བར་དོའི་རྣམ་བཞག་སྤྱིར་བསྟན་པ།
༄༅། །རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་ལམ་རིམ། ཞལ་ཁྲིད་ཐར་བའི་ལམ་བཟང་ནས་གུད་དུ་ཕྱུང་བའི་མན་ངག་གང་ཟག་དབང་འབྲིང་བར་དོ་དང་དབང་མཐའ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་ཚུལ་གྱི་ངོ་སྤྲོད་མདོར་བསྡུས་འཁྲུལ་སྣང་རང་གྲོལ་ཞེས་བྱ་བ་བཞུགས་སོ། །
༄༅། །གུ་རུ་རཏྣ་མ་ཧཱ་སན་དྷི་ནིརྨ་མུརྟི་བྷྱཿ ཚེ་འདི་དང་ཕྱི་མ་བར་དོ་སོགས། །དུས་ཀུན་ཏུ་ངེས་པར་སྐྱོབ་ནུས་པའི། །མགོན་གཅིག་ཆོག་རྫོགས་ཆེན་སྤྲུལ་པའི་སྐུ། །མི་བདག་གིས་སྒོ་གསུམ་གུས་ཕྱག་འཚལ། །བདག་རང་དང་རྗེས་འཇུག་བུ་སློབ་རྣམས། །སེམས་འཁྲུལ་སྣང་གཟུང་འཛིན་གྲོལ་བའི་ཐབས། །གནད་བར་དོའི་ངོ་སྤྲོད་མདོར་བསྡུས་ཤིག །བྱམས་སྙིང་རྗེའི་བྱང་སེམས་ངང་ནས་སྤེལ། །དེ་ལ་འདིར་རང་བཞིན་རྫོགས་པ་ཆེན་པོའི་ཁྲིད་ཀྱི་གདམས་ངག །བརྩོན་འགྲུས་ཅན་རབ་ཚེ་འདིར་འཚང་རྒྱ་བ་དང་། འབྲིང་བར་དོར་འཚང་རྒྱ་བ་དང་། ཐ་མ་རྣམས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བར་བསྟན་པ་དང་གསུམ་དུ་གསུངས་པའི་ནང་ནས། ད་ལམ་འདིར་འབྲིང་མཐའ་གཉིས་ལ་ཉེར་མཁོའི་མན་ངག་མདོར་བསྡུས་ངོ་སྤྲོད་ཀྱི་ལུགས་སུ་གསལ་འདེབས་པ་དང་། མགྲོན་པོ་ལ་བརྒལ་བ་ལ་ཚངས་སྤྲུག་གི་ཚུལ་དུ་འདེབས་ཚུལ་གཉིས་བློ་དམན་ལ་གོ་བདེ་བར་བརྗོད་པ་འདི་ལ། དང་པོ་འཁོར་འདས་སྣང་སྲིད་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འུབས་ཀྱིས་དྲིལ་ནས་གཞི་ལམ་འབྲས་གསུམ་དུ་བསྡུས་ཏེ་ཉམས་སུ་ལེན་དགོས་པ་དེ་ལ་སེམས་ཅན་ཐམས་ཅད་ཐོག་མར་གཞི་ནས་འཁྲུལ་བ་ནས་བཟུང་སྟེ་མཐར་སྐུ་གསུམ་གྱི་འབྲས་བུ་མ་ཐོབ་ཀྱི་བར་ཐམས་ཅད་ནི། བར་དོའི་གནས་སྐབས་ཁོ་ན་ཡིན་ཕྱིར། དེ་དག་འདུལ་བྱེད་ཀྱི་གསུང་རབ་མཐའ་དག་ཀྱང་བར་དོའི་རྣམ་བཞག་གི་ཐ་སྙད་དུ་གདགས་སུ་རུང་བར་གསུངས་པ་དེ་ལྟ་བུའི་བར་དོ་དེ་ལ་བར་དོར་ངོ་ཤེས་པ་དང་། དེ་ཉིད་ཡང་དག་པའི་ལམ་དུ་བསྒྱུར་བའི་འདུན་པ་གལ་ཆེའོ། །འདི་ཉིད་ཉམས་སུ་ལེན་ཚུལ་ལ་སྤྱི་དོན་རྣམ་པ་གསུམ་ཡོད་དེ། དང་པོ་བར་དོའི་རྣམ་བཞག་སྤྱིར་བསྟན་པ་དང་། གཉིས་པ་དུས་སྐབས་ཀྱི་དགོས་དོན་བྱེ་བྲག་ཏུ་བཤད་པ། གསུམ་པ་གཅེས་པའི་གདམས་པས་འགག་བསྡུ་བའོ། །དེ་ལ་དང་པོ་བར་དོའི་རྣམ་བཞག་སྤྱིར་སྟོན་པ་འདི་ལ་བར་དོའི་ངོ་བོ། སྒྲ་དོན་ནམ་ངེས་ཚིག །བར་དོའི་དབྱེ་བ། སོ་སོའི་ལམ་འཁྱེར་ཉམས་སུ་ལེན་ཚུལ་དང་བཞིའོ། །དང་པོ་ངོ་བོ་ནི། ཐོག་མའི་ནང་དབྱིངས་གཞི་ཀ་དག་ལས། གཞན་དུ་སྣང་བའི་གཉིས་འཛིན་གྱི་བློའི་གནས་སྐབས་ཀུན་ངོ་བོ་ཡིན་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བ་ཐམས་ཅད་ནི། དག་པ་ཆོས་ཉིད་ཀྱི་བར་དོ་ལ། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་འཁྲུལ་བའི་བར་དོ་ཡིན་ནོ། །གཉིས་པ་སྒྲ་དོན་ནམ་ངེས་ཚིག་ནི། སྔ་མ་དང་ཕྱི་མ་གཉིས་ཀྱི་བར་གྱི་ཆ་ལ་བར་དོར་གདག་པ་སྟེ། འཁོར་བ་རྣམས་སྔར་གཞི་ཀ་དག་གི་དབྱིངས་ནས་ཕྱིར་བསྐྱོད་ལ། སླར་འབྲས་བུ་འཆར་གཞིའི་དབྱིངས་དེར་ཐིམ་ནས་ནུབ་དགོས་པས་ད་ལྟ་སྔ་ཕྱི་གཉིས་ཀྱི་བར་མ་དང་། ཐོག་མཐའ་གཉིས་ཀྱི་སྦྲེལ་ཐག་གི་སེམས་ས་བོན་དང་བཅས་པ་ལ་བར་དོ་ཞེས་བྱའོ། །གསུམ་པ་དབྱེ་བ་དང་ས་མཚམས་ལ། རྫོགས་ཆེན་མཁའ་འགྲོའི་སྙིང་ཐིག་གི་ནང་ལྟར་སྒྲ་ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། ཞེས་རང་བཞིན་འཆི་ཁ་ཆོས་ཉིད་སྲིད་པའི་བར་དོ་དང་བཞིའོ། །ཀརྨ་གླིང་པའི་གཏེར་བྱོན་ཐོས་གྲོལ་ལྟར་ན། སྐྱེ་གནས། རྨི་ལམ། བསམ་གཏན། འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་དང་དྲུག་གོ །དེ་ལ་དང་པོ་རང་བཞིན་བར་དོའམ། སྐྱེ་གནས་བར་དོའི་ས་མཚམས་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་བཟུང་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་ཡིན་པས་ཐོས་གྲོལ་གྱི་རྨི་ལམ་བར་དོ་དང་། བསམ་གཏན་བར་དོ་གཉིས་ཀྱང་དེའི་ཁོངས་སུ་འདུས་སོ། །འཆི་ཁ་བར་དོའི་ས་མཚམས། འཆི་བར་ཐག་ཆོད་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །ཆོས་ཉིད་བར་དོའི་ས་མཚམས་ནི། ནང་དབུགས་ཆད་དེ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་སྣང་བ་ལ་ཐིམ་པ་ཚུན་ཆད་དོ། །སྲིད་པ་བར་དོའི་ས་མཚམས་ནི། ལྷུན་གྲུབ་ཀྱི་སྣང་བ་ལ་ཐིམ་པ་ནི། ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །བཞི་པ་སོ་སོའི་ལམ་འཁྱེར་ཉམས་སུ་ལེན་ཚུལ་ནི། རེ་རེ་ལ་ཡང་དཔེ་དོན་གཉིས་གཉིས་ཀྱིས་སྟོན་ཏེ། དང་པོ་ནི་སྙིང་ཐིག་ལ་བར་དོ་རྣམ་པ་བཞི་དང་། ཐོས་གྲོལ་ནས་དྲུག་ཏུ་གསུངས་པའི་ཐོས་གྲོལ་འདི། རང་རེའི་ཡུལ་འདིར་དར་ཆ་ཤིན་ཏུ་ཆེ་བས་ཀུན་གྱིས་ཤེས་དགོས་པའི་ཕྱིར། ཐོས་གྲོལ་དང་སྙིང་ཐིག་གཉིས་ཀ་བསྡེབས་ནས་བར་དོ་རྣམ་པ་དྲུག་ཏུ་བཤད་པ་འདི་ལ། དང་པོ། རང་བཞིན་སྐྱེ་གནས་ཀྱི་བར་དོའི་གདམས་ངག་གིས་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ནི། བྱ་ཐི་བ་དེས་ཚང་མ་བྱས་གོང་ནས་དགྲའི་གནོད་པས་ཚུགས་མི་ཚུགས་བརྟག་དཔྱད་ཞིབ་ཏུ་བྱས་ཏེ། འཚེ་བ་མེད་ངེས་པ་ཞིག་ཏུ་ཚང་བྱ། ཕྱིས་ཚང་དུ་འཇུག་དུས་ཡིད་གཉིས་ཐེ་ཚོམ་མེད་པར་ཡིད་ཆེས་གདེངས་དང་ལྡན་པར་འཇུག་པ་ལྟར་རང་ཅག་ཀྱང་འཁོར་བ་ནས་ཐར་བའི་ལམ་ལ་བརྩོན་པས་བསྙེགས་ནས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ། བླ་མ་དམ་པ་ལ་བརྟེན་ནས། དེའི་བསྟན་པའི་གདམ་ངག་ལ་ཐོས་བསམ་བསྒོམ་པའི་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་དགོས་པར་བྱ་བའི་ཚུལ་ནི། ཐོས་གྲོལ་གྱི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་བསྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་བསླང་སྐུ་གསུམ་མངོན་གྱུར་བྱ༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་མའི་ལམ་ལ་སྡོད་པའི་དུས་ཚོད་མིན༔ ཞེས་དང་། ཨོ་རྒྱན་པདྨའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། དང་པོ་རང་བཞིན་བར་དོའི་ཉམས་ལེན་ནི༔ ཐོས་བསམ་བསྒོམ་པ་མ་ཡེངས་གནད་དུ་བསྣུན༔ སྒྲོ་འདོགས་ཐམས་ཅད་ནང་ནས་ཆོད་པའི་ཚེ༔ ཐི་བྱ་ཚང་འཇུག་ཐེ་ཚོམ་བྲལ་དང་མཚུངས༔ ཞེས་གསུངས་པའི་དོན། ཐོས་གྲོལ་ལྟར་ན་འདིའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་ལྟར་ཉམས་སུ་ལེན་ཞིང་ཀུན་གཞིའི་གནས་ལུགས་གཏན་ལ་འབེབས་དགོས་སོ། །མཁའ་འགྲོ་སྙིང་ཐིག་ལྟར་ན། དབང་རབ་ཚེ་གཅིག་ལ་བར་དོ་མེད་པར་འཚང་རྒྱ་བར་བྱེད་ལ། སྤྱིར་བསྐྱེད་རྫོགས་དང་། ཁྱད་པར་ཁྲེགས་ཆོད་དང་། ཐོད་རྒལ་གྱི་མྱུར་ལམ་ཟབ་མོ་བགྲོད་པ་ལ་ཆོས་སྐུའི་ལམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རྨི་ལམ་བར་དོར་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་གདམས་ངག་དགོས་ཚུལ་ནི། ཐོས་གྲོལ་ལས། ཀྱེ་མ་བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇུག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱོངསཿ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ གཉིད་དང་མངོན་གསུམ་འདྲེས་པའི་ཉམས་ལེན་གཅེས༔ ཞེས་གསུངས་པའི་དོན། འདིའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ་ལྟར། ཉིན་པར་སྒྱུ་ལུས་སྣང་བ་རང་གྲོལ། ནུབ་མོ་རྨི་ལམ་འཁྲུལ་བ་རང་གྲོལ། རྗེས་སུ་འོད་གསལ་གཏི་མུག་འཁྲུལ་བ་རང་གྲོལ་གྱི་སྒོ་ནས། ཉིན་མཚན་འོད་གསལ་ཁོར་ཡུག་ཆེན་པོར་གྲོལ་བར་བྱ་དགོས། གསུམ་པ་བསམ་གཏན་བར་དོར་སྒེག་མོས་མེ་ལོང་ལ་བལྟས་པ་ལྟ་བུའི་གདམས་ངག་ནི། དེ་ཡང་སྒེག་མོས་རང་གི་གཟུགས་དེ་ཇི་ལྟར་ཡིན་ཚུལ་མེ་ལོང་གི་ངོར། ལྟ་མ་མྱོང་ན་མི་ཤེས། མྱོང་ན་ཤེས། དཔེ་དེ་བཞིན་དུ་རྣལ་འབྱོར་བས་ཀྱང་རིག་པ་རང་གནས་ཀྱི་བསམ་གཏན་ལ་གནས་ནས་མ་སྦྱངས་ན་ངོ་མི་ཤེས་སྦྱངས་ན་ངོ་ཤེས་པ་ལྟ་བུ་དགོས་ཚུལ་ནི། ཐོས་གྲོལ་ལས། ཀྱེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་བའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇུག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་བསྒོམ་དུས་འདིར༔ ཉོན་མོངས་འཁྲུལ་བའི་དབང་དུ་མ་བཏང་ཞིག༔ ཅེས་དང་། ཨོ་རྒྱན་པད་མའི་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་ལས། མི་གསལ་གསལ་བྱེད་མེ་ལོང་བྱད་ཤར་འདྲ༔ ཞེས་གསུངས་པའི་དོན། འདི་ཉིད་ཀྱི་ཁྲིད་ཡིག་རིག་པ་རང་གྲོལ་ལྟར་ཉམས་སུ་བླངས་པས་ལྟ་བསྒོམ་གྱི་མཚན་འཛིན་དབྱིངས་སུ་དག་པ་ཞིག་དགོས་སོ། །བཞི་བ་འཆི་ཁ་བར་དོར་རྒྱལ་པོས་བཀའ་འཕྲིན་བསྐུར་བ་ལྟ་བུའི་གདམས་ངག་ནི། དེ་ཡང་རྒྱལ་པོས་བཀའ་འཕྲིན་བསྐུར་བའི་མི་དེས་བཀའ་འཕྲིན་དེ་བརྗེད་ན་ཆད་པ་འོང་། མ་བརྗེད་ན་མི་འོང་། དཔེ་དེ་བཞིན་དུ་རྣལ་འབྱོར་བས་ཀྱང་འཆི་ཁའི་གདམས་པ་འདི་རྣམས་བརྗེད་ན། བར་དོར་འཇིགས་སྐྲག་སྔངས་གསུམ་འོང་། མ་བརྗེད་ན་མི་འོང་བ་ལྟ་བུའི་གདམས་ངག་འཕོ་བ་དྲན་པ་རང་གྲོལ་དང་ཁྱད་པར་མཁའ་འགྲོ་སྙིང་ཐིག་ལྟར་འཆི་བ་བརྟག་བསླུ། ཇི་ལྟར་འཆི་ཚུལ། གདམས་ངག་གསལ་འདེབས་ངོ་སྤྲོད་དང་བཅས་པའི་ཁྲིད་ལ་ཡིད་ཆེས་གདེང་ཁེལ་བའི་གོམས་འདྲིས་བྱས་ནས་འཆི་ཁ་དགོས་རྒྱུའི་གདམས་ངག་རྣམས་བློ་ལ་གསལ་བར་བྱས་ནས་དུས་དེ་རིང་ལྟ་བུ་ལ་འཆི་མང་གྲབ་ཐོག་མེད་བྱ་དགོས། ལྔ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་དུ་ངོ་ཤེས་ནས། ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུའི་གདམས་ངག །འདིའི་ཁྲིད་ཡིག་མཐོང་བ་རང་གྲོལ་དང་། སྙིང་ཐིག་གི་ཁྲིད་ཡིག་སྦྲེལ་ནས་ཉམས་སུ་བླངས་ཏེ་ཐོད་རྒལ་སྣང་བ་བཞིའི་ཉམས་ལེན་རང་རྒྱུད་ལ་སྦྱར་བའི་གདམས་ངག་གི་དོན་ཁོང་དུ་ཆུད་པའི་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་བར་གདེང་ཆུད་པར་བྱ་བ་སྟེ། ལྔ་པོ་འདི་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་པོའི་རྒྱུད་ཚོད་དང་སྦྱར་ཏེ་ཚེ་འདིར་ཉམས་སུ་བླངས་པས་རབ་རྣམས་ཆོས་ཉིད་བར་དོའི་མན་ངག་ཐོད་རྒལ་གྱི་ལམ་ལ་བརྟེན་ནས་འཇའ་ལུས་འོད་ཕུང་ཆེན་པོར་གྲོལ་ནུས་པའམ། དེ་ལྟར་མ་ནུས་ནའང་སྐྱེ་གནས་བར་དོའི་ཉམས་ལེན་ཁྲེགས་ཆོད་དང་། དེའི་ལམ་གྱི་ཆ་རྐྱེན་སྒྱུ་ལུས་རྨི་ལམ་འོད་གསལ་གྱི་གདམས་པས་བར་དོ་མེད་པར་འཆི་བ། དཔེར་ན་ཚེས་བཅོ་ལྔའི་ནུབ་མོའི་ཟླ་འོད་དང་། བཅུ་དྲུག་ཉིན་མོའི་ཉི་འོད་གཉིས་ཀྱི་བར་ན་མུན་པ་མེད་པ་ལྟར། འདིར་སྣང་འགག་ནས་ལུས་རྒྱ་གྲོལ་མ་ཐག་ཏུ་བར་དོ་ལོངས་སྤྱོད་རྫོགས་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བ་དུས་མཉམ་དུ་འོང་བ་བྱེད། འབྲིང་རྣམས་འཆི་ཁ་བར་དོའི་སྐབས་སུ་ཐོས་གྲོལ་ལྟར་ན་འཕོ་བ་དྲན་པ་རང་གྲོལ་གྱིས་མཚམས་སྦྱར་ཏེ་ངན་སོང་དུ་མི་འཁྱམས་ངེས་པ་བྱ་དགོས་པ་ཡིན། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ལྟར་ན། རྩོལ་བྱས་ཀྱིས་འཕོ་བའི་གདམས་ངག་མ་བསྒོམས་ཀྱང་གོང་གི་ཟབ་ལམ་དེ་དག་ལ་གོམས་འདྲིས་ཅུང་ཟད་རེ་ཡོད་པའི་ལམ་ཞུགས་ཀྱི་རྣལ་འབྱོར་ཞིག་ཡིན་ཕན་ཆད་ཆོས་ཉིད་བར་དོ་ཤར་བའི་ཚེ། སྔར་ཀ་དག་དང་ལྷུན་གྲུབ་ཀྱི་ཉམས་ལེན་གང་ཡོད་བདག་རྐྱེན་དང་གཞན་རྐྱེན་གང་རིགས་ལ་བརྟེན་ནས་གསལ་ཐེབས་ན་གྲོལ་ངེས་པའི་ཚུལ་གྱི་དཔེ་དང་བསྡུས་དོན་སྔར་བཤད་པ་དང་། རྒྱས་བཤད་འོག་ཏུ་འཆད་འགྱུར་ལྟར་ཤེས་པར་བྱའོ། །ཐ་མས་བར་དོ་དྲུག་པ་སྲིད་པ་བར་དོར་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། ཡུར་བའི་ཆུ་རྒྱུན་གྱི་ཁ་ཆད་ན་ལམ་ནས་འཐོར་འགྲོ་བ་ལ་ཝ་བཙུགས་ན་སླར་འཕྲོ་མཐུད་པའི