Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

3 occurrences of ཁྲོལ་བུ་
[Clear Hits]


 
ཞི་ཁྲོ་ལས་ཚེ་འདས་གནས་འདྲེན་བསྡུས་པ།
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


3 occurrences of ཁྲོལ་བུ་
[Clear Hits]

 
no previousཞི་ཁྲོ་ལས་ཚེ་འདས་གནས་འདྲེན་བསྡུས་པ། next

ཞི་ཁྲོ་ལས་ཚེ་འདས་གནས་འདྲེན་བསྡུས་པ།


CMR006_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ལས་ཚེ་འདས་གནས་འདྲེན་བསྡུས་པ་བཞུགས་སོ། །


CMR006_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་རྩ་བ་གསུམ་ལ་ཕྱག་འཚལ་ལོ། །ཞི་ཁྲོ་ཕྱིར་བཟློག་མདོར་བསྡུས་འདིར་བཀོད་བྱ། །ལྷ་དང་སྲུང་མའི་ཚོགས་ཀྱིས་བཀའ་གནང་སྩོལ། །ལྷ་བཤོས་ཅོག་རྡོག་ཆངས་བུ་ཏིང་ལོ་བཤམས། །མར་མེ་གཅིག་ཀྱང་དྲུང་དུ་གཏམ་པར་བྱ། །པདྨ་འདབ་དྲུག་དབུས་དང་བདུན་པར་བྱ། །དེ་སྟེང་བྱང་བུ་ཕྱག་ལེན་བཞིན་དུ་བཙུགས། །ཞི་ཁྲོའི་ལས་བྱང་བསྡུས་པ་ཚར་གཅིག་གིས། །བདག་མདུན་བུམ་གསུམ་ཆོ་ག་གཅིག་གིས་སྒྲུབ། །བུམ་བསྐྱེད་དམིགས་ནས་བསྙེན་པ་བརྒྱ་རྩ་བྱ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ། མཁྱེན་པ་དང་ལྡན་པ། བརྩེ་བ་དང་ལྡན་པ་རྣམས་ཐུགས་


CMR006_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དབང་གིས་གནས་འདིར་བྱོན་ཅིག །དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་ལོ། །ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། །ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་རྒེ་ཞེས་བྱ་བ་འཇིག་རྟེན་འདི་ནས་ཕ་རོལ་དུ་འགྲོ། སྐྱས་ཆེན་པོ་ནི་འདེགས། གྲོགས་ནི་མེད། སྡུག་བསྔལ་ནི་ཆེ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་ནི་མེད། ཚེ་འདིའི་སྣང་བ་ནི་ནུབ། མུན་ནག་འཐུག་པོར་ནི་འཇུག །


CMR006_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ས་ཆེན་པོར་ནི་ལྟུང་། ལས་ཀྱི་དབང་གིས་ནི་དེད། ས་ཚུགས་མེད་པར་ནི་འགྲོ། དབང་ནི་མེད། གཅིག་པུར་འགྲོ་དགོས་པའི་དུས་ལ་བབ་ན་ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་རྗེ་སྐྱབས་མེད་པ་ལ་སྐྱབས་མཛོད་ཅིག །མགོན་མེད་པ་ལ་མགོན་མཛོད་ཅིག །དཔུང་གཉེན་མེད་པ་ལ་དཔུང་གཉེན་མཛོད་ཅིག །བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག །ལས་ཀྱི་རླུང་དམར་ཆེན་པོ་ལས་ཟློག་ཅིག །གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག །བར་དོའི་ལམ་འཕྲང་རིང་པོ་ལས་སྒྲོལ་ཅིག །ཐུགས་རྗེ་ཅན་རྣམས་ཐུགས་རྗེའི་ཤུགས་མ་ཆུང་ཞིག །སྔོན་གྱི་དམ་བཅའ་མ་གཡེལ་བར། ཐུགས་རྗེའི་ཤུགས་མྱུར་དུ་ཕྱུངས་ཤིག །སེམས་ཅན་ལས་ངན་པའི་དབང་དུ་མ་བཏང་ཞིག །དཀོན་མཆོག་གསུམ་ཚེ་ལས་འདས་པ་འདི་རྣམས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ། ཅེས་ར་མདའ་སྦྲན་པའོ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨུ་ཙ་ཏ་ཡ་ཕཊ༔ བུམ་ཆུས་བྲན། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡི་གེ་ནི་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བར་གྱུར། ན་


