བླ་མ་དགོངས་འདུས་སྤྲོས་མེད་རྒྱུན་ཁྱེར་ངག་འདོན་གཏེར་གཞུང་ནས་བསྒྲིགས་པ།
བླ་མ་དགོངས་འདུས་སྤྲོས་མེད་རྒྱུན་ཁྱེར་ངག་འདོན་གཏེར་གཞུང་ནས་བསྒྲིགས་པའོ༔
ཀྱེཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབས་པའི་མགོན་དང་དཔང་མཛོད་ཅིག །དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང་༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་
གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སྔོན་ཆད་རྒྱལ་བས་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ དབང་དུས་ཡིན་ན༔ རང་ཉིད་པདྨ་ཟླ་བའི་སྟེང་༔ ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་སེམས༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་ཚུལ༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ལ༔ གནས་གསུམ་འབྲུ་གསུམ་ཡི་གེས་མཚན༔ ཅེས་དང་༔ སྒྲུབ་པ་དུས་ཡིན་
ན། སྟོང་པའི་ངང་ལས་མེ་དཔུང་འབར་བའི་ཀློང་༔ རྟོག་མེད་རོ་ལྡན་པདྨ་ཉི་ཟླའི་སྟེང་༔ བདག་ཉིད་ཁྲོ་རྒྱལ་དབང་ཆེན་འབར་བའི་སྐུ༔ དམར་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་བགྲད༔ རལ་པ་སྤྱི་བཅིངས་རྟ་མགོ་ལྗང་ཞུར་འཚེར༔ རྔོག་མ་ལེ་བརྒན་འབར་ཞིང་ཚྭ་ཚྭ་འཕྲོ༔ གླང་ཆེན་སྟོད་གཡོགས་སྟག་གི་ཤམ་ཐབས་དཀྲིས༔ ཐོད་སྐམ་རིན་ཆེན་ལྔ་ཡི་རྩེ་བྲན་ཅན༔ ཐོད་རློན་ལྔ་བཅུའི་སྦྲུལ་ནག་ག་ཤར་དཀྲིས༔ ཞག་དང་རཀྟའི་ཐིག་ལེ་ཐལ་ཆེན་སྤྲས༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་རྣམས་མཛེས༔ ཞབས་གཉིས་འདོར་ཐབས་སྲིན་པོ་ཁྲོས་པའི་ཚུལ༔ རྔམས་པའི་སྐུ་ལ་བརྗིད་པའི་རྣམ་འགྱུར་ཅན༔ གར་དགུའི་ཉམས་ལྡན་སྟོབས་ཆེན་ཁྲོ་བོའི་རྒྱལ༔ བདག་ཉིད་རྟ་མགྲིན་ཡབ་ལ་འཁྲིལ་བའི་ཡུམ༔ ཕག་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པའི་ཚུལ༔ སྤྱི་གཙུག་ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོག༔ གཅེར་བུ་དར་དང་རིན་ཆེན་རུས་པས་བརྒྱན༔ རབ་ཏུ་ཁྲོས་ཤིང་བཞད་པའི་རྣམ་