་དཔེ་དེ་བཞིན་དུ་རྣལ་འབྱོར་བས་ཀྱང་སྔར་སྒོམ་བཞིན་པའི་ཉམས་ལེན་རྐྱེན་དབང་ལ་ཤོར་ནས་འཁྲུལ་ན། སླར་རྗེས་དྲན་དྲུག་ལ་བརྟེན་ནས་འདུན་པའི་འཕྲོ་མཐུད་པའི་མན་ངག་ནི། འདིའི་ཁྲིད་ཡིག་སྲིད་པ་རང་གྲོལ་གྱི་ཉམས་ལེན་ལ་བརྟེན་ནས་འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པའི་རང་སྟོབས་དང་། འདི་དུས་གཞན་སྟོབས་ཀྱི་ངོ་སྤྲོད་སོགས་ལ་བརྟེན་པའི་གདམས་པའི་གནད་ཀྱིས་འདུན་པ་རྩེ་གཅིག་ཏུ་བསྒྱུར་བས་ཉིང་མཚམས་སྦྱོར་ཏེ། དག་པའི་སྐྱེ་སྲིད་ལམ་དུ་འཇུག་པའོ། །ལར་དེང་སང་གསོན་དུས་བེམ་རིག་མ་བྲལ་གོང་འདིར། མི་བསླུ་ངེས་པའི་བླ་མ་མཚན་ལྡན་ཉམས་མྱོང་ཅན་རེ་བཙལ་ཏེ། བར་དོའི་ངོ་སྤྲོད་དང་། འཕོ་ལུང་སོགས་མྱུར་ལམ་གྱི་མན་ངག་ཟབ་མོ་འདི་རྣམས་ལ་ཉན་བཤད་དང་གོམས་འདྲིས་བྱེད་པ་གལ་ཆེ་སྟེ། དེའི་རྒྱུ་མཚན་པདྨ་བཀའ་ཡི་ཐང་ཡིག་ལས། བེམ་རིག་མ་བྲལ་ཆོས་ལ་ཉན་བཤད་ཀྱིས༔ མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱིས༔ རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས༔ མཐོ་རིས་འདྲེན་ཟེར་དེ་ལ་དཀའ་ལས་ཡོད༔ ཅེས་དང་། རྡོར་བྲག་རིག་འཛིན་ཆེན་པོས། གསོན་དུས་ཆོས་བཤད་རྒྱུད་ལ་མི་སྨིན་ན༔ རོ་ཡིས་ཚིག་དོན་གོ་བ་གད་མོའི་གནས༔ ཞེས་གསུངས་པ་ནི། གསོན་དུས་ཆོས་ལ་འབད་དགོས་པར་ངེས་པའི་དོན་ཏེ། འགྲོ་མགོན་ཉི་ཟླ་འོད་ཟེར་གྱི་མཆེད་ཡ་རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་ཤི་ནས་ཟླ་བ་གཉིས་གསུམ་ཙམ་ལོན་དུས། ཁོང་རྨི་ལམ་བསྒྲུབ་པས་ཁོ་བར་དོར་འཁྱམས་ཡོད་པ་དང་ལན་མང་དུ་འཕྲད་པས། ཁོ་ན་རེ། ཐོས་གྲོལ་གྱི་དབང་ཆོག་དང་། བར་དོའི་ཆོས་སྐོར་གྱི་ཁྲིད་འདི་གསོན་པོའི་དུས་སུ་རྣ་བར་ཐོས་ནས་ཡིད་ཡུལ་དུ་ཡོད་དགོས་པར་སྣང་སྟེ། སྔར་གསོན་དུས་བར་དོའི་ངོ་སྤྲོད་ལན་གཉིས་ལས་ཞུ་མ་ཁོམ། ཁར་ཉིན་ཆོས་ཉིད་བར་དོ་ངོས་ཟིན་ལ་ཁད་ལ་ཡང་ཡལ་ནས་སོང་། ལན་གསུམ་ཐོབ་ན་ངོས་ཟིན་པར་འདུག་སྟེ་ཞེས་དང་། ཁྱེད་ཀྱི་སྐྱེ་བདུན་རིལ་བུའི་སྦྱིན་སྲེག་དང་བཏགས་གྲོལ་བསྒྲགས་པ་དེས་ང་རང་ལ་ཤིན་ཏུ་ཕན་པ་བྱུང་། བར་དོའི་སེམས་ཅན་ཐམས་ཅད་ལའང་ཕན་པ་ཆེན་པོ་བྱུང་། ད་དུང་ཡང་ང་ཡི་རུས་པ་སྐམ་པོ་ཚོ་ཚོལ་ལ་སཙྪ་ཐོབ། བཏགས་གྲོལ་དང་སྐྱེ་བདུན་རིལ་བུ་བསྒྲགས་