Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

1 occurrence of མགོན་པོ་བྱང་
[Clear Hits]


  
  
  
  
  
  
  
 
སྤྲུལ་སྐུ་མི་འགྱུར་རྡོ་རྗེས་གསུངས་པའི་བར་དོའི་རྣམ་ཐར་སླར་ཚིགས་བཅད་དུ་ཕབ་པ་འཁོར་བ་དོང་སྤྲུགས།


1 occurrence of མགོན་པོ་བྱང་
[Clear Hits]

 
previousསྤྲུལ་སྐུ་མི་འགྱུར་རྡོ་རྗེས་གསུངས་པའི་བར་དོའི་རྣམ་ཐར་སླར་ཚིགས་བཅད་དུ་ཕབ་པ་འཁོར་བ་དོང་སྤྲུགས།no next

སྤྲུལ་སྐུ་མི་འགྱུར་རྡོ་རྗེས་གསུངས་པའི་བར་དོའི་རྣམ་ཐར་སླར་ཚིགས་བཅད་དུ་ཕབ་པ་འཁོར་བ་དོང་སྤྲུགས།


CMR003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྤྲུལ་སྐུ་མི་འགྱུར་རྡོ་རྗེས་གསུངས་པའི་བར་དོའི་རྣམ་ཐར་སླར་ཚིགས་བཅད་དུ་ཕབ་པ་འཁོར་བ་དོང་སྤྲུགས་ཞེས་བྱ་བ་བཞུགས་སོ།།


CMR003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་ལོ་ཀི་ཤྭ་ར་དྷེ་ཝ་བཛྲ་སཏྭ་སརྦ་ཤན་ཏི་ཀྲོ་ཏ་སིདྡྷི་ཧཱུཾ། འགྲོ་དྲུག་འདྲེན་མཛད་བླ་མ་སྤྱན་རས་གཟིགས། །སྡིག་སྒྲིབ་སྦྱོང་མཛད་རྡོར་སེམས་རིགས་བརྒྱའི་ལྷ། །དེ་ཡི་ཕྲིན་ལས་ཐུགས་རྗེའི་ཉི་འོད་ནི། །གདུལ་བྱའི་ཞིང་དུ་འདྲེན་མཛད་ཤིང་རྟ་ཆེ། །རིག་འཛིན་དབང་དྲག་རྒྱ་མཚོ་དེ་ལ་འདུད། །དེ་ཡི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཉིད། །སྐུ་ན་ཕྲ་མོའི་སྐབས་སུ་བར་དོ་ཡི། །རྣམ་ཐོར་དུ་མ་གསུངས་པར་སྣང་ན་ཡང་། །ཕལ་པ་རྣམས་ཀྱིས་ཡིད་བཟུང་མེད་པས་བརྗེད། །དེ་ནས་མྱོས་པོ་ཨ་འགྲུབ་རྒྱལ་ཞེས་པ། །མི་མདའ་བདུན་བརྒྱད་ཙམ་ཞིག་ལག་དམར་བསད། །


CMR003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །མི་རྟ་བཞི་བཅུ་ཙམ་ལ་ཐེ་བ་དང་། །རི་དྭགས་གཅན་གཟན་སྟོང་ལ་ཉེ་བསད་པའི། །དེ་ཡིས་བང་རུམ་ཟས་གོས་གཅིག་གྱུར་པས། །སྐུ་གྲིབ་ཕོག་པས་གསུང་རྒྱུ་མ་བྱུང་བ། །དགུང་ལོ་བཅུ་གཅིག་ལོ་མཇུག་བདག་དང་མཇལ། །ངོས་འཛིན་ཁྲི་འདོན་བྱས་ནས་དབང་ལུང་ཕུལ། །མཚམས་བསྡམས་བསྙེན་སྒྲུབ་མཛད་པས་སྐུ་གྲིབ་སངས། །དབང་དྲག་རྒྱ་མཚོ་ལ་སོགས་རྣམ་ཐར་དང་། །སྐྱེ་བ་མང་དྲན་རྒྱས་པར་གསུངས་པའོ། །ཁྱད་པར་དགུང་ལོ་བཅུ་གཉིས་ངོ་མཐོང་ཙམ། །ཆོ་འཕྲུལ་ཆེན་པོའི་ཚེས་ལྔའི་ནུབ་མོ་ལ། །བར་དོའི་རྣམ་ཐར་གསུངས་པའི་


CMR003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་ཐོ་ནི། །དོམ་ཡིག་ལྟ་བུར་བྲིས་ནས་བཞག་པ་དེ། །འདི་རུ་གོ་རིམ་ས་བཅད་དང་བཅས་པ། །ཚིགས་སུ་བཅད་དེ་བཀོད་པར་བྱ་བ་ལ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས་ཡིན་ཏེ། །དང་པོ་སྤྱི་ཡི་རྣམ་བཞག་བཤད་པ་ནི། །ངེས་པའི་དོན་ལ་དམྱལ་བ་བར་དོ་སོགས། །དངོས་སུ་གྲུབ་པར་ཡོད་པ་མ་ཡིན་ཏེ། །སྡིག་པའི་ལས་ཀྱི་རང་རང་འཁྲུལ་སྣང་ཡིན། །དེ་ལྟར་མིན་ན་གཤིན་རྗེ་རྒྱལ་པོ་དང་། །ལས་མཁན་དེ་དག་དེ་ལས་བརྒྱ་སྟོང་དུ། །ཐུ་བའི་དམྱལ་བ་ཞིག་ཏུ་ཅིས་མ་ལྟུང་། །དོན་ལ་དངོས་སུ་གྲུབ་པ་མེད་ན་ཡང་། །སྒྲིབ་པ་མ་དག་བར་དུ་དངོས་སུ་སྣང་། །དཔེར་ན་མི་ཡི་སྐྱེ་རྒ་ན་འཆི་སོགས། །བདེ་སྡུག་རྣམ་པ་སྣ་ཚོགས་སྣང་འདི་ཡང་། །དོན་ལ་བདེན་པར་གྲུབ་པ་མེད་ན་ཡང་། །འཁྲུལ་པ་མ་ཞིག་བར་དུ་དངོས་སུ་སྣང་། །དེ་བཞིན་དམྱལ་བ་ཡི་དྭགས་བར་དོ་ཡང་། །དེ་རུ་སྐྱེས་པ་ཀུན་ལ་དངོས་སུ་ཡོད། །དཔེར་ན་མི་རྣམས་དགྲ་ཡིས་འཚེ་བ་དང་། །སྐེ་གཅོད་མིག་བྲུ་ཁྲིམས་དང་ཆད་པས་མནར། །དུད་འགྲོ་རྣམས་ནི་བཤའ་བསད་ཁལ་འགེལ་བའི། །སྡུག་བསྔལ་དངོས་སུ་མྱོང་བ་འདི་རྣམས་ནི། །དམ་པའི་དོན་ལ་བདེན་པར་གྲུབ་པ་མེད། །རྨི་ལམ་ལྟ་བུ་


CMR003_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་གསུངས་ན་ཡང་། །དམ་པའི་དོན་དེ་མངོན་སུམ་མ་རྟོགས་ཚེ། །གོ་བ་ཙམ་ཞིག་ཡོད་ཀྱང་ཕན་པ་མེད། །དམ་པའི་དོན་དེ་སར་གནས་སེམས་དཔས་རྟོགས། །འཁོར་བའི་སྡུག་བསྔལ་སྣང་ཡང་རང་བཞིན་མེད། །རྨི་ལམ་སྒྱུ་མ་ཙམ་དུ་གཟིགས་པའི་ཕྱིར། །སྐྱེ་རྒ་ན་འཆི་འདི་ལ་མི་སྐྲག་ཕྱིར། །དེ་ལྟར་མ་གཏོགས་འགྲོ་ལ་ཕན་པའི་ཕྱིར། །དག་པའི་ཞིང་ཁམས་རྣམས་སུ་མི་བཞུགས་པར། །སྙིགས་དུས་བསྐལ་པ་རྩུབ་འགྱུར་དུས་འདིར་ཡང་། །སྙིང་རྗེའི་དབང་གིས་བསམ་བཞིན་སྐྱེ་བ་ལེན། །ཐབས་སྟོབས་དུ་མས་འབྲེལ་ཚད་འདྲེན་པ་ཡིན། །དེ་དོན་མ་གོ་རྨོངས་པ་ལ་ལ་ཡིས། །བདེ་བ་ཅན་དུ་དུས་ལོག་བྱུང་ངམ་ཅི། །བླ་མ་འདས་ཚེ་སྐུ་སྐྱེ་བྱུང་ཞེས་འབར། །དེ་དག་ཐུགས་རྗེ་གཞན་ལས་ཆེ་བ་ཡིན། །དེ་ལས་གཞན་པའི་སངས་རྒྱས་བྱང་སེམས་དང་། །རང་རྒྱལ་དགྲ་བཅོམ་དུང་ཕྱུར་གྲངས་འདས་ཀྱང་། །ཞི་བའི་དབྱིངས་སུ་བཞུགས་ཕྱིར་མི་འབྱོན་ནོ། །སྤྲུལ་པ་ཡིན་ཀྱང་འཁོར་བར་ལུས་བླངས་ནས། །ཁྱབ་པ་འདུ་བྱེད་སྡུག་བསྔལ་མེད་མི་སྲིད། །གནས་སྐབས་སྐྱིད་སྡུག་སྣང་བ་གཞན་ལྟར་ཡོད། །སྡུག་བསྔལ་དེ་ཉིད་བསྲན་བཟོད་དཀའ་བའི་


CMR003_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །སྙིགས་དུས་སངས་རྒྱས་ བྱང་སེམས་གཞན་མི་འབྱོན། །རིགས་གསུམ་མགོནཔོ ་ལ་སོགས་སེམས་དཔའ་རྣམས། །སྡུག་བསྔལ་དེ་ཉིད་བཟོད་པར་བཞེས་ནས་ཀྱང་། །འགྲོ་ལ་ལྷག་པར་ཐུགས་ནི་བརྩེ་དྲག་པས། །བསམ་བཞིན་སྙིགས་དུས་སྐྱེ་བ་ལེན་པ་སྟེ། །དཔེར་ན་ཚེ་ལོ་བརྒྱ་པ་སྙིགས་མའི་དུས། །སངས་རྒྱས་སྟོང་གིས་མ་བཞེད་བསྒྱུར་བ་དེ། །ཤཱཀ་ཐུབ་སྙིང་རྗེ་ཆེ་བས་བདག་བཟུང་ནས། །བྱོན་པའི་ལོ་རྒྱུས་པད་དཀར་མདོ་ལས་གསུངས། །མདོ་ལུགས་ས་ཐོབ་འཇིགས་པ་ལྔ་དང་བྲལ། །དང་པོའི་ས་ཐོབ་ཡན་ཆད་ངན་སོང་དུ། །ལྟུང་བར་མི་སྲིད་པ་རུ་བཤད་པ་དང་། །རྒྱུ་ལ་དཔྱད་ན་ས་བཅུ་པ་ཡང་ལྟུང་། །ཞེས་པའི་ལུགས་གཉིས་འགལ་བ་ལྟར་སྣང་ཡང་། །ས་ཐོབ་དབང་མེད་གཞན་ལྟར་ལྟུང་མི་སྲིད། །རང་དབང་ཡོད་བཞིན་འགྲོ་ལ་ཕན་པའི་ཕྱིར། །ངན་སོང་དུ་ཡང་སྐྱེ་བ་བཞེས་པ་ཡོད། །སངས་རྒྱས་སྟོང་ཡང་ཐུགས་རྗེ་ཆེན་པོ་ཡི། །ཕྱག་སྟོང་གིས་ནི་སྤྲུལ་པ་ཡིན་པ་དང་། །ཤཱཀ་ཐུབ་གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །སླར་ཡང་འགྲོ་ལ་ཕན་ཕྱིར་སེམས་དཔའི་ཚུལ། །དམྱལ་བར་ལྕགས་སྲེག་ཤིང་རྟ་འདྲེན་པ་ཡི། །གྱད་དང་དེ་བཞིན་ཤིག་


CMR003_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དང་རི་བོང་དང་། །ཤིང་རྟ་མོ་དང་ཀླུ་ལ་སོགས་པ་ཡི། །མ་དག་སྐྱེ་བ་མང་དུ་བཞེས་པ་ཡང་། །གཞན་དང་མི་འདྲ་གཞན་ཕན་ཅུང་རེ་ཡོད། །མདོར་ན་སེམས་ཅན་གཅིག་ལ་ཕན་ཐོགས་ན། །བསྐལ་པར་མནར་མེད་བཞུགས་ལ་འཚེར་བ་མེད། །དེ་དག་སེམས་དཔའ་ཆེན་པོའི་རྣམ་ཐར་ཡིན། །ས་ཐོབ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡི། །ངན་སོང་ལྟུང་བའི་རྒྱུ་བསགས་མི་སྲིད་དེ། །གལ་ཏེ་བསགས་ན་ས་བཅུ་པ་ཡིན་ཀྱང་། །རྒྱུ་འབྲས་མི་བསླུ་ལས་འབྲས་མྱོང་ཚུལ་སྟོན། །དཔེར་ན་མི་ནག་མདུང་ཐུང་ཅན་བསད་པས། །ཐུབ་པའི་ཞབས་ལ་སེང་ལྡེང་ཚེར་མའི་དཔེ། །རྫུ་འཕྲུལ་ཆེ་མཆོག་འཕགས་པ་མོའུ་འགལ་བུ། །མ་ཡུམ་འདྲེན་ཕྱིར་འོ་བརྒྱལ་ཆེན་པོར་བཅས། །དམྱལ་བར་བྱོན་ཚུན་མོའུ་འགལ་གྱི་མདོ།།རྒྱས་བསྡུས་གཉིས་ལས་རྒྱ་ཆེར་གསུངས་ལ་ལྟོས། །དེ་བཞིན་དབང་དྲག་རྒྱ་མཚོ་དམྱལ་བ་རུ། །བྱོན་པ་དེ་ཡང་དེ་འདྲར་ཤེས་པར་བྱ། །དེ་བཞིན་སྡིག་བློན་ཤ་རྟ་འདྲེན་པའི་ཕྱིར། །ཡེ་ཤེས་མཚོ་རྒྱལ་དངོས་སུ་དམྱལ་བར་བྱོན། །ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་འབུམ་ཚོ་ལྔ། །དྲངས་ཚུལ་མཚོ་རྒྱལ་རྣམ་ཐར་ནང་དུ་གསལ། །དེ་བཞིན་པཎ་ཆེན་སྨྲ་


CMR003_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཏིའི་སྐྱེ་བའི་མཐའ། །ཀུ་སུ་ལུ་པ་ཉག་ཕྲུག་ཨ་སྲུང་དང་། །ཤཱཀྱ་ལྷ་དབང་སྟག་བཟའ་རིན་ཆེན་མཚོ། །སེང་གདོང་སྤྲུལ་པ་ཌཱཀི་ཨ་ཁུན་མ། །བསོད་ནམས་དཔལ་འདྲེན་དཔའ་བོ་རིན་ཆེན་དཔལ། །དེ་སོགས་སེམས་དཔའ་སེམས་མའི་སྤྲུལ་པ་རྣམས། །རྒྱུ་འབྲས་ཆོས་སྟོན་འགྲོ་ལ་ཕན་པའི་ཕྱིར། །ཚད་ལྡན་འདས་ལོག་པ་ཡང་མང་དུ་བྱོན། །རང་བྱུང་རྡོ་རྗེ་ལ་སོགས་སྐྱེས་ཆེན་འགའ། །རང་རང་བར་དོའི་རྣམ་ཐར་གསུངས་པའང་ཡོད། །ཡང་དགོན་པ་དང་སཱུརྱ་ཙན་སོགས། །དངོས་ཉམས་རྨི་ལམ་བར་དོའི་གཟིགས་ཚུལ་ཡོད། །དེ་དག་ལ་སོགས་གཞན་ཡང་ཚད་ལྡན་རྣམས། །སེམས་དཔའ་ཆེན་པོའི་མཛད་ཕྲིན་ངོ་མཚར་ཆེ། །དེ་ལྟར་མིན་པའི་དམྱལ་བ་བར་དོ་སོགས། །མཐོང་ངོ་ཟེར་ལ་ཡིད་བརྟན་མ་མཆིས་ཏེ། །ཚེ་འཕོ་བ་རྣམས་ཇི་ལྟར་འགྱུར་བ་ནི། །ཞུས་པའི་མདོ་སྡེ་ཐུབ་པའི་བཀའ་ལས་ནི། །དྲི་ཟ་འཆི་ཁའི་སེམས་ལ་འཇུག་པ་ཡི། །དྲི་ཟ་ཁྱབ་བྱེད་དྲི་ཟ་པི་ཤ་ཙི། །གནོད་སྦྱིན་སྨྲ་འདོད་རིགས་དང་འབྱུང་པོ་ནི། །པི་ར་ཧན་ཏི་ཀུན་ཏུ་རྟོགས་འདོད་སོགས། །ཚེ་འདས་དེ་འདྲའི་ལུས་སུ་སྤྲུལ་ནས་ཀྱང་། །ཉེ་དུ་རྣམས་ལ་འཆི་ཁ་གང་སྨྲས་དང་། །ཆ་ཕྲིན་ལ་སོགས་


CMR003_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གྱིས་བསླུ་བར་གསུངས། །འོན་ཀྱང་ཚད་ལྡན་རྣམས་ལ་དེ་འདྲ་བ། །བྱུང་བ་དེ་ཡང་བསླུ་བ་མ་ཡིན་ཏེ། །མོའུ་འགལ་མདོ་བསྡུས་པའི་ནང་ནས་ནི། མ་རྫོགས་གློ་བུར་ཤི་བ་རྣམས། །གཤིན་རྗེའི་རྒྱལ་པོའི་དྲུང་དུ་འགྲོ་ས་མེད། །བར་དོར་བསྒུག་ནས་འདུག་པ་དེ་རྣམས་ཀྱང་། །ཆ་ཕྲིན་བསྐུར་ཚུལ་ཡོད་པ་ཡིན་པས་སོ། །དེ་ཕྱིར་ཆ་ཕྲིན་ལ་སོགས་བསྐུར་ས་དང་། །མཐོང་མི་སྐྱེས་ཆེན་དམ་པ་ཡིན་ན་བདེན། །དེ་མིན་དངོས་སུ་བྱུང་ཡང་ཡིད་ཆེས་མེད། །དཔེར་ན་སྟག་ར་ཀླུ་གོང་ཤི་བའི་དུས། །བོན་པོས་བཀུག་གཞུག་བྱས་པས་དངོས་སུ་བྱུང་། །བུ་དང་ཤི་གསོན་གཏམ་བྱས་རྒྱལ་པོ་དང་། །ཨོ་རྒྱན་ཞལ་ནས་དེ་ནི་ཚེ་འདས་མིན། །རྟགས་མཚན་ང་ཡི་རྡོ་རྗེ་འདི་སྟོན་ལ། །ཁྱོད་ལ་སློབ་དཔོན་པདྨས་དབང་བསྐུར་བའི། །གསང་མཚན་གང་ཡིན་དྲིས་དང་གསལ་ལོ་གསུངས། །དྲིས་པས་དེ་དུས་ཆངས་བུ་ཏིང་ལོ་བྱིན། །རྒྱ་མཚོའི་འགྲམ་དུ་བསྐྲད་པས་ད་མེད་ཟེར། །ཟ་འདྲེ་བསམ་ཡས་བྲག་ཐེལ་ཡིན་པར་རྟོགས། །མཆོག་གི་གྲུབ་ཆེན་གྱིས་མཛད་ངེས་མེད་དེ། །རྗེ་བཙུན་མི་ལས་བྱང་བུ་བཞུ་བའི་དུས། །ཚེ་འདས་བེམ་པོས་ལེགས་སོའི་


CMR003_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྨྲས་པ། །བུ་སོགས་ཉེ་དུས་དངོས་སུ་ཐོས་པའོ། །རྩ་རླུང་བསྒོམ་པའི་གང་ཟག་ལ་ལ་ཡི། །དམྱལ་བའི་རྩ་མདུད་གྲོལ་ཞིང་ཞིག་པའི་ཚེ། །དངོས་ཉམས་རྨི་ལམ་དམྱལ་བའི་སྣང་བ་འཆར། །དེ་དུས་ཚེ་འདས་འདྲེན་དང་ཆ་ཕྲིན་སོགས། །ཕྱི་ནང་རྟེན་འབྲེལ་གཅིག་པས་དོན་དང་ལྡན། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་གང་ཟག་ལ། །དངོས་ཉམས་རྨི་ལམ་དམྱལ་བའི་སྣང་བ་འཆར། །སྒྲུབ་པའི་མཐུ་ཡིས་དམྱལ་བར་སྐྱེ་དགོས་པའི། །ལས་སྒྲིབ་བྱང་ན་དེ་ཡིས་གོ་ཆོད་དེ། །ཕྱིན་ཆད་སྐྱེ་སྒོ་ཆོད་ཕྱིར་དོན་དང་ལྡན། །རྨི་ལམ་འོད་གསལ་འབྱོངས་བའི་གང་ཟག་གིས། །རྨི་ལམ་བཟུང་ནས་ལྷ་ཡུལ་ཞིང་ཁམས་དང་། །དམྱལ་བ་ཡི་དྭགས་སྐྱིད་སྡུག་གཟིགས་པ་ནི། །རྒྱུད་སྡེའི་ཁྲིད་རིམ་དགོངས་པ་ངོ་མཚར་ཆེ། །མི་ལ་མཁའ་སྤྱོད་པ་སོགས་གྲུབ་ཆེན་རྣམས། །དངོས་ཉམས་རྨི་ལམ་དམྱལ་བ་ཡི་དྭགས་ཡུལ། །བྱོན་ནས་ཆོས་གསུངས་འདྲེན་སྟོན་མཛད་པ་ནི། །གསོན་འདྲེན་བྱེད་པ་མཆོག་གི་གྲུབ་རྟགས་སོ། །ལ་ལ་ཡུད་ཙམ་ཤི་འོམ་གཉིད་པ་ལས། །དམྱལ་བ་དང་ནི་བར་དོར་ཕྱིན་པ་དང་། །ཆ་ཕྲིན་བདེན་བདེན་འདྲ་བ་སྣང་ན་ཡང་། །ཆོས་བཞིན་མི་སྤྱོད་སྡིག་པའི་ལས་བྱེད་


