བཅོམ་ལྡན་འདས་འཇམ་དཔལ་ཁྲོ་ཆུ་དུག་གདོང་འཁོར་དང་བཅས་པའི་བསྐུལ་རིང་བར་ཆད་ཀུན་སེལ་གནམ་ལྕགས་འབར་བའི་རྔམ་སྒྲ།
བཅོམ་ལྡན་འདས་འཇམ་དཔལ་ཁྲོ་ཆུ་དུག་གདོང་འཁོར་དང་བཅས་པའི་བསྐུལ་རིང་བར་ཆད་ཀུན་སེལ་གནམ་ལྕགས་འབར་བའི་རྔམ་སྒྲ་བཞུགས་སོ༔
ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ དུག་གདོང་ལྷ་ཚོགས་སྤྱན་འདྲེན་ན༔ ཀུན་བཟང་ཡུམ་གྱི་མཁའ་ཀློང་ནས༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ གཅིག་ཏུ་བསྡུས་པའི་ཧེ་རུ་ཀ༔ ཁྲོ་ཆུ་དུག་གདོང་བཅོམ་ལྡན་འདས༔ གཤེགས་བཞུགས་མཚན་མ་མི་མངའ་ཡང་༔ ཆུ་ཟླ་བཞིན་དུ་འདིར་གཤེགས་ཤིག འཇམ་དཔལ་རིགས་ལྔ་རིགས་གསུམ་མགོན༔ ཕྱོགས་བཅུ་དུས་གསུམ་བཅོམ་ལྡན་འདས༔ བསྐལ་བཟང་སངས་རྒྱས་སྟོང་ལ་སོགས༔ རིགས་འཛིན་བརྒྱུད་པའི་བླ་མ་རྣམས༔ བསྲུང་ཞིང་བྱིན་གྱིས་བརླབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་
གཤེགས་སུ་གསོལ༔ རྒྱ་གར་བྷ་ར་དྷ་ཛའི་གནས༔ ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་ནས་རིག་གསུམ་མགོན་པོ་གཅིག་བསྡུས་ཁྲོ་ཆུ་དུག་གདོང་ཁྲོ་བོའི་རྗེ༔ ས་བརྒྱད་སེམས་དཔའ་མཐུ་བོ་ཆེ༔ ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ༔ རྟ་མགྲིན་གསང་བདག་གྷ་རུ་སངས་རྒྱས་སྟོང་ཁྲོས་ཁྲོ་བོ་སྟོང་༔ འཆར་ཁ་འཇོམས་བྱེད་ཚེ་བདག་དང་༔ ཁ་ཐུན་ཁྲག་མཚོ་ཁོལ་མ་དང་༔ རལ་པ་ཚལ་དགུ་ཁྲོ་བོ་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ རིམ་པ་བདུན་གྱི་ས་ཡི་འོག༔ ན་རག་དམྱལ་ཁམས་གཤིན་རྗེའི་ཡུལ༔ ལྕགས་མཁར་
འབར་བའི་ནང་ཤེད་ནས༔ ཚེ་བདག་སྲོག་བདག་འཆི་བདག་གསུམ༔ གཅིག་ཏུ་བསྡུས་པའི་དུག་གདོང་དང་༔ ཆོས་ཀྱི་རྒྱལ་པོ་གཤེགས་སུ་གསོལ༔ ལས་གཤིན་དྲུག་དང་གཤེད་ཆེན་བཞི༔ མོན་བཞི་བདུད་བཞི་རུ་ཏྲ་བཞི༔ འཆི་བདག་བཅུ་གཉིས་སྒོ་བ་བཞི༔ ཕོ་གཤེད་མོ་གཤེད་མོན་ཕོ་མོ༔ དུག་གསུམ་ལས་གྲུབ་གཤིན་རྗེ་གསུམ༔ འཁོར་དང་སྤྲུལ་པའི་ཚོགས་བཅས་བྱོན༔ ཆོས་འབྱུང་པད་ཉི་རུ་ཏྲ་དང་༔ རང་རང་དགྱེས་པའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དགྲ་བགེགས་བླ་ཚེ་སྲོག་དབུག་དང་༔ ཁ་རྗེ་དབང་ཐང་སྟོབས་ནུས་བཅས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ བཅོལ་བའི་ལས་རྣམས་མྱུར་འགྲུབ་མཛོད༔ ཧཱུྃ༔ འཁོར་འདས་སྤྱི་དཔལ་བཅོམ་ལྡན་འདས༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ དབུས་ཞལ་རྔམས་པའི་དབུ་གཙུག་ནས༔ ཁྲོ་ཆུ་འབར་བའི་མཆོད་རྟེན་ནང་༔ སངས་རྒྱས་ཀུན་གྱི་སྐུ་འདུས་པ༔ འཇམ་དབྱངས་དམར་སེར་རལ་པོད་འཛིན༔ ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ འཁོར་ནི་ད་ལྟའི་བཅོམ་ལྡན་འདས༔ ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱ་དང་༔
བྱང་སེམས་བྱེ་བ་དཔག་མེད་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གཡས་ཞལ་ཁྲོས་པའི་དབུ་གཙུག་ན༔ ལྕགས་ཀྱི་མཆོད་རྟེན་འབར་བའི་ནང་༔ སངས་རྒྱས་ཀུན་གྱི་ཐུགས་འདུས་པ༔ གསང་བདག་མཐིང་ཀ་རྡོ་དྲིལ་འཛིན༔ ཞི་འཛུམ་ཕྱེད་སྐྱིལ་རིན་ཆེན་བརྒྱན༔ ཀུན་བཟང་སྟོན་པ་བཅུ་གཉིས་དང་༔ སྐལ་མགོན་དྲུག་ཅུ་རྩ་ལྔ་གཉིས༔ སངས་རྒྱས་རབས་བདུན་ལ་སོགས་པ༔ འདས་པའི་སངས་རྒྱས་བྱང་སེམས་ཚོགས༔ ཁྱེད་ཀྱི་ཐུགས་དམ་རྗེས་བསྐུལ་གྱིས༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ དབང་བསྐུར་བྱིན་རླབས་དངོས་གྲུབ་སྩོལ༔ གཡོན་ཞལ་བཞད་པའི་དབུ་གཙུག་ན༔ ཧ་ལོའི་མཆོད་རྟེན་འབར་བའི་ནང་༔ སངས་རྒྱས་ཀུན་གྱི་གསུང་འདུས་པ༔ སྤྱན་རས་གཟིགས་དབང་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས༔ ཐལ་སྦྱར་ཕྲེང་བ་པདྨ་འཛིན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་རྫོགས༔ བྱམས་པ་སེང་
གེ་རབ་གསལ་ནས༔ མོས་པའི་བར་གྱི་མ་འོངས་པའི༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་རྗེས་འདིར་གཟིགས་ལ༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ༔ བཅོམ་ལྡན་ཁྲོ་ཆུ་དུག་གདོང་གི༔ དབུ་རྒྱན་ཐོད་སྐམ་ལྔ་ཡི་སྟེང་༔ རིན་ཆེན་རྩེ་བྲན་ལྔ་ཡི་ནང་༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ལྔ༔ རྣམ་སྣང་རྡོར་སེམས་རིན་ཆེན་འབྱུང་༔ སྣང་མཐའ་དོན་གྲུབ་ཡུམ་དང་བཅས༔ དཀར་མཐིང་སེར་དམར་ལྗང་བའི་མདོག༔ གདན་དང་ཕྱག་རྒྱ་སོ་སོར་གསལ༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་བཅུ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་མ་ལུས་པའི༔ ཕུང་པོ་ཁམས་རྣམས་བྱིན་གྱིས་རློབས༔ སྐུ་ལྔ་ཐོབ་པར་མཛད་དུ་གསོལ༔ རིགས་གསུམ་ཁྲོས་པའི་ཁྲོ་བོ་ཆེ༔ ཁྲོ་ཆུ་དུག་གདོང་དཔྲལ་བ་ན༔ སྐུ་ཡི་ལྷ་མཆོག་འཇམ་དཔལ་དབྱངས༔ དུང་མདོག་ཟུར་ཕུད་ལྔ་དང་ལྡན༔ རལ་གྲི་ཨུཏྤལ་ཚེ་བུམ་འཛིན༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་
