བྱང་གཏེར་དྲག་མཐིང་གི་བྱིན་རླབས་དབང་ལྔ་ཁྱེར་བདེར་བཀོད་པ།
བྱང་གཏེར་དྲག་མཐིང་གི་བྱིན་རླབས་དབང་ལྔ་ཁྱེར་བདེར་བཀོད་པ་བཞུགས་སོ༔
རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ གདེང་དང་ལྡན་པའི་སྐྱེས་བུ་ཡིས༔ དད་ལྡན་སློབ་བུ་སྣོད་ལྡན་ལ༔ ལམ་གྱི་བར་ཆད་བསྒྲལ་བའི་ཕྱིར༔ བྱིན་རླབས་ཐུགས་རྗེའི་དབང་ལྔ་བསྟན༔ ཡར་ངོ་ཚེས་བཅུ་མཆོད་པའི་དུས༔ མཎྜལ་པདྨ་འདབ་བརྒྱད་ལ༔ སྒོ་བཞི་རྒྱན་དང་ལྡན་པར་ནི༔ དབུས་སུ་གཏོར་མ་རིན་ཆེན་དབྱིབས༔ སིན་རའམ་འབྲི་མོག་བྱུག༔ སྨན་དང་རཀྟའི་ཕུད་ཀྱིས་བྲནུ༔ དེ་སྟེང་རྡོ་རྗེ་དྲག་པོ་རྩལ༔ འགྱིང་བག་ལྡན་པ་བཞུགས་སུ་གསོལ༔ དེ་ཡི་གཡོན་དུ་གསང་བའི་སྔགས༔ ཡི་གེ་ཧཱུྃ་ཆེན་མཐིང་ག་བྲི༔ མེ་ལོང་གཙང་མར་སིནྡྷཱརས༔ ཐིག་ལེ་ལྔ་ཡིས་མཚན་པ་དང་༔ ཧཱུྃ་ལྔ་འོད་ཟེར་ལྔ་ལྡན་པ༔ མཆོད་པའི་ཕྲིན་ལས་རྒྱས་པར་འབུལ༔ བསྙེན་པ་སུམ་བརྒྱ་ཉེར་གཅིག་གིས༔ དབང་
གི་བྱིན་རླབས་ནུས་པར་ལྡན༔ ཚོགས་མཆོད་འབུལ་ཞིང་བསྐང་བ་བྱ༔ ཞེས་པ་ལྟར་དུ་སྒྲུབ་ན་ལེགས༔ བསྡུ་ན་དབང་རྫས་སྤྱི་ལྟར་བཤམས༔ སྐད་ཅིག་དྲན་རྫོགས་ལྷར་གསལ་གདབ༔ སུམ་བརྒྱ་ཉེར་གཅིག་ཧཱུྃ་ལ་བསྙེན༔ ཨེ་མ༔ བདག་ཉིད་སྒྲུབ་པའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་མཎྜལ་བཤམས༔ མདུན་དུ་པདྨ་ང་ཉིད་སྐུ༔ རབ་གནས་ལྡན་པ་བཞུགས་སུ་གསོལ༔ ཐུགས་སྒྲུབ་སེམས་ལ་ལོངས་སྤྱོད་ཕྱིར༔ སྒྲུབ་རྫས་མཆོད་གཏོར་བཤམས་མི་འཚལ༔ སྤྱན་འདྲེན་མཆོད་བསྟོད་བསྐུལ་མི་དགོས༔ དཀྱིལ་འཁོར་གསུམ་གྱི་བསྒྲུབ་པ་བྱ༔ དེ་ལ་བསྙེན་པའི་རྟགས་རྫོགས་ནས༔ དངོས་གྲུབ་བླང་བའི་ཆོ་ག་བྱ༔ ཞེས་གསུངས་སྔོན་འགྲོ་ཁྲུས་བྱས་བཤམས༔ ཞེས་པས་ཆབ་བླངས་མེ་ཏོག་བཀྱེ༔ བཛྲ་ས་ཏཱ་
སོགས་བསྐུལ་ལོ༔ དེ་ནས་དབང་བཤད་ནི༔ འོ་ན་ད་ལམ་ཁྱེད་རྣམས་ལ༔ གུ་རུ་དྲག་མཐིང་གི་བྱིན་རླབས་དབང་ལྔ་ཞེས་བྱ་བ་བསྐུར་བ་ཡིན་ཏེ༔ དེ་ལ་དྲག་མཐིང་འདིའི་རྒྱུད་ཇི་ལྟར་གསུངས་ཤིང་ལུང་བསྟན་ཚུལ༔ ལུང་བསྟན་དང་མཐུན་པར་སྤྲུལ་པ་བྱོན་ནས་འགྲོ་དོན་མཛད་ཚུལ༔ སྒྲུབ་ཐབས་གསུངས་ཤིང་གཏེར་ནས་ཐོན་ཏེ་རིམ་པར་བརྒྱུད་ཚུལ༔ ཕན་ཡོན་དགོས་ཆེད་བསྟན་པའོ༔ དང་པོ་ནི་སྔོན་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་རྫོགས༔ ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་གི་བར་དུ༔ བདུད་མ་ཏྲཾ་རུ་ཏྲ་ཞེས་བྱ་བ་ཤིན་ཏུ་འཇིགས་ཤིང་མ་རུངས་པ་ཞིག་བྱུང་ནས་འཇིག་རྟེན་གསུམ་ཕུང་བར་བྱས་སོ༔ དེའི་ཚེ་བདེ་བར་གཤེགས་པ་ཐམས་ཅད་བཀའ་བགྲོས་ནས༔ རུ་ཏྲ་བསྒྲལ་ཏེ་ཕུང་པོ་ཚལ་པར་བཏང་ནས་རི་རབ་ཀྱི་རྩེ་ནས་གླིང་བཞིར་འཕང་ངོ་༔ དེའི་ཚེ་ན་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་འཁོར་ཁྲོ་བོ་རྣམས་ཀྱིས༔ ཁྲོ་བོའི་གདུལ་བྱ་དྲག་པོ་འདི་ལ་བརྟེན་ནས༔ ཐུགས་ཀྱི་སྙིང་པོ་གསང་སྔགས་འདི་སྤྱོད་པའི་སྐྱེས་བུ་སུ་ཞིག་མཆིས༔ གང་དུ་དར་ཞེས་ཞུས་པས༔ དཔལ་ཆེན་ཧེ་རུ་ཀས་བཀའ་སྩལ་པ༔ ཉོན་ཅིག་རིགས་བཞིའི་ཁྲོ་རྒྱལ་