འགྱུར་སོགས༔ ཡབ་ཡུམ་གཉིས་མེད་གར་དགུའི་ཉམས་དང་ལྡན༔ ལས་སྦྱོར་དུས་ཡིན་ན༔ ༈ སྟོང་པའི་ངང་ལས་རང་བྱུང་ནི༔ ཆོས་འབྱུང་དམར་ནག་གྲུ་གསུམ་པ༔ གདེངས་ཀ་གྱེན་ལ་བསྟན་པ་ཡི༔ ཕྱི་རོལ་དུར་ཁྲོད་ར་བས་གཏམས༔ ནང་དུ་ཡེ་ཤེས་གཞལ་མེད་ཁང་༔ ཕྱི་ནང་གསལ་ཞིང་ཡངས་པའི་དབུས༔ ཉི་ཟླ་པདྨ་རོ་སྟེང་དུ༔ ཆུ་ལ་ཆུ་འཕར་ལྟ་བུ་ཡི༔ མཁའ་འགྲོ་ཡོངས་འདུས་གཙོ་མོ་མཆོག༔ བདག་ཉིད་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་དམར་ནག་མདོག༔ ཕྱག་གཡས་ཟངས་གྲི་ནམ་མཁར་འཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ ཁྲོ་ཞལ་སྤྱན་གསུམ་སྡང་མིག་བགྲད༔ སྨིན་མཚམས་ཁྲོ་གཉེར་གྲུ་གསུམ་བསྡུས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ མཐུར་སིལ་སྐུ་སྟོད་ཁྱབ་པར་གཏིབས༔ སྤྱི་གཙུག་རྟོག་མེད་ཕག་ཞལ་འཕྱོ༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ རིན་ཆེན་དུར་ཁྲོད་རུས་པས་བརྒྱན༔ དཔའ་བོ་ཡབ་མཆོག་སྦས་པའི་ཚུལ༔ ཁ་ཊཾ་ག་ལ་འཁྱུད་མཛད་དེ༔ བདེ་མཉེན་གར་སྟབས་རོལ་པར་གནས༔ དབུ་ལ་སངས་རྒྱས་རིགས་ལྔས་མཚན༔ ཉམས་དང་གཟི་
བརྗིད་ལྡན་པ་སྟེ༔ མེ་དཔུང་འོད་ལྔ་འཁྲིགས་པའི་དབུས༔ དེ་ལྟར་གང་བྱེད་ཀྱང་༔ ལུས་ནང་རྩ་གསུམ་རྩ་འཁོར་བཅས༔ ལུས་དབུས་སྲོག་རྩའི་སྦུ་གུ་རུ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དཀོན་མཆོག་གསུམ་གྱི་རང་བཞིན་མཆོག ཐམས་ཅད་འདུས་པའི་ངོ་བོ་ཉིད༔ ཉི་ཟླ་པདྨའི་གེ་སར་སྟེང་༔ བཅོམ་ལྡན་པདྨ་བཛྲ་རྩལ༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་མདོག་དཀར་ལ་འཛུམ་མདངས་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་ཐོད་པ་བདུད་རྩིར་བཅས༔ མཉམ་གཞག་ཚུལ་གྱིས་དཀུ་ལ་བརྟེན༔ སྐུ་ལ་ཟ་ བེར ་སྣམ་སྦྱར་གསོལ༔ དབུ་ལ་ཤ་བའི་མཉེན་ཞུ་གསོལ༔ རྒོད་འཕྲུ་དར་སྣ་མེ་ལོང་བརྒྱན༔ བརྗིད་ལྷུན་ཆགས་པའི་འདབ་ལྡན་མནབས༔ སྙན་གཡོན་གསེར་གྱི་འཁོར་ལོ་དང་ཕྱག་ཞབས་དུང་གི་གདུ་བུ་སོགས༔ རིན་ཆེན་སྣ་ཚོགས་སྤར་ཁབ་མཛེས༔ སྣང་སྲིད་ཟིལ་གྱིས་གནོན་པར་གསལ༔ སྙིང་ག་ཆོས་ཀྱི་ཕོ་བྲང་དུ་བཅོམ་ལྡན་བུདྡྷ་ཐོད་ཕྲེང་རྩལ་དཀར་དམར་མདངས་ལྡན་འོད་ཟེར་འཕྲོ༔ ཞལ་གཅིག་ཕྱག་གཉིས་གཡས་ཙཀྲ༔ གཡོན་པས་བདུད་རྩི་བུམ་པ་བསྣམས༔ འཛུམ་