དམ་དུས་ལ་བབ༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ དུག་གདོང་ལོངས་སྤྱོད་འཁོར་ལོ་ན༔ གསུང་གི་ལྷ་མཆོག་སྤྱན་རས་གཟིགས༔ དཀར་དམར་བགྲང་ཕྲེང་པདྨ་འཛིན༔ སྐྱིལ་ཀྲུང་དར་དང་རིན་ཆེན་བརྒྱན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ གསུང་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ ཁྲོ་ཆུ་ཆོས་ཀྱི་འཁོར་ལོ་ཐུགས་ཀྱི་ལྷ་མཆོག་གསང་བའི་བདག༔ ཁྲོ་ཚུལ་རྡོར་དྲིལ་སྡིགས་མཛུབ་ཅན༔ སྤྲུལ་སྟག་གིས་བརྒྱན་འདོར་ཐབས་བཞུགས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཧཱུྃ༔ སྤྲུལ་སྐུ་ཁྲོ་ཆུ་དུག་སྡོང་ཐུགས་ཀ་ནས༔ སྣ་ཚོགས་འདབ་བཞི་པདྨ་ཉི་མའི་སྟེང་༔ བཅོམ་ལྡན་ལོངས་སྐུ་འཇམ་དཔལ་རིགས་ལྔ་ནི༔ མཐིང་དཀར་སེར་དམར་ལྗང་བའི་ཁ་དོག་ཅན༔
གཞོན་ནུ་ཟུར་ཕུད་ལྔ་དང་མཚན་དཔེས་སྤྲས༔ རྒྱལ་བ་རིགས་ལྔ་སོ་སོའི་དབུ་ལ་བརྒྱན༔ ཕྱག་ན་རལ་གྲི་ཨུཏྤལ་པོ་ཏི་འཛིན༔ ཞི་འཛུམ་རྒྱན་སྤྲས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ འཇམ་དཔལ་རིགས་ལྔའི་ཐུགས་དམ་དབྱིངས་ནས་བསྐུལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ འཁོར་བའི་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ༔ མི་ཤེས་རྨོངས་པའི་དྲི་མ་བསལ་དུ་གསོལ༔ བཀའ་དང་བསྟན་བཅོས་རིག་གནས་ཐམས་ཅད་ལ༔ ཐོགས་མེད་ཀུན་མཁྱེན་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ བཅོམ་ལྡན་གཤིན་རྗེའི་གཤེད་པོའི་ཕྱི་རོལ་ན༔ འཇམ་དཔལ་དཀར་པོ་བྱེ་བ་དུང་ཕྱུར་ཚོགས ནང་དུ་ཞལ་གཟིགས་ཚེ་ཡི་བུམ་པ་འཛིན༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ དངོས་འབྱོར་ཡིད་ཀྱི་སྤྲུལ་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ དེ་རྒྱབ་འཇམ་དཔལ་གསེར་མདོག་ཞི་བའི་སྐུ༔ བྱེ་བ་དུང་ཕྱུར་གྲངས་མེད་ནང་དུ་གཟིགས༔ སྣ་ཚོགས་རྒྱན་ལྡན་རལ་གྲི་པོ་ཏི་འཛིན༔ ཁྱེད་ཀྱི་ཐུགས་རྗེའི་
ཐུགས་དམ་རྒྱུད་བསྐུལ་གྱིས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཞི་བ་དང་༔ བསྲུང་ཞིང་བསྐྱབ་པའི་ཕྲིན་ལས་མཛད་དུ་གསོལ༔ དེ་རྒྱབ་འཇམ་དཔལ་དཀར་པོ་ཁྲོ་བོའི་སྐུ༔ ཞལ་གསུམ་ཕྱག་དྲུག་གཡས་ལྗང་གཡོན་མར་ཞལ༔ ཁྲོ་ཆས་ཡོངས་རྫོགས་སྐུ་སྨད་ཕུར་བུ་དབལ༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཚེ་བུམ་འཛིན༔ བར་གཉིས་ཚེ་བདུད་བཟློག་པའི་འཁོར་ལོ་སྟེ ཐ་གཉིས་ཐོད་པ་བྱང་སེམས་བདུད་རྩིས་བཀང་༔ བྱེ་བ་དུང་ཕྱུར་གྲངས་མེད་ནང་དུ་གཟིགས༔ ཁྱེད་ཀྱི་ཐུགས་དམ་དེང་འདིར་དུས་ལ་བབ༔ ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ འཁོར་འདས་སྣང་སྲིད་ཚེ་ཡི་བཅུད་བསྡུས་ལ༔ བདག་དང་བསྲུང་བྱའི་ལུས་ལ་བསྟིམ་དུ་གསོལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱི་རོལ་གསེར་གྱི་འཁོར་ལོ་རྩིབས་སྟོང་ནང་༔ བསྐལ་པ་བཟང་པོ་འདི་ཡི་སངས་རྒྱས་སྟོང་༔ ཕྱོགས་མཚམས་རེ་རེར་བརྒྱ་དང་ཉེར་ལྔ་རེ ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་མདོག མཚམས་བཞིར་
བཞུགས་པ་རྣམས་ནི་སྐུ་མདོག་སྔོ༔ ཀུན་ཀྱང་ཆོས་གོས་གསུམ་མནབ་སྐྱིལ་ཀྲུང་བཞུགས༔ མཚན་དང་དཔེ་བྱད་རབ་བརྒྱན་འོད་ཟེར་འབར༔ ཉན་ཐོས་བྱང་སེམས་འཁོར་ལ་ཆོས་འཁོར་བསྐོར༔ ཕྱག་གཡོན་ཚེ་བུམ་གཡས་པས་སྐྱབས་སྦྱིན་མཛད༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ སྐྱབས་གནས་བསླུ་བ་མེད་པ་ཁྱེད་རྣམས་ཀྱིས༔ བདག་དང་བསྲུང་བྱ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་ལ་བབ༔ ཧཱུྃ༔ བཅོམ་ལྡན་གནམ་ལྕགས་ཁྲོ་ཆུ་དུག་གདོང་གི༔ ཐུགས་ཀར་རྡོ་རྗེ་འབར་བའི་གུར་ནང་ན༔ སངས་རྒྱས་སྟོང་རྩ་ཕྱོགས་བཅུ་དུས་གསུམ་གྱི༔ རྒྱལ་བ་སྲས་བཅས་ཐམས་ཅད་ནང་དུ་གཟིགས༔ ཕྱག་ན་འཆི་མེད་ཚེ་ཡི་བུམ་པ་འཛིན༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ སྲུང་སྐྱོབ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཡི་དམ་སྲ་བརྟན་འབར་བའི་གུར་དབུས་ན༔ ཐུགས་སྲོག་ཡེ་ཤེས་སེམས་དཔའ་ཧཱུྃ་མཐིང་གི༔ ན་དའི་ནང་དུ་རྩ་བའི་བླ་མ་ནི༔ སྐུ་མདོག་མཐིང་ཀ་