ཚོགས༔ ཤཱཀྱ་ཐུབ་པའི་བསྟན་པ་ཤར༔ སྤྲུལ་སྐུའི་འགྲོ་བའི་དོན་མཛད་ནས༔ མྱ་ངན་འདའ་བའི་ཚུལ་བསྟན་ཚེ༔ དེ་མ་ཐག་ཏུ་རྒྱལ་བའི་ཚབ༔ ལྷོ་ཕྱོགས་འཛམ་བུའི་གླིང་འདི་རུ༔ དཔལ་གྱི་སྤྲུལ་པ་རྣམ་བརྒྱད་བྱུང་༔ ཁྱད་པར་ལྷོ་ནུབ་ཨོ་རྒྱན་དུ༔ རྡོ་རྗེ་འཆང་འཁྲུངས་སྤྲུལ་པའི་སྲས༔ མངལ་གྱིས་མ་གོས་བརྡ་ཡིས་འཁྲུངས༔ ཐུབ་པའི་བསྟན་པ་མཐའ་རུ་རྒྱས༔ གསང་སྔགས་སྙིང་པོ་དར་བར་འགྱུར༔ ཞེས་གཏེར་རྒྱུད་ཆེན་པོ་ལ་སོགས་མན་ངག་གི་རྒྱུད་བདུན༔ ཏནྟ་ཆེན་པོ་བཅོ་བརྒྱད་གསུངས་ཏེ༔ ལྕང་ལོ་ཅན་དུ་རིན་པོ་ཆེའི་གའུར་གཞུག་པ༔ ཕྱིས་ཕྱག་ན་རྡོ་རྗེས་རྒྱལ་པོ་ཛའི་ཕོ་བྲང་གི་སྟེང་དུ་གླེགས་བམ་གྱི་ཆར་བབ་པས༔ རྒྱུད་སྡེ་དེ་རྣམས་མི་ཡུལ་དུ་དར་རོ༔ དེ་ལྟར་རྒྱུད་སྡེ་རྣམས་ནས་ལུང་བསྟན་པ་ལྟར༔ སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་རྗེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་གཅིག་ཏུ་དྲིལ་བ༔ འཇའ་འོད་ཀྱི་ཀློང་ནས་ཧཱུྃ་མཐིང་ནག་ཅིག་འཛམ་བུ་གླིང་དུ་སྤྲོས་པས༔ སིན་དྷུ་རོལ་པའི་མཚོ་གླིང་དུ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་བརྡའི་ཚུལ་དུ་འཁྲུངས་ཏེ༔
དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་སྲས་ལ་སོང་༔ དེའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་དང་མཆོད་པའི་སྤྲིན་ཆེན་པོ་གཏིབ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱིས་དུས་གཅིག་ལ་ཕྱག་གྱང་འགྱེལ་བ་ལྟར་འཚལ༔ ནམ་མཁའི་གཟའ་བྲན་དང་རྒྱལ་མཚོའི་ཀླུ་ཐམས་ཅད་དམ་ལ་བཏགས་པས༔ མཚན་རྡོ་རྗེ་རྒྱལ་པོ་རྩལ་དུ་བཏགས༔ དེར་གསང་སྔགས་ཀྱི་རྒྱུད་སྡེ་དཔག་ཏུ་མེད་པ་གསུངས་པ་ཐམས་ཅད་ཕལ་ཆེར་མཁའ་འགྲོས་གདན་དྲངས༔ མི་ཡུལ་དུ་ནི་དྲག་མཐིང་འདི་ཙམ་མ་གཏོགས་ཆེ་བར་མེད་གསུངས་སོ༔ དེ་ནས་རིམ་པར་དུས་གཅིག་ཏུ་ཡང་སྐུའི་བཀོད་པ་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས་རྒྱ་དཀར་ནག༔ ལྷ་ཀླུ་མཁའ་འགྲོའི་ཡུལ༔ ལི་ཡུལ་ཤམ་བྷ་ལ༔ སྟག་གཟིག་ཞང་ཞུང་ཡུལ་སོགས་སུ་ལོ་སུམ་སྟོང་འགྲོ་དོན་མཛད༔ དེ་ནས་བོད་དུ་ཕེབས་ནས་བོད་ཡུལ་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་འདྲེ་སྲིན་གྱིས་གང་བ་ཐམས་ཅད་དམ་ལ་བཏགས༔ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་དང་༔ གནས་ཆེན་ཐམས་ཅད་བྱིན་གྱིས་བརླབས༔ གཏེར་ཁ་བྱེ་བ་ས་ཡ་སྦས་སོ༔ དེའི་ཚེ་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་ཐུགས་སྲས་རྣམས་ལ་