CMR003_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཕལ་ཆེར་རྫུན་ཡིན་གལ་ཏེ་རྫུན་མིན་ཀྱང་། །ཟ་འདྲེའི་བསླུ་བ་ཡིན་གྱི་ཚེ་འདས་མིན། །སྔར་དུས་ལྷ་སྡིས་ཞེས་བྱའི་ཤི་ལོག་པས། །བཀྲ་ཤིས་སྟོབས་རྒྱལ་དམྱལ་བར་གདའ་ཚུལ་སོགས། །རྫུན་མང་བཤད་ཅིང་ཟང་ཟིང་མང་དུ་བསྡུས། །ཁོང་རང་ཚུལ་ཁྲིམས་འཆལ་སོགས་མི་དགེ་སྤྱོད། །དེ་ཡི་ཀརྨ་བསྟན་འཕེལ་མཇལ་སོང་ཛ། །ངས་ནི་དམྱལ་བ་མཐོང་ནི་མ་མྱོང་སྟེ། །རྣ་བས་ཐོས་པས་སག་ནི་དམ་ཆོས་བསྒྲུབས། །ཉིན་ལ་ཡེངས་དང་མཚན་ལ་གཉིད་མི་ཕོད། །ཁྱོད་ཀྱིས་དམྱལ་བ་མཐོང་བ་བདེན་པ་ན། །དམ་ཆོས་མི་སྒྲུབ་འདུག་ཕོད་སྲིད་དམ་གསུངས། །ཁོས་ཀྱང་སྐུར་པ་བཏབ་པའི་རྣམ་སྨིན་གྱིས། །ཐེག་ནག་གཉན་དང་ལོང་གཟའ་མཉམ་དུ་ཕོག །ཟུག་གཟེར་ཆེ་ཞིང་རྗེ་ངར་རུས་པ་འང་། །ཕྱི་རུ་མཐོང་བར་རུལ་ཞིང་ལོ་སྐོར་ཏེ། །རྫུན་སྨྲས་མགོ་བསྐོར་དྲན་ནས་རྒྱུན་དུ་ངུས། །ཚེ་འཕོས་མནར་མེད་དམྱལ་བར་ཆུ་སྲིན་ལུས། །མགོ་བོ་ལྔ་བརྒྱ་རེ་རེར་ལྕེ་ལྔ་བརྒྱ༈ །རེ་རེར་དཔག་ཚད་ཙམ་ལ་འཇམ་པའི་སྟེང་། །ལྕགས་སྲེག་བླང་དོར་ལྔ་བརྒྱས་དུས་རྒྱུན་དུ། །རྨོ་བར་ཐུབ་པས་མདོ་སྡེ་ལས་གསུངས་ཏེ། །ཅི་ཕྱིར་ཁྲི་སྲོང་སྤྲུལ་པའི་གཏེར་


CMR003_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ། །བཀྲ་ཤིས་སྟོབས་རྒྱལ་ལ་ནི་སྐུར་པ་བཏབ། །སྦྱིན་བདག་མང་པོ་དད་པ་ལོག་བཅུག་གོ །དེ་ལྟར་བར་དོར་དམྱལ་བ་ལ་སོགས་པ། །མཐོང་ཚུལ་བཤད་པའི་འདས་ལོག་པ་རྣམས་ལ། །བཟང་ངན་བདེན་འཛིན་འབྱེད་དཀའ་གྲངས་མང་ཕྱིར། །འདས་ལོག་རིགས་ལ་མཁས་དང་ཡོན་ཏན་ཅན། །ཀུན་གྱི་མི་གུས་པ་ཡང་དེ་ལྟར་ལགས། །སྤྱིར་འདི་འདྲ་ལ་རྣམ་གྲངས་མང་ཚུལ་རྒྱས་པར་བཤད་པའི་ལེའུ་སྟེ་དང་པོའོ།། །།བྱེ་བྲག་འདི་ལ་ཡིད་ཆེས་ཡོད་ཚུལ་ནི། །ལུང་དང་རིགས་པ་བླ་མའི་གསུང་གསུམ་མོ། །དང་པོ་ལུང་ནི་སྔར་གྱི་གཏེར་རྙིང་སྟེ། །གཏེར་སྟོན་གུ་རུ་ཁྱུང་དྲག་ཅེས་བྱ་བས། །གཙང་གི་རི་བོ་ཆེ་ནས་བཏོན་པའི་ལུང་། །ད་ལྟའི་ཤུད་བུ་དཔའ་སེང་ཁྱོད། །ཟབ་ཆོས་སྙིང་པོ་བསྡུས་པའི་ཆོས་འདི་སྤྱོད། །དེ་ནས་སྐྱེ་བ་འགའ་ཞིག་ཉང་ཆོས་དབང་། །ཞེས་གསུངས་དང་མཐུན་དབང་དྲག་རྒྱ་མཚོ་ནི། །ཉང་ཆོས་ལ་སོགས་ཀཐོག་ཆོས་ཀུན་ལ། །སྐུ་ན་གཞོན་ཚེ་མཁས་མཐར་ཕྱིན་མཛད་ནས། །སྐུ་ཚེ་ཧྲིལ་པོར་ཉམས་ལེན་རྩེ་གཅིག་མཛད། །མི་ཀུན་འདི་ཕ་འོད་ཟེར་བླ་མ་ཡི། །སྐྱེ་བ་ཡིན་ཞེས་བསྟོད་པར་བྱེད་པའི་ཚེ། །ཁོ་བོ་འོད་ཟེར་བླ་མ་


CMR003_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་བཟློག་ཡིན། །ཞེས་གསུངས་སྐྱེས་རབས་བདུན་ཙམ་གསུངས་མཛད་ནས། །མང་དུ་དྲན་ཏེ་དེ་བས་མི་སྨྲ་གསུངས། །དེ་བཞིན་སྤྱི་བོའི་རག་ཤི་གཏེར་སྟོན་དང་། །ཀོང་པོའི་ལྕགས་སྡེ་གྲུབ་ཐོབ་གཏེར་ཡིག་ལས། །དབང་དྲག་རྒྱ་མཚོར་བསྟོད་བསྔགས་ཆེན་པོ་དང་། །དེ་ཡི་སྐུ་གདུང་གླང་ཐང་སྒྲོལ་མ་རུ། །བཞུགས་ན་ཁམས་ཕྱོགས་བདེ་ལེགས་འབྱུང་ཚུལ་སོགས། །གཏེར་ཁ་འགའ་ནས་ལུང་བསྟན་ཡོད་པར་སྣང་། །དེ་བཞིན་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར། །བསྟན་པ་སྤྱི་ཡི་ལུང་བསྟན་རྒྱས་པ་ནས། །ཤུད་བུ་དཔལ་སེང་སྐྱེ་བ་ནི། །ཀཐོག་ཕྱོགས་ནས་དབང་གི་མིང་ཅན་བྱུང་། །ས་བཅུའི་དབང་ཕྱུག་རྣལ་འབྱོར་ཨེ་མ་ཧོ། །མཐོང་ཐོས་ཐམས་ཅད་རིག་འཛིན་ས་ལ་སྦྱོར། །ཞེས་གསུངས་ལུང་གིས་ཟིན་ཞིང་ལུང་རྒྱབ་ནི། །མདོ་རྒྱུད་ཀུན་ནས་དད་ལྡན་བརྩོན་འགྲུས་ཅན། །ཚེ་འདི་བློས་བཏང་མི་ཚེ་སྒྲུབ་ལ་དྲིལ། །དེ་ཡི་རང་གཞན་དོན་གཉིས་འགྲུབ་གསུངས་ཕྱིར། །ཁོང་གི་རྣམ་ཐར་མདོ་རྒྱུད་ལུང་དང་མཐུན། །དེ་ཕྱིར་རྣ་བས་ཐོས་ཚད་མི་གུས་མེད། །བྱང་ཕྱོགས་རྒྱུད་དུ་བྱུང་བའི་པཎྜི་ཏ། །འཛམ་


CMR003_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན། །རྒྱལ་བ་གཉིས་པ་དེ་ཡི་གསུང་ལས་ཀྱང་། །བླ་མ་བཟང་བའི་མཚན་ཉིད་གང་ཞེ་ན། །སློབ་མ་བཟང་ལ་མང་བ་བྱུང་ན་ཡིན། །གསུངས་པ་བཞིན་དུ་དབང་དྲག་རྒྱ་མཚོ་ཡི། །སློབ་མ་མཁས་གྲུབ་ལྡན་པ་དཔག་མེད་དེ། །ཆོས་ཉིད་རྒྱ་མཚོ་ཆོས་སྐྱོང་རྒྱ་མཚོ་དང་། །ཡོན་ཏན་རྒྱ་མཚོ་ཚེ་མཚམས་སྤྲུལ་པའི་སྐུ། །པདྨ་བློ་གྲོས་སྡེ་དགེ་གྲུབ་ཐོབ་པ། །རྩེ་གཅིག་བསྒྲུབས་ཤིང་ཉམས་རྟོགས་ཕུལ་བྱུང་བ། །གྲངས་ལས་འདས་ཏེ་སྙིགས་དུས་རྫོགས་ཆེན་གྱི། །བསྟན་པ་ཉི་མ་ཤར་ལྟར་མཛད་པར་སྣང་། །བསྐལ་བཟང་སངས་རྒྱས་མོས་པའི་རྣམ་པར་འཕྲུལ། །དྲུང་ཆེན་ཚེར་ལུང་ཀུན་དགའ་རྣམ་རྒྱལ་བས། །མ་ཎི་རིལ་བུ་སྒྲུབ་པའི་རུ་རྩི་ལ། །བེ་རི་རྒྱལ་པོའི་ཕྱག་ཏུ་བཞུགས་གསན་ནས། །དབང་དྲག་རྒྱ་མཚོའི་སྐུ་ཤ་སློང་དུ་བཏང་། །ཕྱག་འགགས་ཡན་དེ་སྣང་བའི་བཅད་མཚམས་ནས། །རིང་བསྲེལ་ཡུངས་ཀར་ནང་དུ་མར་བསྒྲེས་ལྟར། །འདུག་པ་དེ་ལ་ཅུང་ཟད་བསྐུར་བ་ཡི། །རིལ་བུ་འཕུར་སྔ་རིལ་ནོག་བསྒྲིལ་བ་ཡི། །གསོལ་དཀར་གང་ཙམ་མདུན་དུ་བཞག་པ་ཡང་། །གནམ་ལ་རེག་པར་འཕུར་ཞིང་ཆར་པ་ལྟར། །ཤིང་གདན་སྟེང་


CMR003_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབབ་པ་གསོལ་དཔོན་མཐོང་། །རིལ་བུ་བཀྱེ་དུས་ང་ཡི་རིལ་བུ་འདིར། །དབང་དྲག་རྒྱ་མཚོའི་སྐུ་ཤ་འདྲེས་པའི་ཕྱིར། །གཞན་ལས་བྱིན་རླབས་ཆེ་ཞེས་དྲུང་པས་གསུངས། །དེ་ཡི་རིལ་བུ་འགའ་ཞིག་སྒོ་ང་ལྟར། །ཕྱི་པགས་གཅིག་ལ་ནང་དུ་རིལ་བུ་ནི། །ཏིལ་འབྲུ་ཙམ་ལ་མང་དུ་འཕེལ་བའང་བྱུང་། །དེ་དུས་རིལ་བུ་སྒྲུབ་དུས་ཐག་རིང་དུ། །འཕུར་ནས་ཚན་ཆེན་བསྡུ་རྒྱུ་རྙེད་པའང་ཐོས། །དགེ་སློང་ཞིག་གི་སྐུ་ཤ་ཅུང་ཟད་ཙམ། །རྙེད་པ་རིལ་བུ་བསྒྲིལ་ལ་མ་སྒྲུབ་ཀྱང་། །སངས་རྒྱས་འཕེལ་གདུང་ལྟ་བུར་འཕེལ་བ་མཐོང་། །དབང་དྲག་རྒྱ་མཚོར་ཨོ་རྒྱན་ཆེན་པོ་ཡི། །དངོས་སུ་གནང་བའི་འཕོ་བ་ཟབ་ཁྱད་ཅན། །ཞག་རེ་བསྒོམས་ཀྱང་རྟགས་མཚན་ཐོན་པ་དང་། །བཀའ་འབུམ་ལུང་སོགས་ཁོང་ལས་བརྒྱུད་པའི་ཆོས། །ཁྲ་ལེབ་སྐུ་སྐྱེ་ལ་སོགས་སྐྱེས་ཆེན་ནི། །མང་པོས་ད་ལྟ་འགྲོ་དོན་སྤྱོད་པར་སྣང་། །སྐུ་ཤ་ཐམས་ཅད་ཀཐོག་བླ་མ་རྣམས། །བགོས་ནས་སྐྱེ་བདུན་རིལ་བུའི་རུ་རྩི་མཛད། །གདུང་རུས་མཆོད་རྟེན་བཞེངས་ནས་ཡོད་དོ་སྐད། །དེ་ལྟར་སྐྱེ་བདུན་ཤ་དེ་ཡིན་པ་ན། །དེ་ལ་ངོ་མཚར་ཆེ་བའི་ལུང་འདི་ལྟར། །ཐུགས་རྗེ་ཆེན་པོ་ཡང་སྙིང་


CMR003_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་རྒྱུད་ལས། །དེ་ནས་སྐྱེ་བདུན་ཤ་སྒྲུབ་བཤད། །དེ་ཉིད་རྟག་སྒྲུབ་འགྲོ་དོན་བྱེད། །བརྟག་པ་སྐྱེ་བདུན་གང་ཡིན་དེས། །མི་ཡི་སྐྱེ་བ་བདུན་པོ་དྲན། །དེ་ཡང་ཆོས་ལྡན་སྐྱེ་བདུན་པའི། །རོ་བླངས་ཤ་རྣམས་ལེགས་སྐམ་སྟེ། །ཞེས་དང་། གྲུབ་ཐོབ་ཤ་ཆེན་རྟག་ཏུ་ངུ་། །སྨན་དང་འབྲས་ཕྱེ་ཕུལ་གང་བསྲེ། །ཞེས་གསུངས་དེ་བཞིན་ཐུགས་རྗེ་ཆེན་པོ་ནི༔ ་་གསང་བ་འདུས་པའི་རྒྱུད་ལས་གསུངས་པ་ནི། །དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱིས་ཡང་ཞུས་པས། །རྩོལ་མེད་ངོ་མཚར་མཆོག་གི་རྗེས། །ཟོས་པས་སངས་རྒྱས་ཐོབ་པའི་ཐབས། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ངོ་མཚར་དེ་ཉིད་བསྒྲུབ་པ་ན། །བྱང་ཆུབ་སེམས་ལྡན་རྣལ་འབྱོར་གྱིས། །འགྲོ་དོན་འཁོར་བ་དོང་སྤྲུགས་ཐབས། །དལ་འབྱོར་ཆོས་ལྡན་མི་ལུས་ནི། །བདུན་ནི་བརྩེགས་མར་བླངས་བ་ཡི། །ངེས་པར་ཡིད་ཆེས་ལྡན་པ་ཡིས། །རོ་བླངས་ཤ་རྣམས་ལེགས་བསྐམས་ཏེ། །ཞེས་དང་། སྐྱེ་བདུན་ཤ་སྐམ་སྲན་ཚད་ལ། །བཟང་དྲུག་གླ་རྩི་ཨ་མྲྀ་ཏ། །གྲུབ་ཐོབ་ཤ་ཆེན་རྟག་ཏུ་ངུ་། །གྲོ་འམ་འབྲས་ཕྱེ་ཕུལ་གང་


CMR003_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །ཅེས་པ་ནས། རིལ་བུ་སྲན་ཚད་གྲངས་མེད་སྦྱར། །ཞེས་སོགས་རྒྱས་པར་གསུངས་ནས། །རིལ་བུ་སུ་ཡིས་ལྟོར་སོང་བ། །ཚེ་རབས་གང་དང་གར་སྐྱེས་ཀྱང་། །སྤྱན་རིས་གཟིགས་དང་འབྲལ་མི་སྲིད། །བདག་བས་གཞན་གཅེས་འགྲོ་དོན་སྤྱོད། །ཡིག་བདུན་བཟླས་ཤིང་དམ་ཚིག་སྲུང་། །ཐམས་ཅད་འཁོར་བ་དོང་སྤྲུགས་འགྱུར། །ཅེས་དང་ཡང་སྙིང་འདུས་རྒྱུད་ལས། །རིལ་བུ་སུ་ཡིས་ལྟོར་སོང་བ། །ཚེ་རབས་གང་དང་གར་སྐྱེས་ཀྱང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །ཅེས་གསུངས་བཞིན་དུ་དབང་དྲག་རྒྱ་མཚོ་དེ། །གྲུབ་ཆེན་སྐྱེ་བདུན་ངེས་པར་དྲན་པའི་ཕྱིར། །ཆོས་ཉིད་རྒྱ་མཚོ་ཆོས་སྐྱོང་རྒྱ་མཚོ་དང་། །ཚེར་ལུང་དྲུང་པ་སྟག་ར་སྐུ་སྐྱེ་དང་། །སྡེ་དགེ་གྲུབ་ཐོབ་ལ་སོགས་མཁས་གྲུབ་རྣམས། །ཞལ་འཆམ་སྐུ་ཤ་བུམ་སྒྲུབ་རུ་རྩི་མཛད། །སྒྲུབ་པ་མ་ཐོན་རང་ག་སྐུ་ཤ་ལ། །རིལ་བུ་བྱས་པས་འཕེལ་གདུང་ལྟར་འཕེལ་ལྟར། །སྤྲུལ་སྐུ་འདི་ཡི་ཤངས་མཚལ་རིལ་བུ་རྣམས། །ཉིད་ཀྱིས་ཕྱག་བསྒྲིལ་མཛད་པ་འགའ་ལ་ཡང་། །སངས་རྒྱས་འཕེལ་གདུང་ལྟ་བུར་ཞིབ་མོ་འཕེལ། །རིག་པས་དཔྱད་ནའང་འབྲེལ་ཚད་དོན་ལྡན་


CMR003_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ན་མཁས་གྲུབ་ཚད་ལྡན་དེ་རྣམས་ཀྱི། །སྐུ་ཤ་བུམ་སྒྲུབ་རུ་རྩི་ག་ལ་བྱེད། །གལ་ཏེ་བྱས་ཀྱང་འཕུར་སྔ་འཕེལ་བ་སོགས། །མི་འབྱུང་བ་སྟེ་བྱིན་རླབས་རྟེན་ཕལ་པ། །འདྲེས་ན་འགྲུབ་རྟགས་མི་གསལ་གསུངས་ཕྱིར་རོ། །འདས་ཁ་ང་ཡི་གདུང་འདི་མ་བཞུ་བར། །འབུ་ལ་ཟ་ཆུག་འབུ་ནི་ཁྲི་ཕྲག་འོང་། །སྐྱེ་བ་རྒྱབ་ལ་མི་འགྱུར་རྡོ་རྗེའི་དུས། །འབུ་ཀུན་མི་ལུས་ཐོབ་ནས་གྲྭ་པར་འོང་། །གསུངས་ཕྱིར་འབྲེལ་ཚད་དོན་ལྡན་སྐྱེ་བདུན་པ། །ཡིན་པར་ཉིད་ཀྱི་དགོངས་ཤིང་ཞལ་གྱིས་བཞེས། །དེ་ལྟར་ས་བཅུའི་སེམས་དཔའ་ཆེན་པོ་དེ། །འདས་ནས་དམྱལ་བར་ཟངས་ནང་ཕེབས་པ་ཡང་། །འབྲེལ་ཐོགས་སྡིག་ཅན་འདྲེན་ཕྱིར་མ་གཏོགས་པ། །ལས་ངན་དབང་གིས་ལྟུང་བ་ག་ལ་སྲིད། །ཡིག་དྲུག་སྐྱེ་ས་ཨེ་ཡོད་ཟེར་བ་སོགས། །འགྲོ་ལ་ཕན་ཡོན་ཉེས་དམིགས་སྟོན་པའི་ཕྱིར། །ཡིན་གྱིས་དེ་མེད་བཞུགས་དགོས་ག་ལ་ཡིན། །དཔེར་ན་ཐུབ་པ་ཉིད་དང་དགྲ་བཅོམ་ཚོགས། །ལས་ཀྱི་ལྷག་མ་མྱོང་ཚུལ་བསྟན་དང་མཚུངས། །འཇིགས་སྐྲག་འོ་བརྒྱལ་འཁྲུལ་སྣང་བྱུང་ཚུལ་ཡང་། །གཞན་དག་དམ་པའི་ཆོས་ལ་བསྐུལ་ཕྱིར་དུ། །དེ་ལྟར་བྱུང་ཚུལ་བསྟན་པ་ཡིན་མོད་ཀྱི། །ས་


CMR003_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ལ་འཁྲུལ་སྣང་འཇིགས་སྐྲག་བྲལ། །དེས་ན་འོག་ཏུ་འཆད་པའི་དགོངས་པ་རྣམས། །གོ་བར་མཛོད་ལ་བཀའ་ལྟར་ཡིད་ཆེས་བྱོས། །འདི་ཉིད་འཁྲུལ་པ་མེད་ཚུལ་བཤད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་དེ། །སྒྲུབ་གནས་སྐུ་བླ་ཕུག་ཅེས་བྱ་བ་དེར། །ཚེ་དང་སྒྲུབ་པ་མཉམ་པར་མཛད་པ་སྟེ། །སྙིང་ནས་སྒྲུབ་པའི་དམ་བཅའ་ཕུལ་ན་ནི། །རེ་ཟུང་ཙམ་ལ་ཕུག་སྒོ་ཆོས་བཤད་མཛད། །དད་ལྡན་ས་ཐག་རིང་ནས་འོང་བ་ལ། །དར་ཐག་རྒྱུད་ནས་རྗེས་གནང་བྱིན་རླབས་ཙམ། །དེ་མིན་རྩེ་གཅིག་སྒྲུབ་པའི་དམ་བཅའ་མཛད། །རྐང་བཞི་གསེར་དངུལ་མི་ལེན་ཇ་མར་ནས། །གང་བྱུང་རྟོགས་ལྡན་རྣམས་ལ་མཚམས་རྒྱགས་སྤྱད། །དར་རས་གོས་ཆེན་ཕལ་ཆེར་ཇོ་དར་འཛུགས། །དེ་འདྲའི་ངང་ནས་སྐུ་ཚེ་མཐར་ཕྱིན་བཞུགས། །དེ་ཚེ་ཉིད་དང་མཆེད་གྲོགས་ཡིན་པ་ཡི། །ཀཐོག་གདན་ས་བ་སོགས་བླ་མ་ནི། །བསྒྲེས་གཞོན་བཞི་སོགས་འདས་ལུགས་སྤྲུལ་སྐུས་གསུངས། །དེ་ནས་རྗེ་ཉིད་སྐུ་མཚམས་བསྡམས་པ་ནས། གྲྭ་པ་བཞི་ཙམ་ཚེ་ཡི་དུས་བྱས་ཚེ། །གཤིན་རྗེའི་ཕོ་ཉ་མ་རུངས་འཇིགས་པའི་