རྡོ་རྗེ་དྲིལ་བུ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་པའི་སྐུ༔ འཇམ་དཔལ་གཤིན་རྗེ་སྒེག་པའི་རྡོ་རྗེ་དང་༔ དྷེ་ཝ་ཙཎྜ་སློབ་དཔོན་པདྨ་འབྱུང་༔ གུ་རུ་ཁྲག་འཐུང་བ་སུ་དྷ་ར་དང་༔ སངས་རྒྱས་ཡེ་ཤེས་ཞིང་ཁྲོམ་ལ་སོགས་པའི༔ རིག་འཛིན་བརྒྱུད་པའི་བླ་མ་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བརྒྱུད་འཛིན་མོས་པའི་བུ་ལ་བྱིན་གྱིས་རློབས༔ བྱིན་རླབས་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ༔ ཁྲོ་ཆུ་དུག་གདོང་ཐུགས་དབུས་ཧཱུྃ་ཡིག་གི ཟླ་ཚེས་ནང་དུ་ཡི་དམ་འཇམ་དཔལ་དབྱངས༔ དམར་སེར་ཕྱག་ན་རལ་གྲི་པོ་ཏི་འཛིན༔ སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ བྱ་སྤྱོད་རྣལ་འབྱོར་གསང་སྔགས་ཕྱི་ཡི་རྒྱུད༔ མ་ཧཱ་ཨ་ནུ་ཨ་ཏི་ནང་གི་རྒྱུད༔ རྒྱུད་སྡེ་དྲུག་གི་ལྷ་ཚོགས་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཁྲོ་ཆུ་དུག་གདོང་ཐུགས་སྲོག་ཧཱུཾ་
ཡིག་གི༔ ཞེབས་ཀྱུའི་ནང་དུ་ཡེ་ཤེས་ཆོས་སྐྱོང་ཚོགས༔ བེར ་གུར་ཕྱག་བཞི་ཕྱག་དྲུག་ཨ་གྷོ་ར༔ མ་ནིང་སྡེ་ལྔ་མགོན་ཆེན་ཉི་ཤུ་ལྔ༔ དཔལ་ལྡན་ལྷ་མོ་དཔོན་གཡོག་གཉིས་ལ་སོགས༔ ཁྱེད་ཀྱི་ཐུགས་དམ་ཞལ་བཞེས་དུས་ལ་བབ༔ ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་སྲུང་སྐྱོབ་མཐུ་སྟོབས་བསྐྱེད༔ བསྟན་པ་དར་རྒྱས་དངོས་གྲུབ་བསྩལ་དུ་གསོལ༔ བཅོམ་ལྡན་སྨན་སྡོང་ཁྲོ་ཆུ་དུག་གདོང་གི༔ སྤྱི་གཙུག་རིགས་གསུམ་མགོན་པོ་གནས་གྱུར་པ༔ སྐུ་གསུང་ཐུགས་ཀྱི་འཇམ་དཔལ་དཀར་དམར་མཐིང་༔ ཞི་འཛུམ་རལ་པོད་འཛིན་ཅིང་ཕྱེད་སྐྱིལ་བཞུགས༔ མཚན་དཔེའི་དར་དང་རིན་ཆེན་རྒྱན་ལྡན་པ༔ འཇམ་དཔལ་རིགས་གསུམ་ཐུགས་དམ་དབྱིངས་ནས་བསྐུལ༔ ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱའི་སྒོ་གསུམ་བྱིན་རློབས་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་རློབས༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་སྨན་སྡོང་ཅན༔ གང་འདུལ་སྐུ་ནི་ཞི་ཁྲོ་ཅིར་ཡང་སྟོན༔ གང་འདུལ་གསུང་ནི་ཆོས་སྒྲ་དྲག་སྔགས་ལྡིར༔ གང་འདུལ་ཐུགས་ནི་མཁྱེན་དང་བརྩེ་བའི་
གཏེར༔ དོན་གཉིས་མཐར་ཕྱིན་ཡིད་བཞིན་ནོར་བུ་ལྟར༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བདག་གིས་བསྐང་༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀྟ་འབུལ འདས་དང་མ་འོངས་སངས་རྒྱས་གྲངས་མེད་པ་ཕལ་ཆེར་ཁྱེད་ཀྱིས་བྱང་ཆུབ་ལམ་ལ་བཀོད༔ དེ་ཕྱིར་རྒྱལ་བ་ཀུན་གྱི་ཡབ་གཅིག་པོ༔ སངས་རྒྱས་ཀུན་ཡབ་ཁྱོད་ཀྱི་ཐུགས་དམ་བསྐང་༔ སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གི༔ མཚན་ནས་བརྗོད་པ་བས་ནི་གང་ཞིག་གིས༔ འཇམ་དཔལ་མཚན་ཙམ་བརྗོད་པས་བསོད་ནམས་ཚོགས༔ ཆེ་བར་གསུངས་ཕྱིར་ཁྱེད་ནི་སྐྱབས་ཀྱི་མཆོག༔ སྐྱབས་གནས་མཚུངས་མེད་ཁྱེད་ཀྱི་ཐུགས་དམ་བསྐང་༔ སངས་རྒྱས་ཞིང་ཀུན་རིན་ཆེན་སྣ་ཚོགས་ཀྱིས༔ བཀང་སྟེ་རྫོགས་སངས་རྒྱས་ལ་མཆོད་པ་བས༔ འཇམ་དཔལ་ཁྱེད་ཀྱི་རྗེས་སུ་སློབ་པའི་བློས༔ སྐད་ཅིག་སྐྱེས་པ་བསོད་ནམས་ཆེ་གསུངས་ཕྱིར༔ ཡི་དམ་ལྷ་ཡི་མཆོག་གྱུར་བསོད་ནམས་གཏེར༔ འགྲོ་བའི་མཆོད་སྡོང་ཁྱེད་ཀྱི་ཐུགས་དམ་བསྐང་༔ བདག་གིས་ཁྱེད་བསྒོམ་ཁྱེད་སྔགས་མཚན་བརྗོད་ན༔ མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ༔ བདག་དང་བདག་ལ་འབྲེལ་
ཐོགས་འགྲོ་བ་ཀུན༔ མ་འོངས་རྡུལ་མེད་བརྩེགས་པའི་ཞིང་ཁམས་སུ༔ ལྷ་ཁྱེད་སངས་རྒྱས་ཀུན་གཟིགས་གྱུར་པའི་ཚེ༔ ཞལ་མཐོང་གདམས་པ་ཐོབ་ནས་སངས་རྒྱས་ཤོག༔ ངོ་བོ་ཆོས་སྐུ་སངས་རྒྱས་ཀུན་དང་གཅིག༔ རྣམ་པ་དཔག་མེད་ལོངས་སྤྱོད་རྫོགས་པའི་ངང་༔ ཐུགས་རྗེ་འགགས་མེད་རྒྱལ་བའི་ཕྲིན་ལས་བདག༔ རྟགས་མཚན་ཆེ་བ་བདེ་གཤེགས་ཀུན་དང་མཉམ སྟོབས་བཅུ་མགོན་པོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ དབུས་ཞལ་མཐིང་ནག་འཇམ་དཔལ་སྐུ་ཡི་ལྷ༔ གཡས་ཞལ་དམར་པོ་རྟ་མགྲིན་གསུང་གི་ལྷ གཡོན་ཞལ་ལྗང་ནག་ཕྱག་རྡོར་ཐུགས་ཀྱི་ལྷ༔ གཞན་གྱིས་བཟློག་མེད་རིགས་གསུམ་འདུས་པའི་ལྷ༔ ལོག་རྡུགས་འཁྱམས་མེད་ལྷ་འདྲེའི་གཅུན་ཕུར་ཆེ༔ རིགས་གསུམ་མགོན་པོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ ཚེ་བདག་སྲོག་བདག་འཆི་བདག་གཅིག་ཏུ་འདུས༔ རྫུ་འཕྲུལ་དྲག་རྩལ་ཐོགས་མེད་གཤིན་རྗེའི་གཤེད༔ ཁྱེད་མཐོང་ཁྲོ་བོ་གཞན་རྣམས་ལག་ཆ་འཆོར༔ འདར་ཞིང་སྔངས་ནུས་འཆི་བདག་ཟིལ་གྱིས་གནོན༔ ཆུ་སྲིན་གདུག་པ་ཅན་གྱི་ཁ་གདངས་ལྟར༔ གཞན་གྱི་དོ་ཟླ་མེད་པའི་ཁྲོ་བོ་ཆེ༔ གཤིན་རྗེའི་གཤེད་པོ་ཁྱེད་ཀྱི་