CMR006_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པས། ཚེ་ལས་འདས་པ་སྒེའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་གར་ཡོད་པའི་ས་ནས་མཚན་བྱང་འདི་ལ་ཁུག་ཅིག །ལན་གསུམ་བརྗོད། ཧཱུྃ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ མཛའ་སྡུག་བརྩེ་བའི་གཉེན་བཤེས་གྲོགས་རྣམས་དང་༔ རྟག་ཏུ་འགྲོགས་པའི་སྐལ་དང་དབང་མེད་པས༔ མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ༔ རྣམ་ཤེས་སེམས་ནི་མི་རྟག་ཚུལ་བསྟན་ཏེ༔ ལས་ཀྱི་དབང་གིས་ཕ་རོལ་ལུས་ཤིག་བླངས༔ ཉོན་མོངས་འཁོར་བའི་སྡུག་བསྔལ་བསྐྱེད་པ་ཡི༔ སྐྱེ་གནས་བཞི་པོར་ལྟུང་བའི་སར་སྐྱེས་ཀྱང་༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔ བརྩེ་གདུང་ཡིད་ལ་བཅག་པའི་ཉེ་འབྲེལ་གྱིས༔ དཀོན་མཆོག་གསུམ་ལ་སྐྱབས་གསོལ་མཐུ་རྩལ་དང་༔ སངས་རྒྱས་མཐུ་སྟོབས་ཆེན་པོའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་


CMR006_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སྔགས་འཆང་རྩེ་གཅིག་སྒྲུབ་པའི་བྱིན་རླབས་དང་༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཡིས༔ ཡིད་ལུས་སྟོང་གཟུགས་བར་དོའི་རྣམ་ཤེས་ཁྱོད༔ ལས་དང་ཉོན་མོངས་དབང་གིས་གར་འཁྱམས་ཀྱང་༔ དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ དུ་པྲ་སུ་ཏྲི་ཨ་ནཱི་ཡཾ་ཛ༔ བཛྲ་ཨཾ་ཀུ་ཤ་ཛ༔ མ་མ་ཨཾ་ཀུ་ཤ་ཛ་ཛ༔ ཀྱེ་མ་དབང་མེད་ལས་ཀྱིས་ཕ་རོལ་ཚེ་འཕོས་ཁྱོད༔ མི་ཡི་ཡུལ་དུ་སྐྱེ་བ་གྲངས་མེད་ཀྱང་༔ ལས་ཀྱིས་འབྲེལ་བའི་འདུག་ས་འདི་ཡིན་པས༔ འཕན་ཕྲན་མཛེས་པ་འདི་ནི་ལུས་ཀྱི་རྟེན༔ གསར་བྱང་མིང་བྲིས་འདི་ནི་ངག་གི་རྟེན༔ མེ་ལོང་གསལ་བ་འདི་ནི་སེམས་ཀྱི་རྟེནུ༔ རས་ཕྲུག་དྲི་མེད་འདི་ནི་གོས་ཀྱི་རྟེན༔ གདུགས་ཆེན་འབར་བ་འདི་ནི་གཞལ་ཡས་ཁང་༔ ལེབ་ཕྱིང་དཀར་པོ་འདི་ནི་འདུག་པའི་གནས༔ སྦ་སྨྱུག་ལྡེམ་པ་འདི་ནི་འཇུ་བའི་ཤིང་༔ ཐོགས་མེད་འཇའ་ཚོན་འདྲ་བའི་ཡིད་ལུས་ཁྱོད༔ དམིགས་པའི་རྟེན་འཛུགས་འདི་ལ་གནས་པར་གྱིས༔ ཚེ་ལས་འདས་པ་སྒེ་ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཧཱུྃ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བདེན་པའི་མཐུས༔ ཚེ་འདས་ལུས་བརྗེས་


