ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་རྒྱས་བསྡུས་གཉིས་ཀྱི་འཛབ་དམིགས་བཟླས་ཚད་རང་གྲོལ།
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་རྒྱས་བསྡུས་གཉིས་ཀྱི་འཛབ་དམིགས་བཟླས་ཚད་རང་གྲོལ་བཞུགས་སོ།།
ལས་བྱང་རྒྱས་བསྡུས་གང་རུང་ཚར་གཅིག་གིས། །བདག་མདུན་བུམ་གསུམ་གཏོར་མ་བཞི་པོ་ལ། །དུས་གཅིག་དཀྱིལ་འཁོར་ཆ་ཚང་བསྐྱེད་པ་སྟེ། །སོ་སོར་འདོན་མི་དགོས་པ་རྙིང་མ་ཡི། །ཁྱད་ཆོས་ཡིན་པས་ཐེ་ཚོམ་མི་བྱ་འཚལ། །ལས་བྱང་བསྟོད་པ་རྫོགས་ནས་འཛབ་བསྙེན་ནི། །བདག་མདུན་ལྷ་ཚོགས་དམ་པ་རིགས་བརྒྱ་ཡི། །ཞི་བའི་ཐུགས་ཀར་ཟླ་བ་ཁྲོ་བོ་ཡི། །ཐུགས་ཀར་ཉི་སྟེང་རང་རང་ས་བོན་མཐར། །རང་རང་སོ་སོའི་སྔགས་ཀྱིས་བསྐོར་བར་བསྒོམ། །ཡབ་རྣམས་གཡས་བསྐོར་ཡུམ་རྣམས་ གཡོན་དུ ་འཁོར། །ཀུན་བཟང་ཐུགས་ཀར་ཟླ་སྟེང་ཨ་མཐིང་དང་། །ཆེ་མཆོག་ཐུགས་ཀར་ཉི་སྟེང་ཧཱུྃ་སྨུག་མཐར། །
ཞི་དང་ཁྲོ་བོའི་སྔགས་ཀྱིས་གཡས་སུ་བསྐོར། །བདག་མདུན་བུམ་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །བཟླས་བྱའི་སྔགས་འདི་འུར་འུར་དིར་དིར་སྒྲོག །སྔགས་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་མཆོད་སྐུ་གསུང་ཐུགས་བྱིན་རྣམས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་སྣ་ཚོགས་པ། །ཆར་བཞིན་བབ་ནས་བདག་མདུན་བུམ་ལྷར་ཐིམ། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབ་བསམ། །འོད་ཟེར་འཕྲོ་བ་སྣོད་བཅུད་ཀུན་ལ་ཕོག །སྣོད་ཀྱི་འཇིག་རྟེན་ཞི་ཁྲོའི་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་དམ་པ་རིགས་བརྒྱའི་ལྷ། །
ཀུན་གྱིས་འཛབ་དབྱངས་སྒྲོགས་པས་འཇིག་རྟེན་གཡོ། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱང་བར་བསྒོམ། །ཞི་ཁྲོའི་འཛབ་བསྙེན་སོ་སོའི་སྙིང་པོ་ནི། །རྒྱས་པར་ལས་བྱང་ཆེ་བའམ་བཏགས་གྲོལ་ལྟར། །བསྡུ་ན་བོ་དྷི་ཙིཏྟ་བསྙེན་པ་ཡིན། ༈ །ཁྱད་པར་ན་རཀ་དོང་སྤྲུགས་ཆོ་ག་ལ། །བདག་མདུན་བུམ་ལྷའི་དཀྱིལ་འཁོར་གཙོ་བོ་ནི། །རྡོར་སེམས་ཡབ་ཡུམ་མཐིང་གའི་ཐུགས་ཀ་རུ། ཧཱུཾ་མཐར་ཡི་གེ་བརྒྱ་པས་གཡས་བསྐོར་དང་། །དེ་བཞིན་རྣམ་སྣང་ལ་སོགས་རིགས་བཞི་ཡི། །ཐུགས་ཀར་རིགས་ལྔ་སོ་སོའི་ཡིག་བརྒྱས་བསྐོར། །དེ་ལས་རང་མདོག་འོད་ཟེར་འཕྲོས་པ་ཡིས། །ཚེ་འདས་གཙོར་བྱས་འགྲོ་བའི་སྡིག་སྒྲིབ་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་དག་པར་བསྒོམ། །རིགས་ལྔའི་ཡིག་བརྒྱ་རྒྱས་པ་རྒྱུད་ལྟར་རམ། །འབྲིང་པོ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་སཏྭ་ས་མ་ཡ་སོགས། ཞེས་སོགས་རིགས་ལྔའི་སྤྱི་དྲིལ་ཡིག་བརྒྱའམ། །བསྡུས་ན་རྡོར་སེམས་ཡིག་བརྒྱ་ཅི་ནུས་འབད། ༈ །སྔགས་དམིགས་འདི་ཉིད་ཤིན་ཏུ་གལ་ཆེ་འོ། །ཞེས་ཀརྨ་ཨ་རཱ་གས་སོ། དཀྱིལ་འཁོར་གཙོ་བོ་རྡོར་སེམས་ཐུགས་ཀ་རུ། །ཧཱུཾ་མཐར་ཡི་གེ་བརྒྱ་པས་གཡས་བསྐོར་དང་། །དེ་བཞིན་རྣམ་སྣང་ལ་སོགས་རིགས་བཞི་ཡི། །ཐུགས་ཀར་རིགས་ལྔ་སོ་སོའི་ཡིག་བརྒྱས་བསྐོར། །
དེ་ལས་རང་མདོག་འོད་ཟེར་འཕྲོས་པ་ཡིས། །ཚེ་འདས་གཙོར་བྱས་འགྲོ་བའི་སྡིག་སྒྲིབ་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་དག་པར་བསྒོམ། །ཡིག་བརྒྱ་ཅི་ནུས་།བཟླས་པའི་རྗེས། །བོ་དྷི་ཙིཏྟ་ཅུང་ཟད་བཟླས་པར་བྱ། །ཞི་ཁྲོ་ན་རཀ་དོང་སྤྲུགས་དཀྱིལ་འཁོར་ཡིན། །ཀརྨ་ཨ་རཱ་གས་བྲིས་པའོ། །ཨོཾ་བུདྡྷ་སཏྭ་ས་མ་ཡ༴ ཧཱུྃ་བཛྲ་སཏཱ་ས་མ་ཡ༴ སྭ་རཏྟཱ་སཏཱ་ས་མ་ཡ༴ ཨཱཿཔདྨ་སཏཱ་ས་མ་ཡ༴ ཧྭ་ཀརྨ་སཏཱ་ས་མ་ཡ༴ ཨོཾ་ཤྲཱི་ཧེ་རུ་ཀ་སཏཱ་ས་མ་ཡ༴ ཡོད་ན་གསོན་པོའི་གཤིན་སྒོ་བཅད་ཐབས་དང་། །གཤིན་པོ་ཡིན་ན་རིགས་དྲུག་གནས་སྦྱང་ནི། །ཞི་ཁྲོ་སྤྲུལ་སྐུའི་སྒྲུབ་པ་ལྟར་དུ་བྱ། །དེ་ནས་གཤིན་དོན་སྐྱེ་སྒོ་གཅོད་བྱེད་སྔགས། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨ་བྷེ་རྒྱ་ཏཾ་ཀེ་ཆེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ། གང་མང་འདོན་ཅིང་ངན་སོང་དོང་སྤྲུགས་སྔགས། མ་མ་ཀོ་ལིང་ས་མནྟཆ་འི་ལས་དང་བག་ཆགས་ངན་པ་ཐམས་ཅད་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ། གང་འགྲུབ་བཟླས་ནས་བྱེ་མ་སྔགས་པར་བྱ། །དེ་ནས་དབྱངས་གསལ་ཡིག་བརྒྱས་ལྷག་ཆད་གསོ། །ཨབྷཾ་གྱིས་མཆོད་ཆོས་སྐུ་ནམ་མཁས་བསྟོད། །དེ་ནས་ཡི་དམ་ལྷར་གསལ་མ་ཡེངས་ཏིང་ངེ་འཛིན་ངང་། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་
བསམ་གྱིས་མི་ཁྱབ་པ་མངའ་བས་བདག་གཞན་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་འདོད་དོན་གསོལ་བ་གདབ་ནས་གཤིན་དོན་དང་། ཁྱད་པར་དུ་ཚེ་ལས་འདས་པ་ཆེ་ཞེས་བྱ་བ་འཁོར་བ་དང་ངན་སོང་གི་འཇིགས་པ་ཆེན་པོ་ལས་སྐྱོབས་ཤིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ་བར་གྱུར་ནས་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྒྱལ་བ་ཞི་ཁྲོ་འགྲུབ་སོགས་བྱའོ། །དབང་སྐུར་སོགས་ལ་འདི་སྐབས་ལས་བུམ་བསྒྲུབ། །གྲོལ་ཁ་འདི་ནི་དབང་སྐུར་གནས་འདྲེན