ཐུགས་དམ་བསྐང་༔ ཀུན་བཟང་རྡོ་རྗེ་འཆང་ཆེན་རིགས་མཆོག་ལྔ༔ སངས་རྒྱས་སྟོང་རྩས་མཐུ་སྟོབས་དབང་བསྐུར་ནས༔ ལྷ་འདྲེ་མི་གསུམ་བན་བོན་མུ་སྟེགས་སོགས༔ ལྷ་སྲུང་དང་བཅོས་རྒྱ་ཆེ་འབུམ་ཕྲག་ཡང་༔ སྐད་ཅིག་ཞག་བདུན་ཙམ་གྱིས་བརླག་བྱ་ཞེས༔ ཁས་བླངས་དམ་བཅའ་རྡོ་རྗེས་ཐ་ཚིག་བཞག༔ དགྲ་བགེགས་བྱད་མ་ཚངས་པའི་ཚེ་ལྡན་ཡང་༔ ཞག་གསུམ་ཙམ་ནས་ཁྲག་སྐྱུག་གྲིར་གསོད་པའི༔ གཞན་ལས་མྱུར་མགྱོགས་ལྡན་པའི་ཆོས་སྐྱོང་མཆོག ཆོས་སྐྱོང་ཆེན་པོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ བྱད་མ་འབུམ་ཕྲག་མཐུ་དང་ནུས་ལྡན་ཡང་༔ སྲུང་ཟློག་མང་དང་རྒྱུད་པ་མང་བ་དང་༔ ལོག་རྡུགས་འཁྱམས་མེད་གཞན་ལས་མྱུར་བ་ཡི༔ གཤིན་རྗེ་ནག་པོ་དུག་གི་སྡོང་པོར་གྲགས༔ གཤིན་རྗེ་དུག་གདོང་ནག་པོའི་ཐུགས་དམ་བསྐང་༔ ཕུར་པ་གཤིན་རྗེ་ཕྱག་རྡོར་དབང་ཕྱུག་ཆེ༔ ཕྱི་པ་ནང་པ་དང་ནི་བན་དང་བོན༔ ཤན་པ་སྐྱེ་བོ་བུད་མེད་རྒྱ་དང་འཇང་༔ མེ་ཉག་ཧོར་དང་སོག་པོ་ལ་སོགས་པ༔ གང་ཡང་ཁྱད་མེད་སྐད་ཅིག་རྡུལ་དུ་རློགས༔ དེ་ཕྱིར་གཤིན་རྗེ་སྤྱི་འཇོམས་ནག་པོར་གྲགས༔ གཤིན་རྗེ་སྤྱི་
འཇོམས་ནག་པོའི་ཐུགས་དམ་བསྐང་༔ ཕ་རོལ་ནུས་པ་ཆེ་ན་ཤིན་ཏུ་མྱུར༔ ཁྱད་པར་སྔགས་པ་མུ་སྟེགས་བོན་ལ་མྱུར༔ ལྷ་འདྲེ་སྟོང་དང་བཅས་པ་སྐད་ཅིག་བརླག ཕ་རོལ་དགྲ་བགེགས་བྱད་མ་སྟོབས་ཆེན་ཀུན༔ བྱིན་རླབས་ནུས་ལྡན་ཕ་ཚན་ཅི་ཆེ་ཡང་༔ ཐམས་ཅད་མེ་ལྕེ་ཁ་ཡི་སྦྲང་མ་བཞིན༔ རང་གཤེད་རིང་ལ་འབེབས་པའི་ཁྲོ་གཏུམ་ཅན༔ ལས་ཀྱི་གཤིན་རྗེ་ནག་པོའི་ཐུགས་དམ་བསྐང་༔ རིགས་གསུམ་སྤྲུལ་པ་རྔ་ཐོགས་སྟོང་གི་གཉེན༔ བྱད་མ་འབུམ་གྱི་སྲོག་གཅོད་སྤུ་གྲི་སྟེ༔ མ་གཤིན་ཕུར་གསུམ་གསང་སྔགས་གསར་རྙིང་གི སྟོབས་དང་ནུས་པ་སྐད་ཅིག་ཙམ་ལ་འཇོམས༔ དེ་ཕྱིར་འཇོམས་བྱེད་ཁྲོ་ཆུ་དུག་གདོང་ངོ་༔ སྤྱི་འཇོམས་དུག་གདོང་ནག་པོའི་ཐུགས་དམ་བསྐང་༔ རྣལ་འབྱོར་བར་ཆད་སེལ་ཞིང་སྲུང་དང་སྐྱོབ༔ ཆེ་བཙན་དྲེགས་པ་འགྲོ་འདུལ་ཕྲིན་ལས་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ དེ་ཕྱིར་འཇམ་དཔལ་སྨན་སྡོང་ཆེན་པོར་གྲགས༔ འཇམ་དཔལ་སྨན་སྡོང་ནག་པོའི་ཐུགས་དམ་བསྐང་༔ འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་དང་སྔགས༔ སྦྱོར་བ་ངན་པ་ཅིས་ཀྱང་ལྟར་མི་བཟོད༔ བྱད་མ་
འབུམ་དང་བན་བོན་མཐུ་ཆེན་བརྒྱ༔ གཏད་མཁན་སྟོང་དང་སྔགས་པ་ནང་འགྲོས་སོགས༔ ཅིས་ཀྱང་མི་ཚུགས་རྡོ་རྗེ་ཕ་ལམ་འདྲ༔ སྲུང་བྱེད་ཁྲོ་བོ་ཆེན་པོའི་ཐུགས་དམ་བསྐང་༔ ཕྱི་ནང་བན་བོན་ཀུན་གྱི་གཤེད་མ་སྟེ༔ གང་ཞིག་ཁྱེད་ཉིད་བསྙེན་ཅིང་སྒྲུབ་པ་ན༔ ལས་སྦྱོར་མི་དགོས་བསྐུལ་དང་གཡབ་མོས་སྒྲོལ༔ དེ་ལྟར་གཞན་ལས་ཁྱད་འཕགས་ལྷ་ཁྱེད་ལ༔ བདག་གིས་མཆོད་བསྟོད་བསྙེན་ཅིང་བསྒྲུབ་ལགས་པས༔ སྔོན་གྱི་ཐུགས་དམ་ཐ་ཚིག་དེ་དགོངས་ལ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས བདག་དང་བདག་གི་བསྲུང་བྱ་ཐམས་ཅད་ལ༔ སྲུང་སྐྱོབ་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ༔ བྱད་ཁ་དྲོད་གཏོང་དགྲ་བགེགས་གནོད་པ་ཟློག༔ བདག་དང་ཟབ་གཏེར་བསྟན་དང་བསྟན་འཛིན་ལ༔ སྡང་ཞིང་གདུག་པའི་སེམས་འཆང་དགྲ་བགེགས་ཀུན༔ སྐད་ཅིག་ད་ལྟ་ཉིད་དུ་བཟློག་པར་མཛོད༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི༔ དབུས་ཞལ་དབུ་གཙུག་ཁྲོ་ཆུའི་མཆོད་རྟེན་གྱི༔ རྩེ་མོར་ནོར་བུ་ཏོག་གི་ནང་རོལ་ན༔ པདྨ་དམར་པོ་ཟླ་བའི་གདན་སྟེང་ན༔ རྩ་བའི་བླ་མ་ཨོ་རྒྱན་
ཚེ་དཔག་མེད༔ ཞི་འཛུམ་དམར་གསལ་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ མཚན་དཔེའི་རབ་རྫོགས་དར་དང་རིན་ཆེན་བརྒྱན༔ རྡོ་རྗེ་སྐྱིལ་ཀྲུང་འོད་ཟེར་ཕྱོགས་བཅུར་འཕྲོ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ་ཨོ་རྒྱན་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ འཁོར་འདས་སྣང་སྲིད་ཚེ་ཡི་བཅུད་བསྡུས་ལ༔ བདག་དང་བསྲུང་བྱ་རྣམས་ལ་སྩལ་དུ་གསོལ༔ འཆི་མེད་ཚེ་ཡི་རིག་འཛིན་དངོས་གྲུབ་སྩོལ༔ ཧཱུྃ༔ བཅོམ་ལྡན་སྨན་སྡོང་ཡིད་བཞིན་ནོར་བུ་ནི༔ དམར་གསལ་ཞལ་གསུམ་པདྨ་རཱ་གའི་མདོག༔ དབུ་གཙུག་རྡོ་རྗེ་འཆང་ཆེན་དམར་པོས་བརྒྱན༔ ཕྱག་དྲུག་གཡས་གསུམ་ཡིད་བཞིན་ནོར་བུ་སྟེ༔ གཡོན་གསུམ་ལྕགས་ཀྱུས་ཁམས་ག སུམ་དབང་དུ་སྡུད༔ ཁྲོ་འཛུམ་དར་དང་རིན་ཆེན་དུ་མས་བརྒྱན༔ སྐུ་སྨད་རིན་ཆེན་ཕུར་པས་གོད་འདྲེ་གཟིར༔ འཁོར་ནི་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས༔ དཀར་གསུམ་མངར་གསུམ་འབྲུ་སྨན་རིན་ཆེན་ཚོགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ ཚེ་དབང་བསོད་