CMR003_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །རྔམས་བྱེད་ཆུ་སྲིན་མགོ་ཅན་གསུམ་བྱུང་ནས། །གྲྭ་པ་དེ་རྣམས་རིམ་བཞིན་ཁྲིད་སོང་གཟིགས། །ཀྱེ་མ་ཀྱི་ཧུད་འདུས་བྱས་མི་རྟག་པ། །སྐྱེས་པ་ཙམ་ནས་འཆི་བའི་ཆོས་ཉིད་ཅན། །ཞག་རེ་སོང་བཞིན་འཆི་ལ་ཐག་ཉེ་བ། །དཔེར་ན་གསོད་སར་ཁྲིད་པའི་བཙོན་དང་འདྲ། །འཆི་བདག་གཤིན་རྗེ་ནམ་འོང་ཆ་མ་མཆིས། །བྱུང་ན་སུས་ཀྱང་བཟློག་པའི་ཐབས་མེད་དེ། །ཞུ་ས་གཏམ་ས་རྒྱུ་གཏོང་བྱེད་ས་མེད། །འཐབ་ས་མེད་ཅིང་འབྲོས་པའི་ས་ཡང་མེད། །མགོ་དཔོན་བཙན་པོ་ཡོད་ཀྱང་ཁེབ་ས་མེད། །སྨན་དང་རིམ་གྲོ་བྱིན་རླབས་ནུས་པ་རྡུགས། །བསྒྲུབ་པའི་ལྷ་དང་སྲུང་མས་སྲུང་མི་ཐུབ། །གཉེན་དང་ཉེ་དུ་འཁོར་གཡོག་ཁྲིད་དབང་མེད། །ཟས་ནོར་ལོངས་སྤྱོད་ཡོད་ཀྱང་ཁྱེར་དབང་མེད། །རྟ་དྲེལ་ཁལ་མ་མང་ཡང་ཞོན་དབང་མེད། །རིག་པ་གྲོགས་མེད་གཅིག་པུར་འཁྱམས་པའི་ཚེ། །གར་འགྲོའི་ཆ་མེད་འདི་བྱེད་བློ་སྒོ་མེད། །ཞི་ཁྲོའི་ལྷ་དང་ལས་ཀྱི་གཤིན་རྗེའི་དམག །ཉེས་ཅན་མི་གཅིག་དམག་གིས་བཟུང་བ་བཞིན། །རྒྱོབ་སོད་སྒྲ་དང་འུར་སྒྲ་ཐུག་ཆོམ་ལྡིར། །མུན་ནག་ཐོག་སེར་སྒྲ་འོད་ཟེར་གསུམ་འཁྱུག །དེ་འདྲ་གཅིག་མིན་རིམ་པར་ཀུན་ལ་


CMR003_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །དེ་དུས་སྐྱབས་དང་བསྐྱེལ་མ་ལམ་གྱི་རྒྱགས། །དམ་པའི་ཆོས་ཤིག་མ་གཏོགས་མི་གདའ་ན། །འདི་འདྲ་ཐོས་ཤིང་དྲན་པའི་ཕྱི་རབས་རྣམས། །དེ་དུས་མཁོ་བའི་གྲབས་ཤོམ་མ་གཡེལ་གཅིག །ལ་ལ་ན་སོ་གཞོན་ཀྱང་ངེས་པ་མེད། །མངལ་དུ་འཆི་དང་བཙས་མ་ཐག་འཆི་དང་། །དར་ལ་བབ་དང་རྒས་གཞོན་ངེས་པ་མེད། །དཔེར་ན་ཀཿཐོག་བླ་མ་གཞོན་ནུ་གཉིས། །རྗེ་ལས་ཁྲི་མཐོ་རིགས་རུས་ལྡན་པ་དེ། །ཉིད་ལ་དད་གུས་དབང་ལུང་གསན་ན་ཡང་། །རིང་པོར་མ་ཐོག་འདས་ཚུལ་སྤྲུལ་སྐུ་ཡིས། །དྲན་ནས་གསུངས་པ་དེ་དང་མཐུན་པའོ། །ཉམས་ལེན་བཟང་དང་ཐུགས་དམ་སྲུང་ཟློག་གིས། །དུས་ཀྱི་འཆི་བ་བཟློག་པར་མི་འདུག་སྟེ། །དྲང་སྲོང་མངོན་ཤེས་ཐོབ་དང་དགྲ་བཅོམ་པ། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར་བའི་རྒྱལ། །ཐམས་ཅད་མི་འཆི་པ་ནི་མ་མཆིས་ཏེ། །དཔེར་ན་ཀཿཐོག་བླ་མ་བསྒྲེས་པོ་ནི། །བསྙེན་སྒྲུབ་མཐར་ཕྱིན་ནུས་མཐུ་ལྡན་པ་གཉིས། ་འདས་ཚུལ་སྤྲུལ་སྐུས་དྲན་པ་དེ་དང་མཚུངས། །གཤིན་རྗེའི་ཕོ་ཉ་ནམ་འོང་ཆ་མེད་དེ། །ཆུ་སྲིན་མགོ་ཅན་འཇིགས་རུང་གཤིན་རྗེ་གསུམ། །བྱུང་ནས་གྲྭ་པ་གསུམ་བཞི་ཁྲིད་སོང་


CMR003_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བ། །རིག་འཛིན་དབང་དྲག་རྒྱ་མཚོས་གཟིགས་དང་མཚུངས། །དེ་ནས་སངས་བྱེད་གནང་བྱེད་གྲབས་ཤོམ་ཡང་། །གཤིན་རྗེའི་ཕོ་ཉས་མཐོང་ནས་ཁྲེལ་དགོད་བྱེད། །དེ་ལ་དགོངས་ནས་མདོ་རྒྱུད་མན་ངག་ལས། །མི་རྟག་དྲན་པ་འདུ་ཤེས་ཀུན་གྱི་མཆོག །ཁྲིད་རིམ་ཀུན་གྱི་ཐོག་མར་གསུངས་པའོ། །རིག་འཛིན་དབང་དྲག་རྒྱ་མཚོའི་མཆེད་གྲོགས་དང་གྲྭ་པ་འགའ་ཞིག་མི་རྟག་པའི་ཆོས་ཉིད་མངོན་དུ་གྱུར་ཚུལ་སྤྲུལ་སྐུས་དྲན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རིག་འཛིན་དབང་དྲག་རྒྱ་མཚོ་ཉིད། །སྐུ་ཚེ་སྒྲུབ་པ་མཐར་ཕྱིན་དོན་གཉིས་འགྲུབ། །མྱ་ངན་འདའ་བར་དགོངས་ནས་སྐུ་མཚམས་གྲོལ། །ཁེར་རྐང་འཁྲུགས་ཚུལ་ལ་སོགས་ལུང་བསྟན་མཛད། །སྤྲུལ་སྐུ་ཕྱི་མ་གར་བྱོན་ལུང་བསྟན་ནས། །ངེས་པའི་དོན་ལ་གཟུགས་ཀྱི་སྐུ་བསྡུས་ནས། །དགོངས་པ་ཀུན་བཟང་ཆོས་ཀྱི་དབྱིངས་སུ་ཐིམ། །ས་བཅུའི་སེམས་དཔའ་ཡིན་ཕྱིར་སྤྲུལ་པ་ནི། །བྱེ་བ་ཕྲག་བརྒྱ་གདུལ་བྱའི་སྣང་ངོ་ལ། །གང་ལ་གང་འདུལ་ཚུལ་དུ་སྣང་བར་བཤད། །དྲང་དོན་འགྲོ་ལ་ཕན་ཕྱིར་ཚུལ་བསྟན་པ། །གཤིན་རྗེའི་ཕོ་ཉ་སོལ་བའི་མདོག་ཅན་ལ། །སྐུ་ནི་གྱེན་འབར་ཁྲོ་བོའི་ཆ་བྱད་ཅན། །


CMR003_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་བླ་མ་གར་ཡོད་ཟེར་ཞིང་བྱུང་། །མཚམས་ཁང་ནང་དུ་ཞུགས་ནས་དབང་མེད་ཁྱེར། །ལུང་པ་ཕར་ལོ་དེ་ནས་བསླེབས་ཙམ་ནས། །ཡར་གཟིགས་རྒྱབ་རིའི་བཀོད་པ་རྣམས་ཀྱང་མཐོང་། །གྲྭ་པ་གཉིས་ཀྱང་གཤིན་རྗེས་ཁྲིད་བྱུང་བ། །དཔོན་སློབ་གསུམ་པོ་གཤིན་རྗེའི་ཕོ་ཉ་ཡི། །ཁྲིད་ནས་སོང་སོང་དམྱལ་བར་སྐྱེ་བའི་སྒོ། །སྦྲ་ནི་ནག་པོ་འདྲ་བ་གཅིག་ཏུ་གཟིགས། །དེ་ཡི་སྒོ་སྲུང་མ་རུངས་ཁྱི་ཡི་གཟུགས། །ལུས་ལ་མཚོན་ཆ་སྣ་ཚོགས་སྐྱེས་པ་འདུག །སྦྲ་ནང་དེ་རུ་ཕེབས་པས་སྦྲ་མིན་པར། །དམྱལ་བའི་འཇིག་རྟེན་ཁམས་སུ་ཕེབས་པར་སྣང་། །ས་དོང་ནག་པོ་མཁར་ནི་དམར་དང་ནག །གླུ་དབྱངས་ལེན་པའི་ཁྲོད་དང་ནག་ངམ་མེ། །དེ་དག་དམྱལ་བའི་སྐྱེ་སྒོ་ཡིན་གསུངས་ལྟར། །སྦྲ་ནག་ལ་སོགས་དམྱལ་བའི་སྐྱེ་སྒོ་དང་། །བྲག་སྐྱིབ་སྡོང་དུམ་དུད་འགྲོའི་སྐྱེ་སྒོ་དང་། །གླིང་བུ་འབུད་པའི་ཁྲོད་ནི་ཡི་དྭགས་སོགས། །སྐྱེ་སྒོ་གང་ཡིན་ད་ལྟ་ཡིད་ངེས་པས། །དེ་རུ་མི་འགྲོ་རུ་ལོག་དྲན་པ་དང་། །དབང་མེད་གཤིན་རྗེས་ཁྲིད་དང་འདེད་པ་ལ། །ཡི་དམ་ཁྲོ་བོའི་བསྐྱེད་རིམ་ལ་སོགས་པ། །བར་དོའི་ཆོས་ལ་ད་ལྟ་གོམས་འདྲིས་ཤིག །མེད་ན་དེ་


CMR003_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁྲུལ་ཚབ་ཆེ་བའི་ཚུལ། །སྤྲུལ་སྐུའི་དྲན་ཚུལ་འདི་ལ་བསམ་གཞིག་ཐོང་། །དབང་དྲག་རྒྱ་མཚོ་འཁྲུལ་པ་མ་ལགས་ཏེ། །མོའུ་འགལ་བུ་དང་ཡེ་ཤེས་མཚོ་རྒྱལ་ལྟར། །སེམས་ཅན་འདྲེན་ཕྱིར་ཐུགས་རྗེ་ཚད་མེད་ཀྱིས། །བསམ་བཞིན་དམྱལ་བའི་གནས་སུ་བྱོན་པའོ། །སྐུ་ཚེའི་འདུ་བྱེད་བཏང་ནས་དམྱལ་བའི་འཇིག་རྟེན་དུ་ཕེབས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དམྱལ་བའི་འཇིག་རྟེན་ཁམས་དེ་ན། །རིན་ཆེན་གསེར་གྱི་ཁྲི་ཆེན་འོད་འབར་སྟེང་། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ནི། །སྐུ་མདོག་མཐིང་ཀ་ཞལ་བཞི་ཕྱོགས་བཞིར་གཟིགས། །ཞལ་རས་དམར་ཟླུམ་སྤྱན་བསྒྲད་སྡང་མིག་ལྟ། །རྣོ་དཀར་མཆེ་བ་བཞི་བཞི་རབ་ཏུ་གཙིགས། །དབུ་ལ་རིན་ཆེན་འབར་བའི་སྲོག་ཞུ་གསོལ། །ཕྱག་གཡས་རྒྱ་ལུང་དཀྱིལ་དུ་ཡོད་པ་ལ། །སྣེ་གཉིས་རྒྱ་སྟེབ་ཆེན་པོ་བཏགས་པ་འཛིན། །ཕྱག་གཡོན་རྡེའུ་དཀར་ནག་གིས་བཀང་བའི། །སྒྲོ་བ་འདྲ་བའི་སྣོད་གཅིག་འཛིན་པར་སྣང་། །གྲུ་ཁུག་གཡོན་ནས་བེང་གི་དབྱིབས་འདྲ་བའི། །ཁྲམ་ཤིང་ཆེན་པོ་གཅིག་ཀྱང་བཙུགས་ནས་གདའ། །འོག་མའི་ཕྱག་གཉིས་ཉིད་ཀྱི་ཐུགས་ཀ་ན། །རྡོ་རྗེ་མེ་ལྟར་འབར་བའི་ཕྱག་རྒྱ་


CMR003_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་མཛད། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །ཕྱག་སོར་ཀུན་ལས་མེ་ལྕེ་དྲག་ཏུ་འབར། །གཟི་བརྗིད་ཆེ་བས་ལྟ་བར་མི་བཟོད་ཅིང་། །བལྟས་ན་རང་གི་ངོ་ཡང་ཚིག་ལ་ཁད། །ཁྲོ་བོ་ཆེན་པོ་འཇིགས་པའི་ཚུལ་དེ་ལ། །བདུད་དང་སྲིན་པོའི་ཆ་ལུགས་འཆང་བ་ཡི། །སྦལ་པའི་མགོ་ཅན་དྲུག་དང་ཕག་མགོ་ཅན། །ལ་སོགས་མགོ་བརྙན་སྣ་ཚོགས་ཡོད་པ་ཡི། །གཤིན་རྗེའི་འཁོར་ཚོགས་སྟོང་ཕྲག་མང་པོས་བསྐོར། །དེ་འདྲ་ཞིག་གིས་མདུན་དུ་བསླེབས་ནས་མཇལ། །དེ་ལྟར་གཟིགས་པའི་ཆོས་རྒྱལ་གཤིན་རྗེ་ཡང་། །ཐེག་པ་ཐུན་མོང་ལུགས་ལ་སོ་སྐྱེ་སྟེ། །ལས་ཀྱི་དབང་གིས་གཤིན་རྗེའི་རྒྱལ་པོར་གྱུར། །ཡ་ཀི་རྫོགས་པའི་སངས་རྒྱས་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་གྱི་སྲོག་ལ་དབང་། །འཆི་བ་ཀུན་གྱི་རྗེ་དཔོན་ཁོང་ཡིན་ཏེ། །གསོན་པོ་རྣམས་ཀྱང་ཁྲམ་ལ་ཁོང་གིས་འདེབས། །ཁོང་གིས་ཁྲམ་ལ་བྲིས་ནས་བཟློག་ཏུ་མེད། །འཇིག་རྟེན་སྲིད་པའི་དགེ་སྡིག་ཤན་འབྱེད་ཡིན། །དངོས་དེ་དམྱལ་བའི་འཇིག་རྟེན་ཁམས་དེར་བཞུགས། །སྤྲུལ་པ་འཛམ་གླིང་ལྷོ་ཕྱོགས་དུར་ཁྲོད་ན། །


CMR003_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་གཤིན་རྗེ་ལྷ་སྲིན་མ་མོའི་ཚོགས། །འཁོར་དུ་བསྐོར་ནས་སྐྱེ་འགྲོའི་སྲོག་དབུགས་སྡུད། །དེ་ཕྱིར་རྒྱ་གར་གྲོང་ཁྱེར་ཆེན་པོ་རྣམས། །ལྷོ་སྒོར་ཤི་བའི་རོ་བསྐྱལ་མ་གཏོགས་པ། །མི་གཞན་རྒྱུ་འགྲུལ་མི་ཕོད་འཛེམ་པ་དང་། །དཀྱིལ་འཁོར་ཀུན་གྱི་ལྷོ་ཕྱོགས་མཐར་གནས་པས། །ཚེ་འདས་རྣམས་ཀྱང་དེ་ཕྱོགས་ཁྲིད་སོང་པས། །ལྷོ་སྒོར་བྱང་བུ་ཕྱིར་ལྡོག་བྱེད་པའི་ཕྱིར། །ལྷོ་སྒོ་ཆོ་ག་ཟེར་བ་དེ་ཡི་དོན། །ཡང་སྤྲུལ་ཙཱ་རི་གཅིག་འཆར་རྒྱུ་ལ་སོགས། །གནས་ཆེན་འགའ་རེ་གཤིན་རྗེ་དེས་བདག་ཕྱིར། །གཏད་དང་ལིངྒ་འཕང་ན་ཁྲམ་ལ་འདེབས། །ཐེབ་པས་ཆོག་པར་གྲགས་པ་དེ་ཡི་དོན། །དེ་ལྟར་ལས་གཤིན་ཆོས་ཀྱི་རྒྱལ་པོ་དེ། །སེམས་ཅན་ཐམས་ཅད་སྲོག་དབུགས་འཕྲོག་བྱེད་པས། །བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་པོ་རུ། །སྤྲུལ་ནས་དམ་ལ་བཏགས་པས་སངས་རྒྱས་ཀྱི། །བསྟན་པ་སྲུང་ཞིང་དགེ་སྡིག་ཤན་འབྱེད་པར། །བསྐོས་ཚུལ་འཇམ་དཔལ་ཞི་ཁྲོའི་རྒྱུད་གཞུང་གསལ། །དེ་ལྟར་དམ་བཏགས་དབང་བསྐུར་བྱིན་བརླབས་པས། །ད་ལྟ་ས་བརྒྱུད་ནོན་པའི་སེམས་དཔར་བཤད། །སངས་རྒྱས་བསྟན་པའི་སྲུང་མ་ཆེན་པོ་ཡིན། །དེ་དག་རྣམས་


CMR003_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཀུན་རྫོབ་དྲང་དོན་ཙམ། །ངེས་པའི་དོན་ལ་བཅོམ་ལྡན་ཀུན་བཟང་གི །སྤྲུལ་པ་ཉིད་དེ་ཐུབ་དྲུག་ངོ་བོ་གཅིག །དམྱལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་། །རང་རང་སྒྲིབ་པས་འཇིགས་རུང་གཤིན་རྗེར་མཐོང་། །ཆོས་བཤད་པ་ཡང་རྒྱོབ་སོད་སྒྲ་རུ་ཐོས། །ལས་སྒྲིབ་དག་ནས་རྫོགས་པའི་སངས་རྒྱས་སྐུ། །ཞི་ཚུལ་མཚན་དཔེ་རབ་རྒྱས་ཆོས་འཁོར་བསྐོར། །ལས་མཁན་རྣམས་ཀྱང་སེམས་དཔའ་སེམས་མ་ཉིད། །ལྕགས་སྲེག་ས་གཞི་སྤང་ལྗོངས་སྐྱེད་མོའི་ཚལ། །ལྕགས་སྲེག་ཁང་སྒྲོམ་ཟངས་སོགས་གཞལ་ཡས་ཁང་། །མཐོང་གི་ངན་པ་དེ་དག་མཐོང་བ་མེད། །དབང་དྲག་རྒྱ་མཚོའི་གཟིགས་ཚུལ་འདི་རྣམས་ཀྱང་། །འགྲོ་ལ་རྒྱུ་འབྲས་བླང་དོར་སྟོན་ཕྱིར་ཏེ། །ངེས་པར་སྒྲིབ་པས་བསྒྲིབས་པ་མ་ལགས་སོ། །བཅོམ་ལྡན་འདས་དམྱལ་བའི་ཐུབ་པ་དང་མཇལ་བའི་ལེའུ་སྟེ་ལྔ་པའོ།། །དེ་ནས་རྒྱལ་པོས་གཟིགས་པའི་མ་ཟད་དེར། །ས་བརྩིག་རི་བྲན་འདྲ་བའི་སྒྱེད་པུ་གསུམ། །མེ་དཔུང་འབར་ཏེ་ཟངས་ཆེན་དཔག་ཚད་ཙམ། །མི་ནི་མང་པོས་གང་ནས་འདུག་པའི་ནང་། །གྲུ་པ་སྔོན་མ་ཤི་འགའ་འཕང་ནི་གདའ། །རྗེ་