མདངས་དར་གྱི་ལྷབ་ལྷུབ་དང་༔ རིན་ཆེན་སྣ་ལྔས་མཛེས་པར་སྤྲས༔ ཟླ་བ་རྒྱས་པའི་དཀྱིལ་འཁོར་སྟེང་༔ སྐྱིལ་ཀྲུང་མི་གཡོ་མཉམ་པར་བཞུགས༔ ཞི་དུལ་བག་ཆགས་ལྷམ་མེར་གསལ༔ སྤྱི་བོ་བདེ་ཆེན་དཀྱིལ་འཁོར་དུ༔ བཅོམ་ལྡན་མི་བསྐྱོད་རྡོ་རྗེའི་སྐུ༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རིན་ཆེན་འཁོར་ལོ་བསྣམས༔ ཚེ་དཔལ་ལོངས་སྤྱོད་རྒྱས་མཛད་ཕྱིར༔ སྐུ་ཡི་ཆ་རྣམས་རབ་རྒྱས་ཤིང་༔ རིན་ཆེན་རུས་པ་དུར་ཁྲོད་ཆས༔ ཁྲོ་འཛུམ་སྤྱན་གཉིས་ཟླུམ་ཞིང་འཁྱིལ་དབུ་སྐྲ་སྨིན་མ་ཨག་ཚོམ་ཡང་༔ དམར་སེར་གྱེན་དུ་མེ་ལྟར་འབར༔ རིན་ཆེན་བརྩེགས་པའི་གདན་ཁྲི་ལ༔ འགྱིང་བག་བརྐྱང་བསྐུམ་ཚུལ་གྱིས་བཞུགས༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ༔ བཅོམ་ལྡན་པདྨ་དབང་གི་སྐུ༔ དམར་འཚེར་བྱུ་རུའི་སྡོང་པོ་ལྟར༔ ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས༔ རྩ་ཕྱག་ཐུགས་ཀར་ཐལ་མོ་སྦྱར༔ གཡས་ཀྱི་འོག་མར་ཕྲེང་དམར་འདྲེན༔ གཡོན་འོག་པདྨ་དམར་པོའི་ཕྱག༔ འཛུམ་མདངས་དར་དང་རིན་ཆེན་བརྒྱན༔ དབུ་སྐྲ་ནག་པོའི་ཅོད་པན་ཅན༔ བདེ་གཤེགས་རིགས་
ལྔས་སྤྲས་པའོ༔ མཚན་དང་དཔེ་བྱད་ལྡན་པར་གསལ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རུ༔ བཅོམ་ལྡན་རིག་འཛིན་ཐོད་པ་རྩལ༔ དམར་ལྗང་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རལ་གྲི་ཕུར་པ་གདེངས༔ རབ་འཇིགས་ཆོས་བརྒྱད་འབར་བ་དང་༔ རིན་ཆེན་རུས་པས་བརྒྱན་པ་སྟེ༔ ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས༔ ཧོམ་ཁུང་བརྩེགས་པའི་གདན་ཁྲི་ལ༔ དྲག་པོའི་ལས་མཛད་སྟབས་ཀྱིས་བཞུགས༔ གསང་གནས་བདེ་སྐྱོང་འཁོར་ལོ་རུ༔ བཅོམ་ལྡན་གུ་རུ་དྲག་པོ་རྩལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གནམ་ལྕགས་རྡོ་རྗེ་འཕྱར༔ གཡོན་པས་སྡིག་པ་ཕོ་ཉར་འགྱེད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨིན་མ་ཨག་ཚོམ་མེ་ལྟར་འབར༔ སྤྱན་མིག་གྲུ་གསུམ་ཁྲག་ལྟར་ཁོལ༔ དཔྲལ་བའི་དབྱིངས་སུ་ཁྲོ་གཉེར་བསྡུས༔ རུས་པའི་རྒྱན་དང་དུར་ཁྲོད་ཆེས༔ གནོད་བྱེད་ཕོ་མོ་བསྣོལ་བའི་སྟེང་༔ ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་བགྲད༔ སྲིན་པོ་ཁྲོས་པའི་ཆ་ལུགས་ཅན༔ རྐང་གཡས་ལང་ཀའི་འཁོར་ལོ་རུ༔ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ དབུ་གཙུག་རྟ་མགོ་ལྗང་ཞུར་