ནམས་དངོས་གྲུབ་སྩལ་དུ་གསོལ༔ དཔལ་དང་འབྱོར་པ་འཕེལ་ཞིང་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་སྡུས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དཔལ་ཆེན་གཙོ་མཆོག་སྨན་གདོང་ནག་པོ་ནི༔ མདུན་དངོས་མཆོད་རྟེན་དཀར་པོ་ལས་བྱུང་བའི༔ ཚེ་བདག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་བོའི་ཆས་རྫོགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཕྱག་གཉིས་ཐུགས་ཀར་ཚེ་ཡི་བུམ་པ་འཛིན༔ དམ་རྫས་སྨན་རཀ་གཏོར་མས་ཐུགས་དམ་བསྐང་༔ བདུད་དང་དགྲ་བགེགས་བྱད་མ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་གཟི་བརྗིད་ཀུན་བསྡུས་ལ༔ བདག་དང་བསྲུང་བྱའི་ལུས་ལ་བསྟིམ་དུ་གསོལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ མདུན་ངོས་ཕུར་བུ་མཆོད་རྟེན་ནག་པོ་ལས༔ བྱུང་བའི་ཟློག་བྱེད་ཁྲོ་བོ་སྐུ་མདོག་ནག༔ དུར་ཁྲོད་ཆས་རྫོགས་ཞལ་གདངས་མཆེ་བ་གཙིགས༔ ཕྱག་གཡས་རལ་གྲིས་དགྲ་བགེགས་གསོད་པར་བྱེད༔ གཡོན་པས་ཚེ་བདུད་བཟློག་པའི་འཁོར་ལོ་འཛིན༔ སྐུ་སྨད་གནམ་ལྕགས་ཕུར་པས་ཚེ་བདུད་གཟིར༔ སྨན་གཏོར་རཀྟའི་མཆོད་པས་
ཐུགས་དམ་བསྐང་༔ བདག་དང་བསྲུང་བྱའི་ཚེ་རབས་ཐོགས་མེད་ནས༔ ཚེ་ཐུང་བསོད་ནམས་ཆུང་བའི་ལས་སྒྲིབ་དང་༔ ལྷན་ཅིག་སྐྱེས་པའི་འདྲེ་དང་ཚེ་ཡི་བདུད༔ ཁ་རྗེ་དབང་ཐང་ལ་གནོད་དགྲ་བགེགས་དང་༔ ཐམས་ཅད་མ་ལུས་གཟིར་ཞིང་བསད་པ་དང་༔ མཐུ་དང་རྫུ་འཕྲུལ་སྟོབས་ནུས་མེད་པར་མཛོད༔ བཅོམ་ལྡན་འཇམ་དཔལ་སྨན་གདོང་ཐུགས་སྲོག་ནི༔ ཧཱུྃ་དཀར་ཡེ་ཤེས་ལྔ་ཡི་མེ་འབར་བས༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ དུག་གསུམ་ངོ་བོ་བྱ་སྦྲུལ་ཕག་གསུམ་བསྲེགས༔ འོག་མིན་གནས་ནས་རྡོ་རྗེ་སེམས་དཔའ་བྱོན༔ ཚངས་བུག་ནས་ཞུགས་སྙིང་ཁར་བཞུགས་པ་ནི༔ དཀར་གསལ་དར་དཀར་རིན་ཆེན་རྒྱན་དང་ལྡན༔ ཞི་འཛུམ་རྡོ་རྗེ་གཏོད་ཅིང་དྲིལ་བུ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ ཐུགས་དབུས་ཧཱུཾ་དང་ཡིག་བརྒྱ་ལས་བྱུང་བའི༔ བདུད་རྩིའི་རྒྱུན་གྱིས་ཉམས་ཆག་སྡིག་སྒྲིབ་ཀུན༔ ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ བདག་གིས་ཡིད་ལ་རེ་བ་འགྲུབ་པར་མཛོད༔་ཡིག་བརྒྱ་བརྗོད། བཤགས་པ་འདོན། ཧཱུྃ༔
བཅོམ་ལྡན་དཔལ་ཆེན་ཁྲོ་ཆུ་དུག་གདོང་གི དབུས་ཞལ་དབུ་གཙུག་ཁྲོ་ཆུའི་མཆོད་རྟེན་ནང་༔ འཇམ་དཔལ་ཁྲོས་པའི་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ མཐིང་ནག་ཕྱག་གཉིས་བེ་ཅོན་སྡིགས་མཛུབ་མཛད་འདོར་ཐབས་ཞབས་གཉིས་པད་ཉིའི་གདན་ལ་བཞུགས༔ དུར་ཁྲོད་ཆས་རྫོགས་བསྐལ་པའི་མེ་ད ནག་པོའི་ཐུགས་དམ་དབྱིངས་ནས་བསྐུལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཕོ་གདོན་གཤིན་རྗེའི་གནོད་པ་བཟློག་ཏུ་གསོལ༔ དུས་མིན་འཆི་བ་བཅོ་བརྒྱད་བཟློག་ཏུ་གསོལ༔ སྐག་རིགས་སུམ་བརྒྱ་དྲུག་ཅུ་བཟློག་ཏུ་གསོལ༔ མོ་རྩིས་གབ་རྩེ་ངན་པ་བཟློག་ཏུ་གསོལ༔ གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཏུ་གསོལ༔ འཆི་བདག་གཤིན་རྗེའི་ཕོ་ཉ་བཟློག་ཏུ་གསོལ༔ བདུད་ཀྱི་ཞགས་པོས་འཆིང་བ་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཡས་ཞལ་ལྕགས་ཀྱི་མཆོད་རྟེན་འབར་བའི་ནང་༔ ཐུགས་རྗེ་ཁྲོས་པའི་རྟ་མཆོག་ཧེ་རུ་ཀ༔ དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ ཕྱག་གཡས་དབྱུག་ཏོ་གཡོན་པས་སྡིགས་མཛུབ་མཛད༔
སྟག་ལྤགས་སྨད་དཀྲིས་ཞིང་གླང་སྐུ་སྟོད་གསོལ༔ དཔའ་གཏུམ་རབ་ཁྲོས་སྲིན་པོ་ཁྲོས་པའི་གཟུགས༔ དུར་ཁྲོད་ཆས་རྫོགས་ཡེ་ཤེས་མེ་རིའི་དབུས༔ རྟ་མཆོག་རྒྱལ་པོའི་ཐུགས་དམ་དབྱིངས་ནས་བསྐུལ་དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ མོ་གདོན་བསེན་མོའི་གནོད་པ་བཟློག་ཏུ་གསོལ༔ ཡམས་ནད་རིམས་ནད་དལ་ཡམས་བཟློག་ཏུ་གསོལ༔ ཁྲག་ནད་རྒྱུ་གཟེར་རིམས་ཡམས་བཟློག་ཏུ་གསོལ༔ མ་མོའི་ཁ་རླངས་གདུག་རྩུབ་བཟློག་ཏུ་གསོལ༔ བསེན་མོའི་ཚེ་ལ་རྐུ་བ་བཟློག་ཏུ་གསོལ༔ བཙན་གྱི་ཤོ་རྡེལ་གཏོར་བ་བཟློག་ཏུ་གསོལ༔ རྟ་ནད་འཚེར་རྩུབ་ཐམས་ཅད་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཡོན་ཞལ་དབུ་གཙུག་དུག་གི་མཆོད་རྟེན་ནང་༔ གསང་བདག་ཁྲོས་པའི་བྱ་ཁྱུང་ག་རུ་ཊ༔ གནམ་ལྕགས་ཞུན་མའི་ལུས་ལ་ཁྲོ་ཆུས་ར༔ ཉི་ཟླའི་སྤྱན་ལ་གློག་དམར་འཁྱུགས་པའི་ལྕེ༔ རྡོ་རྗེ་ཕ་ལམ་ལས་གྲུབ་མཆུ་སྡེར་ཅན༔ རལ་གྲིའི་གཤོག་པ་སྤུ་གྲིའི་ཐིལ་ཕྲན་འབར༔ ཆུ་གྲིའི་རྐང་པ་རལ་གྲིའི་མཇུག་སྒྲོ་ཅན་ཀྲི་ཀྲི་སྒྲ་སྒྲོག་ཀླུ་གཉན་སྲོག་རྩ་འདར༔ གཤོག་པ་བརྡབས་