CMR003_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྒྱས་ཆོས་འཁོར་བསྐོར། །ལས་མཐོང་བ་མེད། །དབང་དྲག་རྒྱལ་བའི་ལེའུ་སྟེ་ལྔ་པའོ།། བཙུན་དབང་དྲག་རྒྱ་མཚོ་དེ་ཉིད་ཀྱང་། །ལས་མཁན་གཉིས་རེ་ཞིག་གིས་ཟངས་ནང་འཕངས། །སྟེང་དུ་གཞན་མ་མང་པོ་འཕང་བྱུང་མནན། །ཡར་ལངས་བསམས་ཀྱང་གཞན་ཚོས་སྟེང་ནས་མནན། །ལྕགས་སྲེག་དང་ནི་དབྱིག་པ་ནག་པོ་ཡི། །སྟེང་ནས་བཙུགས་ཤིང་ཚོད་མ་བཞིན་དུ་དཀྲུགས། །གཞན་རྣམས་ངུ་འབོད་ཚག་དང་ཕྱུར་ཕྱུར་བྱེད། །བྱང་ཆུབ་སེམས་དཔའ་དབང་དྲག་རྒྱ་མཚོ་དེ། །མནར་མེད་ཟངས་ཀྱི་ནང་དེར་བཞུགས་ཚེ་ཡང་། །སྟེང་ནས་མནན་ཅིང་དཀྲུགས་པའི་ཚེ་ན་ཡང་། །རྫི་རྒྱུ་མེད་ཅིང་གནོད་རྒྱུ་ཅུང་ཟད་མེད། །མི་བདེའི་ན་ཚ་ཟུག་གཟེར་རྡུལ་ཙམ་མེད། །བསམ་གཏན་བཞི་ལ་བཞུགས་པའི་དགེ་སློང་བཞིན། །འོན་ཀྱང་གཞན་ཚོས་ངུ་འབོད་ཀུ་ཅོ་ཡིས། །རྣ་བ་ཚ་ནས་ཡར་ལང་གྲྭ་པ་གཅིག ། ལག་ཡུ་ནས་བཟུང་ཁྲིད་ནས་ཟངས་རྒྱབ་བྱོན། །བདུད་སྦྲུལ་སྡིག་སྟོབས་བསམ་ལས་འདས་པ་ཡི། །འབྲེལ་ཚད་མནར་མེད་ལྟུང་བའི་ལས་ངན་ཅན། །འགའ་དང་འགའ་ཡི་དཀོར་ཟས་འབྲེལ་པ་ཆེ། །དེ་དག་འདྲེན་ཕྱིར་ཟངས་དུ་ལྟུང་ཚུལ་བསྟན། །འོན་ཀྱང་དེ་ཡི་ལས་འབྲས་མ་བསགས་ཕྱིར། །ཟངས་ནང་བཞུགས་ཚེ་བདེ་ལྡན་སྡུག་བསྔལ་མེད། །ཟངས་དུ་


CMR003_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་སེམས་ཅན་དེ་རྣམས་ཀྱང་། །ཚེ་ཚད་ཐུང་ངུའི་ཐར་བའི་རྟེན་འབྲེལ་དང་། །འབྲེལ་ཆེའི་གྲྭ་པ་དེ་མ་ཐག་ཏུ་དྲངས། །སེམས་ཅན་གཅིག་ལ་ཕན་ཕྱིར་མནར་མེད་དུ། །སེམས་དཔའ་ཆེ་རྣམས་བསྐལ་པར་བཞུགས་ནུས་པའི། །སེམས་བསྐྱེད་ཡོད་པར་གསུངས་པའང་དེ་ལྟར་ལགས། །རྒྱུ་ལ་དཔྱད་ན་ས་བཅུ་པ་ཡང་ལྟུང་། །ཞེས་གསུངས་དོན་ཡང་འདི་ལྟ་བུ་ལ་དགོངས། །འདི་ལ་བསམ་ན་ལས་འབྲས་ཕྲ་ཞིབ་ལ། །ཁྱད་དུ་གསོད་ཅིང་ལྟ་བ་མཐོ་ཟེར་ཀུན། །བསམ་གཞིག་བཏང་ན་ལེགས་པ་མ་ལགས་སམ། །ཀུན་རྫོབ་ལས་འབྲས་བསླུ་བ་མེད་ཚུལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡར་འོང་རྒྱལ་པོའི་མདུན་དེར་ཕྱིན། །ཆོས་ཀྱི་རྒྱལ་པོས་ཁྱོད་ལ་ཡིག་དྲུག་གཅིག །སྐྱེ་ས་ཨེ་ཡོད་མེད་ན་ལྟོས་ཟེར་བསྡིག །མེད་ལགས་ཞུས་པས་ཨོཾ་གཙིགས་ཞིག་བསྡམས་ནས། །ཁྲམ་ཤིང་དེ་ལ་རི་མོ་གྲུ་བཞི་བྲིས། །མགོ་འགུགས་གཅིག་བྱས་སྦལ་པའི་མགོ་ཅན་དེས། །མཛུབ་མོའི་རི་མོ་གྲུ་བཞིའི་དཀྱིལ་དེ་ལ། །ཏུག་ཏུག་གསུམ་བྱས་ཆོས་ཀྱི་རྒྱལ་པོ་ཡི། །རྡེའུ་དཀར་པོ་མཛུབ་རྩེ་ཙམ་ཞིག་དང་། །ནག་པོ་ཁུ་ཚུར་ཙམ་ཞིག་རྗེ་


CMR003_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་གྱི། །ཕྱག་མཐིལ་གཉིས་སུ་བཞག་པ་དེ་མ་ཐག །རྡེལ་ནག་ཇེ་ཆུང་མཐེ་བོང་ཙམ་དུ་སོང་། །རྡེལ་དཀར་ཇེ་ཆེ་ཅོག་པུ་ཙམ་གྱུར་ཀྱང་། །ཕྱག་ལ་མི་ལྗིད་ཁྱོག་པར་འདུག་པ་དང་། །རིན་ཆེན་ཁྲི་ནི་རབ་ཏུ་མཐོ་བའི་སྟེང་། །རིག་འཛིན་དབང་དྲག་རྒྱ་མཚོ་བཞུགས་སུ་གསོལ། །གཤིན་རྗེ་ཆོས་རྒྱལ་ཁྲི་ཡི་ཐོག་ནས་བཞེངས། །ལན་གསུམ་ཕྱག་འཚལ་གུས་ཤིང་འདུད་པར་བྱས། །སྔོན་ཚེ་ཐུབ་དབང་རྗེ་བཙུན་འཇམ་དབྱངས་དང་། །རྫོགས་སངས་རྒྱས་དང་ས་བཅུའི་སེམས་དཔའ་ལ། །ཕྱག་འཚལ་མོད་ཀྱི་དེ་ལས་གཞན་པ་ཡི། །དགྲ་བཅོམ་རང་རྒྱལ་སེམས་དཔའ་ལ་སོགས་དང་། །ཚད་ལྡན་སེམས་དཔའ་འདས་ལོག་ཕལ་རྣམས་ལ། །ཆོས་ཀྱི་རྒྱལ་པོས་ཕྱག་འཚལ་ཟེར་བ་མེད། །དཔེར་ན་ས་བརྒྱད་སེམས་དཔའ་ཐང་ལྷ་ཡིས། །འཇིག་རྟེན་གསུམ་མགོན་ལ་ནི་ཆོས་ཞུས་ཤིང་། །ཕྱག་འཚལ་ཕྱིར་ན་ས་བཅུའི་སེམས་དཔའ་ཡིན། །ཟེར་བའི་ལོ་རྒྱུས་བཞིན་དུ་འདིར་ཡང་ནི། །ས་བཅུའི་སེམས་དཔའ་ཆེན་པོར་ངེས་རྟགས་སོ། །དགེ་སྡིག་བཤགས་རལ་བྱས་པས་ཆོས་ཀྱི་རྒྱལ་པོས་ཕྱག་འཚལ་བའི་ལེའུ་སྟེ་བདུན་པའོ།། །དེ་ནས་རང་ཉིད་ཐར་ཡང་ཟངས་ནང་


CMR003_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ངུ་འབོད་སྨྲེ་སྔགས་ཚག་ནི་ཕྱུར་ཕྱུར་བྱེད། །སྙིང་རྗེ་བཟོད་མེད་སེམས་ཀྱིས་ཚུགས་ཐབས་མེད། །གྲྭ་པ་ལ་སོགས་སེམས་ཅན་དེ་རྣམས་ལ། །མིང་ནས་བོས་ནས་གོ་རྒྱུ་མི་སྣང་བས། །ཁྱེད་རྣམས་ཡིག་དྲུག་ཐོན་ཞེས་གསུངས་ན་ཡང་། །དེ་ཉིད་མ་གོ་ལོག་པར་གོ་བ་ཡིས། །མིག་བསྒྲད་ཨཾ་གཙིགས་བསྡམས་ནས་མགོ་གཡུག་བྱེད། །འདི་ཚོས་ཁོ་བོ་ངོ་མ་ཤེས་པའམ། །ཅི་ཡིན་བསྒྱུར་ནི་འོང་ན་ཤ་ཚ་ཞིང་། །བོས་ཀྱང་མི་ཐོས་བསྒུགས་ཀྱང་གཉུག་བུད་དེ། །ཁྲི་ཐོག་དེ་ནས་ལོ་ནི་སུམ་ཅུ་ཙམ། །བསྒུགས་ནི་བསྡད་སྣང་བྱུང་བས་གཉུག་ཀྱང་བུད། །དེ་དུས་རྟ་དམར་ཞོན་པའི་མི་གཅིག་གིས། །རྗེས་སུ་ཁྱི་དམར་གཅིག་ཀྱང་ཁྲིད་བྱུང་བ། །ལས་མཁན་མང་པོའི་ལྕགས་ཐག་མང་པོས་ཁྲིད། །སྐམ་པས་བཏོག་དང་ཐོ་བས་བརྡུངས་ཤིང་བྱུང་། །རྒྱལ་པོའི་མདུན་དུ་སྔངས་སྐྲག་རབ་ཏུ་འདར། །མདའ་གང་མདུང་གང་ཙམ་རེ་འཕར་ཞིང་གདའ། །དེ་ནས་རྒྱ་སྟེབ་གཉིས་སུ་མི་དེ་དང་། །རྗེ་བཙུན་ཉིད་བཞག་བཀྱགས་པས་ཁོ་ལྗིད་ནས། །ཁོ་ཉིད་མར་ལྷུང་རྗེ་བཙུན་གནམ་དུ་ལོག །ཁོ་ཡི་སྟེང་དུ་བྲུལ་ལ་ཁད་བྱུང་བས། །མཉམ་དུ་འཕེན་པར་དོགས་ཀྱང་མ་


CMR003_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་སྟེ། །མི་དེ་ཟངས་ཀྱི་ནང་དུ་འཕང་སོང་ངོ་། །མི་དེ་དང་ནི་གྲྭ་པ་ལ་སོགས་ལ། །ད་ནི་ཅི་བྱུང་ཡིག་དྲུག་ཐོན་གསུངས་ཛ། །ཚུར་ལ་ཅི་བྱུང་ཟེར་ཞིང་ཨ་གཙིགས་བསྡམས། །དཔེར་ན་དགེ་སློང་ཀོ་ཀ་ལི་ཀ་དེ། །སྐུར་འདེབས་ཉེས་པས་དམྱལ་བར་སོང་བ་ལ། །འདྲེན་ཕྱིར་ཤཱ་རིའི་བུ་དང་མོའུ་འགལ་བུ། །བྱོན་པས་འདི་གཉིས་རྗེས་སུ་འོང་ཉེས་ཞེས། །ཞེ་སྡང་སྐྱེས་ཤིང་ཚིག་ངན་བརྗོད་དང་མཚུངས། །ད་ནི་འུར་སྒྲ་ཚག་ཆོམ་ཆེ་དྲག་པས། །བོས་ཀྱང་འོན་ནས་གོ་རྒྱུ་མེད་དམ་སྙམ། །རྡོ་ལ་ཡིག་དྲུག་བསྔགས་ནས་འཕང་ཙམ་ན། །མེ་ཆེན་ཞི་ནས་དུད་པ་ཕྱུར་རེ་བྱུང་། །དེ་ཚེ་གཤིན་རྗེའི་རྒྱལ་པོ་ལས་མཁན་རྣམས། །ཁྲོས་པས་ཨོཾ་གཙིགས་བསྡམས་ཤིང་སྡང་མིག་བལྟ། །ཅི་བྱེད་རེད་ཟེར་སྟག་གི་མགོ་ཅན་གྱིས། །སྟག་གི་ཁུལ་མོ་རི་ཙམ་ཁྱེར་ནས་བྱུང་། །གཟིག་མགོ་ཅན་གྱི་གཟིག་ཁུལ་རི་ཙམ་ཁྱེར། །འུར་འུར་ཟེར་ཞིང་ཟངས་ཞབས་མེ་ཆེན་སྦྱར། །ནང་ནས་ངུ་འབོད་ཚག་དང་ཕྱུར་རུ་རུ། །རང་དབང་མེད་པར་བཟོད་མེད་སྙིང་རྗེ་སྐྱེས། །ཁྲི་ཐོག་དེ་ནས་ཇོ་དབྱངས་རིང་པོ་འཐེན།། །དེ་མ་ཐག་ཏུ་འུར་སྒྲ་ཚག་སྒྲ་ནི། །འབྲུག་ལས་ཆེ་བ་དང་བཅས་འོད་ཆེན་པོ། །གཅིག་


CMR003_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཟངས་ནང་གྲྭ་པ་མ་ལུས་པ། །འོད་ཀྱིས་བཏུམས་ནས་རྒྱང་རིང་ག་ཤེད་དུ། །འཕང་སོང་གྲྭ་པ་ཐམས་ཅད་ཐར་སོང་ངོ་། །གར་ཡོད་སྙམ་ཞིང་རྗེས་སུ་རྒྱུག་བྱོན་པས། །ཕ་ཟད་ཅིག་ཏུ་ཡི་དྭགས་ལུས་སུ་གྱུར། །ལྟོ་བ་ཆེ་ཞིང་རྐང་ལག་ཤིན་ཏུ་ཕྲ། །ཁ་ན་མེ་འབར་ལྟོགས་སྐོམ་རང་དབང་མེད། །ཀྱེ་མ་ཁྱེད་རྣམས་ཡར་ཤོག་སྨྲས་པས་བྱུང་། །རྒྱབ་ན་མེ་དཔུང་ཆེན་པོས་འདེད་ཅིང་གདའ། །དྲུང་དུ་བསླེབས་ནས་འདི་ནས་ཡར་སོང་དང་། །སྐྱིད་པོ་ཡོད་ཅེས་གསུངས་ནས་ལམ་བསྟན་པས། །ལམ་ནི་དཀར་པོ་དགུང་ལ་ཟུག་འདྲ་བར། །ཐམས་ཅད་ཡར་ལ་ཐར་ནས་སོང་བར་གཟིགས། །ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །སྡོམ་པ་དམ་ཚིག་བླ་མའི་དོན། །བླ་མས་མ་ཐོས་དེས་ཆོག་སྙམ། །ལྐོག་ཏུ་ནག་ཆང་བག་མེད་སྤྱོད། །འདོན་པ་ཆོས་སྤྱོད་སྤྱི་པའི་ཁྲལ། །ཁ་རམ་རྫུན་རམ་མགོ་མཇུག་མེད། །ཁ་ལྕེ་ངག་འཁྱལ་སྨྲ་ལྕེ་བདེ། །དེ་མིན་བསྙེན་པ་གསོལ་འདེབས་སོགས། །ཁ་རུ་འབུ་ཞུགས་དོགས་དང་མཚུངས། །ཟིན་ཐུན་བསྐུལ་ན་ཞེ་སྡང་མཐོང་། །སེམས་བསྐྱེད་ཆགས་སྡང་འདྲེ་རུ་བསྒོམས། །ཁྲིད་རིམ་བཤད་ན་ས་རྡོ་འདྲ། །སློབ་གཉེར་བཅུག་ན་བོང་བུ་


CMR003_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །ཟ་ཆེ་འཐུང་མང་དཀོར་ལ་རྔམ། །འདོད་པ་ཆེ་ཞིང་མགུ་དུས་མེད། །དཀོར་ལ་གཅོད་བྲག་སེམས་རྒྱ་ཡངས། །མཆེད་གྲོགས་རྣམས་ལ་ལྷག་པར་སྡང་། །བླ་མ་སུ་ལའང་དད་གུས་མེད། །ཟབ་ཆོས་གང་ལའང་ཡིད་མི་ཆེས། །རང་རྩིས་ཆེ་ལ་བློ་ཤོ་རྒོད། །དུག་ལྔ་ཧྲག་ཅིང་ང་རྒྱལ་ཆེ། །འཆི་བ་ཡིད་ཀྱི་ཡུལ་ན་མེད། །ལས་འབྲས་བཤད་ན་མི་བདེན་སྙམ་།དག་སྣང་ཆུང་ལ་ལོག་ལྟ་ཆེ། །ཐམས་ཅད་རང་དང་ཁྱད་མེད་རྩི། །རང་གི་གཅར་སའི་བླ་མ་ཡང་། །གཟའ་དཔོན་འདྲ་བར་རྩི་བ་ལས། །སྙིང་ལ་དད་གུས་རྡུལ་ཙམ་མེད། །དེ་འདྲའི་དཀོར་ཟན་མང་པོའི་ཁྱུ། །ཟངས་དམར་ནང་དུ་བཙོས་པ་དང་། །ཡི་དྭགས་ཁ་ལ་མེ་འབར་དུ། །སྐྱེས་པ་དེ་དག་འདྲེན་པ་ལ། །ས་བཅུ་ནོན་པའི་སེམས་དཔས་ཀྱང་། །མཉམ་དུ་ཟངས་ནང་ཕེབས་དགོས་དང་། །བསྒུག་གཉུག་འོ་བརྒྱལ་བྱུང་ཚུལ་འདི། །ཐོས་ནས་དེ་འདྲའི་དཀོར་ཟན་རྣམས། །འཇིགས་སྐྲག་ཡ་ང་མི་སྐྱེའམ། །སྐྱེས་ནས་སྔར་བྱས་འགྱོད་པ་དང་། །ཕྱིན་ཆད་ཆོས་བཞིན་མཛད་པར་རིགས། །གྲྭ་པ་དཀོར་ཟན་དམ་ཚིག་ཉམས་པ་རྣམས་དམྱལ་བ་དང་ཡི་དྭགས་ནས་དྲངས་པའི་ལེའུ་སྟེ་བརྒྱད་པའོ།། །།


CMR003_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འགྲོ་ལ་ཐུགས་བརྩེ་བས། །ཕྱིར་བྱོན་ཟངས་དེར་གཟིགས་པ་ན། །ད་རུང་ཟངས་གང་བཙོ་ཞིང་གདའ། །རང་དབང་མེད་པའི་སྙིང་རྗེ་ཡིས། །ཡིག་དྲུག་དབྱངས་རིང་གཅིག་མཛད་པས། །དམྱལ་ཟངས་གང་བའི་སེམས་ཅན་རྣམས། །སྐད་ཅིག་ཉིད་ལ་ཐར་གྱུར་ནས། །རེ་ཞིག་ཟངས་དེ་སྟོང་པར་གྱུར། །མི་དེ་རྣམས་ནི་ལམ་དཀར་པོ། །གཅིག་གིས་རྒྱུད་ལ་ཡར་ཐལ་བས། །དགའ་ཞིང་ཡར་ལ་གཟིགས་ནས་བཞུགས། །དེ་ནས་ཕྱིར་ལ་གཟིགས་ཙམ་ན། །ཟངས་ནང་དེ་ན་སྔོན་བས་ཀྱང་། །མང་བ་ཞིག་ཕྱིན་བཙོ་ཞིང་སྣང་། །ཀྱེ་མ་ད་རུང་འདི་ཙམ་བཙོ། །སྙམ་ནས་སྙིང་རྗེ་དྲག་པོ་ཡིས། །ངུ་འབོད་ཆེན་པོ་གཅིག་ཤོར་བས། །སྤྱན་ཆབ་མང་པོ་ཆར་ལྟར་བབ། །སྤྱན་ཆབ་འབྲུ་མ་རེ་རེ་ལ། །ཨོ་རྒྱན་རྗེ་དང་སྤྱན་རས་གཟིགས། །ལྷ་ཚོགས་མང་པོའི་སྐུར་གྱུར་ཏེ། །དེ་དག་རྣམས་ཀྱིས་འདྲེན་རོགས་མཛད། །ཟངས་གང་སྐྱེ་འགྲོ་ཡར་ལ་ཐར། །ལམ་ནི་དཀར་པོ་གཅིག་ལ་ཐལ། །ཟངས་སུ་བལྟས་པས་ཆུ་ཡང་སྐམ། །གཞན་རྣམས་ཐམས་ཅད་མི་སྣང་ཛ། །སྔ་མ་བྱུང་བའི་རྟ་དམར་ཅན། །དེ་ཉིད་ཡིན་པ་འདྲ་


CMR003_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི། །མི་གཅིག་ཟངས་རྐུབ་འབྱར་ནས་གདའ། །ལས་མཁན་རྣམས་ཀྱིས་དབྱུག་པ་ཡིས། །བརྐོག་ཀྱང་བསྐུལ་ཡང་མི་གཏུབ་བོ། །རྡོ་ལ་ཡིག་དྲུག་སྔགས་ནས་འཕངས།། མ་ཎི་དབྱངས་རིང་གཅིག་མཛད་པས། །འདྲེ་ལོག་རེ་རེ་བྱེད་པ་བས། །དེ་ནི་རེ་ཞིག་འདྲེན་མ་ཐུབ། །ཨེ་མ་ས་བཅུའི་སེམས་དཔའ་ཆེ། །རིག་འཛིན་དབང་དྲག་རྒྱ་མཚོ་དེས། །ཡི་གེ་དྲུག་པའི་འཛབ་དབྱངས་ཀྱིས། །དམྱལ་བའི་ཟངས་ཆེན་ལན་གཅིག་སྟོང་། །སེམས་ཅན་ཁམས་ལ་ཟད་པ་མེད། །སླར་ཡང་སྔར་ལས་མང་བར་གཟིགས། །ཚད་མེད་སྙིང་རྗེས་བཤུམ་པ་ལས། །སྤྱན་རས་གཟིགས་དབང་བཤུམ་པ་ལྟར། །སྤྱན་ཆབ་ལྷ་ཚོགས་དཔག་མེད་བྱོན།། །སེམས་ཅན་ཟངས་ཆེན་གང་དེ་དྲངས། །ཤིན་ཏུ་སྡིག་སྟོབས་ཆེ་བ་གཅིག ། རེ་ཞིག་འདྲེན་པར་མ་ཐུབ་སྟེ། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་པ་མེད་པས་བཟང་མི་མྱོང་། །དེ་སྐད་བྱམས་པས་གསུངས་དང་མཚུངས། །ཀྱེ་མ་སྡིག་ཆེན་སྙིང་རེ་རྗེ། །འོན་ཀྱང་སྐྱེས་ཆེན་དམ་པ་འདིར། །འབྲེལ་པ་ཐོབ་པས་མ་འོངས་དུས། །འདྲེན་པར་འགྱུར་པས་དེ་ཡང་ནི། །འཁོར་བ་མཐའ་ཅན་ཡིན་པའོ། །སྐྱེས་ཆེན་དམ་པ་འདི་འདྲ་