CMR006_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་འདི་ཡི༔ ས་དང་ལམ་ལ་བར་དུ་གཅོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་གཤེད་མའི་ཚོགས་རྣམས་ཀུན༔ མཐུ་སྟོབས་བྱིན་རླབས་མཐུ་ཡིས་གཞན་དུ་དེངས༔ ཧཱུྃ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱི༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕགས་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་སུམྦྷཱ་ནི་སོགས། ཞེས་ནས་ལྕག་གིས་བྲབ་བོ༔ དེ་ནས་ལས་བུམ་པ་ཐོགས་ལ་འདི་སྐད་དོ༔ འདི་ནི་ཕ་རོལ་ཕྱིན་བཅུའི་ཆུ༔ དྲི་མ་རྣམ་བཅུ་སྦྱོང་བྱེད་ཅིང་༔ ཕར་ཕྱིན་བཅུ་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཚེ་འདས་ཁྱོད་ཕྱག་འཚལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ན་མ༔སརྦ་ཏ་


CMR006_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བྱེ་མ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ། རྒྱལ་བ་རིགས་ལྔ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བདེན་པ་གང་གིས་སངས་རྒྱས་རྣམས༔ འཇིག་རྟེན་ཀུན་ཏུ་བླ་ན་མེད༔ བདེན་པའི་མཆོག་ནི་འདི་དག་གིས༔ ཁྱོད་ཀྱི་དུག་ལྔའི་དུག་རྣམས་ནི༔ རང་བཞིན་མེད་པར་དག་གྱུར་ཅིག འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ དཀོན་མཆོག་གསུམ་པོ་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ བདེན་པའི་བདེན་ཚིག་འདི་དག་གིས༔ ཁྱོད་ལུས་དུག་གིས་མི་ཚུགས་ཤོག༔ གཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་དུག་གསུམ་དུག་ལས་བྱུང་༔ དུག་གསུམ་དུག་ནི་དུག་གིས་མཆོག དྲག་པོའི་དུག་ནི་དུག་བཅོམ་མོ༔ སྔགས་བརྗོད༔ འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བཞིའི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོང་ཞིག ཁྱོད་ཀྱི་དུག་ནི་དུག་མེད་ཤོག །


CMR006_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་གྱིས་དུག་བཅོམ་པས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་དང་༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ སྔགས་བརྗོད༔ དེ་ནས་མདུན་དུ་ཏིལ་གཡས་དང་མེ་ཆུ་གཡོན་དུ་བཤམས་ནས༔ ཚེ་འདས་རྣམ་ཤེས་ཨ་ཡིག་དཀར་པོ་དེ༔ ཧཱུྃ་ཡིག་སྔོ་སྐྱ་ཀྵ་ཡིག་དམར་སྐྱ་ཡི༔ དྲྭ་བས་རུས་པ་ལྤགས་པའི་ཚུལ་དུ་བཏུམ༔ བདག་གི་ཐུགས་ལས་ཧཱུྃ་ཡིག་དཀར་པོ་དང་༔ ཕཊ་ཡིག་དམར་སེར་དཔག་མེད་འཕྲོས་པ་ཡིས༔ ཚྭ་དང་ཀ་ཡིག་དྲྭ་བ་དངོས་མེད་བཤིགས༔ ཏིལ་ལམ་ཡུངས་ཀར་མིང་བྱང་ལ་བསྐོར་ལ༔ མེ་ཆུ་ལ་དོར་ནས་ཨ་ནི་ཀ་ཧཱུྃ་ཕཊ༔ བརྒྱའམ་བདུན་སོགས་བརྗོད༔ དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི༔ བདེན་པ་ཆེན་པོས་ཚེ་འདས་འདི་ཉིད་ཀྱི༔ འཆི་ཁའི་མཚམས་སྦྱོར་གནད་གཅོད་འཇིགས་སྐག་གི བག་ཆགས་ངན་པའི་དྲི་ལྕགས་བྲལ་གྱུར་ཅིག་སོར་མོ་བསྣོལ་ལ་གྲོལ་བའི་ཕྱག་རྒྱ་ཡིས༔ ཨོཾ་བཛྲ་བྷན་ཏྲ་ཐཱ༔ ཨོཾ་བཛྲ་བྷི་ཏྲ་ཋཱ༔ དེ་ནས་ལས་བུམ་གྱི་ཀུ་ཤས་མཚན་བྱང་ལ་གཏོར་ཞིང་༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ དེ་ནས་མར་