་ལ། །མདུན་བསྐྱེད་གནས་ལྔ་ནས་འཕྲོས་ཐིག་ལེ་ནི། །དཀར་མཐིང་སེར་དམར་ལྗང་གུ་བཀྲག་མདངས་ཅན། །ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱའི་ཡི་གེས་མཚན་པ་ཅན། །རང་གི་གནས་ལྔར་ཐིམ་པས་དངོས་གྲུབ་ཐོབ། །རྩ་སྔགས་མཇུག་ཏུ། ཀཱ་ཡ་སིདྡྷི་ཨོ། ཝཀཱ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧཱུྃ། ཞེས་སོགས་སྦྱར་ཞིང་བུམ་གཏོར་གནས་ལྔར་གཏུགས་ཤིང་དབང་བཞི་བླང་། ཆོ་ག་ཕྱི་མ་ཆོས་སྲུང་ལས་བྱང་བཏོན། །ན་རཀ་ཆོ་གར་ལུས་ཀྱིས་བརྒྱ་ཕྱག་དང་། །ངག་གིས་ཡིག་བརྒྱ་རྒྱས་བསྡུས་
གང་འགྲུབ་བཟླས། །ཡིད་ཀྱིས་མ་བཅོས་གནས་ལུགས་ཉམས་ལེན་ངང་། །ཀློང་བཤགས་བརྗོད་ཅིང་བསྐང་བཤགས་བྱ་བ་སྟེ། །དེ་ནས་ལུས་ཀྱིས་བརྒྱ་ཕྱག་འཚལ་བ་ནི། །སྤྲོ་ན་ཕྱག་གི་ཕན་ཡོན་བརྗོད་བྱས་ནས། །མདུན་གྱི་ནམ་མཁར་སངས་རྒྱས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བཅོམ་ལྡན་འདས་ཤཱི་ཧེ་རུ་ཀ་དྲག་པོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པའི་དྲུང་དུ། ཚེ་ལས་འདས་པ་རྗེས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤགས་སྙམ་པའི་འདུན་པ་རྩེ་གཅིག་གི་ངང་ནས་དེ་རྣམས་ཀྱི་ཕྱག་འཚལ་ཡུལ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གསལ་འདེབས་པའི་ཚིག་གསུམ་པོ་བརྗོད་ཚེ་ཉོན་ལ་ཡིད་ཡུལ་དུ་གསལ་ཐོབ། ཚིག་བཞི་པའི་སྐབས་སུ་མཚན་ནས་བརྗོད་པའི་རྗེས་ཟློས་དང་མཉམ་དུ་ཕྱག་འཚལ་བ་དང་། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བ་ཙམ་གྱིས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་རྟོག་སྒྲིབ་བག་ཆགས་ངན་པ་དང་། གནས་སྐབས་ཀྱི་མི་མཐུན་པའི་ཕྱོགས་ངན་པ་
ཐམས་ཅད་སང་སང་དག་པར་བསམས་ལ། ཞེས་སམ། དེ་ལས་བསྡུ་ན། དེ་ནས་རང་རང་མདུན་གྱི་ནམ་མཁའ་ལ། །དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་སྤྱན་སྔ་རུ། །ཚེ་འདས་གཙོར་བྱས་འགྲོ་ཀུན་ཕྱག་འཚལ་དམིགས། །ན་མོ་དང་པོའི་སངས་རྒྱས་སོགས། བརྒྱ་ཕྱག་འཚལ་ཏེ། མཇུག་ཏུ། ཞི་བ་བཞི་བཅུ་རྩ་གཉིས་དང་། །འབར་བ་ཁྲག་འཐུང་དྲུག་ཅུ་ལ། །དད་ཅིང་གུས་པས་ཕྱག་འཚལ་མཐུས། །ཚེ་འདས་ཐོག་དྲངས་སེམས་ཅན་ཀུན། །ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག ། ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །སིལ་བུར་བརྗོད་དོ། །ཞེས་པ་ཨ་རཱ་གས་བགྱིས་སོ། །མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།