པས་བྱེ་ཚན་ཆར་པ་འབེབས༔ ཁྱུང་ཆེན་འབར་བའི་ཐུགས་དམ་དབྱིངས་ནས་བསྐུལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཀླུ་གཉན་ས་བདག་གནོད་པ་བཟློག་ཏུ་གསོལ༔ ཞ་གྲུམ་རྐང་འབམ་མཛེ་རིགས་བཟློག་ཏུ་གསོལ༔ དམུ་ཆུ་ལྷོག་པ་གཉན་རྒོད་བཟློག་ཏུ་གསོལ༔ ཀླུ་གཉན་རྣམས་ཀྱིས་འཆིང་བ་བཟློག་ཏུ་གསོལ༔ གཏེད་ཁྲམ་དུག་རྣམས་ཐམས་ཅད་བཟློག་ཏུ་གསོལ༔ ཁ་རླངས་མཆེ་དུག་མཐོང་དུག་བཟློག་ཏུ་གསོལ༔ གཉན་དང་ས་སྲིན་གནོད་པ་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་གཤིན་རྗེ་གནམ་ལྕགས་འབར་བ་ནི༔ སྤྱི་བོའི་གནས་སུ་བཞུགས་པའི་ཁྲོ་བོ་ནི༔ འཆར་ཁ་ནག་པོ་རབ་འཇིགས་ཁྲོ་ལ་གཏུམ༔ མཆོད་རྟེན་དབུ་བརྒྱན་ཕྱག་གཉིས་མཆོད་རྟེན་བསྣམས༔ དུག་སྦྲུལ་སྟག་ལྤགས་མནབ་ཅིང་སྦྲུལ་མཇུག་འཁྱུགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྟེང་གདོང་ལྷ་ཡི་གནོད་པ་བཟློག་ཏུ་གསོལ༔ མྱོས་ཤིང་འཐིབས་པའི་ནད་རྣམས་བཟློག་ཏུ་གསོལ༔ ལྷ་ཡི་རྩུབ་རིམས་ཐམས་ཅད་བཟློག་ཏུ་གསོལ༔ གནམ་ནད་ཐོག་དང་སེར་
བ་བཟློག་ཏུ་གསོལ༔ དུས་ཀྱི་འཁྲུགས་པ་ཐམས་ཅད་བཟློག་ཏུ་གསོལ༔ ལྷ་མ་ཡིན་གྱི་རྒྱུ་ཐབས་བཟློག་ཏུ་གསོལ༔ ལྷ་ཡི་བཀའ་ཆད་བབ་པ་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་འབར་བའི་མགྲིན་པ་ནས༔ ཟློག་བྱེད་གཤིན་རྗེ་འཇོམས་བྱེད་འབར་བ་ནི༔ སྐུ་མདོག་དམར་ནག་རབ་ཁྲོས་སྲིན་པོའི་གཟུགས༔ ཕྱག་གཡས་མཆོད་རྟེན་གཡོན་པས་དགྲ་སྟ་འཛིན༔ ཁྲོ་ཆས་ཡོངས་རྫོགས་མེ་དཔུང་དབུས་ན་བཞུགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ བར་གདོན་གཉན་གྱི་གནོད་པ་བཟློག་ཏུ་གསོལ༔ གཉན་ཆེན་སྡེ་བརྒྱད་གནོད་པ་བཟློག་ཏུ་གསོལ གཉན་ནད་གག་ལྷོག་གཟེར་གསུམ་བཟློག་ཏུ་གསོལ༔ གཉན་ཚད་གཉན་རིམས་ལྷོག་པ་བཟློག་ཏུ་གསོལ༔ ཚེར་ལྷོག་མཐིང་ནག་མེ་དབལ་བཟློག་ཏུ་གསོལ༔ སྐྲངས་ལྷོག་བྱི་བ་ཉ་གས་བཟློག་ཏུ་གསོལ༔ གཉན་སྲིན་ནག་པོ་སུམ་སྒྲིལ་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་ཁྲོ་ཆུ་དུག་གདོང་ཐུགས་ཀ་ནས༔ ཚེ་བདག་ནག་པོ་ཞལ་གསུམ་ཕྱག་དྲུག་པ༔ གཡས་
དཀར་གཡོན་དམར་དབུས་མཐིང་ཁྲོ་ཆས་རྫོགས༔ གཡས་གསུམ་འཁོར་ལོ་རྡོ་རྗེ་རལ་གྲི་ཕྱར༔ གཡོན་གསུམ་བེ་ཅོན་སྡིགས་མཛུབ་གཏུན་ཤིང་བསྣམས༔ ཁྲོ་ཆས་ཡོངས་རྫོགས་ཞབས་བཞི་འདོར་ཐབ་བསྒྲད༔ ཆུ་གླང་པད་ཉིའི་གདན་བ་ཞུགས་བསྐལ་མེ་འབར་དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ འོག་གདོན་ཀླུ་ཡི་གནོད་པ་བཟློག་ཏུ་གསོལ༔ ཀླུ་ནད་མཛེ་རིགས་བཅོ་བརྒྱད་བཟློག་ཏུ་གསོལ༔ འབྲས་དང་དམུ་ཆུ་མིད་དཀྱུས་བཟློག་ཏུ་གསོལ༔ སྦྱར་དང་གྱུར་པའི་དུག་རྣམས་བཟློག་ཏུ་གསོལ༔ བཙའ་སད་སེར་གསུམ་མུ་གེ་བཟློག་ཏུ་གསོལ༔ ས་གཡོས་བཤའ་རྒྱུད་ཡུལ་འབུད་བཟློག་ཏུ་གསོལ༔ ནང་འཁྲུགས་མཚོན་གྱི་ཆུ་གྲི་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་དུག་གདོང་ཆེན་པོའི་གསང་གནས་ནས༔ གཤིན་རྗེ་ཁ་ཐུན་ནག་པོ་ཆར་སྤྲིན་མདོག༔ ཤིན་ཏུ་འཇིགས་རྔམས་དུར་ཁྲོད་ཆས་བརྒྱད་གསོལ༔ ཕྱག་གཉིས་ལྕགས་པར་བསྣམས་ཤིང་འདོར་ཐབས་བསྒྲད༔ དགྲ་བགེགས་ཐལ་བར་བརླག་ཅིང་ཤ་ཁྲག་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་
ལ༔ དགྲ་དང་བགེགས་དང་བྱད་མ་གནོད་བྱེད་རྣམས༔ ཁ་ཐུན་ནག་པོ་ཁྱོད་ཀྱིས་རྡུལ་དུ་རློགས༔ ཤ་ཁྲག་རུས་གསུམ་ཆེམ་ཆེམ་ཁ་རཾ་ཁཱ་ཧི༔ བྱད་མ་རང་ནུས་རང་ལ་སྨིན་པར་མཛོད༔ དགྲ་བོ་རང་སྲོག་རང་གིས་གཅོད་དུ་ཆུག༔ གནོད་བྱེད་གདོན་བགེགས་རང་གཤེད་རང་ལ་ཕོབ༔ གཤིན་རྗེ་སྲོག་ཐིག་ནག་པོས་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཟློག་བྱེད་དུག་གདོང་དཔུང་པ་གཡས་གོང་ན༔ གཤིན་རྗེ་ཁྲག་མཚོ་ཁོལ་མ་ཁྲག་གི་མདོག༔ རབ་ཁྲོས་ཕྱག་གཉིས་ཉི་ཟླ་ཆ་ལང་རྡེབ༔ དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་དཔུང་འབར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ་གནོད་བྱེད་བྱེད་མ་དགྲ་བགེགས་མ་ལུས་པ༔ ཉི་ཟླ་ཆ་ལང་བར་དུ་ཕྱེ་མར་ཐོང་༔ ཤ་ཁྲག་དོན་སྙིང་དབང་པོ་ནང་ཁྲོལ་རྣམས༔ དམར་དང་ཆལ་ཆལ་ཐོངས་ལ་ཞལ་དུ་བཞེས༔ ལས་གཤིན་ཁྲག་མཚོ་ཁོལ་མའི་དུས་ལ་བབ༔ དུས་ལ་བབ་བོ་མ་གཡེལ་ལས་མཛོད་ཅིག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དུག་གདོང་ཁྲོ་བོའི་དཔུང་པ་གཡོན་པ་ན༔ ལས་ཀྱི་གཤིན་རྗེ་རལ་པ་ཚལ་དགུ་ནི༔ སྐུ་