ནས་སྦྱིན་སྲེག་མཛད་ན་ཕན་ཐོགས་ཆེ། ན་རཀ་བསྐང་བཤགས་འདི་ཕན་ཆེ་བར་བྱུང་བས་འབད་འབུང་ཐོན། སྐུ་མཁྱེན། ཞེས་གསུངས་པའི་དོན་དེ་ཡང་རང་རེ་ཀུན་གྱིས་ངེས་པར་གོ་དགོས་སོ། །འཆི་ཚེ་ཆོས་མིན་པ་གཞན་ཅིས་ཀྱང་ཕན་པ་མེད་པ་ནི། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཀྱེ་མ། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་ན། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཇི་ལ་བསམས་ཀྱང་ཕན་ པར་མི་གདའ་ན། །རང་གི་སེམས ་ལ་ལྟ་བ་གོམས་པར་གྱིས། །ཞེས་དང་། ཐོས་གྲོལ་གྱི་རྩ་ཚིག་ལས། འཆི་བ་འོང་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས༔ ད་རེས་སྟོང་ལོག་བྱས་ན་ཤིན་ཏུ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ལྷ་ཆོས་ཡིན༔ ཞེས་གསུངས་པས་ལྷ་ཆོས་དེར་སྙིང་ཐག་པ་ནས་བརྩོན་ཏེ་ནམ་ཞིག་འཆི་དུས་རང་སྟོབས་ཀྱིས་རང་གྲོལ་ནུས་པ་རེ་མ་བྱས་ན། རང་མགོ་རང་གིས་གཡོག་པ་ཡིན་ཚུལ། རྩ་ཚིག་ལས། བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུ་བར་མི་འགྱུར་རམ༔ ཞེས་སོ། །དེ་དུས་སྔར་རང་གསོན་པོའི་དུས་སུ་རགས་པ་རྟ་མཛོ་མན་ཆད་ནས། ཕྲན་བུ་ཁབ་སྐུད་ཡན་ཆད་ཀྱི་དོན་དུ་དབྱར་དགུན་སྟོན་དཔྱིད་ཉིན་མཚན་དལ་མེད་དུ་ལུས་ངག་ཡིད་གསུམ་གྱི་ཆགས་སྡང་སེར་སྣ་ཕྲག་དོག་སོགས་གཡོ་སྒྱུ་ཟོལ་ཟོག་ཐབས་སྣ་ཚོགས་ཀྱིས་ངོ་ཚ་ཁྲེལ་འཛེམ་མེད་པར་འབད་རྩོལ་གྱིས་བསྒྲུབས་པའི་ཟས་ནོར་གཅེས་དགུ་ཐམས་ཅད་ཤུལ་དུ་ལུས། སྡིག་སྒྲིབ་བག་ཆགས་ཐམས་ཅད་རང་གིས་ཁུར་ནས་འགྲོ་དགོས་པ་ནི། བླ་མ་རིག་འཛིན་ཆེན་པོས། སྤྱི་སྡུག་སྒེར་ཁུར་དེ་ཁྱིམ་གྱི་གཟའ་དཔོན་ཡིན། ཞེས་དང་། དམ་པ་གཞན་གྱི་གསུང་ལས་ཀྱང་། རང་བསགས་ཟས་ནོར་གཞན་གྱིས་བགོ་བཤའ་བྱེད། །ཚེ་གང་བསགས་པའི་སྡིག་སྒྲིབ་རང་གིས་ཁུར། །ཞེས་སོ། །དེ་དུས་ཤུལ་གྱི་ཉེ་དུ་རྣམས་ཀྱིས་རྒྱུས་མེད་ཀྱི་བླ་མ་རེ་ར་མདར་སྦྲན་ཏེ། དེ་ལ་རང་གི་རྟ་སྒ་སྟན་སྲབ་གསུམ་སོགས་གཅེས་དགུ་ཕུལ་ཏེ། གཞན་སྟོབས་ཀྱིས་གྲོལ་བར་འདོད་པ་ཡང་ཤིན་ཏུ་དཀའ་སྟེ། རྗེ་མི་ལས། མི་ཤི་བའི་རོ་ཡི་མགོ་སྔས་ན། །ནོར་འདོད་པའི་བླ་མས་གླུ་དབྱངས་ལེན། །ཞེས་གསུངས་པ་ནི། སྙིགས་མའི་དུས་འདིར་དེ་ལྟ་བུའང་ཆེས་མང་བའི་ཕྱིར་རོ། །