CMR003_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆོས་ལ་འབྲེལ་པ་གཏན་མེད་པའི། །དམྱལ་བར་གཏན་ཡུལ་བྱེད་པ་ཡི། །མཐའ་མེད་འགྲོ་རྣམས་སྙིང་རེ་རྗེ། །མནར་མེད་ཟངས་ནང་དུ་བཙོ་བའི་སེམས་ཅན་རྣམས་དྲངས་པའི་ལེའུ་སྟེ་དགུ་པའོ།། ་།དེ་ནས་འདི་སྐབས་སྤྲུལ་སྐུ་ཡིས། །ད་དུང་བཤད་རྒྱུ་ཡོད་ན་ཡང་། །མི་བཤད་མཆི་མ་འཆོར་འོང་གསུངས། །སྐྱོན་མེད་ཤི་ལོག་པ་ཀུན་གྱིས། །ངུ་ཞིང་བཤད་སྲོལ་ཡོད་ཞུས་པས། །འདི་ནི་ཤི་ལོག་མིན་ལེ་གསུངས། །བར་དོའི་རྣམ་ཐར་ལགས་སོ་ཞུས། །དེ་ཡིན་གསུངས་ནས་སྤྱན་གཉིས་ཀྱང་། །སྤྱན་ཆུ་གོར་གོར་མཛད་ཅིང་གསུངས། །དེ་ནས་ཆོས་རྒྱལ་མདུན་དེ་རུ། །གཅོད་པ་དོམ་ར་ཡོད་པ་གཅིག །ཁྲིད་བྱུང་གང་བྱས་ཤོད་དང་གསུངས། །ཁོ་འདར་མདའ་གང་མདུང་གང་འཕར། །ཁོ་ནི་སྐག་སྔངས་ཞུ་མ་ཕོད། །དེ་ཚེ་གཤིན་རྗེའི་རྒྱལ་པོ་དེས། །སྔགས་གཅིག་གསུངས་པས་དེ་མ་ཐག །འཇིགས་བྱེད་སེང་གེའི་མགོ་ཅན་གྱིས། །ལས་ཀྱི་མེ་ལོང་ཆེན་པོ་བསྟན། །གདུག་པ་ཆུ་སྲིན་མགོ་ཅན་གྱིས། །རྡེའུ་དཀར་ནག་མང་དུ་བཀྲམ། །མི་སྲུན་སྤེའུའི་མགོ་ཅན་གྱིས། །དགེ་སྡིག་རྡེའུ་རྒྱ་མར་བཀྱགས། །སེང་གེའི་མགོ་ཅན་སྣ་


CMR003_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ནས། །རྒྱལ་པོ་ལ་ནི་བརྡ་བྱས་པས། །རྒྱལ་པོས་ཨཾ་གཙིགས་ཐམ་ཐམ་བྱེད། །དེ་ནས་སེང་མགོ་ཅན་དེ་ཡིས། །གཅོད་པ་འདི་ཡི་མི་ཤེས་པར། །མི་མགོ་བསྐོར་ནས་གཏོ་ཚོགས་བཅས། །ཡོན་དང་འབུལ་བ་མང་པོ་བླངས། །ཆད་པ་ཐམས་ཅད་དགོས་སོ་ཟེར། །རྒྱལ་པོས་ཁྲམ་ཤིང་རི་མོ་བྲིས། །ཁྲག་མཚོ་དམར་ནག་ལྷོད་དེ་བའི། །ནང་དེར་གཅོད་པ་འཕང་ནི་ཐལ། །སྙིང་རྗེའི་དབང་གིས་ཞི་ཁྲོ་ཡི། །སྙིང་པོ་བྷོ་དྷི་ཙིཏྟ་གསུངས། །དེ་མ་ཐག་ཏུ་འོད་ཟེར་གྱིས། །ཕ་ཟད་གཅིག་ཏུ་འཕང་ནི་ཐལ། །དེ་ཡི་རྗེས་སུ་རྒྱུག་བྱོན་པས། །སྔ་མའི་ལུས་དང་མི་འདྲ་བ། །ལྟོ་བ་ཆེན་པོ་སྒོ་བ་འདྲ། །ལུས་ལ་མེ་ལྕེ་འབར་ཞིང་གདའ། །མགོ་ལ་དོམ་ར་དེ་མི་གདའ། །ཁྱོད་ནི་སུ་ཡིན་གསུངས་པ་ན། །ང་ནི་གཅོད་པ་ཡིན་ཟེར་བས། །མ་རེད་གསུངས་པས་ཡིན་ལགས་ཟེར། །དེ་མ་ཐག་ཏུ་གཤིན་རྗེ་ནི། །སྔོན་པོ་འཇིགས་སུ་རུང་བ་ཡིས། །རལ་གྲིས་ཁོ་ཡི་མགོ་བོ་དང་། །ཁོག་སྟོད་ཁོག་སྨད་བཅད་སོང་ཡང་། །དེ་མ་ཐག་ཏུ་འབྲེལ་བར་གྱུར། །ཡར་སོང་གསུངས་ནས་ལམ་སྣ་བསྟན། །འཇའ་དཀར་གཅིག་གི་རྒྱུད་ལ་སོང་། །ཀྱེ་མ་སྡོམ་མེད་ཡོན་ཏན་མེད། །


CMR003_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་བཞིན་དུ་ཟ་འདོད་པས། །མི་མགོ་བསྐོར་ནས་ཟས་ནོར་བསྡུས། །ཡོན་ལ་བྱིན་པའི་སེམས་ཅན་རྣམས། །ཐམས་ཅད་བཤས་ནས་ཤ་ཚིལ་སྤྱོད། །རྫུན་ལ་ཕུག་གཏད་བུད་མེད་གསོས། །ཤིང་གཉན་བཅད་ཅིང་ཁྲག་ཐབས་རྫོགས། །གཟུགས་མེད་དབང་ཆུང་གཞི་བདག་འགའ། །ཤི་རྨས་ཡུལ་བུད་ནད་ཀྱིས་མནར། །དམ་སྲི་བེ་ནག་ཁ་འཛིན་བྱས། །འཕྲལ་དུ་ནུས་པ་ཆེ་ཆེ་འདྲ། །མ་ཅིག་བསྟན་པའི་རྐང་འདྲེན་མཁན། །ཕོ་བདུད་ཐོད་པ་བྷ་ར་དང་། །བདུད་མོ་ལྕོག་ལ་སྒྲོན་གྱི་ལུགས། །གཅོད་ལོག་བྱེད་པའི་དམ་ཉམས་དེ། །བསྐལ་པ་དུ་མར་ཐར་དཀའ་བ། །སྐྱེས་ཆེན་འདི་ལ་འབྲེལ་ཐོགས་པས། །བླ་མེད་ཞི་ཁྲོའི་གསང་སྔགས་མཐུས། །སྐད་ཅིག་ཉིད་ལ་ཐར་བའི་ཚེ། །རྒྱུ་འབྲས་མི་བདེན་ལྟར་གྱུར་པས། །གཤིན་རྗེའི་རྒྱལ་པོ་ལས་མཁན་རྣམས། །ད་རུང་བཏང་རྒྱུ་མི་གདའ་ཞེས། །སེམས་ནད་ཆེན་པོ་བྱེད་ཚུལ་སྟོན། །འདི་འདྲའི་ལོ་རྒྱུས་ཐོས་ཙམ་ན། །དམ་ཉམས་སྡོམ་མེད་ལོག་འཚོ་མཁན། །ཡོད་ན་རྒྱལ་བ་ཞི་ཁྲོ་ཡི། །ཆོས་ལ་འབྲེལ་པ་བཞག་ན་ལེགས། །དག་པར་དཀའ་བའི་ཆག་ཉམས་རྣམས། །ཐམས་ཅད་དེ་ཡིས་དག་གོ་


CMR003_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །ཀུན་ཏུ་བཟང་པོས་གསུངས་པ་དང་། །སྤྲུལ་སྐུས་གཟིགས་ཚུལ་མཐུན་ཕྱིར་རོ། །ཁྲག་མཚོ་ཁོལ་མ་དང་ཡི་དྭགས་ནས་དྲངས་པའི་ལེའུ་སྟེ་བཅུ་པའོ།། ནས་ཆོས་ཀྱི་རྒྱལ་པོའི་དྲུང་། །བོན་པོ་ལྔ་ཙམ་ཕྱིན་ནས་བྱུང་། །བོན་པོ་གཉིས་ནི་ཡར་ལ་སོང་། །གསུམ་དེ་ཟངས་ནང་འཕང་པ་གཟིགས། །གཤེན་རབ་བཀའ་བཞིན་སྒྲུབ་པའི་བོན། །མི་དགེ་བཅུ་སྤང་དགེ་བཅུ་བསྒྲུབས། །སྟོང་ཉིད་སྙིང་རྗེ་ཕྱོགས་ཙམ་རྟོགས། །སྔོན་ཚེ་བན་དེ་ཡེ་ཤེས་སྡེས། །ཆོས་རྒྱལ་གསུང་བཞིན་དམ་ཆོས་བསྒྱུར། །བོན་བློན་རྣམས་ཀྱང་དབང་ཆེ་བས། །དམ་ཆོས་བསྒྱུར་དུ་བཅུག་པའི་ཕྱིར། །བློན་པོའི་ངོ་ལ་བོན་ཡང་བསྒྱུར། །ཐབས་ཀྱིས་བོན་ལ་དམ་ཆོས་བསྲེས། །བཻ་རོ་ཙཱ་ནའི་མཚན་ལ་ཡང་། །གནམ་ལྕགས་ཐོག་རྟ་བྱ་བ་བཏགས། །བོན་པོ་དྲན་པ་ནམ་མཁའ་ཡང་། །ཨོ་རྒྱན་རྗེ་ཡི་རྗེས་སུ་ཞུགས། །བོན་ཆོས་གཉིས་ཀ་བསྲེས་མ་བྱས། །ཤུད་བུ་དཔལ་གྱི་སེང་གེའི་མཚན། །ཤུད་བུ་ར་ཁུག་བྱ་བར་བཏགས། །དེ་བཞིན་ཨོ་རྒྱན་རྗེ་འབངས་རྣམས། །བོན་པོས་མཚན་ཡང་རེ་རེ་གསོལ། །དེ་དུས་ཨོ་རྒྱན་ཆེན་པོ་ཡི། །བོན་པོ་རྣམས་ལ་གནང་


CMR003_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི། །བོན་མིང་བཏགས་པའི་དམ་ཆོས་རྣམས། །གཏེར་དུ་སྦས་ནས་སྨོན་ལམ་བཏབ། །དེ་དག་ཕྱིས་སུ་གཏེར་ཐོན་པ། །ནང་བོན་ཆོས་དང་མཐུན་པ་སྟེ། །དེ་དག་རྗེས་སུ་ཞུགས་པ་རྣམས། །ཡར་ལ་ཐར་བར་གྱུར་པ་ཡང་། །སྤྲུལ་སྐུའི་གཟིགས་དང་མཚུངས་པ་ཡིན། །དེ་འདྲ་མིན་པའི་ཕྱི་བོན་ནི། །གཤེན་རབ་ནུ་བོ་བདུད་ཀྱི་སྤྲུལ། །གཤེན་ཆུང་གོ་བོས་ཕྱི་བོན་བརྩམས། །རྒྱ་གར་པཎ་ཆེན་ཤམ་སྔོན་ཅན། །ཚུལ་ཁྲིམས་འཆལ་ནས་དགེ་འདུན་པས། །ཐལ་དུད་བརྒྱབས་ནས་ཕུད་པའི་ཚེ། །བན་ལ་གནོད་ཕྱིར་ཕྱི་བོན་བརྩམས། །བོད་དུ་གཤེན་དགུར་གླང་དགའ་ཡི། །མཚན་བརྗོད་མ་གཏོགས་བོན་ཆོས་རྣམས། །བཅོས་ཤིང་མིང་བསྒྱུར་བོན་ཆོས་བྱས། །དེ་དག་རྣམས་ཀྱི་རྗེས་འབྲང་བ། །འཇིག་རྟེན་ལྷ་ལ་སྐྱབས་གནས་ཚོལ། །བན་ལ་དུན་རྩེ་ཟེར་ཞིང་བྲུབ། །རྒྱ་གར་ནས་བསྒྱུར་མདོ་རྒྱུད་ལ། །ཨ་ཙ་ར་ཡི་ངན་སྔགས་ཟེར། །དགེ་སྡིག་གཉིས་ལ་བླང་དོར་མེད། །ལས་སུ་ངན་སྔགས་གཏད་སེལ་བསྒྲུབས། །བོན་སྐྱོང་ཟེར་ཞིང་འདྲེ་སྲིན་བསྒྲུབ། །བོན་ལ་དགའ་བའི་ལྷ་འདྲེ་ཡི། །སྡོང་གྲོགས་བྱས་པས་ནུས་མཐུ་ཆེ། །སྙིགས་དུས་མི་དགེ་གང་


CMR003_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། །ཁྲི་སྲོང་བོན་བསྣུབས་དོན་ཡིན་ཟེར། །བན་གྱི་འགྲོ་དོན་གང་ཆེ་རྣམས། །ངན་པ་ཡིན་པའི་རྫུན་ལུང་བྲིས། །བན་གྱི་བསྟན་པ་ནུབ་པ་དང་། །ཕྱི་མ་ཞང་ཞུང་ཡུལ་སྐྱེ་བའི། །སྨོན་ལམ་དེ་ལ་བློ་ཕུག་གཏད། །དེ་འདྲའི་ཕྱི་བོན་མུ་སྟེགས་རིགས། །དམྱལ་ཟངས་ནང་ལས་གནས་མེད་པ། །སྤྲུལ་སྐུས་གཟིགས་པ་དེ་དང་མཚུངས། །ཕྱི་བོན་ནང་བོན་གྱི་ཁྱད་པར་གཟིགས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཤིན་རྗེའི་རྒྱལ་པོའི་དྲུང་། །ཤ་ཙ་སྔོ་བའི་མི་གཅིག་ནི། །ལས་མཁན་རྣམས་ཀྱིས་ཁྲིད་དེ་བྱུང་། །མི་དེ་ཧམ་པ་ང་རྒྱལ་ཆེ། །དམྱལ་བ་ཟེར་བ་ག་ན་ཡོད། །སྟེང་ནི་ནམ་མཁའ་སྟོང་པ་ཡིན། །ཉི་ཟླ་གཟའ་སྐར་སྤྲིན་ལས་མེད། །འོག་ནི་ས་དང་རྡོ་དང་ཡིན། །དམྱལ་བ་བདེན་པར་གྲུབ་པ་མེད། །ཟེར་ཞིང་ཡར་ལ་རྔམ་རྔམ་བྱས། །དེ་མ་ཐག་ཏུ་ལས་མཁན་ཚོས། །ཟངས་རྐུབ་དེ་རུ་ཏིག་ཟེར་འཕངས། །མེ་ཆེན་སྦར་ཞིང་རབ་ཏུ་བཙོ། །དེ་ནས་སེམས་ཅན་དེ་རྣམས་ལ། །ཁྱེད་ཚོ་ཅི་འགྱི་ཡིག་དྲུག་ཐོན། །གསུངས་པས་ཚུར་ལ་ཅི་འགྱ་ཟེར། །མིག་བསྒྲད་ཁ་པོ་མགོ་འགུགས་བྱེད། །མི་ནི་ཤ་རྩ་སྔོ་བ་ཅན། །ཇི་ལྟར་བྱས་ཀྱང་


CMR003_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མ་ཐུབ། །ཀྱེ་མ་མུ་སྟེགས་ཆད་ལྟའི་རིགས། །མི་ཤི་ཡུ་མེད་ཡིན་ཟེར་ནས། །ཕྱི་མ་མེད་པར་བརྩི་བ་དང་། །ཤཱཀ་ཐུབ་གསུངས་པ་མི་བདེན་ཟེར། །ཆོས་ལ་ལོག་པར་ལྟ་བ་དང་། །དགེ་སྡིག་རྒྱུ་འབྲས་མི་བདེན་ཏེ། །སྐྱིད་སྡུག་བྱེད་པོ་དབང་ཕྱུག་སྟེ། །འཇིག་རྟེན་མྱེས་པོས་བྱས་ཟེར་དང་། །དགེ་སྡིག་རྒྱུ་འབྲས་མ་ཡིན་པར། །ངོ་བོ་ཉིད་ཀྱི་རྒྱུ་ཡིན་ཏེ། །སྲིད་པས་བཞག་པ་ཡིན་ཟེར་བའི། །མུ་སྟེགས་ལོག་པར་ལྟ་བ་དང་། །མུ་སྟེགས་མིན་ཀྱང་ཕྱོགས་མཐུན་པའི། །སྟོང་ཉིད་དངོས་སུ་མ་རྟོགས་པར། །གོ་བ་ཙམ་ལ་གདིང་བཅས་ནས། །ཐམས་ཅད་སྟོང་པ་ཉིད་ཡིན་པས། །ནམ་མཁར་ཆུ་ནི་མི་ཆགས་ལྟར། །དགེ་སྡིག་ཕན་གནོད་མེད་ཟེར་ནས། །རྒྱུ་འབྲས་ཁྱད་དུ་གསོད་པ་རྣམས། །ནམ་ཡང་ཐར་པའི་དུས་མེད་དེ། །སྤྲུལ་སྐུའི་ཐབས་དང་ཐུགས་རྗེ་ཡིས། །ཇི་ལྟར་བྱས་ཀྱང་འདྲེན་ཐབས་རྡུགས། །མུ་སྟེགས་ཆད་ལྟའི་རིགས་འདྲེན་ཐབས་མ་རྙེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཆོས་རྒྱལ་དྲུང་དེ་ན། །ཡུན་ཡང་རིང་བར་མ་བཞུགས་ཏེ། །ཐུར་ཁ་གཅིག་ལ་ཡུན་རིང་བྱོན། །ལྕགས་སྲེག་ས་གཞི་དམར་ལམ་མེ། །


CMR003_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

མཚལ་གྱིས་བྱུག་པ་ལྟ་བུ་ལ། །རྐང་པ་བཞག་ན་སྲེག་པའི་སར། །མེ་དཔུང་བསམ་མི་ཁྱབ་པའི་ནང་། །མི་ནི་དཔག་མེད་ཚིག་ཅིང་གདའ། །ངོ་ཤེས་མི་ཡང་མང་དུ་གདའ། །ངུ་འབོད་སྨྲེ་སྔགས་ཆེན་པོ་ཡིས། །ས་གཞི་དེ་ཡང་འགུལ་སྙམ་བྱེད། །ཀྱེ་མ་སེམས་ཅན་ཨ་ཙ་མ། །ལས་ཟད་ཁྱེད་ཚོ་ཡིག་དྲུག་ཐོན། །གསུངས་ཀྱང་གོ་རྒྱུ་མི་གདའ་བས། །རང་དབང་མེད་པའི་སྙིང་རྗེ་ཡིས། །རྗེ་ཉིད་མེ་ཡི་ནང་དུ་མཆོངས། །མི་ནི་གཉིས་གསུམ་ཙམ་ཞིག་ལོན། །དེ་ནས་སྙིང་རྗེ་ཆེན་པོ་ཡིས། །རྡོ་ལ་ཡི་གེ་དྲུག་པ་བསྔགས། །མེ་དཔུང་ནང་དེར་འཕང་ཙམ་ན། །མེ་དཔུང་ཞི་ནས་ནག་ཚུབས་སོང་། །ཡུན་རིང་མུན་རུབ་ཅི་མ་མཐོང་། །ཉིད་ཀྱི་དབུ་གཙུག་ནམ་མཁའ་ལ། །སྟོང་སྐུད་ཙམ་གྱི་འོད་དཀར་པོ། །ཁྱུགས་སེ་བ་གཅིག་ཟུག་བྱུང་བས། །ནམ་ལངས་བ་ལྟར་གསལ་བྱུང་བལྟས། །སྔོན་གྱི་མེ་དཔུང་ཆེན་པོ་དེ། །རྗེས་ཡང་མི་སྣང་ཡར་གཟིགས་པས། །འཇའ་ཚོན་དཀར་པོའི་ལམ་རྒྱུད་ལ། །ཐམས་ཅད་ཡར་ལ་ཐར་ཚར་ནས། །མི་གཅིག་རྗེས་ལ་ཡར་སོང་ངོ་། །ཨེ་མ་དམ་ཆོས་རྩ་བ་ནི། །བརྩེ་བ་སྙིང་རྗེ་ཆེན་པོ་མཆོག །བླ་མེད་བྱང་ཆུབ་ས་བོན་ཏེ། །མྱུ་གུ་


CMR003_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲུན་པའི་ཆུ་ལུད་དང་། །སྟོན་ཐོག་སྨིན་པའི་འབྲས་བུ་འདྲ། །འཁོར་ལོ་རིན་ཆེན་ཡོད་པ་ན། །རྒྱལ་སྲིད་ཐམས་ཅད་དེ་རུ་འབྱུང་། །དེ་བཞིན་སྙིང་རྗེ་ཆེ་ཡོད་ན། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་འབྱུང་། །སེམས་ཅན་དམིགས་པའི་སྙིང་རྗེ་ནི། །སོ་སྐྱེ་སེམས་དཔའི་ཐུགས་དམ་ལགས། །ཆོས་ལ་དམིགས་པའི་སྙིང་རྗེ་ནི། །སྟོང་ཉིད་རྟོགས་ན་ཤུགས་ལ་འཆར། །དམིགས་པ་མེད་པའི་སྙིང་རྗེ་ནི། །སེམས་དཔའ་ཆེན་པོའི་དགོངས་པ་མཆོག །ཡང་དག་རྫོགས་པའི་སངས་རྒྱས་ལ། །རྣམ་པར་རྟོག་པ་མི་མངའ་ཡང་། །སྙིང་རྗེ་གོམས་པའི་ནུས་མཐུ་ཡིས། །འགྲོ་དོན་འབད་རྩོལ་མེད་པར་འབྱུང་། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །འཛམ་གླིང་མེ་ལས་བདུན་འགྱུར་དུ། །དམྱལ་བའི་མེ་ནི་ཚ་བའི་ནང་། །སྙིང་རྗེའི་དབང་གི་མཆོངས་ནུས་པ། །ཐུགས་རྗེ་ཆེན་པོ་མིན་ནམ་ཅི། །ཚད་མེད་སྙིང་རྗེ་ཆེན་པོ་དང་། །ཡི་གེ་དྲུག་པའི་གསང་སྔགས་ཀྱི། །རབ་འབར་དམྱལ་བའི་མེ་ཆེན་ནི། །བསྐལ་པ་འཇིག་པའི་མེ་ལྟ་བུ། །འུར་སྒྲ་འབྲུག་ལྟར་ལྡིར་བ་དེ། །སྐད་ཅིག་ཉིད་ལ་ཞི་བ་ན། །ངུ་འབོད་ཆེན་པོའི་དམྱལ་ཁམས་ཀྱང་། །འཇའ་ཡལ་ལྟ་བུར་