CMR006_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཆུ་ནང་དུ་བླུགས་ལ༔ བྱང་བུ་ལ་ལན་གསུམ་བསྐོར་ཞིང་༔ ཨོཾ་བཛྲ་བྷིད་ཏྲ་ཐཱ༔ ཞེས་ཕྱིར་དོར་རོ༔ དེ་ནས་ཚེ་འདས་ཀྱི་གསོལ་བ་བཏབ་པར་བསམས་ལ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་འཁྱམས་པ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལོ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ལན་གསུམ༔ ཆོས་བཤད་པ་ནི༔ བུ་ཁྱོད་སྐལ་པ་ཤིན་ཏུ་བཟང་གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཞིང་༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་༔ ན་རག་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་དྲོངས༔ དེ་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ༔་ཚེ་འདས་ཀྱིས་གསོལ་བ་བཏབ་པར་བསམས་ལ༔ ཀྱེ་མ་བདག་འདྲའི་སེམས་ཅན་ལ༔ ཉོན་མོངས་དྲུག་གི་ལས་དབང་གིས༔ འགྲོ་བ་རིགས་དྲུག་གནས་སུ་སྐྱེ༔ འཁོར་བའི་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་དྲོངས་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ སློབ་དཔོན་གྱིས་འདི་སྐད་དོ༔ ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཉོན་མོངས་དྲུག་པོས་ཀུན་ནས་བསླངས་ནས་


CMR006_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སུ༔ མི་དགེ་བཅུ་དང་ཁྱད་པར་དུག་ལྔ་ཡིས༔ འགྲོ་བ་རིགས་དྲུག་གནས་སུ་སྐྱེ་སྲིད་ཀྱིས༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ རིགས་དྲུག་ཐུབ་པ་བཅོམ་ལྡན་དྲུག་པོ་བཞུགས༔ ཕར་ཕྱིན་ཆོས་ཐོབ་ཉོན་དྲུག་རྣམ་པར་དག འགྲོ་དྲུག་ཐུབ་པ་སོ་སོའི་ཕྱག་མཚན་ལྡན༔ འགྲོ་དྲུག་སོ་སོའི་སྡུག་བསྔལ་སྦྱང་དུ་གསོལ༔ སྤྲུལ་སྐུ་ཐུབ་དྲུག་ཁྱེད་ལ་སྐྱབས་སུ་མཆི༔ དེ་ནས་ཐུབ་དྲུག་ཕྱག་མཚན་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ རིན་ཆེན་སྒྲོམ་བུ་ལྷུང་བཟེད་དང་༔ ཤེས་རབ་རིག་པའི་པོ་ཏི་དང་༔ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་དང་༔ པི་ཝཾ་སྙན་པའི་དོན་བྱེད་དང་༔ རིན་ཆེན་པར་བུ་ལྷུང་བཟེད་བསྣམས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འགྲོ་དྲུག་སྡུག་བསྔལ་ལས་གྲོལ་ནས༔ འཁོར་བའི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ པྲ་པ་ཙ་པ་ཙ་སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ སུ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ སུ་སཏཱ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁངྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་


CMR006_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎི་ཧཱུྃ་ཕཊ༔ བུམ་པ་ཐོགས་ལ༔ ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས། རིགས་དྲུག་སྐྱེ་སྒོ་བཅད་ནས་ནི༔ འཁོར་བའི་སྡུག་བསྔལ་བྲལ་བར་ཤོག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་རཏྣ་སཏཱ་སྭཱ༔ ཨོཾ་པདྨ་སཏྭ་ཨཱཿ ཨོཾ་ཀརྨ་སཏཱ་ཧཱ༔ ཧཱུྃ་བཛྲ་ཨ་བྷི་ཥཉྩ་ཨ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨ༔ སྦ་རཏྟ་ཨ་བྷི་ཥིཉྩ་ཨ༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཨ༔ ཧ་ཀརྨ་ཨ་བྷི་ཥིཉྩ་ཨ༔ ཡར་ལྷ་བཤོས་མཆོད་ཅིང་༔ ཆངས་བུ་ཏིང་ལོ་ལྕོག་རྡོག་བསྔོ་བ་ནི༔་ཧཱུྃ༔ བཅོམ་ལྡན་ཐུབ་པ་དྲུག་པོ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་གཏོར་མ་འབུལ༔ ཚེ་འདས་ལན་ཆགས་སྦྱང་དུ་གསོལ༔ ཨོ་ནེ་ཝི་དྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ༔ གླུད་བྲན་ལ། ཨོཾ་ཨཱཿཧཱུྃ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་རིགས་དྲུག་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་འབྱུང་པོ་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་