འཚེར༔ གཡས་གཡོན་བེ་ཅོན་སྡིགས་མཛུབ་མཛད༔ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་༔ སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག རལ་པ་སེ་ཡན་ལ་སོགས་ཏེ༔ ཁྲོ་རྒྱལ་འབར་བའི་ཆ་ལུགས་ཅན༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ༔ ཀླུ་དང་རྒྱལ་འགོང་མནན་ཅིང་གཟིར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ རྐང་གཡོན་རླུང་གི་འཁོར་ལོ་རུ༔ བཅོམ་ལྡན་ཕྱག་ན་རྡོ་རྗེའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ནམ་མཁར་འཕྱར༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ སྦྲུལ་སྟག་རིན་ཆེན་རྒྱན་གྱིས་བརྒྱན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བགྲད༔ སྨིན་མ་ཨག་ཚོམ་དབུ་སྐྲ་རྣམས༔ དམར་སེར་གྱེན་དུ་མེ་འབར་ཚུལ༔ གནོད་སྦྱིན་ཁྲོས་པའི་ཆ་ལུགས་ལས༔ ཞབས་གཉིས་གཟའ་དང་ས་བདག་གཟིར༔ སྐུ་ཆེ་ཡན་ལག་རགས་པར་གསལ༔ སྤྱི་བོ་ཚངས་པའི་རྩ་བཟང་དེར༔ སངས་རྒྱས་ཐོད་པའི་དུམ་བུ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གྲི་ཁུག་ཌ་མ་རུ༔ གཡོན་པས་ཐོད་ཁྲག་ཁ་ཊཾ་ག ཁྲོ་འཛུམ་སྤྱན་གསུམ་རབ་ཏུ་
བགྲད༔ གླང་ཆེན་སྟོད་གཡོགས་སྟག་ཤམ་ཅན༔ རིགས་ལྔའི་དབུ་རྒྱན་ཅོད་པན་མཛེས༔ རུས་པའི་རྒྱན་དྲུག་དྲང་སྲོང་ཚུལ༔ སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས༔ དགྲ་བགེགས་བསྒྲལ་བའི་སྟེང་དུ་འགྱིང་༔ ཀུན་ཀྱང་རང་རང་འཁོར་ཚོགས་བཅས༔ ལྤགས་པའི་རྩ་བྲན་དཔའ་བོ་དང་༔ དཔའ་མོ་མཁའ་འགྲོ་ཤུགས་འགྲོ་གིང་༔ དམ་ཅན་ཕོ་ཉ་ལས་མཁན་བཅས༔ གསང་བཤང་ཁ་སྣ་མཚམས་མ་བཞི༔ ལྟེ་ནུ་ཚངས་བུག་སྒོ་མ་བཞི༔ ཐམས་ཅད་ཆོས་སྐུའི་རྣམ་འཕྲུལ་ལས༔ དམ་ཚིག་ཡེ་ཤེས་དབྱེར་མེད་གསལ༔ ལྷ་རྣམས་གནས་སུ་ཨོཾ་དཀར་དང་༔ ཨཱདམར་ཧཱུྃ་མཐིང་གསུམ་གསལ་བས༔ འཇུག་པ་ཨཱི་ལ་གནས་པ་ཨཱ༔ འབྱིན་པ་ཧཱུཾ་གི་རང་བཞིན་ཏེ༔ རླུང་གི་རྡུབ་གནས་འབྱིན་གསུམ་པོ༔ རྡོ་རྗེའི་བཟླས་པ་ལྷུན་གྱིས་གྲུབ༔ ཀ མདུན་བསྐྱེད་མཆོད་བསྟོད་བྱེད་ན༔ མངོན་རྟོགས་ཆེན་མོ་ལས༔ བློ་རབ་ཀྱིས་དཀྱིལ་འཁོར་སྐད་ཅིག་ལ་བསྒོམ་ཆོག་གསུངས་པས་༈ མདུན་གྱི་དཀྱིལ་འཁོར་དང་བུམ་པའི་ནང་དུ་ལྷ་ཚོགས་ཐམས་ཅད་གཞལ་གཡས་ཁང་དང་བཅས་པ་ལམ་གྱིས་བསྐྱེད་ལ༔ ཡེ་ཤེས་པ་རྒྱས་གདབ་རང་ཆས་སུ་བཞུགས་པ་གསལ་བའི་ཐུགས་སྲོག་
ཧྲཱིའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས༔ ཧཱུྃ་ཧྲཱི༔ རང་བྱུང་ཐུགས་རྗེ་མ་འགགས་རོལ་པའི་སྐུ༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་༔ ཐུགས་རྗེའི་ངང་ཉིད་ཆོས་ཀུན་དག་པ་ལས༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ རྣམ་དག་ཨོ་རྒྱན་བཀོད་པའི་ཕོ་བྲང་ནས༔ པདྨ་བཛྲ་འཁོར་བཅས་གཤེགས་སུ་གསོལ༔ ཤར་ཕྱོགས་ཕོ་བྲང་རི་བོ་ཏཱ་ལ་ནས༔ བུདྡྷ་ཐོད་ཕྲེང་འཁོར་བཅས་གཤེགས་སུ་གསོལ༔ ལྷོ་ཕྱོགས་གྱད་མཁར་བརྩེགས་པའི་ཕོ་བྲང་ནས༔ མི་བསྐྱོད་རྡོ་རྗེ་འཁོར་བཅས་གཤེགས་སུ་གསོལ༔ ནུབ་ཕྱོགས་སོ་ས་གླིང་གི་ཕོ་བྲང་ནས༔ པདྨ་དབང་ཆེན་འཁོར་བཅས་གཤེགས་སུ་གསོལ༔ བྱང་ཕྱོགས་མ་ག་ཏ་ཡི་ཕོ་བྲང་ནས༔ ཐོད་པ་རྩལ་ཆེན་འཁོར་བཅས་གཤེགས་སུ་གསོལ༔ ཤར་ལྷོ་བསིལ་བ་ཚལ་གྱི་ཕོ་བྲང་ནས༔ དྲག་པོ་མེ་ཕྲེང་འཁོར་བཅས་གཤེགས་སུ་གསོལ༔ ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ དཔའ་བོ་ཐོད་དུམ་འཁོར་བཅས་གཤེགས་སུ་གསོལ༔ ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ནས༔ དཔའ་བོ་རྟ་མགྲིན་འཁོར་བཅས་གཤེགས་སུ་གསོལ༔ བྱང་ཤར་ལྕང་ལོ་ཅན་གྱི་
ཕོ་བྲང་ནས༔ ལག་ན་རྡོ་རྗེ་འཁོར་བཅས་གཤེགས་སུ་གསོལ༔ ཀུན་ཀྱང་མ་ངེས་ཆོ་རོལ་སྤྱོད་པའི་ཚུལ༔ གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་བདག༔ ཆོ་འཕྲུལ་དུ་མ་རོལ་ཞིང་གཤེགས་སུ་གསོལ༔ འཁོར་གྱི་དྷ་ཀི་ཤུགས་འགྲོའི་ཚོགས་རྣམས་ཀུན༔ དོན་གྱི་དབྱིངས་ལ་ལྷུན་གྲུབ་གཅིག་མོད་ཀྱང་༔ གནས་སྐབས་ཡུལ་དོན་བྲན་གྱི་ཚུལ་སྣང་ཞིང་༔ མཐུ་སྟོབས་རྩལ་ལྡན་ནུས་པའི་ཤུགས་དང་ལྡན༔ བདག་སོགས་མོས་པའི་བུ་ལ་རབ་དགོངས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་ནས་ཀྱང་༔ དཀྱིལ་འཁོར་ཆེ་དང་ལུས་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་མཆེད་ལྕམ་རྣམས་ལ་དབང་བཞི་བསྐུར་རྒྱུད་འཛིན་མོས་པའི་སེམས་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་སྩོལ༔ ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ པདྨ་ཀཱ་མ་ལཱ་ཡེ་སྟོ༔ བཛྲ་ས་མན་ཛ་སིཾ༔ ཛཧཱུྃ་བཾ་ཧོ༔ ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པ་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཚོད་བསྟོད་ནི༔ ཨོཾ་སྣང་སྲིད་འདོད་ཡོན་