གདམས་པ་ཟབ་དགུ་གནང་སྟེ༔ ཁྱད་པར་དུ་རྡོ་རྗེ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ རྒྱ་གར་སྟོན་པ་ཤཱཀྱ་ཐུབ་པ་ལ༔ བོད་ཀྱི་སྟོན་པ་ཨོ་རྒྱན་ཉིད༔ ཨོ་རྒྱན་པདྨ་ཞེས་བྱ་བ༔ ཀུན་ཏུ་བཟང་པོའི་ངོ་བོ་ཉིད༔ རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ༔ རིགས་ལྔའི་སངས་རྒྱས་འདུས་པའི་དཔལ༔ རིགས་གསུམ་མགོན་པོའི་རང་བཞིན་ཏེ༔ སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེན་པོ་མངོན་སུམ་ཉིད༔ བདག་ཅག་ཐུབ་པ་དྲུག་གི་སྐུ༔ གཅིག་ཏུ་སྤྲུལ་པའི་སྲས་གཅིག་པུ༔ མ་འོངས་སེམས་ཅན་མགོན་གཅིག་ཡིན༔ སངས་རྒྱས་སྟོང་གི་གདུང་གཅིག་པོ༔ དུས་གསུམ་སངས་རྒྱས་སྤྱི་འདུས་ཉིད༔ བདེ་གཤེགས་རྣམས་ཀྱི་སྐུ་ གསུམ་རྫོགས༔ སངས་རྒྱས་ཀུན་གྱི་རང་བཞིན་ཏེ༔ ཞེས་ཐུབ་པ་ཆེན་པོས་གསུངས་པ་ལྟར༔ སྒྲུབ་པ་བཀའ་བརྒྱད ་ཀྱི་ལྷ་ཚོགས་རྣམས་ཀྱང་༔ ཨོ་རྒྱན་ཉིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི་ངོ་བོ་ཡིན་པར་གསུངས་ནས༔ རྡོ་རྗེ་དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལ་བརྟེན་ནས་ཐུགས་སྒྲུབ་ཟབ་མོ་འདི་ཉིད་མཛད་ནས་གནང་ངོ་༔ ཨོ་རྒྱན་མཁའ་འགྲོའི་གླིང་ན་ཟབ་པའི་བཀའ༔ བསམ་གྱིས་མི་ཁྱབ་
གསུངས་ཀྱང་སྙིང་གི་ཐིག༔ དྲག་པོ་ཐུགས་ཀྱི་སྒྲུབ་པ་འདི་བརྩམས་ནས༔ གཏེར་དུ་སྦས་ནས་ནམ་ཞིག་བསྟན་པའི་མཐར༔ ལས་ཅན་ང་ཡི་བུ་དང་འཕྲད་པར་ཤོག༔ ལྔ་བརྒྱ་ཐ་མ་ཤར་བའི་ཚེ༔ རི་བོ་བཀྲ་བཟང་ཤར་འདབས་སུ༔ ལས་ཅན་སྦས་པའི་རྣལ་འབྱོར་པ༔ རྒོད་ཀྱི་ལྡེམ་འཕྲུ་ཅན་ཞེས་འབྱུང་༔ དེ་ཕྱིར་ང་ཡི་ཐུགས་སྒྲུབ་གཞུག༔ ཅེས་གསུངས་ནས་བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བའི་རྐེད་པར་གཏེར་དུ་སྦས་པ་ལ༔ ཕྱིས་སྣ་ནམ་བདུད་འཇོམས་ཀྱི་སྐྱེ་བ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས༔ མེ་ཕོ་རྟའི་ལོ་ས་ག་ཆེན་པོའི་ཚེས་བརྒྱད་ལ་གཏེར་ནས་བཏོན་པས༔ དབུས་བསེ་སྒྲོམ་སྨུག་པོ་ལ་སོགས་ཤོག་སེར་གྱི་སྒྲོམ་ལྔ་བྱོན་པའི་ནང་ནས། བྱིན་རླབས་བླ་མའི་སྒྲུབ་པ་དྲག་པོ་མཐིང་ག་འདི་འགྲོ་དོན་ཆེ་ཞིང་དར་ཆེ་བར་གྱུར་པའོ༔ དེ་ནས་གཏེར་སྟོན་ནས་བརྒྱུད་པ་མང་དུ་གྱེས་པ་ཐམས་ཅད་རྒྱ་མཚོ་ལ་ཆུ་བོ་བཞིན་དུ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ལ་འདུས་གཏེར་སྟོན་བཀྲ་ཤིས་སྟོབས་རྒྱལ་བོ་དང་༔ སྲས་རིག་འཛིན་ངག་གི་དབང་པོ་གཉིས་ཀ་ལ༔ འོ་བྲན་དཔལ་གྱི་དབང་ཕྱུག་གི་གདུང་རྒྱུད༔ བླ་མ་ངག་དབང་འཇིགས་མེད་
གྲགས་པས་གསན༔ དེ་ལས་བདག་རཱ་ག་ཨ་སྱས་ཐོབ་པའོ༔ བཞི་པ་འདི་ཡི་ཕན་ཡོན་དགོས་ཆེད་བཤད་པ་ནི༔ ཨོ་རྒྱན་ཉིད་ཀྱི་བཀའ་འདི་ཉིད་ཀྱི་གཞུང་ལས༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་ཡིན༔ ནོར་སྒྲུབ་རིན་ཆེན་སྤུང་པ་ཡིན༔ སྡེ་བརྒྱད་འདུལ་བའི་གཉེན་པོ་ཡིན༔ སྒྲུབ་ཆེན་བཀའ་བརྒྱད་འདུས་པ་ཡིན༔ པདྨ་འབྱུང་གནས་སྙིང་ཐིག་ཡིན༔ མཁའ་འགྲོ་རྣམས་ཀྱི་སྙིང་ཁྲག་ཡིན༔ ཀུན་བཟང་ཐུགས་ཀྱི་དགོངས་པ་ཡིན༔ ལས་ཆེན་བུ་ཡི་དངོས་གྲུབ་ཡིན༔ ང་ཡི་རྗེས་འཇུག་རྣལ་འབྱོར་པ༔ མན་ངག་འདི་དང་འཕྲད་པའི་ཚེ༔ བརྩོན་འགྲུས་དྲག་པོས་བར་ཆད་སྤངས༔ ཉམས་ལེན་དྲག་པོས་དངོས་གྲུབ་ཐོབ༔ ཐེ་ཚོམ་མེད་པར་སྒྲུབ་པ་མཛོད༔ བུ་ཁྱོད་ཡི་དམ་འདི་ལ་མཛོད༔ བདག་དང་ཞལ་མཇལ་ལུང་བསྟན་ངེས༔ སེམས་ཀྱིས་རྩེ་གཅིག་ཉམས་ལེན་འདི་ལ་མཛོད༔ ཚེ་ལུས་འདི་ལ་མཆོག་གི་དངོས་གྲུབ་ཐོབ༔ རྣམ་སྨིན་སྒྱུ་ལུས་འཇིགས་མེད་རྡོ་རྗེར་འགྱུར༔ ཚེ་གཅིག་སྒྲུབ་པ་ཐུགས་རྗེའི་སྙིང་པོ་འདི༔ བཟླས་པ་ཙམ་གྱིས་ཕྱི་ནང་བར་ཆད་འཇོམས༔ ཁམས་གསུམ་སྲིད་གསུམ་མ་ལུས་ཀུན་གྱི་སེམས༔ འདི་