CMR006_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱེད༔ སརྦ་བྷུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱེ་མ་ཐོགས་ལ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཉོན་དྲུག་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། བུམ་པ་ཐོགས་ལ༔ འདི་ནི་ཕྱིན་དྲུག་རང་བཞིན་ཆུ༔ ཉོན་མོངས་དྲུག་པོ་སྦྱང་བྱེད་པའི༔ ཕྱིན་དྲུག་ཆུ་ཡིས་ལེགས་བཀྲུས་པའི༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཧཱུྃ༔ ས་འདི་བཅད་པ་མན་ཆད་ནས༔ རིགས་དྲུག་འཁོར་བའི་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ཡུལ་དང་ཁང་ཁྱིམ་ནོར་རྫས་ཀུན༔ སྒྱུ་མ་རྨི་ལམ་ཇི་བཞིན་དུ༔ མི་རྟག་འགྱུར་བའི་ཆོས་ཅན་ཡིན༔ རྟག་པར་གནས་པ་གཅིག་ཀྱང་མེད༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ ཕ་མ་བུ་ཚ་ཉེ་དུ་ཀུན༔ རྨི་ལམ་སྐྱེས་བུ་ཇི་བཞིན་དུ༔ མི་རྟག་འབྲལ་བའི་ཆོས་ཅན་ཡིན༔ ཁྱོད་ཀྱི་མིང་ནས་འབོད་བྱེད་ཅིང་༔ ཕ་མ་ཉེ་དུ་ང་ཡིན་ཞེས༔ སྨྲེ་སྔགས་འོ་དོད་འབོད་པ་ཀུན༔ ཐར་ལམ་


CMR006_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་གེགས་ཡིན་པས༔ དེ་ལ་མ་ཉན་རིགས་ཀྱི་བུ༔ ཆགས་པར་མ་བྱེད་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ ཐར་ལམ་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ལ༔ ཞིང་མཆོག་གཙང་མའི་གནས་མཆོག་ཏུ༔ བདག་གིས་ཁྱོད་ཉིད་འཇུག་པ་ཡིས༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག ཅེས་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཕུང་ལྔ་རྣམ་དག་ཡེ་ཤེས་ལྔ་དང་ལྡན༔ ལོངས་སྐུ་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་ལྔ་རྣམ་དག་ཡེ་ཤེས་བདེ་ཆེན་ངང་༔ དབྱིངས་རིགས་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ ཚོགས་བརྒྱད་གནས་དག་སེམས་དཔའ་ཆེན་པོ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ཉེ་བའི་སྲས་མཆོག་བྱང་སེམས་བཅུ་དྲུག་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ རིགས་དྲུག་དོང་སྤྲུགས་སྤྲུལ་སྐུ་ཐུབ་པ་དྲུག༔ ཚད་མེད་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་


CMR006_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ༔ དུག་ལྔ་འཇོམས་མཛད་ཁྲག་འཐུང་ཁྲོ་བོ་ལྔ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་ཏི་ལྔ་དང་སྦྱོར༔ ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཀོའུ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིང་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི། བཀའ་ཡི་ལས་བྱེད་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི༔ ས་གཞི་སྤོས་སོགས༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་པ་ལས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ དཀྱིལ་འཁོར་ཆེན་པོར་འཇུག་ཏུ་གསོལ༔ རྡོ་རྗེ་ཐེག་པའི་དམ་ཚིག་དང་༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ ཐུན་མོང་དང་ནི་ཁྱད་པར་གྱི༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ཞེས་ཞུས་ནས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ ཚེ་


CMR006_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གུས་པས་སྐྱབས་སུ་མཆི༔ སོ་སོར་ཐར་པའི་སྡོམ་པ་དང་༔ བླ་མེད་སྨོན་འཇུག་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ གསུམ་བརྗོད༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ༔ ཉོན་སྒྲིབ་བཞི་པོ་བཅད་ལགས་ན༔ སྒོ་བ་ཁྲོ་བོ་ཡབ་ཡུམ་བརྒྱད༔ ཚད་མེད་སྒོ་མ་གདོང་ཅན་བཞི༔ ཐབས་ཤེས་ཕྱག་རྒྱ་བཞི་པོ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་བཞི་ཕྱེས༔ ཚེ་འདས་དད་པསོ་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ དཀྱིལ་འཁོར་ལ་མེ་ཏོག་གཏོར་བར་བསམས་ལ༔ པྲ་ཏིཙྪ་ཧོ༔ ཀྱེ་པདྨ་དྲི་མེད་ཅེས་བྱ་བའི་དེ་བཞིན་གཤེགས་པའོ༔ མིག་དར་བླངས་ལ༔ ཨོཾ་བཛྲ་ཛྷཱ་ན་ཙཀླུ་པྲ་ཝེ་ཤ་ཡ་ཕཊ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་གསུམ་དད་པ་བསྐྱེད༔ རྡོ་རྗེ་སེམས་དཔའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཧཱུྃ་ལས་ཚེ་འདས་རྡོ་རྗེ་སེམས་དཔའི་སྐུ༔ དཀར་