ལོངས་སྤྱོད་མཆོད་པའི་སྤྲིན༔ ཨཱརྣམ་དག་ལྷ་རྣམས་དགྱེས་པ་སྐོང་བར་བྱེད༔ ཧཱུྃ་གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོ༔ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨོྃ་ཨཱ༔ ཧཱུྃ་ཧོ༔ ཡེ་ཤེས་བདུད་རྩི་འཇམ་ལྡན་འོ་མའི་མཚོ༔ དྲི་བྲལ་ཡན་ལག་བརྒྱད་དང་ལྡན་པའི་ཆུ༔ བཅོམ་ལྡན་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ འགྲོ་རྣམས་སྒྲིབ་པ་བསལ་ཕྱིར་བཞེས་སུ་གསོལ༔ རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་༔ འགྲོ་བའི་སྒྲིབ་པ་བག་ཆགས་བསལ་བའི་ཕྱིར༔ ཆུ་གཙང་ཡིད་དུ་འོང་བའི་ཁྲུས་ཆབ་འདི༔ ཞལ་དང་ཕྱག་ཞབས་སྐུ་ཁྲུས་གསོལ་བར་བགྱི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ བཤོས་གཙང་སྒྲ་དབྱངས་གཟུགས་སྒྲ་དྲི་རོ་རེག༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་མཆོག༔ རྩ་གསུམ་ཞི་ཁྲོ་འཁོར་དང་བཅས་ལ་འབུལ༔ དབང་པོ་རྣམ་ལྔའི་མེ་ཏོག་གསུར་ཆེན་སྤྲོས༔ ཞུ་ཆེན་མར་མེ་མཁྲིས་པའི་གནེ་དང་༔ བདུད་རྩི་ཞལ་ཟས་རྐང་གླིང་ཐོད་རྔ་རྣམས༔ རྩ་གསུམ་དཀྱིལ་འཁོར་ཞི་ཁྲོའི་ཚོགས་ལ་འབུལ༔ ཡབ་ཡུམ་གཉིས་སུ་མེད་པའི་མཁའ་གསང་ནས༔ བྱང་ཆུབ་སེམས་ལྡན་ཐབས་དང་ཤེས་
རབ་བཅུད༔ དངོས་གྲུབ་དགའ་བཞིས་ཡེ་ཤེས་བདེ་ཆེན་མཆོག རྣམ་རོལ་རྩ་གསུམ་ཞི་ཁྲོ་དགྱེས་པར་ཚིམ༔ ནམ་མཁའ་ཡེ་ཤེས་ཀུན་བཟང་ཡངས་པའི་ཀློང་༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་༔ ཕྲག་དོག་རྣམ་རོལ་བདེ་ཆེན་དགྱེས་པའི་རོ༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ ཧྲཱི༔ བྷནྡྲ་ཁོར་ཡུག་ཡངས་པའི་སྣོད་ཆེན་དུ༔ དབྱིངས་དང་ཡེ་ཤེས་གཉིས་སྦྱར་བདུད་རྩི་མཆོག༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྒྱུ་དྲུག་རྐྱེན་བཞི་བདུད་རྩི་ར་ས་ཡ༔ རང་བྱུང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཧྲཱིཿ དུང་ཆེན་སྣོད་དུ་དམར་ཆེན་རྦ་རླབས་འཕྱོ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ གུ་རྒྱ་མཱུ་ལ་རཀྟ་བཅས་པ་རྣམསཿབཀྲམ་པའི་ལྷ་ཚོགས་རྣམས་ལ་དབུལ་བར་བྱ༔ ཧཱུྃ་ཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ དམ་རྫས་བདུད་རྩི་རྫས་ཀྱི་གཏོར་མ་འདི༔ རྣལ་འབྱོར་དགོངས་རྒྱུད་དག་པས་བྱིན་བརླབས་ནས༔ དད་དང་གདུང་བས་ལྷ་རྣམས་མཆོད་བགྱི་ནས༔ བླ་མ་རྣམས་དང་ཡི་དམ་དཀྱིལ་