ཉིད་བཟླས་པས་སྐྱེ་འགྲོ་དབང་དུ་འདུ༔ ལྷ་སྲིན་སྡེ་ བརྒྱད་དྲེགས་པ་ཀུན་གྱི་སྲོག༔ འདི་ཉིད་བཟླས་པས་ཁམས་གསུམ ་དབང་དུ་བསྡུ༔ རྒྱལ་པོ་བཞིན་དུ་སྟོང་གསུམ་ཟིལ་གྱིས་གནོན༔ འབྲུག་སྒྲ་བཞིན་དུ་སྙན་པ་ཕྱོགས་བཅུར་ཁྱབ༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་སྙིང་པོ་འདི༔ བཟླས་པ་ཙམ་གྱིས་ཆོས་ཉིད་རང་སྒྲ་རྡོལ༔ དམིགས་མེད་ཡུལ་བྲལ་རྒྱལ་བའི་དགོངས་པ་རྙེད༔ རྣམ་སྨིན་རང་ལུས་འབྱུང་བཞིའི་ནད་དང་བྲལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས་པར་འགྱུར༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཐུགས་དགོངས་གཏིང་མཐའ་མེད་དེ་རྒྱ་མཚོ་ལས༔ བཀའ་གསང་རབ་འབྱམས་རྒྱ་མཚོའི་ཆོས་གསུངས་ཀྱང་༔ ཆོས་རྣམས་བསྡུས་པས་ཐེག་པ་ཕྱི་ནང་གཉིས༔ དེ་ཡི་བཅུད་དྲིལ་གསང་སྔགས་སྙིང་པོ་ལ༔ རིག་སྔགས་གསང་སྔགས་གྲུབ་མཐའ་མཐའ་ཡས་ཀྱང་༔ སྙིང་པོས་བསྡུས་པ་ལྷ་གཅིག་བསྒོམ་པ་དང་༔ སྔགས་གཅིག་བཟླས་དང་བསམ་གཏན་རྩེ་གཅིག་བསྒོམ༔ ཀུན་གྱི་སྙིང་པོ་འདི་ཉིད་གསུམ་ལ་འདུས༔ ལྷ་ཡི་ཏིང་འཛིན་བྱེ་བ་བསམ་ཡས་ཀྱང་༔ སྐུ་ཡི་ངོ་བོ་རྡོ་རྗེ་སློབ་དཔོན་ཡིན༔ ཡི་དམ་ལྷ་ཚོགས་མ་འདུས་གང་
ཡང་མེད༔ སྔགས་ཀྱི་སྒྲ་སྐད་བྱེ་བ་བསམ་ཡས་ཀྱང་༔ སྔགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ་ལ་འདུས༔ བདེ་གཤེགས་སྙིང་པོ་མ་འདུས་གང་ཡང་མེད་༔ ཐུགས་ཀྱི་དགོངས་པ་བརྗོད་བྲལ་ཆེན་པོ་ལ༔ ཀུན་བཟང་དགོངས་པ་སྟོང་གསལ་འཛིན་པ་མེད༔ ཆོས་ཉིད་ཀློང་ཆེན་མ་འདུས་གང་ཡང་མེད༔ སྐུ་ཡི་རིགས་ཉིད་རང་རིག་བླ་མ་ལ། དུས་གསུམ་རྒྱལ་བ་རིག་འཛིན་ཐམས་ཅད་ཀྱི༔ དབང་བསྐུར་རྗེས་གནང་རྡོ་རྗེ་དྲག་པོ་རྩལ༔ པདྨ་འབྱུང་གནས་བདག་ཉིད་བསྒོམ་པར་བྱ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བདག་ལ་རྫོགས༔ ཏིང་འཛིན་ཉམས་མྱོང་ཐམས་ཅད་རྒྱུད་ལ་འཆར༔ དུས་ག༔ སུམ་རིག་འཛིན་མ་ལུས་བདག་ལ་རྫོགས༔ དབྱིངས་རིག་འཛིན་བྲལ་མ་ལུས་བདག་ལ་རྫོགས༔ དབྱིངས་རིག་རྣམ་དག་ཚེ་ཡི་རིག་འཛིན་བརྙེས༔ བྱང་སེམས་འཕགས་པའི་སྤྲུལ་སྐུ་བདག་ལ་རྫོགས༔ ཐུགས་རྗེའི་འགྲོ་དོན་སྙིང་རྗེ་རྒྱུད་ལ་འཆར༔ གསུང་གི་སྙིང་པོ་ཡི་གེ་ཧཱུྃ་བརྗོད་པས༔ གསང་སྔགས་ཕྱི་ནང་སྙིང་པོ་འདི་ལ་རྫོགས༔ ངག་གི་བདེན་པས་མཐུ་རྩལ་འགྲུབ་པ་དང་༔ ལྷ་ནད་གདོན་འཚེ་གཟའ་རྣམས་མ་ལུས་འཇོམས༔