CMR006_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིས་རྒྱུན་བབ་ཉམས་ཆག་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། དེ་ནས་དབང་བཞི་རྫོགས་པར་བསྐུར་གསུངས་པས། ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ་ཨཱཿ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་


CMR006_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ཡི་དབང་ཐོབ་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁངྒ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ རིག་པའི་དབང་ལྔ་ནི༔ ཞེ་སྡང་མེ་བསད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་ཕྲག་དོག་ཞེན་ ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ བུ next hit་ཁྱོད་རྣམས་ལ་བསྐུར་བར་བྱ༔ ཧཱུྃ་བཛྲ་ཨ་དྷར་ཤ་ཛྙཱ་ན་ས་མ་ཡ་ཨ་བྷི་ཥིཉྩ་མཱི༔ སཱ་རཏྟ་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ ཨོཾ་པདྨ་པྲཛྙཱ་ཨ་བྷི་ཥིཉྩམཾ༔ ཧཱ་ཏིཥྛ་ཨ་ནུ་ཏེ་ཛྷཱ་ན་སཱ་ཏེ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཱ༔ ཨོཾ་ཏྲི་ཙི་ཏྲ་མ་ཏི་ཨ་མི་ཛྷཱ་ན་བཛྲ་ཨ་བྷི་ཌིཉྩ་མཱི༔ ད་ལྷ་དབང་བསྐུར་བ་ནི༔ རྡོར་སེམས་ཀྱི་ཙཀླུ་ཐོགས་ལ༔ ཧཱུྃ༔ རིགས་གཅིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་དམ་པ་རིགས་བརྒྱ་རྫོགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཞི་ཁྲོའི་ལྷ་དབང་ཡོངས་རྫོགས་ནས༔ ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག༔ སརྦ་ཤིནྟཾ་ཀྲོ་ཏ་ཨོཾ་ཨཱཿཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ ཐོད་པ་མཚན་ལྡན་ཀ་པཱ་ལ་


CMR006_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ལ་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པར་ཤོག༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོདྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཤེར་དབང་རིག་མའི་བརྟུལ་ཞུགས་སྦྱིན་པ་ནི༔ ཧཱུྃ༔ ཁྱེད་རྣམས་རྟ་ཕག་ཡབ་ཡུམ་བསྒོམ༔ དབབ་བཟུང་འདྲེན་བཀྲམ་ཚད་སྦྱོར་ལ༔ དགའ་བ་བཞི་ཡི་ངོ་བོ་ཟུངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ པྲཛྙཱ་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ ཚིག་དབང་བཞི་པའི་དོན་ངོ་སྤྲད་པ་ནི༔ ཤེལ་དང་མེ་ལོང་ཐོགས་ལ་ཧཱུྃ༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱུར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏེད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ༔ སྣང་སྲིད་སེམས་སུ་མ་གྱུར་མེད༔ ཀ་དག་ཚིག་དབང་ཐོབ་པར་ཤོག དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་མཱི༔ རྒྱལ་སྲིད་སྣ་བདུན་གྱི་ཙཀླུ་ཐོགས་ལ༔ ཧོ༔ ཚེ་འདས་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་ལྡན་ནས་ཀྱང་༔ གཞན་དོན་དཔག་མེད་འགྲུབ་པར་ཤོག༔ ཨོ་ཌ་བེ་རིཏྟ་ཨ་བྷི་ཥིཉྩ་མཱི༔ བཀྲ་ཤིས་རྟགས་བརྒྱད་