འཁོར་ལྷ༔ དཔའ་བོ་དཔའ་མོ་མཁའ་འགྲོ་དམ་ཅན་ཚོགས༔ ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཞེས་སུ་གསོལ༔ ཐུགས་རྗེའི་ཐུགས་དམ་དབང་གིས་བཞེས་ནས་ཀྱང་༔ ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀི་ནི༔ སརྦ་བུདྡྷབོ་དྷི་སཏཱ༔ བཛྲ་མ་ཧཱ་ཀྲོ་ཏ༔ ཨགྷཾ་པཱཏྱཾ་པུཊྚེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དུ་ཤབྷ་རཱུ་པ་ཤབྷ་གནྡྷེ་རྭ་ས་སྤྱནེ་མ་ཧཱ་པུཙྪ༔ མ་ཧཱ་སུ་ཁ༔ སརྦ་པཉྩ་ཨ་མྲྀ་ཏ༔ མ་ཧཱ་རཀྟ༔ ཨི་དཾ་བ་ལིཾ་ཏ་གུ་ཎ་པུཙྪ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧཱུྃ༔ བདེ་ཆེན་རོལ་པ་དབང་གི་དཀྱིལ་འཁོར་ནས༔ སྲིད་གསུམ་སྒྲོལ་མཛད་ཆེ་མཆོག་ཐོད་ཕྲེང་རྩལ༔ ཞི་བའི་ངང་ལས་འབར་བའི་སྐུར་སྟོན་པ༔ པདྨ་བཛྲ་སྐུ་ལ་ཕྱག་འཚལ་བསྟོད༔ དཔལ་ཆེན་འབར་བའི་ཐུགས་དམ་གནད་བསྐུལ་ཞིང་༔ དགའ་བཞི་ཡེ་ཤེས་བསྐྱེད་པའི་རྣལ་འབྱོར་མ༔ མནྡ་ར་བ་ཤེས་རབ་ཡུམ་གྱི་ཚུལ༔ གསང་བ་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་གཞལ་ཡས་སུ༔ ཐུགས་ཀྱི་ཡེ་ཤེས་བུདྡྷ་ཐོང་ཕྲེལ་རྩལ༔ ཡོན་ཏན་འགྱུར་མེད་མི་བསྐྱོད་རྡོ་རྗེའི་སྐུ༔ གསུང་མཆོག་བདེ་ཆེན་པདྨ་དབང་གི་
ལྷ༔ ཕྲིན་ལས་འགྲོ་འདུལ་རིག་འཛིན་ཐོད་པ་རྩལ༔ ལོག་རྟོག་བདུད་འཇོམས་དྲག་པོ་གློག་ཕྲེང་ཅན༔ སངས་རྒྱས་དཔའ་བོ་ཡང་གྱུར་ཐོད་དུམ་ཅན༔ ཐམས་ཅད་དབང་སྡུད་རྟ་མགྲིན་དྲེགས་པའི་ཚོགས༔ དགྲ་བགེགས་ཚར་གཅོད་གསང་བདག་རྡོ་རྗེ་འཛིན༔ ཕྱོགས་མཚམས་གཙོ་བརྒྱད་ཡབ་ཡུམ་སྲས་འཁོར་བཅས༔ བླ་མ་ཡི་དམ་ཞི་ཁྲོ་དྷ་ཀིའི་ཚོགས༔ ཐམས་ཅད་དགོངས་འདུས་དཀྱིལ་འཁོར་ཕྱི་ནང་ལྷ༔ དཔའ་བོ་དཔའ་མོ་མཚམས་མ་ཕྱེད་གཟུགས་ཅན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ༔ དམ་ཅན་སྒོ་མར་བཅས་ལ་ཕྱག་འཚལ་བསྟོད༔ སྔགས་ཀྱི་འོད་ཟེར་བུམ་བསྐྱེད་ལ་ཕོག་པས༔ འོད་འཕྲོས་རྒྱལ་བའི་བྱིན་རླབས་ཐམས་ཅད་བསྡུས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་༔ ཨོྃ་ཨཱ༔ ཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཡབ་ཡུམ་གཙོ་བོ་ཀུན་གྱི་ཐུགས་ཀ་རུ༔ ཉི་ཟླའི་སྟེང་དུ་རྡོ་རྗེ་རྩེ་ལྔ་དཀར༔ ལྟེ་བའི་ནང་དུ་པདྨ་དམར་པོའི་སྟེང་༔ སྣང་བ་མཐའ་ཡས་རྒྱན་མེད་ཚེ་བུམ་བསྣམས༔ ཐུགས་ཀར་ཧྲིདང་བུམ་ནང་འབྲུ་གསུམ་བརྩེགས༔ སྐུ་ཡི་ཐ་མར་སྔགས་ཕྲེང་འཁོར་བ་ལས༔ འོད་འཕྲོས་
རྒྱལ་བ་ཀུན་མཆོད་བྱང་སེམས་དང་༔ འཁོར་འདས་ཚེ་བསོད་འོད་ཟེར་རྣམ་པ་རུ༔ བསྡུས་ནས་བདག་ལ་ཐིམ་པས་དངོས་གྲུབ་ཐོབ༔ ཅེས་སྔགས་རིང་ཐུང་གང་འདོད་དང༔ བདག་མདུན་ལྷ་ཚོགས་སོ་སོའི་ཐུགས་ཀ་རུ༔ དྷཱི༔ ཡིག་སྔགས་ཀྱིས་བསྐོར་བ་གསལ་བར་གྱུར༔ སོ་སོའི་གཙོ་བོ་གང་འདོད་བཟླས་ཏེ༔ ཨོྃ་ཨཱ༔ ཧཱུྃ་བཛྲ་གུ་རུ་པདྨ་བཛྲ་ཧཱུྃསརྦ་སིདྡྷི་ཧཱུྃ༔ ཨོྃ་ཨཱ༔ ཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་བཛྲ་ཨཀྟ་བླ་ཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཨ་ཙརྱ་མ་ཧཱ་ཡོ་ག་ཀ་པཱ་ལ་ཧཱུྃཕཊ༔ ཨོྃ་ཨཱ༔ ཧཱུྃ་ཨ་ཅིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཕཊ༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཧི་ཧེ་ཧཱུྃ་ཕཊ༔ ཅེས་ཅི་ནུས་དང་༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བུམ་ལྷ་རྣམས་ཞུ་བས་བདུད་རྩིར་གྱུར༔ འདི་སྐབས་དབང་དང་ཁྲུས་སོགས་བྱེད་པ་སྟེ༔ རྗེས་ནི༔ མདུན་བསྐྱེད་བུམ་བསྐྱེད་ལྷ་ཚོགས་རྣམས༔ ཚུར་འདུས་བདག་བསྐྱེད་ལྷ་ལ་བསྟིམ༔ རྗེས་ལ་སྤྱོད་ལམ་རྟོག་མེད་སྐྱོང་༔ འཁོར་འདས་བདག་གཞན་གཉིས་མེད་བསྲེ༔ བཅོས་བསླད་མེད་པར་ཀློད་ལ་གནད༔ སྤང་བླང་རེ་དོགས་མེད་པར་སྤྱོད༔
གཉིས་མཉམ་ཆེན་པོའི་བྱ་བ་ལ༔ གྲུབ་དང་མ་གྲུབ་ཐ་སྙད་བྲལ༔ ཞེས་གསུངས་པ་ལྟར་བྱའོ༔ ཞེས་སྒྲུབ་ཆེན་དུས་ཉམས་ལ་བབས་ནས་ཉིན་ཕྱེད་ཡོལ་ཙམ་ནས་ཉི་ནུབ་དབང་གི་དུས་སུ་ཚར་བར་བསྒྲིགས་པ་ལ༔ འགལ་འཁྲུལ་ཉེས་པ་མཆིས་ན་ཆོས་བདག་སྲུང་མ་རྣམས་ལ་བཤགས་ཤིང་༔ དགེ་བས་འདི་ཉིད་དང་འབྲེལ་ཚད་ཐམས་ཅད་ཚེ་འདི་ཉིད་ལ་པདྨ་བཛྲ་དང་དབྱེར་མེད་པར་འགྲུབ་པར་གྱུར་ཅིག༔ བཀའ་སྲུང་རྣམས་ཀྱིས་འདི་འཕེལ་ཞིང་བཀྲ་ཤིས་པའི་ཕྲིན་ལས་མཛོད་ཅིག ཅེས་རཱ་ག་ཨ་སྱས་སྦྱར༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།