མངོན་སུམ་རྗེན་པར་རང་སེམས་ཆོས་ཉིད་རྟོགས༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་སྙིང་པོ་འདི༔ གྲུབ་ཐོབ་རིག་འཛིན་རྣམས་ཀྱི་སྙིང་པོ་ཡིན༔ རྣམ་སྨིན་སྒྱུ་ལུས་འཇིགས་པའི་ནད་དང་བྲལ༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བ་ལ༔ མཎྜལ་ཕུལ་ཞིང་གསོལ་བ་གདབ་ཅེས་གསུངས་པས་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ༔ རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི༔ སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག༔ ད་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཀྱི་མ་གུ་རུ་སྤྲུལ་པའི་སྐུ༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་། ཕྲིན་ལས་ཆེན་པོ་འགྲོ་བའི་དོན༔ གདུལ་བྱ་རྒྱས་པར་མཛད་དུ་གསོལ༔ བདག་འདྲ་དད་པའི་སློབ་བུ་ལ༔ ཐུགས་རྗེ་ཆེན་པོས་བཟུང་དུ་གསོལ༔ ཅེས་བརྗོད་མེ་ཏོག་གཏོར་ནས་ཀྱང་༔ དེ་ནས་བླ་མས་གནང་བ་བྱིན༔ མ་ཧཱ་གུ་རུའི་ནུས་པའི་དབང་༔ རིགས་ཀྱི་བུ་ལ་སྦྱིན་པར་བྱ༔ སྙིགས་མའི་སེམས་ཅན་དུག་ལྔ་རགས༔ དེ་ཡིས་དབང་སྒྱུར་ངན་སོང་ལྟུང་༔ རྐྱེན་རྣམས་བར་ཆད་མེད་པ་ཡི༔ དམ་ཚིག་ཉམས་ན་གཉིས་ཀ་
བརླག༔ ལུས་སྲོག་བྲལ་ལ་ཐུག་གྱུར་ཀྱང་༔ དམ་ཚིག་བསྲུང་ན་དབང་སྐུར་སྦྱིན༔ དེ་ནས་སློབ་མ་ལྷར་བསྐྱེད་ཅིང་གཏོར་མར་གསལ་འདེབས་བཅུག་སྟེ༔ ཁྱེད་རང་རྣམས་ཀྱང་གུ་རུ་དྲག་པོའི་སྐུ༔ གཏོར་མ་སྐུ་གཟུགས་དང་བཅས་པ་ཡང་གུ་རུ་དྲག་པོའི་སྐུ་སོ་སོར་འདི་ལྟར་དུ་གསལ་ཐོབ་ཅིག༔ ཧཱུྃ༔ རྒྱུ་ཡི་ཡི་གེ་འོད་འཕྲོས་འདུས་པ་ལས༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་༔ སྲིན་པོ་རུ་ཏྲ་བརྫིས་པའི་གདན་སྟེང་དུ༔ མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ རང་རིག་རང་བྱུང་རང་ཤར་གསལ་བར་བསྒོམ༔ པདྨ་ཙནྡྲ་སཱུརྱ་མཎྜལ་རུ་ཏྲ་ཏི་ར་ནན༔ ཧཱུྃ༔ སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས༔ ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན༔ རིན་ཆེན་རུས་རྒྱན་ཟབ་ཆེན་བེར་ལ་སོགས༔ མཁའ་འགྲོ་དམ་ཅན་དབང་སྡུད་རྒྱན་གྱིས་བརྒྱན༔ དུར་ཁྲོད་ཆས་བརྒྱད་འཇིགས་པའི་གར་དགུ་ལྡན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ལྷ་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས༔ འོད་ཟེར་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ ཞབས་གཉིས་གྱད་ཀྱི་འགྱིང་བག་སྟབས་སུ་
བཞུགས༔ དེ་ཝ་བཛྲ་ཧཱུྃ༔ ཧཱུྃ༔ སྤྱི་བོ་ཚངས་པའི་བུ་གའི་པད་འདབ་སྟེང་༔ མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྫོགས༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧཱུྃ༔ ཀླད་པ་དུང་ཁང་རྩ་བའི་དཀྱིལ་འཁོར་ལ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ ཧཱུྃ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ལ༔ པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་རྒྱ་གྲི་ཝ་ཧཱུྃ༔ ཧཱུྃ༔ སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ལ༔ རྡོ་རྗེ་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཧཱུྃ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་ལ༔ བདུད་རྩི་ཡེ་ཤེས་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་པཉྩ་ཨ་མྲྀ་ཏ་ཧཱུྃ༔ ཧཱུྃ༔ གསང་བ་བདེ་སྐྱོང་འཁོར་ལོའི་རྩ་འདབ་ལ༔ ཆེ་མཆོག་མ་མོའི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཧ་ཧ་མ་མ་ཕཊ་བྷོ༔ ཧཱུྃ༔ རྩ་ཆེན་རྩ་བྲན་སྟོང་གི་འཁོར་ལོ་ལ༔ མཁའ་འགྲོ་འབུམ་སྡེའི་ལྷ་ཚོགས་ཐམས་ཅད་རྫོགས༔ ཧ་རི་ནི་ས་ཧཱུྃ༔ ཧཱུྃ༔ སྐུ་ནི་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དབུ་ལ་རྒྱལ་བ་རིགས་ལྔའི་དབང་སྐུར་མཛད༔ ཧཱུྃ་ཨོཾ་སྭཱ་
ཧཱུྃ་ཨཱ༔ ཧཱུྃ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས༔ འཇིགས་བྱེད་ཁྲོ་བོ་བཅུ་ཡི་ལྷ་ཚོགས་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕྱག་གཡོན་གསེར་གྱི་དྲིལ་བུ་བསྣམས་པ་ལ༔ འཇིགས་བྱེད་ཁྲོ་མོ་བཅུ་ཡི་ལྷ་ཚོགས་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞབས་གཉིས་བརྐྱང་བསྐུམས་རུ་ཏྲ་བརྫིས་པ་ལ༔ ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས༔ མ་མ་རཱ་ཛ་དུ་ཏྲི་སརྦ་ཏྲིག་ནན༔ དེ་ནས་རོལ་མོའི་སྒྲ་དང་སྤོས་དུད་བཅས་པས༔ དེ་ནས་བླ་མའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་སྤྱན་དྲངས་པ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ གུ་རུ་དྲག་མཐིང་ལྷ་ཚོགས་རྣམས༔ ཁ་བ་བུ་ཡུག་བཞིན་དུ་བྱོན༔ སློབ་མ་རྣམས་དང་དབང་རྫས་ལ༔ མཚོ་ལ་ཆར་པ་བབ་བཞིན་ཐིམ༔ དེ་ལྟར་མ་ཡེངས་རྩེ་གཅིག་བསྒོམ༔ ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་
མང་པོ་སི་ལི་ལི༔ དུར་ཁྲོད་རོལ་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔའི་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་དི་རི་རི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ་༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི་གིང་ཆེན་དཔའ་བོའི་ཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣ་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང་༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨེ་ཧྱ་ཧི་བྷ་ག་ཝན༔ མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོ༔
ས་མ་ཡ་སྟོ༔ རོལ་མོ་ཡུན་རིང་བྱ༔ སྔགས་བརྗོད་གཏོར་མ་དང་སློབ་མར་བསྟིམ་ལ་ཉུང་ན་སྤྱི་བོར་རྡོ་རྗེ་བཞག༔ མང་ན་བཞག་ཚུལ་བྱས་པས་ཆོག་སྟེ་གཞུང་ན་མེད་དོ༔ ཏིཥྛ་བཛྲ༔ དེ་ནས་གཏོར་མ་སྐུ་བཅས་ཐོགས་ལ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས༔ གུ་རུའི་ལྷ་ཚོགས་སྤྱན་དྲངས་ཏེ༔ རིག་འཛིན་དངོས་ཀྱི་ཐུགས་ཀར་ཐིམ༔ སྐུ་བཀྲག་མདངས་དང་གཟི་བརྗིད་ལྡན༔ སྤྱན་གསུམ་ཞལ་བསྒད་འགྱིང་བག་ལྡན༔ མཚན་དང་དཔེ་བྱད་ལྡན་པར་བསྒོམ་སློབ་མའི་སྤྱི་བོར་ལྷའི་སྐུ་བཞག་ལ་དབང་བསྐུར་བྱིན་གྱིས་བརླབས་པར་བསམ༔ སྒྲ་ཆེན་གདང་གིས་འདི་སྐད་བརྗོད༔ ཨོཾ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ གཟི་བརྗིད་འོད་འཕྲོ་མཚན་དང་དཔེ་བྱད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདག་ཅག་ལུས་ཀྱི་ཉེས་པ་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་ཧཱུྃ་གི་ཡི་གེ་བཞག་ལ༔ ཨཱཿ སྒྲ་ཡི་སྙིང་པོ་ཀུན་འདུས་ཡི་གེ་ཧཱུྃ༔ དྲག་ལ་ངར་ལྡན་གདང་ཆེན་ཆེ་བའི་མཆོག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆལ་ཚིག་ངག་གི་ཉེས་པ་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྙིང་
ཁར་གཏད་ལ༔ ཧཱུྃ༔ བདེ་གཤེགས་མ་ལུས་ཀུན་གྱི་སྙིང་པོ་ནི༔ མ་བཅོས་རང་བྱུང་གསལ་འཚེར་སྐྱོན་དང་བྲལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁྲུལ་པ་ཡིད་ཀྱི་ཉེས་པ་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་འཁོར་ལོ་གཏད་ལ༔ སྭཱ༔ འདོད་པའི་ཡོན་ཏན་ཤེས་རབ་རིན་པོ་ཆེ༔ དགོས་འདོད་ཀུན་འབྱུང་བླ་མ་མཆོད་པའི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཛིན་བྱེད་ཞེན་སྣང་ཉེས་པ་སྦྱང་དུ་གསོལ༔ ཨོཾ་ཨཱཧཱུཾ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ལྔ་ཡན་ལག་ལྔ་ལ་གཏད་ནས༔ རྒྱལ་བའི་མཛད་ཕྲིན་ཕྲིན་ལས་སྟོབས་ཆེན་མཛད༔ ཕྲིན་ལས་རྣམ་བཞི་གང་ལ་གང་འདུལ་སྟོན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐུགས་རྗེའི་གདུལ་བྱ་ཕྱོགས་བཅུར་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ཐོགས་བཞིན་དུ། འོ་དེས་བྱིན་རླབས་ཐུགས་རྗེའི་དབང་ལྔ་དངོས་གཞི་སོང་ནས༔ ད་གཏོར་མ་འདི་ཉིད་གུ་རུ་དྲག་མཐིང་རིག་འཛིན་བརྒྱུད་པའི་བླ་མ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས༔
གསོལ་བ་བཏབ་པ་ལྟ་བུར་བྱིན་གྱིས་བརླབས་ནས༔ འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པར་བསྒོམ་ལ༔ སེམས་མ་བཅོས་པར་ཀློད་ལ་ཞོག་མཛོད༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ རང་བྱུང་རྣམ་དག་གཞལ་ཡས་སུ༔ ཡེ་ཤེས་ལྔ་ལྡན་རྒྱལ་བ་ལྔ༔ ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡང་༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་དེ་ཡིས་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་གནས་མཆོག་ཏུ༔ སྨུག་ནག་དབང་གི་མཁའ་འགྲོ་དང་༔ རི་རྒྱལ་ལྷུན་པོའི་རྩེ་མོ་རུ༔ ཚངས་པའི་རྒྱལ་པོ་གདོང་གསུམ་དང་༔ རྣམ་པར་རྒྱལ་བའི་ཁང་བཟང་དུ༔ རིག་འཛིན་ལྷ་དབང་བརྒྱ་བྱིན་དང་༔ སིནྡྷ་རྒྱ་མཚོའི་མཚོ་གླིང་དུ༔ རིག་འཛིན་ཀླུ་རྒྱལ་འཇོག་པོ་ཡང་༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་དེ་ཡིས་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མ་ལ་ཡ་ཡི་རྩེ་མོ་རུ༔
