། །གཉིས་པ་དམིགས་བསལ་ནི། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། ། མངོན་ཤེས་སྤྲུལ་པ་མ་གཏོགས་པ། །བསྒྲིབས་པའི་གཟུགས་ཀྱིའང་འདོད་པ་ན། །གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་བྱུང་། མ་སྒྲིབ་ལུང་མ་བསྟན་མིན་པ་ཆོས་ཅན། ཁྱོད་ཀྱི་ཐོབ་པ་བཞག་ཏུ་ཡོད་དེ། རང་དང་ལྷན་ཅིག་སྐྱེ་བའི་ཐོབ་པ་ཡོད་པའི་ཕྱིར། ཐོབ་པ་དེ་ཆོས་ཅན། ཁྱོད་ལ་དུས་གསུམ་ཙམ་ཡོད་ཀྱང་དེ་རེ་རེ་ལ་ནི་དུས་གསུམ་སོ་སོར་མེད་དེ། ཁྱོད་ཀྱི་དུས་གསུམ་གྱི་ཐོབ་པ་རྣམས་དུས་གསུམ་རེ་རེ་བ་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། དེ་དག་གི་ཐོབ་པ་སྤྱིར་སྔར་སྐྱེས་དང་ཕྱིས་སྐྱེས་མེད་པའི་ཕྱིར། དེར་ཐལ། རང་རང་དང་ལྷན་ཅིག་ཁོ་ནར་སྐྱེ་བའི་ཕྱིར། དམིགས་བསལ་མ་ངེས་པའང་ཡོད་དེ། ལུང་མ་བསྟན་གྱི་ཐོབ་པ་ལ་སྔར་སྐྱེས་ཕྱིས་སྐྱེས་ལྷན་ཅིག་སྐྱེས་གསུམ་དང་། སྔ་མ་མེད་ལ་ཕྱི་མ་གཉིས་ཡོད་པ་སྲིད་པའི་ཕྱིར། དང་པོ་གྲུབ་སྟེ། མིག་གི་མངོན་ཤེས་ལུང་མ་བསྟན་དང་། སྤྲུལ་སེམས་ལུང་མ་བསྟན་དང་བི་ཤྭ་ཀརྨའི་བཟོ་བའི་གནས་ལྟ་བུ་དང་སྟོན་པའི་སྤྱོད་ལམ་ལྟ་བུ་ཡོད་པའི་ཕྱིར་གཉིས་པ་གྲུབ་སྟེ། མངོན་ཤེས་དང་སྤྲུལ་པ་ལྟ་བུ་མ་གཏོགས་པར་དགེ་བ་དང་བསྒྲིབས་པའི་གཟུགས་ཀྱི་ཐོབ་པ་འདོད་པ་ན་ཡོད་པ་ལ་གཟུགས་ཀྱི་སྔར་སྐྱེས་མེད་ཅིང་ཕྱིས་སྐྱེས་དང་ད་ལྟར་སྐྱེས་ཡོད་པའི་ཕྱིར། གཉིས་པ་མ་ཐོབ་པའི་ཁྱད་ཆོས་ལ། སྤྱིར་བསྟན་པ་དང་། གཏོང་ཚུལ་གཉིས། དང་པོ་ནི། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །འདས་མ་སྐྱེས་ཀྱི་དེ་རྣམ་གསུམ། འདོད་སོགས་གཏོགས་དང་དྲི་མེད་ཀྱིའང་། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དེ་ཞེས་བྱུང་། དགེ་མི་དགེ་ལུང་མ་བསྟན་གང་རུང་གི་མ་ཐོབ་པ་ཆོས་ཅན། ལུང་མ་བསྟན་ཡིན་ཏེ། མ་བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར། དེ་ཆོས་ཅན། དགེ་མི་དགེ་གང་རུང་མ་ཡིན་ཏེ། དགེ་རྩ་ཆད་པ་དང་མི་དགེ་སྤངས་པ་ལའང་ཁྱོད་ཡོད་པའི་ཕྱིར། བསྒྲིབས་ལུང་མ་བསྟན་མ་ཡིན་ཏེ། དགྲ་བཅོམ་པའི་རྒྱུད་ལའང་ཡོད་པའི་ཕྱིར། མ་ཐོབ་པ་ཆོས་ཅན། དུས་གསུམ་གང་འཇོག་གི་ཁྱད་པར་ཡོད་དེ། ཐོབ་བྱའི་ཆོས་འདས་པའི་འདས་པ་སོགས་གསུམ་དང་། མ་འོངས་པའི་འདས་པ་སོགས་གསུམ་དང་། ད་ལྟ་བའི་འདས་མ་འོངས་གཉིས་ཙམ་ཡོད་པའི་ཕྱིར། འདས་པ་དང་མ་སྐྱེས་པ་སྟེ་མ་འོངས་པ་གཉིས་ཀྱི་དུས་དེ་རྣམ་གསུམ་ཡོད་ཀྱི། འདིར་ཐོབ་བྱའི་ད་ལྟ་བའི་ད་ལྟར་བ་མེད་དེ། ད་ལྟར་བའི་ཐོབ་བྱ་མ་ཐོབ་པ་ད་ལྟར་བར་འཇོག་པར་འགལ་བའི་ཕྱིར། མ་ཐོབ་པ་འདོད་ཁམས་སོགས་སུ་གཏོགས་པ་གསུམ་ཡོད་དེ། རྟེན་གྱི་གང་ཟག་གང་དུ་སྐྱེས་པའི་ས་དེར་གཏོགས་པ་གསུམ་ཡོད་པའི་ཕྱིར། དྲི་མེད་ལམ་བདེན་གྱི་ཐོབ་པའང་ཆོས་ཅན། ཁམས་གསུམ་གང་རུང་དུ་གཏོགས་ཏེ། རྟེན་གྱི་གང་ཟག་སྐྱེས་པའི་སར་གཏོགས་པའི་ཕྱིར། ལམ་བདེན་གྱི་མ་ཐོབ་པ་ཆོས་ཅན། དྲི་མེད་མ་ཡིན་ཏེ། སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ཟག་བཅས་ཡིན་པར་འདོད་པའི་ཕྱིར། གཉིས་པ་གཏོང་ཚུལ་ནི། དེ་ཐོབ་དང་། ས་འཕོས་ནས་ནི་ཉམས་པར་འགྱུར། ཞེས་བྱུང་། ཤེས་བྱ་ཆོས་ཅན། མ་ཐོབ་པའི་གཏོང་རྒྱུ་ཡོད་དེ། རྟོགས་པའི་ཡོན་ཏན་མ་ཐོབ་པ་དེ་ཐོབ་པས་གཏོང་། ས་དགུའི་མ་ཐོབ་པ་ནི་ས་དེ་དང་དེར་འཕོས་པའི་རྒྱུས་གཏོང་བའི་ཕྱིར། དང་པོ་གྲུབ་སྟེ། ཚོགས་ལམ་པས་སྦྱོར་ལམ་ཐོབ་པའི་ཚེ་སྦྱོར་ལམ་མ་ཐོབ་པ་ཉམས་ཤིང་། སོ་སྐྱེས་འཕགས་ལམ་ཐོབ་པའི་རྒྱུས་དེ་མ་ཐོབ་པ་ཉམས་པར་འགྱུར་བ་སོགས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། འདོད་ཁམས་པ་བསམ་གཏན་དང་པོར་སྐྱེས་པའི་ཚེ་ས་འཕོས་ནས་བསམ་གཏན་གྱི་མ་ཐོབ་པ་གཏོང་ཞིང་ཉམས་པ་སོགས་ཡིན་པའི་ཕྱིར། གཉིས་པ་སྐལ་མཉམ་ནི། སྐལ་མཉམ་སེམས་ཅན་འདྲ་བའོ། །ཞེས་བྱུང་། སྐལ་མཉམ་གྱི་རྫས་ཆོས་ཅན། བཞག་ཏུ་ཡོད་དེ། །སེམས་ཅན་རྣམས་ཀྱི་རིས་འདྲ་བའམ་མཐུན་པ་ཞེས་བྱ་བའི་རྫས་ཞིག་ཡིན་པའི་ཕྱིར། སྐལ་མཉམ་ཆོས་ཅན། གཉིས་ཡོད་དེ། ཐ་དད་མིན་པ་དང་ཐ་དད་པའི་སྐལ་མཉམ་གཉིས་ཡོད་པའི་ཕྱིར། དེར་ཐལ། སྔ་མ་ནི་སེམས་ཅན་ཙམ་དུ་འདྲ་བའི་རྫས་དང་། ཕྱི་མ་ནི་ལྷ་མི་སོགས་སོ་སོར་འདྲ་བར་བྱེད་པའི་རྫས་ཞིག་ཡིན་པའི་ཕྱིར། གཉིས་པ་འདུ་ཤེས་མེད་པ་སོགས་གསུམ་ལ། འདུ་ཤེས་མེད་པ་དང་། དེའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་གསུམ། དང་པོ་ནི། འདུ་ཤེས་མེད་པ་བ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའི་རྣམ་སྨིན་དེ་འབྲས་ཆེ། །ཞེས་བྱུང་། ཤེས་བྱ་ཆོས་ཅན། འདུ་ཤེས་མེད་པ་བའི་གང་ཟག་གི་འདུ་ཤེས་མེད་པར་འཇོག་པའི་རྫས་ཡོད་དེ། གནས་དེར་སྐྱེས་པའི་གང་ཟག་གི་སེམས་དང་སེམས་བྱུང་རྣམས་འགོག་པའི་འདུ་ཤེས་གང་ཡིན་པ་དེ་དེ་ཡིན་པའི་ཕྱིར། དེ་འདྲ་བའི་རྫས་དེ་ཆོས་ཅན། རྣམ་སྨིན་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག་གམ་རྣམ་སྨིན་ཡིན་པའི་ཕྱིར། འདུ་ཤེས་མེད་པའི་ལྷ་རྣམས་ཆོས་ཅན། བསམ་གཏན་བཞི་པ་བ་ཡིན་ཏེ། དེ་འབྲས་བུ་ཆེ་བའི་ལྷར་གཏོགས་པའི་ཕྱིར། གཉིས་པ་ནི། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག ། བསམ་གཏན་ཐ་མར་འབྱུང་འདོད་པས། །དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། ། འཕགས་པའི་མ་ཡིན་དུས་གཅིག་འཐོབ། །ཞེས་བྱུང་། འདུ་ཤེས་མེད་པའི་སྙོམས་འཇུག་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། སྔ་མ་དེ་བཞིན་དུ་སེམས་དང་སེམས་བྱུང་འགོག་པར་བྱེད་པའི་སྙོམས་འཇུག་ཞིག་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། བསམ་གཏན་བཞི་པར་གཏོགས་པ་ཡིན་ཏེ། བསམ་གཏན་ཐ་མ་སྟེ་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་འབྱུང་བར་འདོད་པའི་ཕྱིར། དེ་ཆོས་ཅན། དགེ་བ་ཡིན་ཏེ། སྙོམས་འཇུག་ཡིན་པའི་ཕྱིར། དེ་ཆོས་ཅན། སྐྱེས་ནས་མྱོང་བར་འགྱུར་བ་ཉིད་ཡིན་ཏེ། གསུམ་གྱི་ནང་ནས་མཐོང་ཆོས་ལ་མྱོང་འགྱུར་སོགས་གཞན་གཉིས་གང་རུང་མ་ཡིན་པའི་དགེ་བའི་སྙོམས་འཇུག་ཡིན་པའི་ཕྱིར། དེ་ཆོས་ཅན། སྐྱེ་བའི་རྟེན་སོ་སྐྱེར་ངེས་ཏེ། འཕགས་པ་མིན་པ་ཁོ་ནའི་སྙོམས་འཇུག་ཡིན་པའི་ཕྱིར། དེ་ཆོས་ཅན། དང་པོར་གཅིག་ཁོ་ནར་ཐོབ་པ་ཡིན་ཏེ། ད་ལྟར་གྱི་དུས་གཅིག་ཁོ་ནར་ཐོབ་ཀྱི། འདས་མ་འོངས་ཀྱི་ཐོབ་པ་མེད་པའི་ཕྱིར། གསུམ་པ་ནི། འགོག་པ་ཞེས་པའང་དེ་བཞིན་ཉིད། །འདི་གནས་དོན་དུ་སྲིད་རྩེ་སྐྱེས། །དགེ་བའོ་གཉིས་སུ་མྱོང་འགྱུར་དང་། །མ་ངེས་འཕགས་པའི་སྦྱོར་ལས་འཐོབ། །ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །དང་པོ་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །གཉིས་ཀའང་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོར་མིའི་ནང་དུ། །ཞེས་བྱུང་། འགོག་པའི་སྙོམས་འཇུག་ཞེས་པའང་ཆོས་ཅན། ངོ་བོ་ཡོད་དེ། སེམས་སེམས་བྱུང་འགོག་པའི་ཚུལ་སྔར་བཤད་པ་དེ་བཞིན་དུ་མཚུངས་པ་ཉིད་ཡིན་པའི་ཕྱིར། དེ་ལ་སྙོམས་པར་འཇུག་པའི་ཀུན་སློང་དང་དགོས་པ་ཡོད་དེ། ཞི་བའི་ཡིད་བྱེད་འདི་ལ་གནས་ན་ཞི་བའོ་སྙམ་ནས་དེའི་དོན་དུ་སྙོམས་པར་འཇུག་པའི་ཕྱིར། དེ་ཆོས་ཅན། སེམས་རྟེན་དང་ས་གང་དུ་གཏོགས་པ་ཡོད་དེ། སྲིད་རྩེར་གཏོགས་ཤིང་དེར་སྐྱེ་བའི་ཕྱིར། དེ་ཆོས་ཅན། དགེ་མི་དགེ་གང་རུང་ཡིན་ཏེ། དགེ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། མྱོང་འགྱུར་གྱི་ཁྱད་པར་ཡོད་དེ། སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་བའི་གཉིས་སུ་མྱོང་འགྱུར་དང་། རྣམ་སྨིན་མི་མྱོང་བའི་མ་ངེས་པ་གཅིག་སྟེ་གསུམ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྟེན་ཡོད་དེ། འཕགས་པ་ཁོ་ནའི་སྦྱོར་བ་ལས་འཐོབ་པའི་ཕྱིར། ཐུབ་པ་བཅོམ་ལྡན་འདས་ཀྱིས་ནི་སྦྱོར་བ་དང་འབད་པས་ཐོབ་པ་མིན་ཏེ། དེས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཐོབ་པའི་ཚེ་དེ་འཐོབ་པར་འགྱུར་བའི་ཕྱིར། བསྐྱེད་ཚུལ་ལ། ཁ་ཅིག །དང་པོར་བྱང་སེམས་སློབ་པའི་དུས་སུ་ཐོབ་ཟེར་བ་སོགས་གཉིས་ལས། དང་པོ་མ་ཡིན་ཏེ། བདེན་པ་སྐད་ཅིག་མ་མངོན་རྟོགས་བཅུ་དྲུག་དང་། སྲིད་རྩེའི་བར་གྱི་སྒོམ་སྤང་སྐོར་དགུའི་གཉེན་པོ་བར་ཆད་མེད་ལམ་དགུ་དང་། དེའི་རྣམ་གྲོལ་ལམ་དགུ་སྟེ་སུམ་ཅུ་རྩ་བཞི་བར་མ་ཆད་པར་བྱང་ཆུབ་ཐོབ་པའི་ཕྱིར། འདུ་ཤེས་མེད་པ་དང་འགོག་པ་གཉིས་ཀའང་ཆོས་ཅན། འདོད་པ་དང་གཟུགས་ཁམས་གཉིས་ཀའི་རྟེན་ཅན་ལ་ཐོབ་པ་ཡོད་དེ། དང་པོ་འདོད་པའི་རྟེན་ལ་ཐོབ་པ་ཉམས་ནས་སླར་གཟུགས་ཀྱི་རྟེན་ལ་བསྐྱེད་པ་ཡོད་པའི་ཕྱིར། ཁྱད་པར་ཅུང་ཟད་ཡོད་དེ། འགོག་པའི་སྙོམས་འཇུག་ནི་དང་པོར་མིའི་ནང་དུ་སྐྱེ་ལ། ཕྱིས་གཟུགས་ཀྱི་རྟེན་ལ་བསྐྱེད་པ་ཡོད་པའི་ཕྱིར། ཁ་ཅིག །འགོག་པ་དང་པོ་མི་ནང་དུ་ཞེས་གསུངས་པ་མི་འཐད་པར་ཐལ། དེ་གཉིས་ཀའི་རྟེན་ལ་འགོག་སྙོམས་གསར་དུ་སྐྱེ་བ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། གཟུགས་ཀྱི་རྟེན་ལ་མ་ཉམས་པའི་གསར་སྐྱེ་མེད་ཀྱང་། ཉམས་པའི་གསར་སྐྱེ་ཡོད་པའི་ཕྱིར། དེར་ཐལ། རྩ་བར། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །འགོག་སྙོམས་ཐོབ་པའི་གང་ཟག་ཡིན་ན། དེ་མངོན་དུ་བྱས་པས་ཁྱབ་ཟེར་བ་ནི་མི་འཐད་དེ། དེ་ཐོབ་པའི་དགྲ་བཅོམ་པ་རྗེས་ཐོབ་པ་རྣམས་ཀྱིས་དེ་མངོན་དུ་མ་བྱས་པའི་ཕྱིར། གསུམ་པ་སྲོག་སོགས་ལྔ་བཤད་པ་ལ། སྲོག་དབང་བཤད་པ་དང་། འདུས་བྱས་ཀྱི་མཚན་ཉིད་བཤད་པ་གཉིས། དང་པོ་ནི། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་བྱུང་། སྲོག་དབང་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། ཕུང་པོའི་རིགས་འདྲ་གནས་པའི་ཚེ་ལ་འདོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་བྱེད་ལས་ཡོད་དེ། འདོད་གཟུགས་གཉིས་ན་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད། གཟུགས་མེད་དུ་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་གང་ཡིན་པ་དེ་ཡིན་པའི་ཕྱིར། ཁ་ཅིག་སྲོག་དང་ཚེ་ནི་དྲོད་ཀྱི་རྟེན་དུ་མི་རིགས་པར་ཐལ། གཟུགས་མེད་ན་ཚེ་སྲོག་ཡོད་ཀྱང་དྲོད་མེད་པའི་ཕྱིར་ན་མ་ཁྱབ་སྟེ། འདིར་ནི་ཁམས་འོག་མའི་དབང་དུ་མཛད་པའི་ཕྱིར། ཁོ་ན་རེ། དེ་མི་འཐད་པར་ཐལ། རྣམ་ཤེས་དང་ཚེ་ནི་དྲོད་ལ་མ་ལྟོས་པའི་ཕྱིར། མ་གྲུབ་ན། དྲོད་ཆུང་ངུར་སོང་ན་ཚ་སྲོག་ཆུང་ངུར་སོང་བས་ཁྱབ་པར་ཐལ། མ་གྲུབ་པ་དེའི་ཕྱིར་ན་མ་ཁྱབ། ཁ་ཅིག །སྲོག་དང་རླུང་གི་གཞི་མཐུན་ཡོད་པར་ཐལ། རང་འགྲེལ་ལས། སྲོག་ཅེས་བྱ་བ་ནི་ལུས་སེམས་ལ་བརྟེན་ནས་འཇུག་པ་དེ་ལྟ་བུའི་རླུང་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མིང་གིས་དེར་བཏགས་པ་ཙམ་ཡིན་པའི་ཕྱིར། གཉིས་པ་ནི། མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །དེ་དག་སྐྱེ་བའི་སྐྱེས་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །རྒྱུ་དང་རྐྱེན་དང་མེད་པར་ནི། །སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། །ཞེས་བྱུང་། འདུས་བྱས་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་དག་ཡོད་དེ། །སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་ཀྱི་ཆོས་དེ་ཁྱོད་ཀྱི་མཚོན་བྱེད་ཡིན་པའི་ཕྱིར། མཚན་ཉིད་དེ་བཞི་ཆོས་ཅན། ཁྱོད་ཀྱི་ངོ་བོ་དང་བྱེད་ལས་ཡོད་དེ། སྐྱེ་བས་སྐྱེད་པར་བྱེད། གནས་པས་གནས་པར་བྱེད། རྒ་བས་རྙིང་བར་བྱེད། མི་རྟག་པ་ཉིད་ཀྱིས་ཆོས་དེ་འཇིག་པར་བྱེད་པའི་ཕྱིར། འདུས་བྱས་དེ་དག་གང་རུང་ཞིག་ཆོས་ཅན། མཚན་ཉིད་རྗེས་མཐུན་དང་བཅས་ན་བརྒྱད་ཡོད་དེ། རྩ་བའི་མཚན་ཉིད་བཞི་དང་སྐྱེ་བའི་སྐྱེ་བ་སོགས་ཏེ། གནས་པའི་གནས་པ། རྒ་བའི་རྒ་བ། མི་རྟག་པའི་མི་རྟག་པ་སྟེ་རྗེས་མཐུན་གྱི་མཚན་ཉིད་བཞི་དང་བརྒྱད་ཡོད་པའི་ཕྱིར། སྐྱེ་སོགས་ཐུག་མེད་དུ་ཐལ་བའི་སྐྱོན་མེད་དེ། ཆོས་དེ་སྐྱེ་བའི་ཚེ་རང་གི་སྐྱེ་སོགས་བརྒྱད་དང་རང་དང་དགུ་ཅིག་ཅར་དུ་ལྷན་ཅིག་སྐྱེ་བའི་ཕྱིར། དེར་ཐལ། སྐྱེ་བས་ནི་སྐྱེ་རྒ་སོགས་བརྒྱད་སྐྱེད་ལ། གནས་པས་ནི་དེ་བརྒྱད་གནས་པར་བྱེད་པ་སོགས་ཡིན་པས། སྐྱེ་བའི་སྐྱེ་བ་དེ་སྐྱེ་བ་གཅིག་པུ་ལ་འཇུག་པ་དང་གནས་པའི་གནས་པ་སོགས་ཀྱང་ཆོས་རེ་རེའམ་གཅིག་ལ་འཇུག་པའི་ཕྱིར། མ་འོངས་པ་ཀུན་ཅིག་ཅར་དུ་སྐྱེ་བར་ཐལ། སྐྱེ་བས་སྐྱེ་བའི་བརྒྱད་སྐྱེད་པའི་ཕྱིར་ན་མ་ཁྱབ་སྟེ། རྒྱུ་དང་རྐྱེན་དག་ཚོགས་པ་མེད་པར་ནི་སྐྱེ་བ་ཁོ་ནས་བསྐྱེད་བྱ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར། བཞི་པ་ནི། མིང་གི་ཚོགས་ལ་སོགས་པ་ནི། མིང་དང་ངག་དང་ཡི་གེའི་ཚོགས། འདོད་དང་གཟུགས་གཏོགས་སེམས་ཅན་སྟོན། །རྒྱུ་མཐུན་ལུང་བསྟན་མིན་ཞེས་བྱུང་། །མིང་གི་ཚོགས་ལ་སོགས་པ་ལས། དང་པོ་མིང་ཆོས་ཅན། འཇོག་ཚུལ་ཡོད་དེ། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་པའི་སྒོ་ནས་འཇོག་པའི་ཕྱིར་ཏེ། དཔེར་ན། གཟུགས། ཚོར་བ་ཞེས་པའི་ངག་ལྟ་བུ་ཡིན་པའི་ཕྱིར། ངག་ཆོས་ཅན། འཇོག་ཚུལ་ཡོད་དེ། དོན་གྱི་ངོ་བོ་ཁྱད་པར་དང་བཅས་ནས་སྟོན་པའི་ངག་ཡིན་པའི་སྒོ་ནས་འཇོག་པའི་ཕྱིར་ཏེ། དཔེར་ན། གཟུགས་མཛེས། ཚོར་བ་མྱོང་ཞེས་པ་ལྟ་བུ་ཡིན་པའི་ཕྱིར། ཡི་གེ་ཆོས་ཅན། འཇོག་ཚུལ་ཡོད་དེ། མིང་དང་ངག་གི་རྩོམ་གཞིར་གྱུར་པའི་སྐད་གྱི་གདངས་ཞིག་ལ་བྱེད་པའི་ཕྱིར་ཏེ། དཔེར་ན། ཨ་ཨི་ཀ་ཁ་ཞེས་པ་ལྟ་བུ་ཡིན་པའི་ཕྱིར། ཚོགས་གསུམ་པོ་དེ་ཆོས་ཅན། ཁམས་གང་དུ་གཏོགས་པ་ཡོད་དེ། འདོད་པ་དང་གཟུགས་ཁམས་ཁོ་ནར་གཏོགས་པའི་ཕྱིར། དེ་གསུམ་པོ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། ངོ་བོ་སེམས་ཅན་དུ་སྟོན་པའི་སྒྲ། རྒྱུ་མཐུན་ལས་བྱུང་བ། མ་བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བརྗོད་མཁན་གྱི་རྒྱུད་ཀྱིས་བསྡུས་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་གི་རིགས་མཐུན་སྔ་མ་ལས་སྐྱེས་པའི་ཕྱིར། གསུམ་པ་གྲུབ་སྟེ། དགེ་རྩ་ཆད་པ་དང་ཆགས་བྲལ་ལའང་ཡོད་ཅིང་རྣམ་སྨིན་མི་སྐྱེད་པའི་ཕྱིར། ཁ་ཅིག །དེ་མི་འཐད་དེ། ནམ་མཁའ་ལས་ཀྱང་མིང་ཚིག་ཡི་གེ་གསུམ་ལྡན་གྱི་སྒྲ་འབྱུང་བའི་ཕྱིར། དེར་ཐལ། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །ཞེས་གསུངས་པ་ལྟ་བུ་ཡོད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། དེ་ནི་དེ་ལྟར་འགྱུར་བར་བྱེད་པ་པོའི་རྒྱུད་ཀྱིས་བསྡུས་པའི་ཕྱིར། དེ་ལྟར་མ་ཡིན་ན། སངས་རྒྱས་ཀྱི་བཀའ་བརྒྱུད་ཀྱིས་མ་བསྡུས་པ་ཡོད་པར་ཐལ་བར་འགྱུར་ཏེ། དཔྱད་དགོས་པར་ཡང་སྣང་ངོ་། །གསུམ་པ་ཆོས་གཞན་གྱི་ཁྱད་པར་བསྟན་པའི་སྒོ་ནས་དོན་བསྡུ་བ་ནི། དེ་བཞིན། སྐལ་མཉམ་རྣམ་པར་སྨིན་པའང་ཡིན། ཁམས་གསུམ་པ་སྟེ་ཐོབ་རྣམ་གཉིས། །མཚན་ཉིད་རྣམས་དང་སྙོམས་འཇུག་དང་། མི་ལྡན་པ་དག་རྒྱུ་མཐུན་པ། ཞེས་བྱུང་། སྐལ་མཉམ་ཆོས་ཅན། བཤད་མ་ཐག་པ་དེ་བཞིན་དུ་ཆོས་གསུམ་ལྡན་དུ་མ་ཟད། ལྔ་ལྡན་ཡང་ཡིན་ཏེ། ངོ་བོ་སེམས་ཅན་དུ་སྟོན་པ་སོགས་གསུམ་དུ་མ་ཟད། སྐལ་མཉམ་དང་རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བའམ་ཡིན་ཞིང་། ཁམས་གསུམ་པ་སྟེ་དེ་གསུམ་གྱི་སར་གཏོགས་པ་ལྔ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཐོབ་པ་ལ་རྣམ་པ་གཉིས་ཡོད་དེ། རྣམ་སྨིན་དང་རྒྱུ་མཐུན་ལས་བྱུང་བ་གཉིས་ཡོད་པའི་ཕྱིར། དེར་ཐལ། རང་གི་རིགས་འདྲ་སྔ་མ་ལས་བྱུང་བ་ནི་རྒྱུ་མཐུན་ལས་བྱུང་བ་དང་། མིག་སོགས་རྣམ་སྨིན་ལས་བྱུང་བ་གཉིས་ཡོད་པའི་ཕྱིར། འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་རྣམས་ཆོས་ཅན། ཁྱོད་ལ་བྱུང་བ་གཉིས་ཡོད་དེ། རྒྱུ་མཐུན་དང་རྣམ་སྨིན་སྐྱེས་གཉིས་ཡོད་པའི་ཕྱིར། དེར་ཐལ། སེམས་ཅན་དུ་མི་སྟོན་པ་རྒྱུ་མཐུན་དང་། སེམས་ཅན་དུ་སྟོན་པའི་དེ་བཞི་རྣམ་སྨིན་ལས་བྱུང་བ་ཡོད་པའི་ཕྱིར། གོང་དུ་བཤད་པའི་སྙོམས་འཇུག་གཉིས་དང་། མི་ལྡན་པའི་འདུ་བྱེད་དེ་དག་ཆོས་ཅན། རྣམ་སྨིན་ཀྱི་རྒྱུ་ལས་བྱུང་བ་མིན་ཏེ། རྒྱུ་མཐུན་ཁོ་ན་ལས་བྱུང་བའི་ཕྱིར་རོ། །གསུམ་པ་རྒྱུ་རྐྱེན་འབྲས་བུའི་རྣམ་གཞག་ལ། རྒྱུ་འབྲས་སྤྱིར་བསྟན་པ་དང་། རྐྱེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། རྒྱུ་དང་འབྲས་བུ་བཤད་པ་གཉིས་དང་། དེ་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པ་གསུམ། དང་པོ་ལ། དབྱེ་བ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་དང་། དོན་བསྡུ་བ་གསུམ། དང་པོ་ནི། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། ། ཞེས་བྱུང་། རྒྱུ་ནི་ཆོས་ཅན། རྣམ་པ་དྲུག་དུ་འདོད་དེ། བྱེད་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་དང་སྐལ་མཉམ་གྱི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་ཀུན་ཏུ་འགྲོ་བའི་རྒྱུ་དང་རྣམ་སྨིན་གྱི་རྒྱུ་དང་དྲུག་ཡོད་པའི་ཕྱིར། གཉིས་པ་ལ་དྲུག་ལས། དང་པོ་བྱེད་རྒྱུ་ནི། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་བྱུང་། བྱེད་རྒྱུ་ཆོས་ཅན། བཞག་ཏུ་ཡོད་དེ། རང་སྐྱེ་བ་ལ་གེགས་མི་བྱེད་ཅིང་། རང་ལས་དོན་གཞན་པའི་ཆོས་ཞིག་ལ་འཇོག་པའི་ཕྱིར། བྱེད་རྒྱུ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། སྐབས་འདིར་ནུས་ལྡན་དང་ནུས་མེད་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། ཆོས་དེ་སྐྱེ་བ་ལ་ཕན་འདོགས་པའི་འདུས་བྱས་རྣམས་ནི། ཆོས་དེའི་བྱེད་རྒྱུ་ནུས་ལྡན་དང་། ཆོས་དེ་སྐྱེ་བ་ལ་གེགས་མི་བྱེད་ཀྱང་ཕན་མི་འདོགས་པའི་ཆོས་དེ། ཆོས་དེའི་བྱེད་རྒྱུ་ནུས་མེད་དུ་འཇོག་པའི་ཕྱིར། སོ་སོའི་མཚན་གཞི་ཡོད་དེ། ཆོས་དེའི་རྒྱུ་ཐམས་ཅད་ཆོས་དེའི་བྱེད་རྒྱུ་ནུས་ལྡན་དང་། འདུས་མ་བྱས་ཀྱི་ཆོས་རྣམས་དང་འདུས་བྱས་ཡིན་ཀྱང་དེ་ལ་མི་གནོད་མི་ཕན་པ་རྣམས། ཆོས་དེའི་བྱེད་རྒྱུ་ནུས་མེད་དུ་འཇོག་པའི་ཕྱིར། དེར་ཐལ། ས་བོན་དང་ཆུ་ལུད་དང་དྲོད་གཤེར་སོགས་རང་འབྲས་མྱུ་གུའི་རྒྱུ་སྔ་མ་དང་། ཀ་བུམ་ལ་སོགས་པ་ནི་དེའི་རྒྱུ་ཕྱི་མ་ཡིན་པའི་ཕྱིར། སྤྱིར་བྱེད་རྒྱུ་ཐམས་ཅད་ནུས་ལྡན་ཡིན་ཏེ། འདིར་བྱེད་རྒྱུ་ནུས་སྟོང་ནི་གཞི་ལ་ལྟོས་ནས་ཡིན་པའི་ཕྱིར། འདུས་མ་བྱས་ལ་དམིགས་ནས་ཡིད་ཤེས་སྐྱེ་ཞིང་། དེ་ལས་དབང་ཤེས་ཀྱང་སྐྱེ་བ་ཡོད་དེ། མཛོད་རང་འགྲེལ་ལས། རྒྱུ་བརྒྱུད་པའི་སྒོ་ནས་དེ་ཡང་རྐྱེན་དུ་འགྱུར་བའི་ཕྱིར་ནུས་པ་ཡོད་དེ། ཞེས་གསུངས་པའི་ཕྱིར། དེ་ཡང་བྱེ་སྨྲའི་ལུགས་ཡིན་གྱིི། གོང་མས་བྱེད་རྒྱུ་ལ་འདུས་བྱས་ཀྱིས་ཁྱབ་པར་འདོད་པས་ཁྱད་པར་ཡོད་དོ། །ཆོས་དེ་སྐྱེ་བ་ལ་གནོད་པ་ནི་ཆོས་དེའི་བྱེད་རྒྱུ་མ་ཡིན་ཏེ། དེ་དེའི་འཇིག་བྱེད་ཡིན་པའི་ཕྱིིར། གཉིས་པ་ནི། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་པ། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །སེམས་ལས་བྱུང་དང་སྡོམ་གཉིས་དང་། །སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པའོ། །ཞེས་བྱུང་། འདི་ལ་མཚན་ཉིད། མཚན་གཞི། སེམས་ཀྱི་རྗེས་འཇུག་ངོས་བཟུང་། དེ་རྗེས་སུ་འཇུག་ཚུལ་བཞི། དང་པོ་ནི། ལྷན་ཅིག་འབྱུང་བའི་རྒྱུ་གང་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་དམ་ངོ་བོ་ཡོད་དེ། ཕན་ཚུན་ཕན་འདོགས་རྒྱུ་འབྲས་སུ་གནས་པའི་རྒྱུ་དེ་དེ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། ཁྱོད་ཀྱི་མཚན་གཞི་དང་དཔེ་ཡོད་དེ། ཚོགས་པ་གཅིག་ལ་གནས་པའི་འབྱུང་བཞི་བཞིན་དང་། སེམས་ཀྱི་རྗེས་འཇུག་ང་བརྒྱད་དང་སེམས་བཞིན་དང་། མཚན་ཉིད་སྐྱེ་སོགས་བཞི་དང་མཚན་གཞི་འདུ་བྱེད་པ་བཞིན་ཡིན་པའི་ཕྱིར། གསུམ་པ་ནི། སེམས་ཀྱི་རྗེས་འཇུག་ཆོས་ཅན། ངོས་བཟུང་དུ་ཡོད་དེ། སེམས་ཀྱི་འཁོར་དུ་གྱུར་པའི་སེམས་བྱུང་རྣམས་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་རྣམ་པ་གཉིས་དང་། སེམས་དང་དེ་དག་གི་མཚན་ཉིད་སྐྱེ་འཇིག་སོགས་དེ་ཡིན་པའི་ཕྱིར། བཞི་པ་ནི། སེམས་ཀྱི་རྗེས་འཇུག་དེ་རྣམས་ཆོས་ཅན། རྒྱུ་བཅུས་སེམས་ཀྱི་རྗེས་འཇུག་ཅེས་བྱ་སྟེ། དུས་ཀྱི་སྒོ་ནས་བཞི་དང་འབྲས་བུ་སོགས་ཏེ་རྣམ་སྨིན་དང་རྒྱུ་མཐུན་གསུམ་དང་། དགེ་བ་སོགས་ཏེ་མི་དགེ་པ་ལུང་མ་བསྟན་གསུམ་དང་བཅུ་པོ་གང་རུང་ཡིན་པར་ཅིག་ཅར་རྗེས་སུ་འཇུག་པ་གཅིག་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་དང་དེའི་སྐྱེ་འགག་སོགས་བཞི་དུས་གཅིག་པ་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། འབྲས་བུ་བྱེད་འབྲས་དང་བྲལ་འབྲས་གཉིས་དང་། རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་རྣམས་གང་རུང་འབྱུང་བ་གཅིག་དགོས་པའི་ཕྱིར། གསུམ་པ་གྲུབ་སྟེ། དགེ་སོགས་གསུམ་པོ་གང་ཡིན་པ་གཅིག་དགོས་པའི་ཕྱིར། དེར་ཐལ། སེམས་དགེ་སོགས་གསུམ་གྱིས་རང་རང་གི་སེམས་བྱུང་དགེ་སོགས་གསུམ་སོ་སོར་སྐྱེད་པར་བྱེད་པའི་ཕྱིར། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ནི་བྱེ་སྨྲ་ལྟར་ན་རྒྱུ་འབྲས་མཚན་ཉིད་པ་ཡིན་ཀྱང་། གོང་མ་རྣམས་ཀྱིས་བཏགས་པ་བར་བཞེད་དེ། དུས་མཉམ་ལ་རྒྱུ་འབྲས་མི་བཞེད་པའི་ཕྱིར། གསུམ་པ་སྐལ་མཉམ་གྱི་རྒྱུ་ལ། ངོ་བོ་སྤྱིར་བསྟན་པ་དང་། ནང་ཚན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་བྱུང་། སྐལ་མཉམ་གྱི་རྒྱུ་ཆོས་ཅན། འཇོག་ཚུལ་ཡོད་དེ། འབྲས་བུ་རང་དང་རིགས་འདྲ་བ་ཞིག་སྐྱེད་པའི་སྒོ་ནས་འཇོག་པའི་ཕྱིར། དཔེར་ན། དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་སྔ་མས་རང་གི་རིགས་འདྲ་ཕྱི་རམ་སྐྱེད་པར་བྱེད་པ་ལྟ་བུའོ། །གཉིས་པ་ལ། ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པ་གཉིས་ལས། དང་པོ་ནི། རང་རིས་ས་པའོ་སྔར་སྐྱེས་རྣམས། ཞེས་བྱུང་། ཉོན་མོངས་ཅན་གྱི་སྐལ་མཉམ་གྱི་རྒྱུ་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། རང་དང་སྤང་བྱ་རིགས་གཅིག་པ། ས་གཅིག་པ། འབྲས་བུའི་སྔར་སྐྱེས་པ་གསུམ་རྣམས་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། མཐོང་སྤང་དང་སྒོམ་སྤང་ལྟ་བུར་རིགས་གཅིག་པ་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁམས་གསུམ་པོ་རང་རང་གི་ས་མ་བསྡུས་པའི་ཉོན་མོངས་ཀྱིས་རང་རང་གི་ལས་བསྡུས་ཀྱི་ཉོན་མོངས་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་ཀྱི། འདོད་པའི་མཐོང་སྤངས་ལྟ་བུས་གོང་མའི་མཐོང་སྤང་གི་རྒྱུ་མི་བྱེད་པ་སོགས་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། འབྲས་བུ་དེའི་སྔར་སྐྱེས་པས་ཕྱི་མ་སྐྱེས་པ་དང་མ་སྐྱེས་པའི་སྐལ་མཉམ་གྱི་རྒྱུ་བྱེད་ཀྱི། དུས་མཉམ་པས་དེ་མི་བྱེད་པའི་ཕྱིར། གཉིས་པ་ནི། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། །ཐོས་དང་བསམ་བྱུང་ལ་སོགས་པ། །ཞེས་བྱུང་། གོང་དུ་ས་གཅིག་པ་ཞིག་དགོས་པར་བཤད་པ་ནི་ཉོན་མོངས་ཅན་གྱི་སྐལ་མཉམ་གྱི་དབང་དུ་བྱས་པ་ཡིན་གྱི། ཟག་མེད་ལ་ནི་དེ་ལྟར་མ་ངེས་ཏེ། ཟག་མེད་ཀྱི་ས་དགུ་ལ་བརྟེན་པའི་ལམ་ནི་ཕན་ཚུན་མཉམ་པས་མཉམ་པ་དང་། ཁྱད་པར་ཅན་གྱི་རྒྱུ་བྱེད་པའི་ཕྱིར། དེར་ཐལ། ལམ་བདེན་ཕན་ཚུན་མཐོ་དམན་མཉམ་པ་དང་གོང་མའི་སྐལ་མཉམ་གྱི་རྒྱུ་བྱེད་པའི་ཕྱིར། དེར་མ་ཟད་སྦྱོར་བྱུང་འཇིག་རྟེན་པའི་ལམ་ཟག་བཅས་ཀྱི་དགེ་བ་དེའང་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་དེ་གཉིས་ཁོ་ན་བྱེད་པ་ཡིན་ཏེ། ཐོས་བྱུང་དང་བསམ་བྱུང་ལ་སོགས་པ་སྟེ་བསྒོམས་བྱུང་རྣམས་ཀྱིས་དེ་ལྟར་བྱེད་པའི་ཕྱིར། དེར་ཐལ། འདོད་པའི་སས་བསྡུས་ཀྱི་བསྒོམས་བྱུང་མེད་ཀྱང་ཐོས་བྱུང་དང་བསམ་བྱུང་སྔ་མས་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད། གཟུགས་ནི་བསམ་བྱུང་མེད་ཀྱང་ཐོས་བྱུང་དང་བསྒོམས་བྱུང་སྔ་མས་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད། གཟུགས་མེད་དུ་བསྒོམས་བྱུང་སྔ་མས་ཕྱི་མའི་རྒྱུ་དེ་བྱེད་པའི་ཕྱིར། འདིར་བསྒོམས་བྱུང་འཇོག་མཚམས་ཡོད་དེ། ཞི་གནས་ཐོབ་པ་ནས་འཇོག་པའི་ཕྱིར། བཞི་པ་མཚུངས་ལྡན་རྒྱུ་ནི། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་བྱུང་། མཚུངས་ལྡན་གྱི་རྒྱུ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། ཐུན་མོང་མ་ཡིན་པའི་བདག་རྐྱེན་གཅིག་ལ་བརྟེན་པར་མཚུངས་པ་ཅན་གྱི་སེམས་དག་དང་། སེམས་བྱུང་རྣམས་ཕན་ཚུན་རྒྱུ་འབྲས་སུ་འཇོག་པའི་ཕྱིར། དེར་ཐལ། དེ་དག་ཕན་ཚུན་གཅིག་མེད་ན་ཅིག་མི་འབྱུང་བའི་རྒྱུ་འབྲས་ཡིན་པའི་ཕྱིར། འདི་རྒྱུ་འབྲས་མཚན་ཉིད་པར་བྱེ་སྨྲས་འདོད་ཀྱང་གཞན་གྱིས་བཏགས་པ་བར་འདོད་དོ། །ལྔ་པ་ཀུན་འགྲོའི་རྒྱུ་ནི། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། ཞེས་བྱུང་། ཀུན་འགྲོའི་རྒྱུ་ཆོས་ཅན། འཇོག་ཚུལ་ཡོད་དེ། རང་དང་རིགས་དང་ས་གཅིག་པའི་ཉོན་མོངས་དང་ཉོན་མོངས་ཅན་གྱི་ཀུན་འགྲོའི་རྒྱུ་དང་། དེ་མི་གཅིག་པའི་ཉོན་མོངས་དང་ཉོན་མོངས་ཅན་རྣམས་ཀྱི་ཀུན་འགྲོའི་རྒྱུ་གཉིས་ཡོད་པའི་ཕྱིར། ཀུན་འགྲོ་ལྔ་ཡོད་དེ། ཚོར་འདུ་སོགས་ལྔ་ལ་བྱེད་པའི་ཕྱིར། དྲུག་པ་རྣམ་སྨིན་གྱི་རྒྱུ་ནི། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན། ཞེས་བྱུང་། རྣམ་སྨིན་གྱི་རྒྱུ་ཆོས་ཅན། འཇོག་ཚུལ་ཡོད་དེ། རྣམ་པར་སྨིན་པ་འབྱིན་བྱེད་ཀྱི་མི་དགེ་བ་དང་། དགེ་བ་ཟག་བཅས་རྣམས་ཁོ་ན་དེར་འཇོག་པའི་ཕྱིར། དེ་གཉིས་ཆོས་ཅན། རྣམ་སྨིན་གྱི་རྒྱུ་ཡིན་ཏེ། ངོ་བོ་སྟོབས་དང་ལྡན་ཞིང་སྲེད་པའི་རླན་དང་བཅས་པའི་ཕྱིར། ལུང་མ་བསྟན་རྣམས་ཆོས་ཅན། རྣམ་སྨིན་གྱི་རྒྱུ་མ་ཡིན་ཏེ། སྲེད་པའི་རླན་དང་བཅས་ཀྱང་ངོ་བོ་སྟོབས་དང་མི་ལྡན་པའི་ཕྱིར། དགེ་བ་ཟག་མེད་རྣམས་ཆོས་ཅན། རྣམ་སྨིན་གྱི་རྒྱུ་མ་ཡིན་ཏེ། ངོ་བོ་སྟོབས་དང་ལྡན་ཀྱང་སྲེད་པའི་རླན་དང་མ་བཅས་པའི་ཕྱིར། རྣམ་སྨིན་གྱི་དོན་ཡང་ཡོད་དེ། རྣམ་པར་ཏེ་ཁྱད་པར་མི་འདྲ་བར་སྨིན་པ་དེ་དེའི་སྒྲ་དོན་ཡིན་པའི་ཕྱིར། གསུམ་པ་དོན་བསྡུ་ནི། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། །གསུམ་པོ་དག་ནི་དུས་གསུམ་པ། །ཞེས་བྱུང་། ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་ཆོས་ཅན། དུས་གཉིས་པ་ཅན་ཡིན་ཏེ། འདས་པས་ད་ལྟར་བ་དང་། ད་ལྟར་བས་མ་འོངས་པའི་རྒྱུ་བྱེད་པ་ཅན་ཡིན་པའི་ཕྱིར། ལྷན་ཅིག་འབྱུང་བ་མཚུངས་ལྡན་རྣམ་སྨིན་གྱི་རྒྱུ་གསུམ་པོ་དག་ནི་ཆོས་ཅན། དུས་གསུམ་པ་ཅན་ཡིན་ཏེ། འདས་པ་དང་ད་ལྟ་བ་དང་མ་འོངས་པས་ཁྱད་མ་འོངས་པ་སྐྱེད་པའི་ཕྱིར། འདིར་སྤྱི་དོན་གྱིས་ཅུང་ཟད་བཤད་ན། སྤྱིར་རྒྱུ་དྲུག་གི་ནང་ཚན་མི་འགལ་ཏེ། རྒྱུ་ཡིན་ན་བྱེད་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། གཞི་དང་སྦྱར་ན་འགལ་བ་མང་སྟེ། རྣམ་སྨིན་སྐྱེས་ཀྱི་སེམས་དེའི་རྣམ་སྨིན་གྱི་རྒྱུ་ཡིན་ན། སེམས་དེའི་མཚུངས་ལྡན་དང་ལྷན་ཅིག་འབྱུང་བའི་རྒྱུ་མིན་དགོས་པའི་ཕྱིར། དེར་ཐལ། དེའི་མཚུངས་ལྡན་གྱི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་ནི་དེ་དང་དུས་མཉམ་ཡིན་ལ། དེའི་རྣམ་སྨིན་གྱི་རྒྱུ་ནི་སྔ་རོལ་ཏུ་བྱུང་བ་ཡིན་པའི་ཕྱིར། དེའི་ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་གང་རུང་ཡང་སེམས་དེའི་ལྷན་ཅིག་འབྱུང་བའི་རྒྱུ་མིན་ཏེ། དེ་གཉིས་རང་གི་འབྲས་བུའི་སྔོན་དུ་འབྱུང་བའི་ཕྱིར་རོ། །གཉིས་པ་འབྲས་བུ་ལ། མཚན་གཞི། འབྲས་བུ་གང་རྒྱུ་ལས་སྐྱེས་པ། འབྲས་བུ་སོ་སོའི་ངོ་བོ་དང་གསུམ། དང་པོ་ནི། འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །འདུས་མ་བྱས་ལ་དེ་དག་མེད། །ཅེས་བྱུང་། འབྲས་བུ་ཆོས་ཅན། བཞག་ཏུ་ཡོད་དེ། འདུས་བྱས་རྣམས་དང་། ཐལ་བ་འགོག་བདེན་བཅས་དེ་ཡིན་པའི་ཕྱིར། འདུས་མ་བྱས་ཆོས་ཅན། ཁྱོད་ལ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་བ་དེ་དག་གང་ཡང་མེད་དེ། རྒྱུ་དྲུག་འབྲས་བུ་ལྔའི་བྱེད་རྒྱུ་དང་བྲལ་འབྲས་མ་གཏོགས་གཞན་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་མེད་པའི་ཕྱིར། གལ་ཏེ་འདུས་མ་བྱས་ལ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་ཡོད་དེ། བྱེད་རྒྱུ་ལ་འདུས་མ་བྱས་ཡོད་ཅིང་བྲལ་འབྲས་འདུས་མ་བྱས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བྲལ་འབྲས་ལམ་བདེན་གྱི་སྟོབས་ཀྱིས་ཐོབ་ཀྱང་དེ་ལམ་བདེན་ལས་བྱུང་བ་མ་ཡིན་པའི་ཕྱིར། གཉིས་པ་ནི། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །བདག་པོའི་འབྲས་བུ་དང་བའི་ཡིན། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །ཞེས་བྱུང་། རྣམ་སྨིན་གྱི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། རྒྱུ་དྲུག་གི་ཐ་མ་རྣམ་སྨིན་གྱི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར། བདག་པོའི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། རྒྱུ་དང་པོ་བྱེད་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་ཆོས་ཅན། རྒྱུ་གཉིས་ཀྱི་འབྲས་བུ་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་བྱུང་བའི་ཕྱིར། སྐྱེས་བུ་བྱེད་པའི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ལས་བྱུང་བ་ཡིན་པའི་ཕྱིར། གསུམ་པ་ནི། རྣམ་སྨིན་ལུང་དུ་མ་བསྟན་ཆོས། སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །བྲལ་བ་བློ་ཡིས་ཟད་པའོ། །གང་གིས་སྟོབས་ཀྱིས་གང་སྐྱེས་པ། །ཟས་དེ་སྐྱེས་བུ་བྱེད་ལས་སྐྱེས། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་བྱུང་། རྣམ་སྨིན་གྱི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་ཆོས་གསུམ་ལས་དང་པོ་