CMR006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ནི༔ འབུར་དོད་དམ་རིས་སུ་བྲིས་པ་ཐོགས་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཐོབ་ནས་ཀྱང་༔ རྒྱལ་འབངས་མངའ་འོག་ཚུད་པ་ལྟར༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ནས༔ གཞན་དོན་དཔག་མེད་དབང་ཐོབ་ཤོག༔ ཨ་མངྒ་ལཾ་ཨ་བྷི་ཊིཉྩ་ཧཱུྃ༔་ཞེས་དབང་བསྐུར་རོ༔ ༈ ཟས་བསྔོ་བ་ནི༔ འདོད་ཡོན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ནས༔ ཨོཾ་ཨཱཿཧཱུྃ༔ མུན་པར་ལྟུང་བའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབས་པར་ཤོག༔ ཡེ་ཤེས་ལྔ་ཡི་ངང་ནས་སྐུ་སྤྲུལ་པ༔ རྒྱལ་སྲས་སེམས་དཔའ་ལྔ་ཡི་ཐུགས་རྗེ་ཡིས༔ ཚེ་འདས་ཕུང་པོ་ལྔ་ཡི་ནད་བསལ་ནས༔ དབང་པོའི་ནད་བསལ་འདོད་ཡོན་ལྔ་སྤྱོད་ཤོག༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱབས༔ རྒྱས་སྲས་སེམས་དཔའི་རྣམ་པ་ལྔ༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཞེས་སེམས་དཔའ་ལྔའི་སྐུ་བསྟན་ལ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔་ཡང་དགོ་ངེས་པའི་ལུང་འདི་ཉོན༔ ཉེ་རིང་


CMR006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ་ཐམས་ཅད་ཀྱིས༔ རོ་མཆོག་ལྡན་པའི་ཟས་མང་བཤམས༔ གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུང་༔་་ཟས་ཀྱི་ཐ་མ་འདི་ཡིན་པས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས༔ མི་ཟད་ནམ་མཁའི་མཛོད་ལ་སྤྱོད༔ སྦྱིན་པའི་ཕ་རོལ་ཡོངས་རྫོགས་པའི༔ ཟས་གཏད་འདི་ནི་དགའ་བས་ལོངས༔ གསོན་ཡང་གཤིན་ལ་མི་འཕྲེང་ངོ་༔ གཤིན་ཡང་གསོན་ལ་མ་ཆགས་པར༔ བདེ་ཆེན་དག་པའི་གནས་སུ་གཤེགས༔ འཁོར་བ་འདི་ན་སྡུག་བསྔལ་ཆེ༔ བྱས་པས་མི་ཟིན་ལས་ཡོད་པས༔ འཁོར་བ་འདི་རུ་མ་གནས་པར༔ རང་གི་ཆོས་ཉིད་འདི་རིག་པས༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྟོང་པ་ཆེན་པོ་ཡུལ་རེ་ཡངས༔ འཁོར་བ་རིགས་དྲུག་གཅོང་རོང་ཆེ༔ པདྨ་བཀོད་པའི་ཞིང་ཁམས་ན༔ ཆོས་ཉིད་འོད་གསལ་ལྷན་རེ་འཐུག སེམས་དཔའ་སེམས་མ་གྲོགས་རེ་བཟང་༔ དེ་བས་ཚེ་ལས་འདས་པ་ཁྱོད༔ ཟས་འདི་ལོངས་ལ་བདེ་བར་གཤེགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ལཾ་བྷ་ཏཿ བྷ་དུ་ཡ་ཡ༔ ཨ་ལི་ཨུ་ལི་ཏ་ལི་ཏ་ལི་ཨརྒྱུ་པྲ་ཏིཙྪ་ཧོ༔ མར་མེ་གསལ་བ་གཅིག་བསྟན་ལ། ཧཱུྃ༔ ཏིང་འཛིན་ཤུགས་ཀྱིས་དྲངས་པའི་དྲན་པས་ཉོན༔ འཁོར་