CMR003_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡི། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ནི། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །འདི་དང་གང་འབྲེལ་བསྐལ་བ་བཟང་། །དམྱལ་བ་ངུ་འབོད་ཆེན་པོའི་གནས་རེ་ཞིག་སྟོང་པར་མཛད་པའི་ལེའུ་སྟེ་བཅུ་གསུམ་པའོ།།་་།།དེ་ནས་ཕྱིར་ལ་བྱོན་པ་ལ། །སྒྱེད་པུ་རི་དང་འདྲ་བ་གསུམ། །དེ་སྟེང་ཟངས་ཆེན་ཁ་སྦྱོར་ཞིག །བཙོ་ཞིང་འདུག་པ་དེ་རུ་ཕེབས། །ལས་ཀྱི་གཤིན་རྗེའི་ཚོགས་རྣམས་ལ། །ཟངས་འདི་ཕྱེས་དང་ལྟ་འདོད་གསུངས། །མི་ལུས་ཆུ་སྲིན་མགོ་ཅན་གྱིས། །ཟངས་དེའི་སྟེང་མ་ཡར་བཀྱགས་པས། །མི་ནི་ཟངས་དེ་གང་བ་སྣང་། །ཡིག་དྲུག་ལ་སོགས་མ་གསུངས་ཀྱང་། །དེ་ལ་གཟིགས་པས་དེ་མ་ཐག །དཔེར་ན་འཇའ་ཚོན་ཡལ་བ་ལྟར། །མི་རྣམས་ཐམས་ཅད་མི་སྣང་སྟེ། །ཟངས་དེ་སྟོང་པ་རེད་ནི་སོང་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །དམིགས་པ་མེད་པའི་སྙིང་རྗེ་སྟེ། །སྙིང་རྗེ་བསྒོམ་ཡུལ་སྒོམ་མཁན་མེད། །འཁོར་བ་རང་བཞིན་མེད་པར་གཟིགས། །གང་ཟག་མེད་ཅིང་སྲོག་ཀྱང་མེད། །བདག་ཀྱང་མེད་དེ་བཏགས་པ་ཙམ། །དེ་བཞིན་འགྲོ་བ་རིགས་དྲུག་དང་། །ངན་སོང་མཐོ་རིས་ཞིང་ཁམས་སོགས། །རང་གི་སེམས་ཀྱི་སྣང་ཆ་


CMR003_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །གཞན་དུ་བདེན་པར་གྲུབ་པ་མེད། །སེམས་ཉིད་གདོད་ནས་སྤྲོས་པ་མེད། །ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀ་མེད་པའང་མ་ཡིན་ཏེ། །སྨྲ་བསམ་བརྗོད་བྲལ་སྟོང་ཉིད་དོན། །འཕགས་བཞི་བསྐྱེད་ཡུམ་ཕ་རོལ་ཕྱིན། །འདས་པ་མེད་པའི་ཕྱག་རྒྱ་ཆེ། །ཤེས་བྱ་ཀུན་གྱི་རབ་དང་མཆོག །མཐའ་བཞི་བྲལ་བ་དབུ་མའི་ལམ། །སྡུག་བསྔལ་ཐམས་ཅད་ཞི་བའི་སྨན། །ཆོས་ཀུན་དེར་རྫོགས་རྫོགས་པ་ཆེ། །གཞོན་ནུ་བུམ་སྐུ་ཐིག་ལེ་ཅིག །དང་པོའི་སངས་རྒྱས་གདོད་མའི་མགོན། །དེ་ཉིད་མངོན་སུམ་རྟོགས་པའི་ཕྱིར། །གཟུངས་སྔགས་ལ་སོགས་ཐབས་ཀྱི་ཆ། །གཞན་ལ་ལྟོས་པ་མ་མཆིས་པར། །གཟིགས་པ་ཙམ་གྱིས་བསྟིར་མེད་པའི། །དམྱལ་ཟངས་སྟོང་པར་མཛད་པ་དེ། །དམིགས་མེད་སྙིང་རྗེ་མི་ཟེར་རམ། །བསྟེར་མེད་པའི་སེམས་ཅན་དམྱལ་བའི་གནས་རེ་ཞིག་སྟོང་པར་མཛད་པའི་ལེའུ་སྟེ་བཅུ་བཞི་པའོ།།་་་།།དེ་ནས་རྒྱང་རིང་ཕར་བྱོན་པས། །མི་གཞོན་བྱིས་སྦ་འདྲ་བ་ཞིག །ལྕགས་ཐག་བརྒྱ་ཕྲག་མང་པོས་བཏགས། །ཐོ་བ་ཐོགས་པ་མང་པོས་བརྡུང་། །སྐམ་པ་ཐོགས་པ་མང་པོས་བཏོག །རྩི་ཤར་ཀྲ་


CMR003_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རད་ངུ་འབོད་བྱེད། །དེ་འདྲ་གཟིགས་པས་སྙིང་རྗེ་སྐྱེས། །སྒྲིབ་སྦྱོང་གཙོ་བོ་རྡོར་སེམས་ཀྱི། །ཡི་གེ་བརྒྱ་པའི་སྔགས་གསུངས་པས། །ལྕགས་ཐག་ཐམས་ཅད་དུས་གཅིག་ཆད། །འཇའ་ནི་དཀར་པོའི་ལམ་གཅིག་ནི། །གནམ་ལ་ཟུག་པ་འདྲ་གཅིག་སྣང་། །ཡར་ལ་ལམ་དེར་སོང་གསུངས་པས། །ཡ་འོ་ཟེར་ཞིང་ཐར་སོང་ངོ་། །སྒྲིབ་སྦྱང་ཀུན་གྱི་མཆོག་གྱུར་པ། །གསང་སྔགས་ཡི་གེ་འབྲུ་བརྒྱ་པ། །ལྟུང་དང་དྲི་མ་ཐམས་ཅད་ཀུན། །ལན་གཅིག་བརྗོད་པས་དག་པར་གསུངས། །ཁྱད་པར་རིག་འཛིན་ཆེན་པོ་ཉིད། །རྡོར་སེམས་སྤྲུལ་པའི་ཆར་གཏོགས་ཕྱིར། །ལས་ངན་སྡིག་ཆེན་དེ་འདྲ་ཡང་། །ཡིག་བརྒྱ་ལན་གཅིག་གསུངས་པས་དྲངས། །རྡོར་སེམས་རིགས་ལྔའི་ཡིག་བརྒྱ་ནི། །ལན་གཅིག་རྣ་བར་ཐོས་ན་ཡང་། །ཉམས་ཆག་ཐམས་ཅད་བསྐང་བར་གསུངས། །རྡོར་སེམས་ཉེ་སྙིང་ཡི་གེ་དྲུག །འབུམ་ཕྲག་བཅུ་གཉིས་བཟླས་ན་ནི། །དམ་ཚིག་ཉམས་པ་སོར་ཆུད་ནུས། །དེ་ལྟར་རྡོར་སེམས་ཕན་ཡོན་རྣམས། །སྤྲུལ་སྐུས་གཟིགས་དང་མཚུངས་པ་སྟེ། །ཉམས་ཆག་སྡིག་སྒྲིབ་ཆེ་བ་ཀུན། །རྡོར་སེམས་འདི་ལ་ཐུགས་དམ་མཛོད། །ཡི་གེ་བརྒྱ་པ་ལན་གཅིག་གསུངས་


CMR003_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉེ་འཁོར་གྱི་དམྱལ་བའི་སེམས་ཅན་དྲངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡར་ནི་བྱོན་སོང་བས། །མི་ནི་དཔག་ཏུ་མེད་པ་སྣང་། །མི་ལུས་ཤ་བའི་མགོ་ཅན་གཉིས། །མི་དེ་རྣམས་ལ་མདའ་བརྒྱབ་བོ། །དགོ་བའི་མགོ་ཅན་དྲུག་ཙམ་གྱིས། །ལྕགས་རྭ་རྣོན་པོས་བརྡུང་ཞིང་གདའ། །ཁྱི་ཡི་མགོ་ཅན་གཉིས་ཀྱིས་ནི། །མི་རྣམས་རྨུགས་ཤིང་འབལ་ཞིང་སྣང་། །གཞན་ཡང་རྣ་བ་ལ་སོགས་པ། །རི་དྭགས་སྣ་ཚོགས་མགོ་བོ་ཅན། །མང་པོས་མཚོན་ཆ་སྣ་ཚོགས་ཐོགས། །མི་རྣམས་ལ་ནི་བརྡེག་ཅིང་གདའ། །དེ་ཚེ་བྱང་ཆུབ་སེམས་དཔའ་ཆེ། །དབང་དྲག་རྒྱ་མཚོ་དེ་ཉིད་ཀྱིས། །སྙིང་རྗེའི་དབང་གི་མ་ཎི་ཡི། །དབྱངས་ནི་རིང་ཞིང་ཆེ་བ་མཛད། །བརྒྱད་བརྒྱ་ཙམ་ཞིག་ཡོད་དམ་སྙམ། །མི་སྐྱ་དེ་དག་ཐམས་ཅད་ཀུན། །དུས་གཅིག་ཉིད་ལ་ཐར་གྱུར་ནས། །ཡར་ལ་ལམ་ནི་དཀར་པོ་ལ། །ཐམས་ཅད་བུད་ནི་ཐལ་བ་གཟིགས། །སེམས་ཅན་གཅིག་གིས་སྲོག་བཅད་ན། །དམྱལ་བ་ཡང་སོས་གནས་སུ་སྐྱེ། །མི་ཡི་ལོ་གཅིག་གང་ཡིན་པ། །རྒྱལ་ཆེན་སྡེ་བཞིའི་ཞག་གཅིག་སྟེ། །དེ་ཡིས་རྩིས་ཀྱི་རང་ལོ་ནི། །ལྔ་བརྒྱ་ཡང་སོས་དམྱལ་


CMR003_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི། །ཚེ་ཡི་ཚད་ནི་ཡིན་པ་ལ། །རི་དྭགས་རྔོན་པ་བརྒྱད་བརྒྱ་ཙམ། །རི་དྭགས་དཔག་མེད་བསད་ན་ཡང་། །ལོག་ལྟ་མེད་པར་དད་གུས་ཀྱིས། །རིག་འཛིན་དབང་དྲག་རྒྱ་མཚོ་ལ། །འབྲེལ་བ་ཅུང་ཟད་ཐོགས་པ་དེས། །ཡི་གེ་དྲུག་པའི་འཛབ་དབྱངས་ཀྱིས། །དུས་གཅིག་ཉིད་ལ་དྲངས་པ་དེ། །སྡིག་པ་ཆུང་བས་མ་ཡིན་ཏེ། །ལོག་ལྟ་མེད་པའི་དད་གུས་ཀྱིས། །བཟང་འབྲེལ་ཆུང་ངུ་གཅིག་བཞག་ཀྱང་། །དེ་ཉིད་དམིགས་མེད་བསྔོ་བ་ཡིས། །རྒྱས་གདབ་དགེ་བ་སྟོབས་ཆེན་འགྱུར། །རྩྭ་སྐམ་ཕུང་པོ་རི་ཙམ་ཡང་། །མེ་སྟག་གཅིག་གིས་བསྲེག་པ་ལྟར། །སྡིག་པ་ཆེན་པོ་ཡོད་ན་ཡང་། །བསམ་པ་དག་ཅིང་མི་དམིགས་པའི། །བསྔོ་བའི་ནུས་པས་སྡིག་པ་འཇོམས། །མདོ་རྒྱུད་རྣམས་ལས་གསུངས་པ་དེ། །སྤྲུལ་སྐུའི་གཟིགས་པ་འདི་དང་མཚུངས། །དེ་ཕྱིར་སྡིག་ཅན་སྐྱེ་བོ་རྣམས། །དད་གུས་བསམ་པ་རྣམ་དག་པས། །ཆོས་ལ་འབྲེལ་པ་བཞག་པ་ན། །ཕན་ཡོན་དེ་ལྟར་ཆེན་པོར་གྱུར། །དམྱལ་བ་ཡང་སོས་ནས་རྔོན་པ་བརྒྱད་བརྒྱ་ཙམ་དུས་གཅིག་ལ་དྲངས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །ཤ་ཁྲག་ལུས་ནི་མ་མཆིས་ཀྱང་། །བར་དོའི་ཡིད་ལུས་འོད་ཀྱི་


CMR003_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །རིག་འཛིན་དབང་དྲག་རྒྱ་མཚོ་དེ། །ཡང་ནི་བྱོན་ནས་སོང་སོང་བས། །དུག་ཆུ་ཁོལ་མའི་རྒྱ་མཚོ་ནི། །སྔོ་ནག་མེ་རེ་ལྟར་མི་བཟོད། །དེ་འདྲ་གཅིག་གི་རྩ་རུ་ཕེབས། །སྔགས་པ་གཅིག་དང་རྒན་མོ་གཅིག །གཞན་ཡང་མང་དུ་དེ་ནང་ན། །བཟོད་མེད་སྡུག་བསྔལ་དར་དྲག་པས། །བསྲན་གཟུགས་མེད་པ་མྱོང་ཞིང་གདའ། །ལས་མཁན་རྣམས་ལ་སུ་ཡིན་དྲིས། །བྲང་ང་ཁམས་སུ་འདུག་པའི་དུས། །ཕྲག་དོག་དབང་གིས་བླ་མ་ལ། །དུག་ནི་འདྲེན་དུ་བཅུག་མི་དང་། །བརྔན་པ་ཟ་ནི་འདྲེན་མི་རྣམས། །ཡིན་ནོ་ཟེར་བས་སྙིང་རྗེ་སྐྱེས། །མ་ཎི་ལ་སོགས་སྙིང་པོ་དང་། །གཟུངས་སྔགས་ཟབ་མོ་ཅི་བཏོན་ཀྱང་། །ཕན་པ་མི་གདའ་འདྲེན་མ་ཐུབ། །ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །སྙིང་ལ་བདུད་དང་རྒྱལ་འགོང་ཞུགས། །ཕྲག་དོག་ཞེ་སྡང་མེ་ལྟར་འབར། །བསོད་ནམས་ཟད་པས་བསམ་ངན་དྲན། །མཁས་བཙུན་དགེ་བའི་བཤེས་རྣམས་ལ། །ཟས་ངན་དུག་གི་ཚད། །སྟབས་མ་བདེ་ནས་བརྔན་པ་བྱིན། །ནོར་ལ་བལྟས་ནས་འདི་ཕྱི་བརྗེས། །མཚམས་མེད་ལས་ངན་སྡིག་པོ་ཆེ། །བྲང་ང་ཁམས་ན་འདུག་པའི་ཚེ། །ལོ་འགའི་རྒྱགས་དང་


CMR003_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་བསམ་ཡང་། །མི་ཚེ་དགུན་ཉི་བས་ཀྱང་ཐུང་། །ལས་ཀྱི་གཤིན་རྗེའི་ཁྲམ་ལ་ཐེབ། །བལྟས་པ་ཙམ་ནས་སྙིང་གས་པའི། །མ་རུངས་འཇིགས་པའི་གཤིན་རྗེ་ཡིས། །ཞགས་པས་ཁྲིད་ཅིང་ཐོ་བས་བརྡུང་། །སོད་སོད་རྒྱོབ་རྒྱོབ་ངང་ཉིད་ལ། །བར་དོ་བགྲོད་ལོང་མེད་པ་རུ། །མཚོ་ཡི་ནང་དུ་རྡོ་འཕང་བཞིན། །ཐར་མེད་དུག་ཆུའི་རྒྱ་མཚོར་ལྟུང་། །ཚ་དམྱལ་བརྒྱད་ལ་གཡས་སྐོར་བསྐོར། །གྲངས་དམྱལ་བརྒྱད་ལ་གཡོན་སྐོར་འགྲིམས། །བར་སྐབས་སྤུ་གྲིའི་ལམ་ལ་འགྲོ། །སྐབས་འགའ་རལ་གྲིའི་ནགས་ལ་བགྲོད། །སྐབས་རེ་ཤལ་མ་རི་ལ་འཛེག །རེ་འགའ་ཐལ་ཚན་པུས་ནུབ་འབོག །སྐབས་འགའི་ཆུ་ཚན་རིབ་མེད་རྐྱེལ། །དེ་ནས་དམྱལ་ཁམས་ཤམ་བྷ་ལ། །གོང་གིས་དམྱལ་ཁམས་བཅོ་བརྒྱད་བས། །བདུན་འགྱུར་སྡུག་བསྔལ་ཆེ་བ་ཡི། །དམྱལ་ཁམས་བཅོ་བརྒྱད་སླར་ལ་འགྲིམས། །ནམ་མཁའ་ཇི་སྲིད་ཐར་བ་དཀའ། །དེ་འདྲའི་ལས་ངན་སེམས་ཅན་ལ། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །དམག་དཔུང་མཛད་ཀྱང་ཐུགས་རྗེ་རྡུགས། །དཔེར་ན་དབང་དྲག་རྒྱ་མཚོས་ཀྱང་། །འདྲེན་མ་ཐུབ་པ་དེ་དང་འདྲ། །རང་གི་གང་བྱས་ལས་


CMR003_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ནི། །རང་ཉིད་མ་གཏོགས་ཁུར་མི་མེད། །ལས་ཀྱི་རྣམ་པར་སྨིན་པ་ནི། །སངས་རྒྱས་སྟོང་གིས་བཟློག་མི་ནུས། །ལོ་རྒྱུས་འདི་དག་བསམ་མཛོད་ལ། །འཆི་བ་སྲོག་ལ་བབ་པའམ། །ལྟོགས་མུག་བཀྲེས་ནས་ཤི་ཐུག་ཀྱང་། །བསམ་ངན་དུག་སྦྱོར་སྤང་བར་མཛོད། །དུག་འདྲེན་མཁན་རྣམས་ཐབས་གང་གིས་ཀྱང་འདྲེན་མ་ཐུབ་པའི་ལེའུ་སྟེ་བཅུ་བདུན་པའོ།། །དེ་ནས་ཕར་ལ་བྱོན་པ་ན། །བྲག་ཆེན་ཆོས་རྩིག་འདྲ་བའི་ཞབས། །བན་གཟུགས་ཨ་མཆོད་གཅིག་མནན་གདའ། །བྲག་དེ་བཀྱགས་བསམ་བཀྱགས་མ་ཐུབ། །དེ་ནས་ཡིག་དྲུག་གསུངས་པ་ཡིས། །བྲག་དེ་བཀྱགས་ཐུབ་མི་དེ་ལོན། །ད་ཁྱོད་ལམ་དཀར་འདི་ལ་སོང་། །གསུངས་ཀྱང་ཡ་ཟེར་འགྲོ་མ་ཉན། །གཟན་མཐུ་འཇུས་ནས་བསྡད་ཡོད་ཛ། །གཤིན་རྗེའི་ལས་མཁན་འཇིགས་རུང་ཞིག །ཨ་མཆོད་ཕྱིར་ལ་འཐེན་པ་ཡིས། །རྗེ་ཉིད་མཉམ་དུ་དྲུད་ལ་ཁད། །འོན་ཀྱང་མ་ཤོར་ཡར་ལ་ལོན། །དེ་ནས་ཁོ་ལ་ལམ་བསྟན་པས། །འཇའ་ཚོན་དཀར་པོའི་ལམ་བརྒྱུད་ནས། །ཨ་མཆོད་ཡར་ལ་ཐར་སོང་ངོ་། །ཨེ་མ་བཅོམ་ལྡན་ཐུབ་པའི་གསུངས། །དམ་ཆོས་དཀོན་


CMR003_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གླེགས་བམ་རྣམས། །བསམ་བཟང་དད་གུས་མོས་པ་ཡིས། །སྒྲ་དག་ལྷག་ཆད་མེད་པ་རུ། །ཀློག་པའི་ཕན་ཡོན་ཚད་མེད་པ། །ཆོས་ནས་གསུངས་པ་ལྟར་ལགས་ཀྱང་། །མི་ཤེས་རྫུན་ཀློག་མི་མགོ་བསྐོར། །ཡིག་རྐང་ཞན་པས་ཚིག་མ་དག །བཀླག་ཐབས་མི་ཤེས་སྔགས་མ་དག །ཁོང་བསྒྱུར་བཟི་ཕུག་གྱང་འགྱེལ་བྱེད། །ཁ་བཙུམ་ཡིད་འདོན་མགོ་བོ་བསྒྲིལ། །ཟས་ལ་འཁོང་ཞིང་ཡོན་ལ་རྩོད། །ཡོན་དུ་གང་བྱུང་སེམས་ཅན་བཤའ། །རོགས་ལ་ཁྲོ་བསྡུར་ཤོག་བུ་བཀྲལ། །གསེར་ཆོས་སྟེང་དུ་སྐྱུག་པ་འདེབས། །འདོན་ཆད་ཡོན་བླངས་ཐོན་བརྫུ་སྨྲ། །ཆོས་ལ་བརྟེན་ནས་སྡིག་པ་བསགས། །དེ་འདྲ་བྱས་པའི་ཨ་མཆོད་དེ། །ཤིན་ཏུ་ཐར་བར་དཀའ་ན་ཡང་། །རིག་འཛིན་དབང་དྲག་རྒྱ་མཚོ་ལ། །འབྲེལ་ཐོབ་དད་གུས་འགྱུར་མེད་ཕྱིར། །ན་བཟར་འཇུས་པ་དེ་ལྟར་ཏེ། །ཡར་ལ་ཐར་བ་ཐུགས་རྗེའི་སྟོབས། །ཀློག་རྫུན་མཁན་དམྱལ་བ་བསྡུས་འཇོམས་ནས་དྲངས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཚུར་ལ་བྱོན་པ་ཡི། །དང་པོ་ཕེབས་པའི་ཟངས་སར་ཕེབས། །མི་ནི་དམར་པོ་ཁྲོ་བོའི་གཟུགས། །མིག་གསུམ་བསྒད་ཅིང་


