བྱཱ་ཀ་ར་ཎ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་ཀྱི་རྩ་བ།
བྱཱ་ཀ་ར་ཎ་སུམ་ཅུ་པའི་རྩ་བ་བཞུགས།
རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་སུམ་ཅུ་པའི་རྩ་བ་ཞེས་བྱ་བ། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །གང་གིས་སྒྲ་དབྱངས་གསུངས་པ་ཡི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མིང་གཞི་སྔོན་གསུངས་པའི། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། ༈ །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། ༈ །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། ༈ །དེ་ལས་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ། ༈ །ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལ། །དང་པོ་གསུམ་པ་བཞི་པ་ཡི། །མས་གཉིས་དྲུག་པའི་གསུམ་པ་དང་། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། ༈ །རྗེས་འཇུག་ཡི་གེ་བཅུ་པོ་ལས། །དང་པོ་གསུམ་པ་ལྔ་པ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག ༈ ། མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་གཞིར་ལྡན་ཡང་། ། གང་དུའང་འཇུག་མིན་སྦྱར་བའང་མིན། ༈ །རྗེས་འཇུག་ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། ༈ །རྗེས་འཇུག་ཡི་གེ་བཅུ་པོ་ལས། །གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐར་ན་བརྒྱད་པ་གནས། །དེ་ལ་གཉིས་པར་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། ༈ །རྗེས་འཇུག་ཡི་གེ་བཅུ་པོ་ནི། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། ༈ །དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། ༈ །ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ༈ །ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་མ་དང་བཅས་པའོ། ༈ །རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། ༈ །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ནོ། ༈ །གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། ༈ །གང་མིང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། ༈ །མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། ༈ །གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། ༈ །གང་མིག་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། ༈ །གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲི་ལིངྒའི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། ༈ །གང་མིང་གི་ནི་ཡ་མཐའ་རུ། ། གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ།། ༈ ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ།། ༈ སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ལྡན་པའང་། །ཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་འབྲེལ་ཡང་། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། ༈ །རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འདྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར། ༈ །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་མཐུན་པའི་སྦྱོར་བ་ཤེས། ༈ །རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང་། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། ༈ །བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་རྗེས་འཇུག་མིང་གཞི་གསུམ། །ཀློག་གི་ཆེད་དུ་བསླབས་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །ཉན་བསམ་བསྟན་པའི་ཆེད་དུ་སྦྱར། །མན་ངག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབ། ། བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་ བྱས་ཏེ། །བསླབ་པ་གང ་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལ་མཉན། ༈ །སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་པ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། ༈ །དེ་ལྟར་བཤད་དེ་དེར་ནས་འདིར། །ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག །བྱཱ་ཀ་ར་ཎའི་རྩ་བ་ཤློ་ཀ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ།། །།