CMR006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྦ་རླབས་མུན་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་འདེ་བར་ཤོག ཐར་པའི་ཞིང་དུ་འགྲོ་བ་ལ༔ གལ་ཏེ་མུན་པ་འཐིབས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག གལ་ཏེ་མ་ཤེས་འཁྲུལ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་དག་པའི་ལམ་སྟོར་ན༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ ཡེ་ཤེས་འདི་ཡིས་རྙེད་གྱུར་ཅིག༔ ཡེ་ཤེས་སྣང་བ་ཆེན་པོ་སྟེ༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ འདི་ནས་ཕྱོགས་བཞི་དབུས་ལྔ་ན༔ བདེ་བ་ཅན་སོགས་ཞིང་ཁམས་ལ༔ ཐམས་ཅད་འབྱུང་ལྔའི་རང་བཞིན་ཏེ༔ འབྱུང་ལྔ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་འབྱུང་ལྔ་སྟེ༔ འབྱུང་ལྔའི་སྙིང་པོ་ཡིག་འབྲུ་ལྔ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེ་རུ་


CMR006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་གྱུར་ཏེ༔ ཡུམ་ཆེན་ལྔ་དང་དབྱེར་མེད་ཤོག འདི་ནས་ཕྱོགས་བཞི་དབུས་ལྔ་ན༔ བདེ་བ་ཅན་སོགས་ཞིང་ཁམས་ལྔ༔ རྫོགས་པའི་སངས་རྒྱས་རིགས་མཆོག་ལྔ༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེ་རུ་སྐྱེ་བར་གསུངས༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཕུང་པོ་ལྔ་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་ཉིད་བྱང་ཆུབ་གནས་སུ་དྲོངས༔ ལམ་ལྔ་ས་བཅུ་མཐར་ཕྱིན་ནས༔ རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ༔ ཐམས་ཅད་མཁྱེན་པའི་དོན་རྟོགས་ནས༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཤོག༔ མར་མེ་ཐོགས་ལ༔ ཨ༔ ཀོང་བུ་རིན་ཆེན་གཞལ་ཡས་ཁང་། མར་ཁུ་པདྨ་ཟླ་བའི་སྟེང་༔ སྡོང་བུ་བཅོམ་ལྡན་རྡོ་རྗེ་སེམས༔ སྐུ་ལ་ཞི་ཁྲོའི་ལྷ་ཚོགས་རྫོགས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ༔ སྐུ་ལས་ཡེ་ཤེས་མེ་འབར་བས༔ ཚེ་འདས་ལས་ཉོན་སྒྲིབ་པ་བསྲེག༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ ཀུན་གཞིའི་རྣམ་ཤེས་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་རོ༔ དུག་


CMR006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་རོ༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་རོ༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔས་མེ་སྦར་རོ༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡིས་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཨོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་དང་ཀཾ་ཀ་ནི་སོགས་བརྗོད་ཀྱང་རུང་། ཞེས་མིང་བྱང་བསྲེག༔ དེ་ནས་མདའ་གཞུའི་ཕྱག་རྒྱ་བྱས་ལ༔ ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་གནས་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ ཡུམ་ཆེན་ལྷ་མོ་ན་བཟའ་དཀར་མོ་ཡོད༔ གཡས་


CMR006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སེམས་དཔའ་སྤྱན་རས་གཟིགས་དབང་ཡོད༔ གཡོན་དུ་སེམས་དཔའ་འཇམ་དཔལ་གཞོན་ནུ་ཡོད༔ མདུན་དུ་སེམས་མ་གཱིརྟི་དམར་མོ་ཡོད་རྒྱབ་ཏུ་སེམས༔ མ་དྷི་པོ་དམར་མོ་ཡོད་པདྨ་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུག༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ བདེ་སྐྱིད་ངོ་མཚར་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་བདེ་བ་ཅན་གྱི་ཞིང་ཞེས་བྱ༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཨ་དམར་པོར་གྱུར་ཏེ་མདའ་འཕངས་བ་བཞིན་དུ་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ༔ སངས་རྒྱས་པར་གྱུར་ཅིག༔ བྱང་ཐལ་ཚ་ཚ་བྱ༔ བསྔོ་བ་དང་རྗེས་ཆོག་ལས་བྱང་ལྟར་བྱའོ༔ ཞེས་པ་འདི་ཉིད་སམྦྷོ་ཀའི་ཐུགས་དམ་བྱ་ཕྱིར་གསོལ་བ་བཏབ་ཅིང་བཀའ་ཡི་གནང་བ་ཅུང་ཟད་ཐོབ་ཕྱིར། རཱ་ག་ཨ་སྱས་བསྡུས་པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག༔ སརྦ་མངྒ་ལཾ།


CMR006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


no previousཞི་ཁྲོ་ལས་ཚེ་འདས་གནས་འདྲེན་བསྡུས་པ། next