བསོད་ནམས་བསགས་པའི་རྒྱལ་པོ་དང་༔ ཟ་ཧོར་ཡུལ་གྱི་གནས་མཆོག་ཏུ༔ མཁས་མཆོག་ཤཱཀྱ་པྲ་བྷ་དང་༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ རིག་འཛིན་པདྨ་འབྱུང་གནས་དང་༔ ཆུ་བོ་གངྒའི་རྩ་བ་རུ༔ རིག་འཛིན་བི་མ་མི་ཏྲ་དང་༔ མན་ར་བའི་ནགས་ཁྲོད་དུ༔ བལ་པོ་ཤྲཱི་ལ་མཉྫ་དང་༔ མོན་ཁ་སེང་གེའི་ཡང་རྫོང་དུ༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཡང་༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་དེ་ཡིས་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རང་གི་སྐྱེད་ཚལ་དབེན་གནས་སུ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་དང་༔ རི་བོ་བཀྲ་བཟང་ཤར་འདབས་སུ༔ གཏེར་སྟོན་རིག་འཛིན་ཡབ་སྲས་དང་༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ དྲིན་ཆེན་རྩ་བརྒྱུད་བླ་མ་དང་༔ རང་ལུས་འབྱུང་བཞིའི་ཕོ་བྲང་ནས༔ ཡི་དམ་བདེ་གཤེགས་ཀུན་འདུས་དང་༔ གཏེར་མཛོད་བསེ་སྒྲོམ་སྨུག་པོ་ནས༔ གསང་སྔགས་སྙིང་པོ་མཐར་ཐུག་དང་༔ སྨུག་ནག་གྲུ་གསུམ་གཞལ་ཡས་ནས༔ བཀའ་སྲུང་ཨེ་ཀ་ཛཱ་ཊི་ཡང་༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་
སྒྲོག༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་དེ་ཡིས་བྱིན་གྱིས་རློབས༔ ལུས་ལ་བདེ་དྲོད་འབར་བ་དང་༔ ངག་ལ་ནུས་པ་བསྐྱེད་པ་དང་༔ སེམས་ལ་རྟོགས་པ་འཆར་བ་དང་༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བཅོམ་ལྡན་གུ་རུ་དྲག་མཐིང་དྲག་པོ་རྩལ༔ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པས་སློབ་མ་འདི་རྣམས་ལ་དབང་བསྐུར་ཅིང་བྱིན་གྱིས་བརླབ་ཏུ་གསོལ༔ གཟའ་ཀླུ་སྡེ་བརྒྱད་རྒྱལ་བསེན་དམ་སྲིའི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག༔ འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷ་མཛད་ནས་རྗེས་སུ་བཟུང་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ཧཱུྃ་དབྱངས་དང་བཅས་ཏེ་གཏོར་མ་མགོར་འགྲིམ་མོ༔ དེ་ནས་སློབ་བུ་དད་པ་ཅན༔ བླ་མའི་ཞབས་ལ་སྤྱི་བོས་བཏུད༔ དམ་ཚིག་གསུམ་ལ་གནས་པར་བྱ༔ ཡར་ངོའི་ཚེས་བཅུ་མཆོད་པ་གཟབ༔ པདྨ་འབྱུང་གནས་བདག་གིས་ཀྱང་༔ བྱིན་རླབས་དབང་གི་མན་ངག་
འདི༔ རང་བྱུང་རང་ཤར་རྒྱུད་ནས་བཏུས༔ མ་འོངས་ཕྱི་མའི་དོན་ཕྱིར་དུ༔ བསེ་སྒྲོམ་སྨུག་པོའི་དབུས་སུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་པས༔ ལུས་གུ་རུ་དྲག་མཐིང་གི་སྐུར་བསྒོམ༔ ངག་ནས་ཧཱུྃ་བསྙེན༔ སེམས་རྫོགས་པ་ཆེན་པོའི་དོན་བསྒོམ༔ ཚེས་བཅུ་ལ་མཆོད་པ་ཅི་འབྱོར་གཟབ་པ༔ དེ་རྣམས་དམ་ཚིག་ཡིན་པས་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ སོགས་བརྗོད༔ གཏོར་མ་བཏང་ཞིང་དཀྱིལ་འཁོར་བསྡུས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བའི་སྐེད་པ་ནས་མེ་ཕོ་རྟའི་ལོ་ས་ག་ཆེན་པོའི་ཟླ་བའི་ཚེས་བརྒྱད་ལ། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ༔ ཞེས་པ་འདི་ནི་ལོ་རྒྱུས་དང་བཅས་ཁ་སབ་དགོས་པ་རྣམས་ནི་༧ རཱ་ག་ཨ་སྱས་བསྒྲིགས༔ མངྒ་ལཾ།། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།