ཡོད་དེ། མི་དགེ་བ་དང་དགེ་བ་གང་རུང་མ་ཡིན་ཞིང་མ་བསྒྲིབས་ལུང་དུ་མ་བསྟན་པའི་ཆོས་ཡིན་པ་ཞིག་ཡིན་པའི་ཕྱིར་མི་དགེ་བ་ཡིན་ཏེ། དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཕྱིར། དགེ་བ་མིན་ཏེ། དགེ་རྩ་བཅད་པ་ལའང་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། འབྲས་བུ་རྣམ་སྨིན་མི་འབྱིན་པའི་ཟག་བཅས་ཡིན་པའི་ཕྱིར། དེའི་ཆོས་གཉིས་པ་ཡོད་དེ། སེམས་ཅན་དུ་བརྗོད་པ་རྒྱུད་ཀྱིས་བསྡུས་པ་ཞིག་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། རང་རྒྱུ་ལུང་དུ་བསྟན་པ་ཟག་བཅས་ཀྱི་དགེ་མི་དགེ་གང་རུང་ལས་ཕྱིས་འབྱུང་བ་ཞིག་ཡིན་པའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་ཆོས་ཅན། བཞག་ཏུ་ཡོད་དེ། རང་རྒྱུ་དང་རིས་འདྲ་བའི་འབྲས་བུ་ཞིག་ལ་བྱེད་པའི་ཕྱིར། དེར་ཐལ། རང་རྒྱུ་སྐལ་མཉམ་གྱི་རྒྱུ་དང་ཀུན་འགྲོའི་རྒྱུ་ལས་བྱུང་བའི་ཕྱིར། བྲལ་བའི་འབྲས་བུ་ཆོས་ཅན། འཇོག་ཚུལ་ཡོད་དེ། བློ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་རང་གི་ངོ་སྐལ་གྱི་སྤང་བྱ་ཟད་པར་སྤངས་པའི་འགོག་བདེན་ལ་འཇོག་པའི་ཕྱིར། སྐྱེས་བུ་བྱེད་པའི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་ངོ་བོ་བཞག་ཏུ་ཡོད་དེ། རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་སྐྱེས་པ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། འགོག་བདེན་སྐྱེས་བུ་བྱེད་འབྲས་ཡིན་ལ། ཞིང་པས་བསྒྲུབས་པའི་ལོ་ཏོག་དང་། བཟོ་བོས་བྱས་པའི་ཁང་པ་དང་། རྣམ་གྲོལ་ལམ་རྣམས་དང་། ཟག་བཅས་ཀྱིས་ཟག་མེད་བསྐྱེད་པ་རྣམས་དང་། ས་མི་གཅིག་པའི་ཉོན་མོངས་ཅན་གཅིག་ལས་གཅིག་སྐྱེས་པ་སོགས་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བདག་པོའི་འབྲས་བུ་ཡོད་དེ། རྒྱུ་དེའི་སྔོན་དུ་བྱུང་བ་མ་ཡིན་པའི་འདུས་བྱས་རྒྱུ་དེའི་བདག་པོའི་འབྲས་བུ་ཡིན་པའི་ཕྱིར། བདག་འབྲས་ལ་འདུས་མ་བྱས་ཡོད་དམ་ཞེ་ན་མེད་དེ། འདུས་བྱས་ཁོ་ནའི་སྟེང་ནས་འཇོག་པའི་ཕྱིར། སྐྱེས་བུ་བྱེད་འབྲས་དང་བདག་འབྲས་གཉིས་མི་འགལ་ཏེ། རྒྱུ་བྱེད་པ་པོ་དང་ལྷན་ཅིག་དང་དེ་མ་ཐག་བྱུང་བའི་འབྲས་བུ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར་རོ། །གསུམ་པ་རྒྱུ་འབྲས་གཉིས་ཀའི་ཐུན་མོང་གི་ཆོས་ལ། འབྲས་བུ་འཛིན་འབྱིན་གྱི་ཁྱད་པར་དང་། འབྲས་བུ་གང་རྒྱུ་དུ་ཞིག་གིས་སྐྱེད་པ་གཉིས། དང་པོ་ནི། ལྔ་པོ་ད་ལྟར་འབྲས་བུ་འཛིན། གཉིས་ནི་རབ་ཏུ་འབྱིན་པ་ཡིན། །ད་ལྟར་གྱི་དང་འདས་པ་དག །གཅིག་ནི་འདས་པ་འབྱིན་པར་འགྱུར། །ཞེས་བྱུང་། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་པོ་ཆོས་ཅན། ད་ལྟར་བའི་འབྲས་བུ་འཛིན་པ་ཡིན་ཏེ། འདས་པས་བཟུང་ཟིན་ནས་འདས། མ་འོངས་པ་ལ་བྱེད་འབྲས་མེད་པས་འཛིན་པའི་ནུས་པ་མེད་པའི་ཕྱིར། ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱི་ཆོས་ཅན། འབྲས་བུ་རབ་ཏུ་སྟེ་རྒྱུད་ལྟར་བ་དང་དུས་མཉམ་དུ་དང་པོ་ནས་འབྱིན་པར་བྱེད་དེ། འབྲས་བུ་འཛིན་འབྱིན་གཉིས་ཅིག་ཅར་ད་ལྟར་གྱི་དུས་སུ་མཉམ་དུ་བྱེད་པའི་ཕྱིར། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་གཉིས་ཆོས་ཅན། ད་ལྟ་བ་རྒྱུ་མཐུན་གྱི་འབྲས་བུ་དང་འདས་པའི་རྒྱུ་མཐུན་གྱི་འབྲས་བུ་གཉིས་དག་འབྱིན་པ་ཡོད་དེ། སྐད་ཅིག་གཞན་གྱིས་བར་མ་ཆོད་པའི་འབྲས་བུ་འབྱིན་ན་ད་ལྟར་གྱི་དུས་སུ་དེ་འབྱིན་པ་དང་། བར་ཆོད་པའི་འབྲས་བུ་འབྱིན་ན་འདས་པའི་དུས་སུ་དེ་འབྱིན་པའི་བྱ་བ་བྱེད་པའི་ཕྱིར། འབྲས་བུ་འཛིན་ཞེས་པའི་དོན་ཡོད་དེ། རྒྱལ་སྲས་མ་ལས། འཛིན་ཞེས་བྱ་བ་ནི་འཕེན་པར་བྱེད་པ་སྟེ། ས་བོན་གྱི་དངོས་པོ་ཉེ་བར་གནས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། འབྲས་བུ་འཛིན་ལ་མི་འབྱིན་པ་ཡང་ཡོད་དེ། དགེ་རྩ་ཆད་ཁའི་ཆུང་ངུའི་ཆུང་ངུ་ལྟ་བུ་ཡིན་པའི་ཕྱིར། འཛིན་འབྱིན་གཉིས་ཀ་ཡིན་པ་ཡོད་དེ། དགེ་རྩ་མ་ཆད་པའི་སྐབས་ཕལ་ཆེར་དེ་ཡིན་པའི་ཕྱིར། རྣམ་སྨིན་གྱི་རྒྱུ་གཅིག་པུ་ནི་ཆོས་ཅན། ཁྱོད་འདས་པ་ཁོ་ནས་འབྲས་བུ་འབྱིན་པ་ཡིན་ཏེ། ལྷན་ཅིག་གམ་དེ་མ་ཐག་ཁྱོད་ཀྱི་འབྲས་བུ་འབྱུང་བ་མེད་པའི་ཕྱིར་རོ། །གཉིས་པ་ལ། མཚུངས་ལྡན་རྒྱུ་དུ་ལས་བྱུང་བ་དང་། མཚུངས་ལྡན་མིན་པ་རྒྱུ་དུ་ལས་བྱུང་བ་གཉིས། དང་པོ་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང་། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེས། །སེམས་དང་སེམས་ལས་བྱུང་བ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། སྐབས་འདིར་ཆོས་བཞི་ཡོད་དེ། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས་དང་། ཟག་མེད་དང་པོ་དང་། དེ་གསུམ་གྱི་ལྷག་མའི་འདུས་བྱས་དང་བཞི་ཡོད་པའི་ཕྱིར། རིམ་པ་བཞིན་ཉོན་མོངས་ཅན་ཆོས་ཅན། རྒྱུ་ལྔ་ལས་སྐྱེས་ཏེ། རྣམ་སྨིན་གྱི་རྒྱུ་མ་གཏོགས་གཞན་ལྔ་ལས་སྐྱེས་པའི་ཕྱིར། རྣམ་སྨིན་ལས་སྐྱེས་པ་ཆོས་ཅན། རྒྱུ་ལྔ་ལས་སྐྱེས་ཏེ། ཀུན་འགྲོ་མ་གཏོགས་ལྷག་མ་ལྔ་ལས་སྐྱེས་པའི་ཕྱིར། ལུང་མ་བསྟན་རྣམས་དང་ཟག་མེད་སྐད་ཅིག་གཉིས་པ་ཕན་ཆད་ཀྱི་དགེ་བ་རྣམས་ཆོས་ཅན། རྒྱུ་བཞི་ལས་སྐྱེས་ཏེ། རྣམ་སྨིན་གྱི་རྒྱུ་དང་ཀུན་འགྲོའི་རྒྱུ་གཉིས་མ་གཏོགས་ལྷག་མ་བཞི་ལས་སྐྱེས་པའི་ཕྱིར། ཟག་མེད་སྐད་ཅིག་དང་པོ་འཕགས་པའི་ལམ་ནི་ཆོས་ཅན། རྒྱུ་གསུམ་ལས་སྐྱེས་ཏེ། རྣམ་སྨིན་གྱི་རྒྱུ་ཀུན་འགྲོ་རྒྱུ་སྐལ་མཉམ་གྱི་རྒྱུ་མ་གཏོགས། ལྷག་མ་བྱེད་ལྷན་མཚུངས་ལྡན་གྱི་རྒྱུ་གསུམ་ལས་སྐྱེས་པའི་ཕྱིར། ཆོས་བཞི་པོ་དེ་དག་འདུས་བྱས་སྤྱིར་མ་ཟད་གཙོ་བོར་མཚུངས་ལྡན་གྱི་དབང་དུ་བྱས་པ་ཡིན་ཏེ། སེམས་དང་སེམས་བྱུང་གི་དབང་དུ་བྱས་པའི་ཕྱིར། གཉིས་པ་ནི། མཚུངས་ལྡན་མ་གཏོགས་གཞན་དེ་བཞིན། །ཞེས་བྱུང་། མཚུངས་ལྡན་མ་གཏོགས་པའི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ལ་དུ་མ་ཡོད་དེ། སྔར་བཤད་པ་དེ་བཞིན་དུ་བཞི་དང་གསུམ་དང་གཉིས་ཡོད་པའི་ཕྱིར། དེར་ཐལ། གཞན་སྡོམ་མིན་དང་དབང་པོ་ཉོན་མོངས་ཅན་དང་ཉོན་མོངས་ཅན་གྱི་ལྡན་མིན་སོགས་ནི་རྣམ་སྨིན་དང་མཚུངས་ལྡན་མ་གཏོགས་པའི་རྒྱུ་བཞི་ལས་སྐྱེས། སོ་ཐར་དང་བསམ་གཏན་ལ་སོགས་པའི་དགེ་བ་ལྡན་མིན་དང་སྐྱེ་འཇིག་སོགས་ཀྱི་ལུང་མ་བསྟན་རྣམས་ནི། རྣམ་སྨིན་ཀུན་འགྲོ་མཚུངས་ལྡན་མ་གཏོགས་པ་གཞན་གསུམ་ལས་སྐྱེས། ཟག་མེད་ཀྱི་སྡོམ་པ་ལྟ་བུ་ནི་བྱེད་རྒྱུ་དང་ལྷན་ཅིག་གི་རྒྱུ་གཉིས་ལས་སྐྱེས་པའི་ཕྱིར། དེ་ཆོས་ཅན། མཚུངས་ལྡན་གྱི་རྒྱུ་ལས་མ་བྱུང་སྟེ། ལྡན་མིན་ཡིན་པའི་ཕྱིར། གཉིས་པ་རྐྱེན་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་བསྟན་པ་དང་། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། དབྱེ་བ་མདོར་བསྟན་པ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པ། དེ་དག་གི་ཁྱད་ཆོས་གཞན་བཤད་པ་གསུམ། དང་པོ་ནི། རྐྱེན་ནི་བཞི་པོ་དག་ཏུ་གསུངས། །ཞེས་བྱུང་། རྐྱེན་ཆོས་ཅན། ཁྱོད་ལ་དབྱེ་ན་བཞི་ཡོད་དེ། རྒྱུ་རྐྱེན་དམིགས་རྐྱེན་བདག་རྐྱེན་དེ་མ་ཐག་རྐྱེན་དང་བཞི་ཡོད་པའི་ཕྱིར། གཉིས་པ་ནི། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་བྱུང་། རྒྱུ་དང་རྐྱེན་གཉིས་འགལ་ལམ་ཞེ་ན། མི་འགལ་ཏེ། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ཞེས་བྱ་བ་ལྔ་པོ་དེ་རྒྱུའི་རྐྱེན་ཡིན་པའི་ཕྱིར། སེམས་དང་སེམས་བྱུང་སྐྱེས་པ་ཕལ་ཆེ་བ་རྣམས་ཆོས་ཅན། མཚུངས་པ་དེ་མ་ཐག་རྐྱེན་ཡིན་ཏེ། རང་གི་མཚུངས་པ་དེ་མ་ཐག་ཤེས་པ་ཕྱི་མ་སྐྱེད་པའི་རིག་པ་ཡིན་པའི་ཕྱིར། དགྲ་བཅོམ་པའི་ཐ་མའི་སེམས་སེམས་བྱུང་རྣམས་ཆོས་ཅན། མཚུངས་པ་དེ་མ་ཐག་རྐྱེན་མིན་ཏེ། ཉེར་འབྲས་རིག་པ་ཕྱི་མ་མེད་པའི་ཕྱིར། གཟུགས་སོགས་ཀྱི་ཆོས་ཐམས་ཅད་ཆོས་ཅན། དམིགས་པའི་རྐྱེན་དངོས་བཏགས་གང་རུང་ཡིན་ཏེ། གཟུགས་མིག་གི་རྣམ་ཤེས་ཀྱི་དམིགས་རྐྱེན་ཡིན་པ་ནས་ཆོས་ཐམས་ཅད་ཡིད་ཀྱི་རྣམ་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར། བདག་པོ་རྐྱེན་ཆོས་ཅན། བཞག་ཏུ་ཡོད་དེ། བྱེད་རྒྱུ་ཞེས་བྱ་བ་དེ་ཁྱོད་དུ་བཤད་པའི་ཕྱིར། འདིར་སྤྱི་དོན་གྱིས་ཅུང་ཟད་བཤད་ན། སྤྱིར་རྒྱུ་རྐྱེན་གཉིས་མི་འགལ་ཏེ། དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། གཞི་གཅིག་ལ་ལྟོས་ན་ཁྱད་པར་ཡོད་དེ། ཆོས་དེའི་ཉེར་ལེན་ནི་རྒྱུ་རྐྱེན་གཉིས་སུ་ཕྱེ་བའི་རྒྱུ་ཡིན་ལ། དེའི་ལྷན་ཅིག་བྱེད་པ་ནི་དེ་གཉིས་སུ་ཕྱེ་བའི་རྐྱེན་ཡིན་པའི་ཕྱིར། འདུས་བྱས་མ་ཡིན་པའི་ཆོས་ནི། དམིགས་རྐྱེན་དངོས་གནས་པར་འདོད་པར་མི་བྱ་སྟེ། དེ་རྐྱེན་མ་ཡིན་པའི་ཕྱིར། བྱེ་སྨྲས་ཉོན་མོངས་ཅན་གྱི་སེམས་ཕྱི་མ་ཁོ་ནའི་དེ་མ་ཐག་རྐྱེན་བྱེད་པ་པོ་སོགས་སུ་འདོད་ཀྱང་སློབ་དཔོན་ནི་དེ་མི་བཞེད་དེ། ཟག་བཅས་ཀྱི་སེམས་སེམས་བྱུང་གིས་ནི། ཟག་མེད་ཀྱི་སེམས་སེམས་བྱུང་གི་དེ་མ་ཐག་བྱེད་པར་བཞེད་པའི་ཕྱིར། དེར་ཐལ། སྦྱོར་ལམ་གྱིས་མཐོང་ལམ་གྱི་དེ་མ་ཐག་བྱེད་པའི་ཚུལ་སོགས་བཞེད་པའི་ཕྱིིར། གཟུགས་ཅན་ལ་མཚུངས་པ་དེ་མ་ཐག་མེད་དེ། དེ་དང་མཚུངས་ལྡན་མེད་པའི་ཕྱིར། དེ་མ་ཐག་རྐྱེན་ཡིན་ན། མཚུངས་པ་དེ་མ་ཐག་ཡིན་བས་མ་ཁྱབ་སྟེ། དེ་ལ་མུ་བཞི་བཤད་པའི་ཕྱིར། གཉིད་འཐུག་པོ་དང་འགོག་པ་དང་འདུ་ཤེས་མེད་པ་ལས་ལངས་མ་ཐག་པའི་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་ལ་འདོད་ཚུལ་མི་འདྲ་བ་འགའ་རེ་སྣང་སྟེ། མཁས་པ་ཁ་ཅིག་ནི་གཉིད་དང་སྙོམས་འཇུག་ལས་ལང་ཁ་མའི་ཡིད་ཤེས་ལ་འདོད་ཅིང་། གཞན་དག་དེ་ངག་ཏུ་འཇུག་ཁ་མའི་དབང་ཤེས་ལ་འདོད་པའི་ཕྱིར། བྱེད་རྒྱུ་རྣམས་བདག་རྐྱེན་དུ་བཤད་པས་རྒྱུ་ཡིན་ན་སྤྱིར་བདག་རྐྱེན་ཡིན་པས་ཁྱབ་ལ། བདག་རྐྱེན་ཞེས་པའི་སྒྲ་དོན་ཡོད་དེ། མང་པོའི་རྐྱེན་དང་ལྷག་པའི་རྐྱེན་ཞེས་པའི་དོན་ཡིན་པའི་ཕྱིར། གསུམ་པ་ལ། རྐྱེན་གང་གིས་འབྲས་བུ་གང་ལ་བྱ་བ་བྱེད་ཚུལ། འབྲས་བུ་གང་རྐྱེན་གང་ལས་བྱུང་ཚུལ། འབྱུང་བ་དང་འབྱུང་འགྱུར་གཉིས་རྐྱེན་དང་རྐྱེན་ཅན་དུ་འགྱུར་ཚུལ་གསུམ། དང་པོ་ནི། རྒྱུ་གཉིས་པོ་དག་འགག་པ་ལ། བྱ་བ་བྱེད་པོ་གསུམ་པོ་ནི། །སྐྱེ་ལ་འོ་དེ་ལས་གཞན་པ་ཡི། །རྐྱེན་དག་དེ་ལས་བཟློག་པ་ཡིན། །ཞེས་བྱུང་། ཤེས་བྱ་ཆོས་ཅན། རྒྱུ་ལྔས་འབྲས་བུ་དུས་གསུམ་པོ་གང་ལ་བྱ་བ་བྱེད་ཚུལ་ཡོད་དེ། ལྡན་མཚུངས་གཉིས་པོ་དག་གིས་འབྲས་བུ་འགག་པ་མངོན་དུ་ཕྱོགས་པ་ལ་བྱ་བ་བྱེད། སྐལ་ཀུན་རྣམ་སྨིན་གསུམ་པོ་ཡིས་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་འོངས་པ་ལ་བྱེ་བ་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་གཉིས་ཀྱིས་འབྲས་བུ་ད་ལྟ་བ་དུས་མཉམ་པ་འཛིན་འབྱིན་གཉིས་དང་ལོངས་སྤྱོད་པའི་བྱ་བ་གསུམ་བྱེད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་གསུམ་གྱིས་འབྲས་བུ་མ་འོངས་པའི་སྐྱེ་བ་ཁོ་ན་ལ་བྱ་བ་བྱེད་པའི་ཕྱིར། དེར་ཐལ། རང་འབྲས་འཕངས་པའི་རྗེས་སུ་སྐྱེ་བའི་ཕྱིར། དེ་ལས་གཞན་པ་ཡི་རྐྱེན་དེ་མ་ཐག་རྐྱེན་དམིགས་རྐྱེན་བདག་རྐྱེན་གསུམ་པོ་དག་ནི་ཆོས་ཅན། རྐྱེན་ལྔ་པོ་གཉིས་སུ་བཤད་པ་དེ་ལས་གོ་རིམ་བཟློག་ནས་བྱེད་པ་ཡིན་ཏེ། མཚུངས་རྐྱེན་གྱིས་སྐྱེ་བའི་གོ་སྐབས་འབྱེད་པས་མ་འོངས་པ་ལ་བྱ་བ་བྱེད། དམིགས་རྐྱེན་གྱིས་ད་ལྟ་བྱུང་བ་འཛིན་པས་འགག་བཞིན་པ་ལ་བྱ་བ་བྱེད། བདག་རྐྱེན་གྱིས་སྐྱེ་འགག་ཐམས་ཅད་ལ་བྱ་བ་བྱེད་པའི་ཕྱིར། གཉིས་པ་ནི། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྐོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་བྱུང་། སེམས་དང་སེམས་བྱུང་རྣམས་ཆོས་ཅན། རྐྱེན་བཞི་ལས་སྐྱེས་པ་ཡིན་ཏེ། རང་གི་རྒྱུ་རྐྱེན་དང་བདག་རྐྱེན་ལས་སྐྱེ་བ་གང་ཞིག །དམིགས་རྐྱེན་དང་དེ་མ་ཐག་རྐྱེན་ལས་ཀྱང་སྐྱེ། དེ་བཞི་མ་ཚང་བར་ཁྱོད་སྐྱེ་བ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། འདུས་བྱས་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཤེས་པ་ཡིན་པའི་ཕྱིར། དེར་ཐལ། བཞི་ཡིས་སེམས་དང་སེམས་བྱུང་རྣམས། ཞེས་གསུངས་པའི་ཕྱིར། འདུ་ཤེས་ མེད་དང་འགོག་པའི་སྙོམས་པར་འཇུག་་གཉིས་ཆོས་ཅན། རྐྱེན་གསུམ་ལས་སྐྱེ་སྟེ། རྒྱུ་རྐྱེན་དང་བདག next hit་རྐྱེན་དང་དེ་མ་ཐག་རྐྱེན་གསུམ་ལས་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། སྐལ་མཉམ་ལས་སྐྱེ་བའི་ཕྱིར། གཉིས་པ་གྲུབ་སྟེ། ལྷན་ཅིག་འབྱུང་རྒྱུ་སྔ་མ་ལས་སྐྱེ་བའི་ཕྱིར། གསུམ་པ་གྲུབ་སྟེ། སྙོམས་པར་འཇུག་ཁ་མའི་སེམས་དང་བཅས་པ་ལས་སྐྱེ་བའི་ཕྱིར། ཆོས་གཞན་མཚུངས་ལྡན་མིན་པའི་འདུ་བྱེད་དང་གཟུགས་ཅན་རྣམས་ནི་ཆོས་ཅན། རྐྱེན་གཉིས་ལས་སྐྱེ་སྟེ། རྒྱུ་རྐྱེན་དང་བདག་རྐྱེན་གཉིས་པོ་དག་ལས་སྐྱེ་བའི་ཕྱིར། རྐྱེན་ལ་རྣམ་པ་བཞི་ངེས་ཏེ། ཕྱི་རོལ་པས་འདོད་པ་ལྟར་དབང་ཕྱུག་རྟག་པ་སོགས་ཏེ་རང་བཞིན་རྟག་པ་དང་། དུས་རྟག་པ་དང་། ངོ་བོ་ཉིད་དང་། རྡུལ་ཕྲན་རྟག་པ་སོགས་རྐྱེན་དུ་མི་རུང་བའི་ཕྱིར། དེར་ཐལ། འབྲས་བུ་རྣམས་རིམ་གྱིས་སྐྱེ་བའི་ཕྱིར་དང་། སོགས་པས་རེས་འགའ་སྐྱེ་བའི་ཕྱིར། གསུམ་པ་ལ། འབྱུང་བ་རྒྱུར་བྱས་པ་དང་། འབྱུང་གྱུར་རྒྱུར་བྱས་པ་གཉིས། དང་པོ་ལ། འབྱུང་བ་སྐྱེད་པ་དང་། འབྱུང་འགྱུར་སྐྱེད་པ་གཉིས། དང་པོ་ནི། དེའི་རྒྱུ་འབྱུང་བ་རྣམ་པ་གཉིས། ཞེས་བྱུང་། འབྱུང་བ་དེའི་རྒྱུ་འབྱུང་བ་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། ལྷན་ཅིག་བྱེད་པ་དང་སྐལ་མཉམ་གྱི་རྒྱུ་གཉིས་ཡོད་པའི་ཕྱིར། དེར་ཐལ། འབྱུང་བས་རང་དང་དུས་མཉམ་པའི་འབྱུང་བ་གཞན་སྐྱེད་པས་ལྷན་ཅིག་འབྱུང་བའི་རྒྱུ་དང་། འབྱུང་བས་རིགས་འདྲ་ཕྱི་མའི་འབྱུང་བ་སྐྱེད་པས་སྐལ་མཉམ་གྱི་རྒྱུ་བྱེད་པའི་ཕྱིར། གཉིས་པ་ནི། འབྱུང་ལས་གྱུར་པའི་རྣམ་པ་ལྔ། ཞེས་བྱུང་། འབྱུང་བ་ཆོས་ཅན། ཁྱོད་ཀྱིས་འབྱུང་བ་ལས་གྱུར་པའི་རྒྱུ་རྣམ་པ་ལྔ་བྱེད་དེ། དེ་སྐྱེད་པའི་རྒྱུ་དང་གནས་པའི་རྒྱུ་དང་རྟེན་པའི་རྒྱུ་དང་མི་ཆད་པ་དང་འཕེལ་བའི་རྒྱུ་ལྔ། བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལས་འབྱུང་གྱུར་སྐྱེ་བའི་ཕྱིར། གཉིས་པ་གྲུབ་སྟེ། འབྱུང་བ་དེ་འབྱུང་གྱུར་འཕེལ་འགྲིབ་ཀྱི་གཞི་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་འབྱུང་གྱུར་གྱི་རྟེན་ཡིན་པའི་ཕྱིར། ཕྱི་མ་གཉིས་གྲུབ་སྟེ། དེས་འབྱུང་གྱུར་རྒྱུན་མི་ཆད་པ་དང་གོང་འཕེལ་དུ་བྱེད་པའི་ཕྱིར། གཉིས་པ་ནི། འབྱུང་གྱུར་ལས་རང་ཉིད་སྐྱེ་བ་དང་། འབྱུང་བ་སྐྱེད་པ་གཉིས། དང་པོ་ནི། འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ། ཞེས་བྱུང་། འབྱུང་གྱུར་ཆོས་ཅན། ཁྱོད་ཀྱིས་འབྱུང་གྱུར་གཞན་གྱི་རྒྱུ་གསུམ་བྱེད་དེ། ལྷན་ཅིག་སྐལ་མཉམ་རྣམ་སྨིན་གྱི་རྒྱུ་གསུམ་བྱེད་པའི་ཕྱིར། དེར་ཐལ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དང་ཚོགས་པ་གཅིག་པ་རྣམས་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་དང་། འབྱུང་གྱུར་སྔ་མས་ཕྱི་མའི་སྐལ་མཉམ་གྱི་རྒྱུ་དང་། མི་དགེ་བ་དང་དགེ་བ་ལས་ངན་སོང་དང་མཐོ་རིས་ཀྱི་དབང་ལུས་རྣམས་འབྱུང་བའི་ཕྱིར། གཉིས་པ་ནི། འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག །ཞེས་བྱུང་། འབྱུང་འགྱུར་དེ་རྣམས་ཆོས་ཅན། ཁྱོད་ཀྱིས་འབྱུང་བ་རྣམས་ཀྱི་རྣམ་སྨིན་གྱི་རྒྱུ་གཅིག་པུ་བྱེད་དེ། ཚེ་འདིའི་ལུས་ངག་གི་རྣམ་པར་རིག་བྱེད་ལས་ཕྱི་མའི་རྣམ་སྨིན་སྐྱེས་ཀྱི་མིག་སོགས་དབང་པོའི་ཚོགས་པ་ན་ཡོད་པའི་འབྱུང་བའི་རྒྱུ་བྱེད་པའི་ཕྱིར། གཉིས་པ་དེ་མ་ཐག་རྐྱེན་ལ། བཅུ་གཉིས་སུ་དབྱེ་བ། ཉི་ཤུར་དབྱེ་བ། བཅུ་གཉིས་པོ་གང་ལས་གང་གསར་དུ་རྙེད་ཚུལ་གསུམ། དང་པོ་ལ། དབྱེ་བ་དངོས་དང་། དེ་མ་ཐག་པའི་རྐྱེན་དང་རྐྱེན་ཅན་སྦྱར་བ་གཉིས། དང་པོ་ནི། འདོད་ཡིད་དགེ་དང་མི་དགེ་དང་། །བསྒྲིབ་པ་དང་ནི་མ་བསྒྲིབས་པ། །གཟུགས་དང་གཟུགས་མེད་པ་དག་ན། །མི་དགེ་ལས་གཞན་ཟག་མེད་གཉིས། །ཞེས་བྱུང་། སེམས་སམ་ཡིད་ཆོས་ཅན། །བཅུ་གཉིས་ཡོད་དེ། འདོད་པ་ན་ཡིད་དགེ་བ་དང་མི་དགེ་བ་དང་། བསྒྲིབས་ལུང་མ་བསྟན་དང་། མ་བསྒྲིབས་ལུང་མ་བསྟན་དང་བཞི། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་མི་དགེ་བ་ལས་གཞན་པའི་དགེ་བ་དང་ལུང་མ་བསྟན་གྱི་སེམས་གསུམ་གསུམ་སྟེ་དྲུག་དང་། སློབ་མི་སློབ་ཀྱི་ཟག་མེད་ཀྱི་སེམས་གཉིས་དང་བཅུ་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། འདོད་པ་དང་། གཟུགས་དང་། གཟུགས་མེད་དང་། ཟག་མེད་ཀྱི་དབང་དུ་བྱས་པ་བཞི། དང་པོ་ནི། འདོད་སེམས་དགེ་བ་ལས་སེམས་དགུ། །དེ་ནི་བརྒྱད་པོ་ཁོ་ན་ལས། །མི་དགེ་བ་ནི་བཅུ་དག་ལས། །དེ་ལས་བཞི་སྟེ་བསྒྲིབས་དེ་བཞིན། །མ་བསྒྲིབས་པ་ནི་ལྔ་དག་ལས། །དེ་ལས་འཇུག་ཐོགས་སེམས་བདུན་ནོ། །ཞེས་བྱུང་། རྩ་བར་འདི་དག་གི་སྐབས་སུ་སྒྲིབ་མ་སྒྲིབ་གཉིས་ཀྱི་ཡི་གེ་ལ་བས་ཕུལ་སའི་མཐའ་རྟེན་འབྱུང་ཡང་དོན་ལ་ཁྱད་མི་སྣང་བས་འདིར་སྤྱི་ལྟར་དེ་དག་མེད་པར་བྱས་ཏེ་བཤད་ན། འདོད་པའི་དགེ་བའི་སེམས་ཆོས་ཅན། དེ་མ་ཐག་རྐྱེེན་གྱི་དབང་དུ་བྱས་ཚེ་ཁྱོད་ཀྱི་མཇུག་ཐོག་དེ་མ་ཐག་ལས་སེམས་དགུ་འབྱུང་བ་ཡོད་དེ། རྒྱུན་དང་ས་མཚུངས་ཀྱི་སྒོ་ནས་རང་སའི་བཞི་ཉིད་མཚམས་སྦྱོར་བའི་ཚེ་གོང་མའི་སྒྲིབ་ལུང་མ་བསྟན་གཉིས། སྙོམས་འཇུག་གི་ཚེ་གཟུགས་ཀྱི་དགེ་བ་གཅིག །སློབ་མི་སློབ་ཀྱི་ཟག་མེད་གཉིས་དང་དགུ་འབྱུང་བ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུན་གྱི་ཚེ་འདོད་པའི་དགེ་སེམས་གཅིག་དང་ས་མཚུངས་ཀྱི་མི་དགེ་བ་དང་ལྟ་བ་གང་རུང་དང་མཚུངས་ལྡན་གྱི་སྒྲིབ་ལུང་མ་བསྟན་དང་རང་སའི་སྤྱོད་ལམ་ཉོན་མོངས་ཅན་མ་ཡིན་པའི་ལུང་མ་བསྟན་དང་བཞི་འབྱུང་བ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། གཟུགས་དང་གཟུགས་མེད་གང་རུང་དུ་སྐྱོ་ན་དེ་གཉིས་ཀྱི་ཉོན་མོངས་ཅན་གང་རུང་དང་བཅས་སྒྲིབ་ལུང་མ་བསྟན་གཉིས་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། འདོད་པའི་དགེ་བ་སྦྱོར་བྱུང་གི་མཇུག་ཏུ་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་གང་རུང་གཅིག་འབྱུང་བའི་ཕྱིར། བཞི་པ་གྲུབ་སྟེ། འདོད་པའི་སློབ་མི་སློབ་ཀྱི་དགེ་སེམས་ཀྱི་མཇུག་ཏུ་སློབ་མི་སློབ་ཀྱི་སེམས་ཟག་མེད་གཉིས་འབྱུང་བའི་ཕྱིར། འདོད་པའི་དགེ་སེམས་དེ་ནི་ཆོས་ཅན། སེམས་བརྒྱད་པོ་ཁོ་ནའི་མཇུག་ཏུ་འབྱུང་བ་ཡོད་དེ། རྒྱུན་དང་ས་མཚུངས་ཀྱི་ཚེ་སྔར་ལྟར་རང་སའི་བཞི་དང་སྙོམས་འཇུག་ལས་ལྡིང་བའི་ཚེ་གཟུགས་ཀྱི་དགེ་སེམས་གཅིག་དང་། སློབ་མི་སློབ་ཀྱི་སེམས་ཟག་མེད་གཉིས་དང་། ཉོན་མོངས་ཀྱིས་གཟིར་བའི་ཚེ་གཟུགས་ཀྱི་སྒྲིབ་ལུང་མ་བསྟན་གྱི་སེམས་ཏེ་བརྒྱད་འབྱུང་བ་ཡོད་པའི་ཕྱིར། མི་དགེ་བ་ནི་ཆོས་ཅན། ཁྱོད་བཅུ་དག་ལས་འབྱུང་བ་ཡོད་དེ། རྒྱུན་སའི་བཞི་དང་། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་དང་གཟུགས་མེད་ཀྱི་སེམས་གསུམ་གསུམ་སྟེ་དྲུག་ལས་འབྱུང་བ་ཡོད་པའི་ཕྱིར། མི་དགེ་བ་ཆོས་ཅན། ཁྱོད་ལས་བཞི་འབྱུང་བ་ཡོད་དེ། རྒྱུན་སའི་བཞི་འབྱུང་བ་ཡོད་པའི་ཕྱིར། འདོད་པའི་སྒྲིབ་ལུང་མ་བསྟན་ནི་དེ་བཞིན་དུ་བཅུ་ལས་དང་དེ་བཞི་ལས་འབྱུང་བ་ཡོད་དེ། སྔར་ལྟར་ཡོད་པའི་ཕྱིར། འདོད་པའི་མ་སྒྲིབ་ལུང་མ་བསྟན་གྱི་སེམས་ཆོས་ཅན། ཁྱོད་སེམས་ལྔའི་དེ་མ་ཐག་ཏུ་འབྱུང་བ་ཡོད་དེ། རང་སའི་བཞི་དང་སྤྲུལ་པ་ལ་འཇུག་པའི་ཚེ་གཟུགས་ཀྱི་དགེ་སེམས་དག་ལས་འབྱུང་བ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ལས་མཇུག་ཐོགས་སུ་སེམས་བདུན་འབྱུང་བ་ཡོད་དེ། རྒྱུན་དང་ས་མཚུངས་ཀྱི་ཚེ་ནི། ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་དེ་གཉིས་ཀྱི་ཉོན་མོངས་ཅན་གཉིས་དང་། སྤྲུལ་སེམས་ལས་ལྡང་བའི་ཚེ་གཟུགས་ཀྱི་དགེ་སེམས་གཅིག་དང་བདུན་འབྱུང་བའི་ཕྱིར། གཉིས་པ་ནི། གཟུགས་ན་དགེ་བ་བཅུ་གཅིག་གོ །དེ་ནི་དགུ་ཡི་མཇུག་ཐོགས་སུ། །བསྒྲིབས་པ་བརྒྱད་དེ་དེ་ལས་དྲུག །མ་བསྒྲིབས་པ་ནི་གསུམ་ལས་སོ། །དེ་ལས་དྲུག་སྟེ་ཞེས་བྱུང་། གཟུགས་ཀྱི་དགེ་བའི་སེམས་ཆོས་ཅན། ཁྱོད་ལས་བཅུ་གཅིག་འབྱུང་བ་ཡོད་དེ། རྒྱུན་སའི་ཚེ་རང་སའི་དགེ་ལྟ་ལུང་མ་བསྟན་གསུམ། ལྡང་བའི་ཚེ་འདོད་པའི་དགེ་བ། སྤྲུལ་འཇུག་གི་ཚེ་འདོད་པའི་མ་སྒྲིབ་པ། ཉིང་མཚམས་སྦྱོར་བའི་ཚེ་འདོད་པའི་མི་དགེ་བ་དང་སྒྲིབ་ལུང་མ་བསྟན་གྱི་སེམས་དང་། གཟུགས་མེད་ཀྱི་སྒྲིབ་ལུང་མ་བསྟན་སེམས། སྙོམས་འཇུག་གི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་ཀྱི་སེམས་གཉིས་དང་བཅུ་གཅིག་ཡོད་པའི་ཕྱིར། དེ་ནི་ཆོས་ཅན། ཁྱོད་སེམས་དགུའི་མཇུག་ཐོགས་སུ་འབྱུང་བ་ཡོད་དེ། རྒྱུན་སའི་ཚེ་རང་སའི་གསུམ། སྙོམས་འཇུག་གི་ཚེ་འདོད་པའི་དགེ་སེམས། ལྡང་པའི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས། སྤྲུལ་ལྡང་གི་ཚེ་འདོད་པའི་མ་སྒྲིབ་པ། ཉོན་མོངས་ཅན་གྱིས་གཟེར་བའི་ཚེ་གཟུགས་མེད་ཀྱི་སྒྲིབ་པ་ལས་འབྱུང་བའི་ཕྱིར། གཟུགས་ཀྱི་སྒྲིབ་ལུང་མ་བསྟན་གྱི་སེམས་ཆོས་ཅན། སེམས་བརྒྱད་ལས་འབྱུང་སྟེ། རྒྱུན་མཚུངས་ཀྱི་ཚེ་རང་སའི་གསུམ། ཉིང་འཚམས་སྦྱོར་བའི་ཚེ་གཟུགས་མེད་ཀྱི་གསུམ། །འདོད་པའི་དགེ་བ་དང་མ་སྒྲིབ་པའི་སེམས་གཉིས་ལས་འབྱུང་བ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་སེམས་དྲུག་འབྱུང་བ་ཡོད་དེ། རྒྱུན་མཚུངས་ཀྱི་རང་སའི་གསུམ་དང་། ཉིང་འཚམས་སྦྱོར་བའི་ཚེ་འདོད་པའི་མི་དགེ་བ་དང་སྒྲིབ་པ་གཉིས། ཉོན་མོངས་ཀྱིས་གཟིར་བའི་ཚེ་འདོད་པའི་དགེ་བ་སྟེ་དྲུག་འབྱུང་བའི་ཕྱིར། གཟུགས་ཀྱི་མ་སྒྲིབ་པའི་སེམས་ཆོས་ཅན། གསུམ་ལས་འབྱུང་སྟེ། རང་སའི་གསུམ་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་དྲུག་འབྱུང་སྟེ། རང་སའི་གསུམ་དང་། ཉིང་འཚམས་སྦྱོར་བའི་ཚེ་འདོད་པའི་མི་དགེ་བ་དང་སྒྲིབ་ལུང་མ་བསྟན་གཉིས་དང་གཟུགས་མེད་ཀྱི་ཉོན་མོངས་ཅན་ཏེ་དྲུག་འབྱུང་བའི་ཕྱིར། གསུམ་པ་ནི། གཟུགས་མེད་པའང་། དེ་ཡི་ཚུལ་ལོ་དགེ་བ་ལས། ། སེམས་དགུ་དག་གི་དེ་དྲུག་གི །བསྒྲིབས་པ་ལས་བདུན་དེ་དེ་བཞིན། །ཞེས་བྱུང་། གཟུགས་མེད་ཀྱི་མ་སྒྲིབ་པའང་གཟུགས་ཀྱི་དེ་ཡི་ཚུལ་ལྟར་ཡིན་ཏེ། དེ་རང་སའི་གསུམ་ལས་འབྱུང་ཞིང་དེ་ལས་རང་སའི་གསུམ་དང་། ཉིང་འཚམས་སྦྱོར་བའི་ཚེ་གཟུགས་ཀྱི་གཅིག་དང་། འདོད་པའི་ཉོན་མོངས་ཅན་གཉིས་དང་དྲུག་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་དགེ་བ་ཆོས་ཅན། ཁྱོད་ལས་སེམས་དགུ་དག་འབྱུང་སྟེ། རྒྱུན་དང་ས་མཚུངས་ཀྱི་ཚེ་རང་སའི་གསུམ། ཉིང་འཚམས་སྦྱོར་བའི་ཚེ་གཟུགས་ཀྱི་སྒྲིབ་པ། འདོད་པའི་སྒྲིབ་པ་དང་མི་དགེ་བ་གཉིས། སྙོམས་འཇུག་གི་ཟག་མེད་གཉིས། དེ་ལས་ལངས་པའི་ཚེ་གཟུགས་ཀྱི་དགེ་བ་དང་དགུ་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་དྲུག་གི་མཇུག་དུ་འབྱུང་བ་ཡོད་དེ། རྒྱུན་སའི་གསུམ་དང་། སྙོམས་འཇུག་གི་ཚེ་གཟུགས་ཀྱི་དགེ་བ་དང་། དེ་ལས་ལྡང་བའི་ཟག་མེད་གཉིས་ཏེ་དྲུག་ལས་འབྱུང་བ་ཡོད་པའི་ཕྱིར། གཟུགས་མེད་ཀྱི་སྒྲིབ་པའི་སེམས་ཆོས་ཅན། ཁྱོད་ལས་བདུན་འབྱུང་བ་ཡོད་དེ། ས་མཚུངས་ཀྱི་ཚེ་རང་སའི་གསུམ། ཉིང་འཚམས་སྦྱོར་བའི་ཚེ་གཟུགས་དང་འདོད་པའི་སྒྲིབ་པ་གཉིས། མི་དགེ་བ་དང་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་འདོད་པའི་དགེ་རྣམས་འབྱུང་བའི་ཕྱིར། དེ་ཆོས་ཅན། སྔ་མ་དེ་བཞིན་དུ་བདུན་གྱི་མཇུག་ཏུ་འབྱུང་བ་ཡོད་དེ། རྒྱུན་སའི་གསུམ་དང་། ཉིང་འཚམས་སྦྱོར་བའི་ཚེ་འདོད་གཟུགས་ཀྱི་དགེ་བ་གཉིས། མ་སྒྲིབ་ལུང་མ་བསྟན་བདུན་ལས་འབྱུང་བའི་ཕྱིར་རོ། །བཞི་པ་ནི། སློབ་པ་བཞི་ལས་དེ་ལས་ལྔ། །མི་སློབ་པ་ནི་ལྔ་ལས་སོ། །དེ་ལས་སེམས་ནི་བཞི་དག་གོ །ཞེས་བྱུང་། སློབ་པའི་ཟག་མེད་ཀྱི་སེམས་དེ་ཆོས་ཅན། ཁྱོད་བཞི་ལས་འབྱུང་བ་ཡོད་དེ། རྒྱུན་གྱི་ཚེ་སློབ་པའི་སེམས་སྔོན་མ་དང་། སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་མཇུག་ཐོགས་ལས་སེམས་ལྔ་འབྱུང་སྟེ། མཉམ་བཞག་དང་ལྡང་བའི་ཚེ་དང་ཁམས་གསུམ་གྱི་དགེ་སེམས་གསུམ་དང་སློབ་པའི་རིགས་འདྲ་ཕྱི་མ་དང་མི་སློབ་པའི་ཟག་མེད་རྣམས་འབྱུང་བའི་ཕྱིར། མི་སློབ་པའི་སེམས་ཆོས་ཅན། ཁྱོད་སེམས་ལྔའི་མཇུག་དེ་མ་ཐག་ལས་འབྱུང་བ་ཡོད་དེ། སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ། སློབ་པའི་རྒྱུན་ཕྱི་མ་དང་སློབ་པའི་རྡོ་རྗེ་ལྟ་བུའི་སེམས་རྣམས་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་སེམས་བཞི་དག་འབྱུང་སྟེ། རྒྱུན་གྱི་ཚེ་མི་སློབ་པའི་སེམས་ཕྱི་མ་དང་སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ་འབྱུང་བའི་ཕྱིར། གཉིས་པ་བཅུ་གཉིས་པོ་ཉི་ཤུར་དབྱེ་བ་ནི། བཅུ་གཉིས་དེ་དག་ཉི་ཤུར་ཡང་། །གསུམ་དུ་སྐྱེས་ནས་ཐོབ་པ་དང་། །སྦྱོར་བྱུང་དགེ་རྣམ་གཉིས་ཕྱེ་ནས། །རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ། །བཟོ་བའི་གནས་དང་སྤྲུལ་པ་དང་། །འདོད་ན་ལུང་བསྟན་མིན་རྣམ་བཞིར། །གཟུགས་ན་བཟོ་མ་གཏོགས་པའོ། །ཞེས་བྱུང་། བཅུ་གཉིས་པོ་དེ་དག་ལ་དབྱེ་ན་སེམས་ཉི་ཤུར་ཡང་ཡོད་དེ། ཁམས་གསུམ་གྱི་དགེ་བ་ལ་སྐྱེས་ནས་ཐོབ་པ་དང་སྦྱོར་བྱུང་གི་ཐོབ་པ་རྣམ་པ་གཉིས་གཉིས་སུ་ཕྱེ་ནས་དྲུག་དང་། འདོད་པ་ན་ལུང་བསྟན་མ་བསྟན་གྱི་སེམས་ལ་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་དང་། བཟོ་བའི་གནས་དང་། སྤྲུལ་པའི་སེམས་དང་རྣམ་པ་བཞིར་ཕྱེ། གཟུགས་ན་བཟོའི་ལས་ནི་མ་གཏོགས་པའི་རྣམ་སྨིན་སྐྱེས་སོགས་གསུམ་ཕྱེ་བས་འདོད་གཟུགས་ན་ལུང་མ་བསྟན་གྱི་སེམས་བདུན་དང་། གཟུགས་མེད་ན་མ་སྒྲིབ་ལུང་མ་བསྟན་གྱིི་སེམས་རྣམ་སྨིན་གཅིག་པུ་དང་། སློབ་མི་སློབ་ཀྱི་ཟག་མེད་ཀྱི་སེམས་གཉིས་དང་ཉི་ཤུར་ཡོད་པའི་ཕྱིར། གཟུགས་ཁམས་ན་བཟོ་བྱེད་པ་མེད་དེ། གནས་ཁང་གོས་སོགས་དང་བཅས་རྫོགས་པར་སྐྱེ་བས་དེ་རྣམས་བྱ་མི་དགོས་པའི་ཕྱིར། གསུམ་པ་སེམས་ཀྱི་ཐོབ་པ་རྙེད་ཚུལ་བྱེ་བྲག་ཏུ་བཤད་པ་ནི། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་རྙེད་དེ། །གཟུགས་སྐྱེས་དགེ་ལ་གསུམ་དག་གོ །སློབ་པ་ལ་བཞི་ལྷག་ལ་དེ། །ཞེས་བྱུང་། སེམས་དེ་རྣམས་ལས་སེམས་དུ་ཞིག་རྙེད་པའི་ཚུལ་ཡོད་དེ། ཁམས་གསུམ་པའི་སེམས་ཉོན་མོངས་ཅན་ལས་འདོད་པའི་ཉོན་མོངས་ཅན་མངོན་དུ་གྱུར་པའི་སེམས་དྲུག་གསར་དུ་རྙེད། གཟུགས་ཀྱི་དེ་མངོན་དུ་གྱུར་པའི་ཚེ་སེམས་དྲུག་གསར་དུ་རྙེད། གཟུགས་མེད་ཀྱི་དེ་མངོན་དུ་གྱུར་པའི་ཚེ་སེམས་གཉིས་གསར་དུ་རྙེད་པའི་ཕྱིར། དང་པོ་གྲུབ་སྟེ། འདོད་གཟུགས་ནས་འདོད་པར་སྐྱེས་པའི་ཚེ་སེམས་ཉོན་མོངས་ཅན་གཉིས་དང་དགེ་བ་སྐྱེས་ནས་ཐོབ་པ་དང་། འདོད་ཉོན་གྱིས་དགྲ་བཅོམ་ཉམས་པའི་ཚེ་གོང་མ་གཉིས་ཀྱི་ཉོན་མོངས་ཅན་གཉིས་དང་སློབ་པའི་སེམས་རྣམས་གསར་དུ་རྙེད་པ་ཡོད་པའི་ཕྱིིར། གཉིས་པ་གྲུབ་སྟེ། གཟུགས་མེད་ནས་གཟུགས་སུ་སྐྱེས་པའི་ཚེ་གཟུགས་ཀྱི་ཉོན་མོངས་ཅན་དང་དགེ་བ་ལ་སྐྱེས་ཐོབ་དང་། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་དང་། གཟུགས་ཀྱི་ཉོན་མོངས་ཅན་གྱིས་དགྲ་བཅོམ་ཉམས་པའི་ཚེ་གཟུགས་ཀྱི་ཉོན་མོངས་དང་སློབ་པའི་ལམ་རྣམས་གསར་དུ་རྙེད་པ་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། གཟུགས་མེད་ཀྱི་ཉོན་མོངས་པས་དགྲ་བཅོམ་ཉམས་པའི་ཚེ་དེའི་ཉོན་མོངས་ཅན་གྱི་སེམས་དང་སློབ་པའི་སེམས་གཉིས་གསར་དུ་རྙེད་པ་ཡོད་པའི་ཕྱིར། གཟུགས་སུ་སྐྱེས་པའི་དགེ་སེམས་མངོན་དུ་གྱུར་པའི་ཚེ་སེམས་གསུམ་དག་གསར་དུ་རྙེད་པ་ཡོད་དེ། གཟུགས་ཀྱི་དགེ་བ་དང་འདོད་གཟུགས་ཀྱི་མ་སྒྲིབ་ལུང་མ་བསྟན་གྱི་སྤྲུལ་སེམས་གཉིས་དང་གསུམ་རྙེད་པའི་ཕྱིར། སློབ་པའི་སེམས་མངོན་དུ་གྱུར་པ་ལ་བཞི་རྙེད་དེ། །ཟག་མེད་དང་པོའི་ཚེ་སློབ་པའི་སེམས་དང་། ཟག་མེད་ལམ་གྱི་འདོད་པ་ལ་ཆགས་པ་དང་བྲལ་བའི་ཚེ་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་དང་། རིས་གཟུགས་ལ་ཆགས་པ་དང་བྲལ་བའི་ཚེ་གཟུགས་མེད་ཀྱི་དགེ་སེམས་རྣམས་གསར་དུ་རྙེད་པའི་ཕྱིར། དེ་དག་གི་ལྷག་མ་འདོད་པ་དང་གཟུགས་མེད་ཀྱི་དགེ་སེམས་གཉིས་དང་མ་སྒྲིབ་པ་གཉིས་དང་། གཟུགས་ཀྱི་མ་སྒྲིབ་པ་དང་མི་སློབ་པའི་སེམས་དང་དྲུག་ཆོས་ཅན། ཁྱོད་གང་རྙེད་པའི་ཚེ་རང་ཉིད་གཅིག་པུ་དེ་གསར་དུ་རྙེད་པ་ཡིན་ཏེ། དེའི་ཚེ་དེ་མི་ལྡན་པ་ལས་གསར་དུ་ཐོབ་པའི་ཕྱིར་རོ། །གོང་དུ་བཤད་པ་དེ་དག་གི་འབྱུང་ཚུལ་བསྡུས་ན་གནས་སྐབས་བརྒྱད་ཡིན་ཏེ། རིགས་རྒྱུན་དང་ས་མཚུངས་དང་ཉིང་འཚམས་སྦྱོར་བ་དང་སྙོམས་པར་འཇུག་པ་དང་དེ་ལས་ལྡང་བ་དང་ཉོན་མོངས་ཅན་གྱིས་གཟིར་བ་དང་སྤྲུལ་པ་ལ་འཇུག་པ་དང་དེ་ལས་ལྡང་བའི་སྐབས་བརྒྱད་དང་སྦྱར་ནས་བཤད་པ་ཡིན་པའི་ཕྱིར་ཏེ། དེ་ཡང་དང་པོ་ནི་རིགས་རྒྱུན་སྔ་མ་ལས་བྱུང་བ། གཉིས་པ་ནི་ས་གཅིག་པ་དང་། གསུམ་པ་ནི་ཉོན་མོངས་ཅན་གྱི་སེམས་སེམས་བྱུང་། བཞི་པ་ནི་ཁམས་འོག་མའི་དགེ་བ་ལས་གོང་མའི་དགེ་བ་ཟག་མེད་སྐྱེ་བ། ལྔ་པ་ནི་གོང་མའི་དགེ་བ་ལས་འོག་མའི་དགེ་བ་ཟག་བཅས་སྐྱེ་བ། དྲུག་པ་ནི། གོང་མའི་སྒྲིབ་ལུང་མ་བསྟན་ལས་འོག་མའི་དགེ་བ་སྐྱེ་བ། བདུན་པ་ནི། གཟུགས་ཀྱི་དགེ་བ་ལས་འདོད་པའི་སྤྲུལ་སེམས་སྐྱེ་བ། བརྒྱད་པ་ནི། འདོད་པའི་སྤྲུལ་སེམས་ལས་གཟུགས་ཀྱི་དགེ་སེམས་འབྱུང་བ་ལྟ་བུ་འཇོག་པའི་ཕྱིར། དེ་ལྟར་ཤེས་པའི་དགོས་པ་ཡོད་དེ། སེམས་དུ་མས་དགེ་སེམས་དང་མི་དགེ་བའི་སེམས་དང་ལུང་མ་བསྟན་གྱི་སེམས་དུ་འབྱུང་བ་དང་། དེ་གསུམ་ནི་སེམས་གཞན་དུ་ལས་འབྱུང་བར་ཤེས་པའི་ཆེད་ཡིན་པའི་ཕྱིར། གནས་གཉིས་པའི་ཚིག་དོན་ལེགས་པར་བཤད་ཟིན་ཏོ།། །།མངྒ་ལཾ། འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།


previousམཛོད་ཀྱི་གནས་གཉིས་པའི་ཊཱིཀྐ། next