CMR003_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སུ་རུང་། །གཟི་བརྗིད་དཔག་ཏུ་མེད་པ་ཡིས། །ལྟ་བར་མི་བཟོད་བལྟས་ནས་ནི། །གཟི་བརྗིད་འོད་ཀྱིས་ཚིག་ལ་ཁད། །དེ་འདྲ་གཅིག་ནི་དེར་བྱུང་ནས། །ད་ཡང་འདྲེན་སྟོན་ཆོག་ནི་ཐལ། །དེ་ཙམ་གྱིས་ཟེར་སྡང་མིག་བལྟས། །ཨཾ་གཙིགས་ཐམ་ཐམ་བྱས་བྱུང་བས། །ད་ནི་འདྲེན་སྟོན་དེ་ཙམ་བྱེད། །དེ་བས་ཕོད་རྒྱུ་མིན་ནམ་དགོངས། །འོན་ཀྱང་དེ་རུ་བཞུགས་ནས་ཀྱང་། །ཟངས་དེ་ལ་ནི་གཟིགས་པ་ཡི། །ཡུད་ཙམ་སྟོང་ཡང་ཡུད་ཙམ་གང་། །རྒྱུན་ཆད་མེད་པར་ཁ་བའམ། །ཆར་པ་འབབ་འབབ་བྱེད་དོ་བས། །འདྲེན་དགོས་བསམ་པ་མེད་ན་ཡང་། །སྙིང་རྗེའི་རང་དབང་མ་བྱུང་ནས། །ལན་རེ་ལ་ནི་ཡིག་དྲུག་གསུངས། །རེས་འགའ་གཟུངས་སྔགས་མང་པོ་གསུངས། །ལན་རེ་མ་ཎིའི་དབྱངས་རིང་འཐེན། །རེས་འགའ་རྡོ་ལ་སྔགས་བཏབ་འཕངས། །དེ་འདྲ་བྱས་པས་དཔག་མེད་པ། །ཐར་ནི་སོང་ཞིང་དེ་ཡི་མུ། །བྱེད་ཅིང་ཡོད་ཛ་མི་དམར་དེ། །བྱུང་ནས་ད་ནི་འདྲེན་སྟོན་དེ། །ཚོད་ཟུང་ཟེར་ཡང་ད་རུང་བསྡད། །ཀྱེ་མ་ཀྱི་ཧུད་ལས་ཀྱི་དབང་། །སྔོན་གྱི་སྨོན་ལམ་ལས་གྲུབ་པའི། །འདོད་ཁམས་འཇིག་རྟེན་འདི་ཡི་སྟེང་། །


CMR003_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འཕྲུལ་དབང་བྱེད་ལྷ་གནས་ནས། །དེ་མན་མནར་མེད་ཡན་ཆད་ལ། །དབང་བསྒྱུར་འདོད་པའི་དབང་ཕྱུག་ཅེས། །བདུད་རྒྱལ་སྡིག་ཏོ་ཅན་ཡོད་དེ། །ཁོ་ལ་བུ་ནི་སྟོང་ཕྲག་གཅིག །འཁོར་ནི་བྱེ་བ་བསམ་ཡས་ཏེ། །ཕྱེད་ཙམ་ཐུབ་པས་དམ་ལ་ཐོགས། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །དཀར་ཕྱོགས་ཞེས་ནི་བྱ་བར་གྲགས། །ཕྱེད་ཙམ་དམ་ལ་མ་ཐོགས་པས། །ཆོས་བྱེད་རྣམས་ལ་བར་དུ་གཅོད། །སྡིག་ཆེན་རྣམས་ཀྱི་ཁ་རུ་འཛིན། །འདོད་པའི་ཁམས་ཀྱི་འཇིག་རྟེན་གྱི། །སེམས་ཅན་ཐམས་ཅད་ཁོ་ཡི་འཁོར། །ཡིན་ཕྱིར་རེ་རེ་ཐར་ན་ཡང་། །འཁོར་རྣམས་ཉུང་བར་འགྱུར་དོགས་པས། །བུ་གཅིག་ཤི་བའི་མ་བཞིན་སྡུག །སར་གནས་བྱང་ཆུབ་སེམས་དཔའ་རྣམས། །ས་ནས་ས་རུ་འཕར་བ་དང་། །རྫོགས་པའི་བྱང་ཆུབ་ཐོབ་ཁ་རུ། །བདུད་རྒྱལ་ཁོ་ཉིད་དམག་དཔུང་བཅས། །དེར་ལྷགས་བྱང་ཆུབ་བར་ཆད་བརྩམས། །དཔེར་ན་རྒྱལ་བུ་དོན་གྲུབ་ཀྱང་། །ཐོ་རངས་སངས་རྒྱས་ཐོབ་ཀ་རུ། །སྲོད་ལ་བདུད་དམག་བྱུང་དང་མཚུངས། །དེ་བཞིན་དབང་དྲག་རྒྱ་མཚོས་ཀྱང་། །སེམས་ཅན་དཔག་མེད་དྲངས་པ་དེས། །དམྱལ་བའི་འཇིག་རྟེན་སྟོང་


CMR003_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་ནས། །བདུད་ཀྱི་རྒྱལ་པོ་བློ་མ་བདེ། །སྤྲུལ་པ་ཡང་ཡང་དེར་ལྷགས་ནས། །སེམས་ཅན་འདྲེན་ལ་ཚོད་ཟུང་སྨྲས། །དེ་ལ་སེམས་དཔའི་ཐུགས་བསྔངས་ནས། །འདྲེན་པར་འདོད་པའི་སེམས་བསྐྱེད་ཤོར། །འོན་ཀྱང་སྔོན་གྱི་སེམས་བསྐྱེད་དང་། །སྨོན་ལམ་རྣམ་པར་དག་པའི་མཐུས། །འདྲེན་བསམ་དགོངས་པ་མ་གཏད་ཀྱང་། །སླར་ཡང་སེམས་ཅན་གྲངས་མེད་དྲངས། །དེ་ཚེ་བདུད་རྒྱལ་སྡིག་ཏོ་ཅན། །འདོད་པའི་དབང་ཕྱུག་རབ་ཏུ་ཁྲོས། །བསྡིག་ཅིང་ཆོག་ཐལ་ཟེར་ནས་འཐབ། །དེ་ཚེ་སེམས་དཔའ་ཉིད་ཀྱིས་ཀྱང་། །བྱམས་དང་སྙིང་རྗེའི་མཚོན་བྱེད་པ། །ཆུ་འཇིམ་ཕྱག་ཏུ་བྱུང་བ་བཏབ། །ཁོ་ཡི་ཞེ་སྡང་མེ་དཔུང་། །མི་སྣང་འཇའ་ལྟར་ཡལ་བར་གྱུར། །སེམས་ཅན་དཔག་ཏུ་མེད་པ་དྲངས་པས་བདུད་ཡིད་མ་བདེ་བའི་ལེའུ་སྟེ་བཅུ་དགུ་པའོ།། །དེ་ནས་དམྱལ་བའི་ཐུབ་པའི་དྲུང་། །བླ་མ་ཞྭ་དམར་གྱོན་པ་ཡི། །ཤ་མདོག་ནག་དང་འགྱག་གེ་བ། །བདུན་ནི་དུས་གཅིག་ཕེབས་བྱུང་བ། །འདར་ནས་ཞུ་འགོ་མི་སྣང་ཛ། །ལས་མཁན་སེང་གེའི་མགོ་ཅན་གྱིས། །ལས་ཀྱི་མེ་ལོང་ངོས་ལ་བལྟས། །བླ་མ་འདི་


CMR003_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྡོམ་པ་མེད། །མི་སྐྱ་ཕལ་པས་ཐུ་བ་ལ། །བླ་མ་བཟང་པོ་ཡིན་པར་བརྫུས། །དཀོར་ནི་མང་པོ་ཟོས་ཟིན་ཟེར། །དམྱལ་ཟངས་ནང་དུ་འཕང་ནི་ཐལ། །ཐབས་དང་ཐུགས་རྗེ་ཅི་བྱས་ཀྱང་། །དེ་རྣམས་འདྲེན་པར་མ་ཐུབ་བོ། །ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །སྡོམ་པ་དམ་ཚིག་མི་སྡུན་ཆོས། །སྡིག་ལྟུང་ཉམས་ཆག་ལྐོག་ནོར་གསོག །ཕྲ་ཞིབ་བཙུན་ཚུགས་བཟང་བཟང་འདྲ། །རྔམ་ཆེན་སྡིག་ལ་ཡ་ང་མེད། །མི་ཤི་ཐོས་ནས་ཅི་འབུལ་སྙམ། །མ་ཕུལ་ཐུབ་ན་ཁ་མཆུ་འཛུགས། །རང་གིས་དབང་ལུང་མ་ཐོབ་པར། །དཔེ་འཁྱམས་བཟུང་ནས་རྫུན་དབང་བསྐུར། །རང་གིས་འཕོ་བ་མ་སྦྱངས་དང་། །ཚེ་འདས་སྔས་ན་གྱེར་མོ་གཟབ། །ཕུང་པོ་དུ་མའི་སྔས་ཕྱིན་ཀྱང་། །རང་ལ་འཆི་བ་འོང་སྙམ་མེད། །ཡི་དམ་བསྙེན་སྒྲུབ་མ་ཐེམ་བར། །དབང་བསྐུར་རོ་སྲེག་བྱང་བུ་བཞུ། །ཚེ་འདས་བརྒྱ་སྟོང་ལམ་བསྟན་ཀྱང་། །རང་ཉིད་གར་འགྲོའི་ངེས་ཏིག་མེད། །ནང་ན་ཞེ་སྡང་ཕྲག་དོག་འབར། །ཕྱི་ནི་ཐེར་ཕྲུག་གང་བཟང་གྱོན། །ཅི་ཡོད་ཕུལ་ཀྱང་མགུ་དུས་མེད། །ཁྲོ་ཞིང་ཚིག་ཟུར་འཁོང་ཞིང་འཁྱེར། །ཅུང་ཟད་ཙམ་ལ་མཐུ་བསྡིག་བྱེད། །ཁ་མཆུ་འཐབ་རྩོད་བཀའ་བཀྱོན་


CMR003_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

མང་། །ཆོས་བཞིན་སྤྱོད་ལ་ལྷག་པར་སྡང་། །དཀོར་རྫས་ཆར་ལྟར་བབ་ན་ཡང་། །ད་དུང་བྱུང་ན་བསམ་པ་ལས། །ཞུ་དང་མི་ཞུ་སེམས་མི་ཕྲེང་། །དད་པ་ཅན་གྱིས་ནོར་ཕུལ་ན། །ངན་སོང་མི་བཏང་ཁས་ལེན་བྱེད། །རྒྱུས་མེད་མི་ནག་ཕོ་མོའི་དྲུང་། །འོད་གསལ་འཁོར་ཡུག་ཡིན་སྐད་སྨྲ། །རྟོགས་པ་མཐོན་པོ་ཡིན་སྐད་ཀྱི། །ཆང་ལ་རྒྱུ་མེད་སྐྱུགས་པ་སྔས། །བསྔོས་ཤ་དྲངས་ན་ཚོ་ལྗད་གླེང་། །དེ་འདྲའི་བླ་མ་བདུན་པོ་དེ། །རིག་འཛིན་དབང་དྲག་རྒྱ་མཚོས་ཀྱང་། །ཐབས་སྟོབས་གང་གིས་འདྲེན་མ་ཐུབ། །མནར་མེད་ཟངས་དཀར་ནང་དུ་སོང་། །སངས་རྒྱས་སྟོང་གི་བསྟན་གཞུག་བར། །དེ་བས་ཐར་ཐབས་མ་མཆིས་སོ། །སངས་རྒྱས་མོས་པའི་བསྟན་འཇུག་ལ། །ཐར་བ་ཆོས་གོས་གྱོན་པ་ཡི། །བྱིན་རླབས་ཤཱཀ་ཐུབ་སྨོན་ལམ་ཡིན། །ཀྱེ་མ་སྙིགས་དུས་བླ་མའི་མིང་། །སྤྲང་པོ་ཀརྨ་ཆགས་མེད་ཁྱོད། །ལོ་རྒྱུས་འདི་འདྲ་ཐོས་པ་ན། །རང་གིས་སེམས་རྒྱུད་གཞིག་འདྲེལ་ཐོང་། །ད་ལྟ་བཅོས་ཐབས་ཡོད་དུས་འདིར། །རང་གིས་རང་ཉིད་མ་ཕུང་ལ། །ཚེ་ཡི་ལྷག་མ་གང་འདུག་ལ། །དམ་ཆོས་ཚུལ་བཞིན་སྤྱོད་ན་ལེགས། །དེ་ལྟར་


CMR003_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་རིང་མོ་དེ། །གཞན་ལ་སྐུར་འདེབས་མ་ཡིན་ཏེ། །རང་གིས་རང་ལ་ཡི་མུག་སྨྲས། །བླ་བརྫུ་བྱེད་ནས་དཀོར་བག་མེད་དུ་སྤྱོད་པ་བདུན་འདྲེན་མ་ཐུབ་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་མང་པོ་འདྲེན་བསམ་བྲལ། །ཆོས་ཀྱི་རྒྱལ་པོའི་དྲུང་དེ་ན། །གྲྭ་པ་གཉིས་དང་ཡོན་བདག་གསུམ། །ཁྲིད་ནས་ཡར་ལ་བྱོན་འོང་བས། །རྒྱབ་ནས་མི་སྐྱ་ཕོ་མོ་ནི། །རྩི་རྩི་གྲངས་མེད་ཉི་ལི་ལི། །ཐམས་ཅད་ཡར་ལ་གཤར་ནི་བྱུང་། །རིག་འཛིན་དབང་དྲག་རྒྱ་མཚོ་དེ། །འབྲེལ་ཚད་དོན་དང་ལྡན་པའི་ཕྱིར། །ཞལ་མཐོང་གསུང་ཐོས་ཆོས་འབྲེལ་དང་། །དབང་དང་བྱིན་རླབས་བཀའ་བསྒོའི་འབྲེལ། །ཟས་ནོར་བསྔོ་སྨོན་བྱང་བུའི་འབྲེལ། །སྐུ་མཚལ་གསང་ཆབ་དབུ་ལོ་དང་། །ན་བཟའ་ལ་སོགས་བདུག་དང་ཟོས། །སྐྱེ་བདུན་ལ་སོགས་དམ་རྫས་འབྲེལ། །སྐུ་ཤ་འདྲེས་པའི་རིལ་བུ་སོགས། །འབྲེལ་པ་ཐོབ་ཚད་སེམས་ཅན་རྣམས། །འདྲེན་པར་ཨོ་རྒྱན་ལུང་བསྟན་ལྟར། །ཐམས་ཅད་མཐོ་རིས་ཐར་པ་ཡི། །ཞིང་དུ་ཐམས་ཅད་དྲངས་བར་མཛད། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡི། །སྟོབས་དང་རྫུ་འཕྲུལ་ཨེ་མ་ཧོ། །སྐྱེས་ཆེན་དམ་པ་མཆོག་རྣམས་


CMR003_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐེ་ཚོམ་ལོག་ལྟ་མེད་པ་ཡིས། །འབྲེལ་པ་སྣ་རེ་ཐོབ་ན་ཡང་། །འདི་འདྲེན་འདི་མི་འདྲེན་པ་ཡི། །བསམ་གཞིག་དབྱེ་གསལ་ག་ལ་དགོས། །མ་གྱུར་སེམས་ཅན་མ་ལུས་པ། །རྫོགས་པའི་སངས་རྒྱས་སར་བཀོད་པའི། །སེམས་བསྐྱེད་སྨོན་ལམ་རྒྱ་ཆེན་པོ། །གྲངས་མེད་བསྐལ་པའི་གོང་ནས་མཛད། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ་།བསྐྱེད་རྫོགས་ཕར་ཕྱིན་དྲུག་ལ་སྦྱངས། །བསོད་ནམས་དང་ནི་ཡེ་ཤེས་ཀྱི། །ཚོགས་གཉིས་རྒྱ་མཚོ་ལྟ་བུར་བསགས། །དེ་འདྲའི་དམ་པ་སྐྱེས་ཆེན་རྣམས། །སེམས་ཅན་འདྲེན་ལ་འབད་རྩོལ་མེད། །རྩོལ་མེད་ལྷུན་གྲུབ་འགྲོ་དོན་འབྱུང་། །དཔེར་ན་བདེ་ཆེན་མངོན་དགའ་སོགས། །ཞིང་ཁམས་བཀོད་པ་ཁྱད་འཕགས་དང་། །སངས་རྒྱས་ཡོན་ཏན་ཚད་མེད་རྣམས། །བྱང་ཆུབ་སེམས་ཀྱི་རྒྱུན་བསྔོ་སོགས། །བར་དུ་ཚོགས་གཉིས་བྲེ་ཁ་གང་། །སྨོན་ལམ་དག་པས་ཁ་ལོ་བསྒྱུར། །ད་ལྟ་འབད་རྩོལ་བྲལ་དང་མཚུངས། །འབྲེལ་པ་ཐོགས་ཚད་དྲངས་པའི་ལེའུ་སྟེ་ཉེར་གཅིག་པའོ།། །དེ་ནས་དམྱལ་ཁམས་ཕྱིར་ལུས་ནས། །བར་དོའི་སྐབས་སུ་ཕེབས་ཟིན་པས། །ཚེ་རབས་དུ་མར་རྗེས་བཟུང་


CMR003_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །དྲིན་ཆེན་ཨོ་རྒྱན་རིན་པོ་ཆེ། །སྐུ་མདོག་དཀར་ལ་དམར་བའི་མདོག །དབུ་ལ་པདྨ་མཐོང་གྲོལ་ཞྭ། །རྩེ་ལ་གསེར་གྱི་རྡོ་རྗེའི་མཚན། །ཁྱུང་གཤོག་གསེར་མདངས་འོད་དུ་འབར། །སྐུ་ལ་ཟ་འོག་བེར་ཆེན་སྟེང་། །ཆོས་གོས་གསེར་གྱི་ཧ་རིས་གསོལ། །རྡོ་རྗེ་བྷན་བུམ་པ་དང་། །ཌ་མ་རུ་དང་དྲིལ་བུ་འཛིན། །ཁ་ཊྭཱྃ་ག་ནི་མེད་པ་ཞིག །ཞབས་གཉིས་བཞེངས་སྟབས་འབྱོན་ཞིང་གདའ། །བླ་མ་དྭགས་ཞུ་སེར་པོ་ཅན། །ཆོས་གོས་དམར་པོ་མནབ་པ་ཞིག །གྲྭ་པའི་ཚུལ་དུ་མཉམ་དུ་འབྱོན། །ཉིད་ཀྱི་བླ་མ་དཔལ་འབར་བ། །ནམ་མཁའ་རྒྱ་མཚོ་ཡིན་ནམ་སེམས། །དད་པས་དེ་གཉིས་དྲུང་དུ་རྒྱུག །དེ་ནས་ཨོ་རྒྱན་རིན་པོ་ཆེ། །ཐེག་པ་ཆེན་པོ་བླ་མེད་ལུགས། །རྫོགས་པ་ཆེན་པོའི་ལུགས་བཞིན་དུ། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་དང་། །ཡེ་ཤེས་སྤྲུལ་པའི་དཀྱིལ་འཁོར་དུ། །དབང་བཞི་ཡོངས་སུ་རྫོགས་པ་གནང་། །དམྱལ་ཁམས་བདུད་ཀྱི་བར་ཆད་ཀྱིས། །སེམས་ཅན་ཐམས་ཅད་འདྲེན་པ་ཡི། །སེམས་བསྐྱེད་བསམ་པ་ཉམས་པ་དེ། །སླར་ཡང་གསོ་བར་མཛད་པ་ནི། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སེམས་ཅན་ཐམས་ཅད་འདྲེན་པ་


CMR003_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་དེས། །འཁོར་བ་ལན་གསུམ་སྟོང་མཛད་ཀྱང་། །སེམས་ཅན་ཉུང་ངུ་མ་སོང་སྟེ། །དུས་སྙིགས་དུག་ལྔ་ཆེར་སོང་བས། །ཐམས་ཅད་འདྲེན་པའི་སེམས་བསྐྱེད་ཉམས། །དེ་ཚེ་བླ་མ་འོད་དཔག་མེད། །བྱོན་ནས་སེམས་བསྐྱེད་སླར་གསོས་པའི། །ལོ་རྒྱུས་ཉིད་དང་མཚུངས་པའོ། །བར་དོར་ཨོ་རྒྱན་རིན་པོ་ཆེས་སེམས་བསྐྱེད་གསོས་ནས་དབང་བསྐུར་བའི་ལེའུ་སྟེ་ཉེར་གཉིས་པའོ།། ་་་།།དེ་ནས་སྲིད་པ་བར་མ་དོར། །འགྲོ་བ་རིགས་དྲུག་ལ་མི་ཐེ། །གར་འགྲོ་ངེས་མེད་ལམ་རྒྱུས་མེད། །འོད་ལམ་ནག་པོ་དམར་པོ་འགའ། །དེ་རྣམས་ཐུར་དུ་ཟུག་ནས་སྣང་། །འོད་ལམ་དཀར་པོ་སེར་པོ་རྣམས། །གྱེན་ལ་གནམ་དུ་ཟུག་པའང་། །སྔོན་པོ་ལྗང་གུ་ལ་སོགས་པ། །ལམ་སྣེ་དཔག་ཏུ་མེད་པ་སྣང་། །རིགས་དྲུག་སོ་སོའི་འོད་ལམ་གཟིགས། །མི་རུ་སྐྱེ་བའི་འོད་ཀྱི་ལམ། །སྔོན་པོའི་རྒྱུད་ལ་ཚུར་བྱོན་པས། །དཔའ་བོ་ཌཱཀི་སྲུང་མའི་ཚོགས། །ལུས་ནི་སྤུ་སྡུག་བྱ་ཡི་ཚོགས། །ཆེ་ཆུང་རྣམ་པ་དུ་མར་སྤྲུལ། །སྐད་ནི་སྙན་འགྱུར་མི་ཡི་སྐད། །སྙན་པའི་གླུ་དབྱངས་མང་པོ་སྒྲོག །རོལ་མོ་དུ་མ་དང་བཅས་


CMR003_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མི་ཡི་ཡུལ་དུ་སྤྱན་དྲངས་སོ། །དཔེར་ན་རང་བྱུང་རྒྱལ་བ་ཡི། །བར་དོའི་རྣམ་ཐར་གསུངས་དང་མཚུངས། །ཅི་ཕྱིར་དཔའ་བོ་ཌཱ་ཀི་ཡིས། །རོལ་མོའི་སྒྲ་དང་སྙན་པའི་དབྱངས། །ཁྱད་པར་འཕགས་པའི་བཀོད་པས་བསུས། །ཡེ་ཤེས་ཆོས་སྐྱོང་སྲུང་མ་ཡིས། །སྤྲུལ་པ་ཡིན་ནམ་སྙམ་པ་ཡིས། །གྲྭ་པ་རྟ་དང་བཅས་པས་བསྐྱལ། །མ་རིག་མུན་པ་སེལ་བའི་ཕྱིར། །ཨོ་རྒྱན་སྤྲུལ་པ་ཡིན་ནམ་སེམས། །ཉི་མའི་དཀྱིལ་འཁོར་མདུན་ནས་བསུས། །བག་ཆགས་སྒྲིབ་པའི་ཆ་ཤས་རྣམས། །ན་བཟའ་མང་པོའི་ཚུལ་དུ་གཟིགས། །སྔ་ཤད་ཕྱི་ཤད་བྱས་པས་ལྗིད། །ཉི་མ་དེ་ལ་བཀལ་བ་ཡི། །གོས་ཁྱེར་གར་སོང་མེད་པར་གཤེགས། །སྤྲུལ་པའི་རྟ་དང་གྲྭ་པའི་ཚུལ། །དེ་ན་ཕར་ལོག་མི་སྣང་སྟེ། །རང་བྱུང་རྒྱལ་བ་མ་ཡུམ་དྲུང་། །བསྐྱལ་ན་འཇིག་རྟེན་མཁའ་འགྲོ་རྣམས། །འཁོར་བའི་འདོད་ཆགས་ཁྲག་གིས་ནི། །རྦ་རླབས་བྱུང་ཟེར་དྲོས་དང་མཚུངས། །དེ་ནས་མངལ་ནི་གདམ་པའི་ཚུལ། །མི་ཡི་སྐྱེ་གནས་བཟང་ངན་ནི། །ཁང་པ་བཟང་ངན་ཚུལ་དུ་མཐོང་། །གསུངས་པའི་དོན་དང་མཐུན་པ་སྟེ། །ཁང་ལེབ་ཆུང་ཆུང་ཞིག་ཏུ་ཕེབས། །ཁྱིམ་དེ་བཙོག་འདུག་མ་


CMR003_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ནོ། །ཁང་པ་ཆེ་བ་གཅིག་ཏུ་ཕེབས། །སྐས་སྒྲོམ་གཅིག་ཏུ་ཚ་ཚ་གསུམ། །དེ་བས་མི་སྣང་དེར་མ་བྱོན། །མཁར་གཅིག་ནང་དུ་བྱོན་པཞུགས་སོ། །གྲུབ་ཆེན་ཆོས་ཀྱི་བླ་མ་ཡི། །སྔགས་འཆང་རང་བྱུང་རྡོ་རྗེ་ཡང་། །ཡེ་ཤེས་རྒྱ་མཚོ་དགྱེས་རྡོར་གྱིས། །གསང་བ་སྐུ་བརྒྱད་དོན་རྟོགས་པས། །སྐྱེ་བ་མེད་ཀྱང་སྐྱེ་ཚུལ་སྟོན། །གནས་པ་མེད་ཀྱང་གནས་ཚུལ་སྟོན། །འགྲོ་འོང་མེད་ཀྱང་འགྲོ་དང་འོང་། །འཆི་བ་མེད་ཀྱང་འཆི་ཚུལ་སྟོན། །གནམ་ས་གཉིས་ལ་དག་སྣང་འབྱུང་། །གསུངས་པའི་དོན་དང་རྗེས་མཐུན་པར། །རིག་འཛིན་དབང་དྲག་རྒྱ་མཚོ་ཡང་། །སྐྱེ་འཆི་གཉིས་ལས་འདས་གྱུར་ཀྱང་། །ཀུན་རྫོབ་འགྲོ་བའི་འཁྲུལ་ངོ་ལ། །སྐྱེ་འཆི་སྒྱུ་མའི་སྤྲུལ་བསྒྱུར་སྟོན། །སྔོན་གྱི་གཏེར་རྙིང་འགའ་ཞིག་ནས། །གཡོ་སྟོད་ཕྱོགས་སམ་ཆབ་མདོ་ཡི། །ཉེ་ལོགས་འཁྲུངས་པར་གསུངས་པ་བཞིན། །དེ་སྐོར་ཞིག་ཏུ་འཁྲུངས་པར་སྣང་། །དེ་ཕྱོགས་འཁྲུངས་པའི་ལོ་རྒྱུས་ཀྱང་། །མི་གཅིག་པ་ནི་འགའ་རེ་ཐོས། །དེ་ནས་ཆབ་མདོའི་ཉེ་ལོགས་ཤིག་ཏུ་སྐུ་སྐྱེ་བ་བཞེས་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་འཁྲུངས་པའི་ས་དེ་ན། །མགོ་རས་གྱོན་


CMR003_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་པོ་གཟིགས། །བཙན་པོ་ཞིག་ཀྱང་ཡོད་པར་སྣང་། །དེ་ཚེ་ཨོ་རྒྱན་རིན་པོ་ཆེ། །སྤྲུལ་སྐུའི་ཆ་ལུགས་རྫོགས་པར་བྱོན། །གཏེར་ལ་དབང་བའི་ལུང་བསྟན་གསུངས། །འདོན་འདོད་བསམ་པ་མ་བྱུང་བས། །འདོན་མིའི་རྟེན་འབྲེལ་མ་འགྲིགས་ན། །བཞུགས་རྒྱུ་མེད་པའི་བརྡའ་ཚིག་གསུངས། །རྟེན་འབྲེལ་ལེགས་པར་མ་འགྲིགས་པས། །སྤྲུལ་པའི་སྐུ་དེ་ཞིང་བརྗེས་སོ། །བཀའ་རྒྱ་ལ་སོགས་ལུང་བྱང་ལས། །ལས་འཕྲོ་སྨོན་ལམ་ལྡན་པ་དང་། །ལུང་བསྟན་བཟང་པོ་ཡོད་ན་ཡང་། །ཆོས་ཟབ་བདུད་ཀྱི་འཕྲང་ཟབ་པས། །རྟེན་འབྲེལ་ལེགས་པོར་མ་འགྲིགས་ན། །རྒྱུ་དེ་བཟང་ཡང་རྐྱེན་ངན་བསྒྱུར། །མེ་ཏོག་སད་ཀྱིས་ཁྱེར་འདྲར་འགྱུར། །གསུངས་པའི་ལུང་དང་མཐུན་པར་གྱུར། །ཀྱེ་མ་འགྲོ་བའི་བསོད་ནམས་དམན། །སྤྲུལ་སྐུ་བར་ཆད་རྐྱེན་གྱིས་གཤེགས། །དུས་ལ་དགོས་པའི་གཏེར་ཁ་རྣམས། །མ་ཐོན་རེ་ཞིག་འགྱངས་བ་དེས། །འཁྲུག་རྩོད་མཐའ་དམག་མུ་གེ་དང་། །མི་ནད་ནོར་ནད་མང་པོ་ཡིས། །བར་སྐབས་འགྲོ་བ་དམྱལ་ཐག་བཅད། །དེ་དོན་ཡིན་པ་ཤེས་མི་མེད། །ཕན་གནོད་རྒྱུ་རྐྱེན་ཤེས་པར་དཀའ། །དུས་གསུམ་སྒྲིབ་པ་མེད་པར་


CMR003_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན། །མངོན་ཤེས་དྲུག་ཅུ་མངའ་བ་ཡི། །ཨོ་རྒྱན་ཆེན་པོས་འགྲོ་འདི་གཟིགས། །ད་ནི་བར་ཆད་རྐྱེན་མེད་པར། །ཟབ་གཏེར་བསྟན་པ་དར་བ་དང་། །འགྲོ་བ་བདེ་ལ་འགོད་པ་རུ། །བྱིན་གྱིས་རློབས་ཤིག་གུ་རུ་རྗེ། །དབང་དྲག་རྒྱ་མཚོའི་སྤྲུལ་སྐུ་གཅིག་འཁྲུངས་པ། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱིས་མ་ཐེག་པར་ཞིང་བརྗེས་ཚུལ་གྱི་ལེའུ་སྟེ་ཉེར་བཞི་པའོ།། ་་་།།དེ་ནས་སྤྲུལ་པའི་སྐུ་དེ་གཤེགས། །དེ་ཚེ་སྤྲུལ་པའི་ཁྲོ་བོ་ལྔ་བྱོན་ཏེ། །ནམ་མཁའི་མདོག་ཅན་སྤྱན་གསུམ་བསྒྲད། །མཆེ་གཙིགས་དབུ་སྐྲ་སྨ་ར་འབར། །སྟག་ཤམ་ཞིང་ལྤགས་དུར་ཁྲོད་ཆས། །དེ་འདྲའི་ཁྲོ་བོ་དེ་རྣམས་ཀྱིས། །གདན་དྲངས་རཀཱ་སྲིན་པོའི་ཡུལ། །རྔ་ཡབ་གླིང་དུ་ཕེབས་པ་ན། །ས་ཆ་རི་བྲག་ཐམས་ཅད་ནི། །དམར་སྐྱ་གློ་བ་རྒྱང་བའི་མདོག །རི་བྲག་དེ་རྣམས་རྩ་བ་ན། །ཨིནྡྲ་ནཱི་ལའི་ཁ་དོག་གི །ལྗོན་ཤིང་མཛེས་པའི་ནགས་ཚལ་འཐུག །སྤང་ལྗོངས་མེ་ཏོག་སྣ་ཚོགས་ཀྱི། །སྐྱེད་མོས་ཚལ་ཆེན་མང་པོར་བཅས། །ཡུལ་གླིང་དེ་འདྲའི་དབུས་ཤེད་ན། །མཐོན་མཐིང་མཚོ་ཆེན་རླབས་ཕྲེང་གཡོ། །དེ་དབུས་ཟངས་མདོག་དཔལ་གྱི་རི། །ཟུར་གསུམ་དམར་གྱི་


CMR003_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདྲ། །ལོགས་གསུམ་ཅུང་ཙམ་འདིར་ཡོད་པའི། །རྩེ་ལ་གཙུག་ལག་ཁང་ཆེན་དང་། །དེ་འོག་རིན་ཆེན་གཞལ་ཡས་ཁང་། །བདེ་སྐྱིད་ཕུན་ཚོགས་ཉམས་དགའི་དབུས། །བཀོད་ལེགས་རིན་ཆེན་ཁྲི་སྟེང་ནས། །ཨོ་རྒྱན་གུ་རུ་སྤྲུལ་པའི་སྐུ། །སྐུ་མདོག་སྟོན་ཀའི་ཟླ་རྒྱས་འདྲ། །དབུ་ལ་པད་ཞུ་སྒྲོ་དར་བརྒྱན། །སྐུ་ལ་ཟབ་བེར་ཆོས་གོས་གསོལ། །རིག་འཛིན་དུ་མའི་དབུས་ན་བཞུགས། །དེ་མཇལ་གུས་པས་མདུན་ན་བཞུགས། །དེ་ཚེ་ཨོ་རྒྱན་རིན་པོ་ཆེ། །བུམ་པ་ལ་སོགས་མགོར་བཞག་ནས། །དབང་ནི་མང་དུ་གནང་བར་མཛད། །ཕྱག་ཕྲེང་སྟོད་དེ་གུ་རུས་འཛིན། །སྨད་དེ་སྤྲུལ་སྐུར་བགྲང་བཅུག་ནས། །ཐུགས་རྗེ་ཆེན་པོའི་བཟླས་ལུང་གནང་། །བདེ་མཆོག་ལ་སོགས་རྒྱུད་སྡེ་ལས། །རྣལ་འབྱོར་པ་རྣམས་འཕོ་ཚེ་དཔལ། །དཔལ་ལྡན་ཁྲག་འཐུང་ལ་སོགས་པས། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་འགྱུར། །ཞེས་གསུངས་དོན་དང་རྗེས་མཐུན་པར། །སྤྲུལ་སྐུ་ཞིང་ནི་གཤེགས་མ་ཐག །ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས་བསུས། །པདྨ་འོད་ཀྱི་གཞལ་ཡས་སུ། །ཨོ་རྒྱན་ཆེན་པོའི་དྲུང་དུ་


CMR003_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། །གསང་སྔགས་དབང་བསྐུར་མང་པོ་དང་། །ཐུགས་རྗེ་ཆེན་པོའི་སྒོམ་ལུང་གནང་། །ཉམས་རྟོགས་བཟང་བའི་སྒོམ་ཆེན་དང་། །དམ་ཚིག་གཙང་བའི་སྔགས་པ་དང་། །སྡོམ་པ་གཙང་བའི་བནྡེ་དང་། །བློ་ཕུག་ཆོས་ལ་གཏད་པ་ན། །ཚེ་ནི་རིང་ངམ་ཐུང་ན་ཡང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཡིས། །བདེ་བ་ཅན་ནམ་དགའ་ལྡན་གནས། །པདྨ་འོད་ཀྱི་གཞལ་ཡས་སོགས། །རང་རང་སྨོན་ལམ་གང་བཏབ་དེར། །བེམ་རིགས་བྲལ་མ་ཐག་ཏུ་ཁྲིད། །དེ་འདྲ་ཤི་ཡང་ཤི་བ་མིན། །ཞིང་ཁམས་གནས་སུ་ཁྲིད་པ་ཡིན། །སངས་རྒྱས་བྱང་སེམས་མཇལ་བ་ཡིན། །དབང་ལུང་གདམས་པ་ཐོབ་པ་ཡིན། །ཆོས་སྒོར་ཞུགས་པའི་ལ་དོན་ལ། །འདི་འདྲ་གཅིག་ལ་བློ་རྩེ་གཏོད། །སྤྲུལ་སྐུ་ཞིང་བརྗེས་པ་རྔ་ཡབ་གླིང་དུ་ཕེབས་ནས་ཨོ་རྒྱན་རིན་པོ་ཆེས་དབང་བསྐུར་བའི་ལེའུ་སྟེ་ཉེར་ལྔ་པའོ།། །དེ་ནས་ཨོ་རྒྱན་རིན་པོ་ཆེ། །སངས་རྒྱས་ཀུན་ལས་ཐུགས་རྗེ་དང་། །ཕྲིན་ལས་མཛད་པ་རྨད་དུ་བྱུང་། །ཡེ་ཤེས་སྤྱན་དང་ལྡན་པ་ཡི། །མི་འགྱུར་རྡོ་རྗེ་བོད་ཡུལ་དུ། །འབྱོན་པའི་དུས་ལ་བབ་པ་དང་། །སྔོན་ཚེ་ཉིད་ཀྱི་ལུང་བསྟན་ལྟར། །


CMR003_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྟགས་དུས་ཚོད་བོད་ལ་ཚང་། །ཡུལ་དང་རིགས་རུས་ཡབ་དང་ཡུམ། །རྟེན་འབྲེལ་དུས་ལ་བབ་པ་མཁྱེན། །སྤྲུལ་སྐུ་བོད་ཀྱི་དོན་ལ་བརྫང་། །ཁྱོད་ཉིད་སོང་དང་དུས་བབ་ཚེ་།གཅིག་ལ་ཀ་ཆ་རྫས་གཅིག་བསྐུར། །དེ་ལ་ལྟོས་དང་མངོན་ཤེས་འཆར། །དེ་ནས་གཏེར་སྒོ་གནས་སྒོ་སོགས། །མང་པོའི་དབང་བསྐལ་ཡོད་ཚུལ་གསུངས། །སེང་གེ་བྲག་དང་སྤོམ་ནེ་ཡི། །གནས་སྒོ་གཏེར་སྒོ་ལ་སོགས་པ། །ཕྱེ་བའི་ཁས་ལེན་དམ་བཅའ་ཕུལ། །ངོམ་རྒྱལ་གཏེར་སྒོ་གནས་སྒོ་སོགས། །ཕྱེ་མ་རག་ལ་གསལ་ཡོད་ཀྱང་། །ཁྱོད་མིན་གཞན་གྱིས་དབང་སྐལ་མིན། །སེང་གེ་རྫོང་དང་སྤོམ་ནེ་ཚོགས། །རེམ་རེམ་གསུངས་ནས་ཕྱག་མཛུབ་འཇུས། །དེ་ནས་བོད་ཡུལ་ཁ་བའི་ལྗོངས། །མདོ་ཁམས་ངོམ་གྱི་ཡུལ་གྱི་སྟོད། །རོ་ལོའི་མཁར་དུ་ལྷུམས་སུ་ཞུགས། །དེ་ཚོ་ལོ་རྒྱུས་གསུངས་ཚར་སྐབས། །བདག་གི་ཅི་གསུང་ཉམས་ཚོད་ནས། །རྔ་ཡབ་གླིང་ནས་ཁྱེད་བྱོན་ནས། །ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས། །ཡབ་ཡུམ་གཉིས་ཀྱི་ཅི་མཛད་དོ། །ཞུས་པས་སྐུ་ན་ཕྲ་ན་ཡང་། །ངོ་ཚ་མཛད་ནས་བྲོས་བྱོན་ནས། །རྗེས་པས་དྲིས་ཀྱང་གསུང་མ་ཉན། །འདི་དག་རྩ་ཚིག་


CMR003_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་ནི། །སྤྲུལ་སྐུ་ཉིད་ཀྱིས་གསུངས་པ་སྟེ། །ཞོར་ལ་དེ་ཡི་འགྲེལ་བ་ཡི། །གོ་དོན་སོ་སོར་ངོ་སྤྲོད་ནི། །བདག་གིས་བྱས་པ་ཤེས་པར་བྱ། །གོ་དོན་འགྲེལ་བ་འདི་མེད་ན། །བློ་གྲོས་ཤེས་རབ་དམན་པ་དང་། །ཐོས་ཆུང་རྟོགས་དཔྱོད་ཆེ་བ་དག །མདོ་རྒྱུད་མན་ངག་བླ་མའི་གསུངས། །མི་མཐུན་འགལ་བ་ལྟ་བུར་མཐོང་། །མ་གོ་བ་ནི་ཡུས་ཆེ་བས། །དད་པ་མི་སྐྱེ་ལོག་ལྟ་འཕེལ། །དེ་བས་གཞུང་དང་འབྲེལ་བ་འདི། །ཉམས་སུ་ཡོད་པས་གོ་བདེ་ཞིང་། །དོན་དམ་གདོད་ནས་རྣམ་དག་དང་། །ཀུན་རྫོབ་རྒྱུ་འབྲས་བསླུ་མེད་གཉིས། །བདེན་གཉིས་ཟུང་འཇུག་གོ་བ་འཆར། །དེ་བཞིན་བསོད་ནམས་ཡེ་ཤེས་ཚོགས། །གཉིས་པོ་ཟུང་དུ་འཇུག་པར་གོ །ལྟ་བ་འཁོར་འདས་དབྱེར་མེད་དང་། །སྤྱོད་པ་རྒྱུ་འབྲས་ཕྲ་ཞིབ་གཉིས། །མི་འགལ་ཟུང་དུ་འཇུག་ཚུལ་ལོ། །དེ་སོགས་གནད་འགག་མང་དུ་ཡོད། །འདི་བྲིས་ཉེས་པ་མཆིས་སྲིད་ན། །པད་འབྱུང་རྗེ་འབངས་ཉེར་ལྔ་དང་། །དམྱལ་བའི་ཐུབ་ཆེན་དྲུང་དུ་བཤགས། །འདི་བྲིས་བསོད་ནམས་གང་ཐོབ་དེས། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཉིད། །འགྱུར་མེད་རྟག་བརྟན་རྡོ་རྗེའི་སྐུ། །ལོ་བརྒྱའི་


CMR003_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཞབས་བརྟན་ནས། །པད་འབྱུང་བསྟན་པའི་རྒྱན་གྱུར་ཏེ། །ཟབ་གཏེར་ཆོས་ཀྱི་འགྲོ་བ་རྣམས། །ཀུན་བཟང་ས་ལ་འགོད་པར་ཤོག །འདི་ཉིད་མཐོང་ངམ་ཐོས་པ་རྣམས། །སྐྱོ་ཤས་ངེས་འབྱུང་རྒྱུད་བསྐུལ་ནས། །མི་དགེ་བཅུ་སྤང་དགེ་བཅུ་བསྒྲུབས། །སྟོང་ཉིད་ཏིང་འཛིན་རྒྱུད་ལ་སྐྱེ། །རིམ་པ་གཉིས་ལ་བརྟན་ཐོབ་ནས། །རིག་འཛིན་ས་ལ་གནས་པར་ཤོག །ཇོ་མོ་བཀྲ་ཤིས་ཚེ་རིང་སོགས། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །སློབ་དཔོན་ཆེན་པོའི་སྤྱན་སྔ་རུ། །རྗེས་འཇུག་བསམ་པ་སྒྲུབ་བོ་ཞེས། །ཁས་བླངས་དམ་དུ་བཅས་པ་ལྟར། །རྣམ་ཐར་གོང་འོག་བྲིས་པ་དང་། །སླད་ནས་བྲི་བར་གྱུར་པ་ཀུན། །ཁྱེད་ཅག་རྣམས་ཀྱིས་བསྲུང་བ་དང་། །མི་ནུབ་ཕྱོགས་བཅུར་ཁྱབ་པ་ཡི། །ཕྲིན་ལས་མཛོད་ཅིག་ས་མ་ཡ། །སྤྲུལ་སྐུ་རྔ་ཡབ་གླིང་ནས་འདིར་བྱོན་པའི་ལེའུ་བརྩམས་དོན་དང་བཅས་པ་སྟེ་ཉེར་དྲུག་པའོ། །ཞེས་རྣལ་འབྱོར་པ་རཱ་ག་ཨ་སྱས་བྲིས་པ་མངྒ་ལཾ། །ཡང་གསང་དང་དེ་ཁོ་ན་ཉིད་ཀྱི་རྣམ་ཐར་དག་ནི་ཕྱི་ནང་གསང་བའི་རྣམ་ཐར་རྣམས་ཀྱིས་དངོས་ཤུགས་གང་རུང་གིས་བསྟན་པར་གྱུར་ཏོ།། །།ཚེ་འདིར་


CMR003_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །།
༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །


previousསྤྲུལ་སྐུ་མི་འགྱུར་རྡོ་རྗེས་གསུངས་པའི་བར་དོའི་རྣམ་ཐར་སླར་ཚིགས་བཅད་དུ་ཕབ་པ་འཁོར་བ་དོང་སྤྲུགས།no next