མདོག་དམར་ནག་རལ་པས་ས་གཞི་ཁྱབ༔ ཁྲོ་བོའི་རྟགས་རྫོགས་འདོར་ཐབས་བསྐལ་མེ་འབར༔ གཡས་པས་ཁྲམ་ཤིང་གཡོན་པས་ནད་རྐྱལ་འཛིན༔ དམ་རྗེས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་ཀུན༔ ཁྲམ་ལ་ཐོབ་ལ་བྱང་བུ་དམར་པོར་བྲིས ལོ་དང་ཟླ་བར་བཞག་པའི་ལོང་མེད་པས༔ ཞག་དང་ཟ་མར་མ་འགོར་དུས་མཐའ་བསྙུང་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དུག་གདོང་འབར་བའི་བ་སྤུའི་བུ་ག་ནས༔ ཁྲོ་ཆུང་གྲངས་མེད་མཚོན་ཆ་སྣ་ཚོགས་ཐོགས༔ བྱད་མ་ལྷ་སྲུང་བཅས་པ་བསད་ཅིང་གཏུབས༔ ཁྲོ་ཆུང་དེ་དག་ཀུན་གྱི་སྤུ་གསེབ་ནས༔ མཚོན་ཆའི་ཆར་འབེབས་དགྲ་བགེགས་རླག་པར་བྱེད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་མནག་པའི་དགྲ་བགེགས་བྱད་མ་ལ༔ སྣ་ཚོགས་རྣོ་ངར་མཚོན་ཆའི་ཆར་པ་ཕོབ༔ ཤ་ཁྲག་དོན་སྙིང་དབང་པོ་ནང་རོལ་རྣམས༔ རྡུལ་ཕྲན་ཕྲ་མོ་བཞིན་དུ་གཏུབས་ནས་ཀྱང་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཕྱི་རོལ་གནམ་ལྕགས་ལས་གྲུབ་འཁོར་ལོའི་གུར༔
རྩིབས་བཅུའི་ནང་དུ་ཡེ་ཤེས་ཁྲོ་བོ་བ སྟེང་གི་ཕྱོགས་ན་ཟློག་བྱེད་ཁྲོ་བོའི་རྒྱལ༔ ཧཱུྃ་མཛད་སྔོ་ནག་རྡོ་རྗེ་སྡིགས་མཛུབ་ཕྱག༔ ལྷ་གདོན་འདུལ་མཛད་ཁྲོ་བོ་ཆེན་པོ་སྟེ། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་བཟློག༔ གཟའ་དང་རྒྱུ་སྐར་གནོད་པ་བཟློག་ཏུ་གསོལ༔ ཤར་གྱི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ གཤིན་རྗེ་མཐར་བྱེད་སྐུ་མདོག་སྔོ་ནག་ལ༔ གཡས་གཡོན་ཕྱག་ན་རྡོ་རྗེ་ཐོ་བ་བསྣམས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ཤར་ཕྱོགས་དྲི་ཟའི་གནོད་པ་བཟློག་ཏུ་གསོལ༔ ལྷོ་ཡི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ ཤེས་རབ་མཐར་བྱེད་དཀར་གསལ་ཁྲོ་ཆས་རྫོགས༔ གཡས་གཡོན་དབྱུག་པ་སྡིགས་མཛུབ་ཕྱག་ན་བསྣམས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ལྷོ་ཕྱོགས་གཤིན་རྗེའི་གནོད་པ་བཟློག་ཏུ་གསོལ༔ ནུབ་ཀྱི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ པདྨ་མཐར་བྱེད་དམར་པོ་ཁྲོ་ཆས་རྫོགས༔ གཡས་གཡོན་ཕྱག་ན་པདྨ་སྡིགས་མཛུབ་ཅན༔ དམ་
རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ནུབ་ཕྱོགས་ཀླུ་ཡི་གནོད་པ་བཟློག་ཏུ་གསོལ༔ བྱང་གི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ བགེགས་ཆེན་མཐར་བྱེད་སྐུ་མདོག་སྔོ་ནག་ལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གཡོན་སྡིགས་མཛུབ་དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ བྱང་ཕྱོགས་གནོད་སྦྱིན་གནོད་པ་བཟློག་ཏུ་གསོལ༔ ཤར་ལྷོ་མཚམས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ འདོད་རྒྱལ་སྔོ་ནག་ལྕགས་ཀྱུ་སྡིགས་མཛུབ་ཕྱག༔ སྟག་སྦྲུལ་དར་དང་རིན་ཆེན་རྒྱན་དང་ལྡན༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཤར་ལྷོ་མཚམས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ཤར་ལྷོ་མེ་ལྷའི་གནོད་པ་བཟློག་ཏུ་གསོལ༔ ལྷོ་ནུབ་མཚམས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ དབྱུག་སྔོན་ཅན་ནི་སྐུ་མདོག་སྔོ་ནག་ལ༔ གཡས་གཡོན་ཕྱག་གཉིས་དབྱུག་པ་སྡིགས་མཛུབ་ཕྱག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ལྷོ་ནུབ་སྲིན་པོའི་གནོད་པ་བཟློག་ཏུ་གསོལ༔ ནུབ་བྱང་མཚམས་
ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ སྟོབས་པོ་ཆེ་ནི་སྐུ་མདོག་ནག་པོ་ལ༔ གཡས་པས་རྡོ་རྗེ་རྩེ་གསུམ་གཡོན་སྡིགས་མཛུབ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ནུབ་བྱང་རླུང་ལྷའི་གནོད་པ་བཟློག་ཏུ་གསོལ༔ བྱང་ཤར་མཚམས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ མི་གཡོ་མགོན་པོ་སྐུ་མདོག་སྔོ་ནག་ལ༔ ཕྱག་གཡས་རལ་གྲི་གཡོན་པས་སྡིགས་མཛུབ་མཛད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ བྱང་ཤར་བགེགས་ཀྱི་གནོད་པ་བཟློག་ཏུ་གསོལ༔ འོག་གི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ གནོད་མཛེས་སྔོ་ནག་གཏུན་ཤིང་སྡིགས་མཛུབ་ཕྱག༔ ཞབས་གཉིས་འདོར་ཐབས་མེ་དཔུང་ཚྭ་ཚྭ་འཕྲོ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག་འོག་ཕྱོགས་ས་བདག་གནོད་པ་བཟློག་ཏུ་གསོལ༔ ཧཱུྃ༔ ཕྱི་རོལ་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ནང་༔ སངས་རྒྱས་སྟོང་རྩ་ཁྲོ་བོར་སྐུ་བཞེངས་པ༔ ཁྲོ་བོ་སྟོང་ནི་སྐུ་མདོག་མཐིང་ནག་འབར༔ དཔལ་གྱི་ཆས་བཅུ་གར་གྱི་
ཉམས་གུར་ལྡན༔ ཕྱག་མཚན་མཚོན་ཆའི་རིགས་བྱེད་སྣ་ཚོགས་བསྣམས༔ ཕལ་ཆེར་ཕྱག་ན་གནམ་ལྕགས་མདའ་གཞུ་འགེངས༔ ཞལ་ཕྱིར་གཟིགས་ཤིང་ཧཱུྃ་ཧཱུཾ་ཕཊ་སྒྲ་སྒྲོག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གདོན་བགེགས་བྱད་མ་ཐམས་ཅད་བརྡུང་བ་དང་༔ ཡེ་ཤེས་འཇིག་རྟེན་སྲུང་མས་བྱད་ཟློག་ཅིག༔ ཁྲོ་ཆུ་དུག་གདོང་ཐུགས་ཀའི་ས་བོན་དང་༔ ཕྱག་མཐིལ་བ་སྤུའི་བུ་ག་ཐམས་ཅད་ནས༔ རང་འདྲའི་ཁྲོ་ཆུང་སྐུ་མདོག་ནག་པོ་ནི༔ བྱེ་བ་དུང་ཕྱུར་མཚོན་ཆ་སྣ་ཚོགས་འཛིན༔ མཚོན་ཆ་སྣ་ཚོགས་སྦྱོགས་དང་ཐོག་སེར་བཅས༔ ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་༔ འུར་སྒྲ་ཆེམ་སྒྲ་ཐུག་ཆོམ་དྲག་པོར་བཅས༔ བྱད་མ་ལྷ་སྲུང་གཡུལ་ངོ་ཟློག་པར་བྱེད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བན་བྱད་བོན་བྱད་མུ་སྟེགས་བྱད་ཁ་ཟློག༔ ཡེ་ཤེས་འཇིག་རྟེན་སྲུང་མའི་བྱད་ཁ་ཟློག མུ་སྟེགས་བོན་དང་ངན་སྔགས་སྦྱོར་མཁན་ཟློག༔ གཏད་དང་སེལ་ནག་ཕུང་བཤིག་བཟློག་ཏུ་གསོལ༔ རླུང་འཁོར་ཕྲ་མེན་ངག་མནན་བཟློག་ཏུ་གསོལ༔ ཟོར་ཁ་གཏོར་ཁ་དྲོད་གཏོང་བཟློག་ཏུ་གསོལ༔
རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕྱི་རོལ་འཇམ་དཔལ་ཁྲོ་བོ་སྣ་ཚོགས་པ༔ ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་པ༔ གཤིན་རྗེ་ཚེ་བདག་སྲོག་བདག་འཆི་བདག་ནག རྡོ་རྗེ་འཇིགས་བྱེད་དགྲ་ནག་གདོང་དྲུག་དང་༔ མཐར་བྱེད་གཤེད་དམར་ཡེ་ཤེས་ཁྲོ་བོའི་ཚོགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། ཡེ་ཤེས་ལྷ་ཡི་བཀའ་ཆད་བྱད་ཁ་ཟློག༔ དུས་མིན་འཆི་དང་ཚེ་ཡི་བར་ཆད་ཟློག༔ སྲོག་ལུས་དབང་ཐང་རླུང་རྟའི་དགྲ་དར་ཟློག༔་དགྲ་སྣ་དམག་སྣ་ཇག་སྣ་རྐུན་སྣ་ཟློག༔ མ་ཉེས་ཁ་ཡོག་རྒྱལ་པོའི་ཆད་པ་ཟློག མི་ཁ་བྲ་མཆུ་རྨིས་ལྟས་མཚན་ངན་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཐམས་ཅད་ཟློག རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་རྒྱབ་འཇིག་རྟེན་ལས་ཀྱི་གཤིན་རྗེའི་ཚོགས༔ བེ་བྷ་སྭ་ཏ་འཆར་ཁ་ནག་པོ་དང་༔་ཆོས་ཀྱི་རྒྱལ་པོ་ཟ་བ་ལྗང་ནག་དང་༔ རལ་པ་ཚར་དགུ་མྱོས་བྱེད་འབར་བ་དང་༔ ཨཱརྱ་མེ་རུ་ཕྱ་སང་ཏེལ་པ་དང་༔་བདུད་འཇོམས་བྲག་འཇོམས་ཨ་ཝ་གླང་མགོ་སོགས༔ ལས་གཤིན་བྱེ་བ་ས་ཡ་ཞལ་ཕྱིར་གཟིགས༔ རབ་ཁྲོས་རྔམས་པའི་ང་རོ་
ཕྱོགས་བཅུར་སྒྲོག༔་ལག་ན་རྣོ་བའི་མཚོན་ཆ་སྣ་ཚོགས་ཕྱིར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མ་མ་ལུས་པའི༔ ཤ་ཟོ་ཁྲག་འཐུང་རུས་མུར་ཀླད་པ་འཇིབས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་རྒྱབ་ཕྱི་ནང་གསང་བའི་སྡེ་བརྒྱད་དང་༔ དཔལ་མགོན་བདུན་ཅུ་དྲེགས་ཆེན་བཅོ་བརྒྱད་དང་༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཐམས་ཅད་ཀྱང་༔ རབ་ཁྲོས་ཕྱི་རོལ་ཞལ་གཟིགས་མཚོན་ཆ་ཐོགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བྱད་མ་ལྷ་སྲུང་བཅས་པ་རྣམས༔ མ་ལུས་ཐམས་ཅད་ལྷ་སྲིན་རྔམས་ཟས་གྱིསཿ་ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ་ཡཱ༔ འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གིས༔ གསང་བའི་ཡུམ་ཆེན་དུག་ཏི་ནག་མོ་ནི༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ སྤྱན་གསུམ་སྡང་མིག་དབུ་སྐྲ་མཐུར་དུ་འཕྱངས༔ རུས་པའི་རྒྱན་དང་གཟིག་གི་ཤམ་ཐབས་ཅན༔ ཐོད་སྐམ་དབུ་བརྒྱན་ཐོད་ཕྲེང་དོ་ཤལ་བྱས༔ ཕྱག་གཡས་འོག་མས་
ལྕགས་ཀྱུས་དགྲ་བགེགས་འགུགས༔ ཕྱག་གཡས་དང་པོའི་རལ་གྲིས་དགྲ་བགེགས་བསྒྲལ༔ ཕྱག་གཡོན་དང་པོས་ལྕགས་སྒྲོག་བྱད་མ་སྡོམས༔ འོག་མས་ཐོད་ཁྲག་དགྲ་བགེགས་སྙིང་ཁྲག་སྟོབས༔ ཞབས་གཉིས་ཡབ་ཀྱི་ལྟེ་བར་འཁྲིལ་ཞིང་འཁྱུད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བྱད་མ་ཚར་གཅོད་ལས་མཛོད་ཅིག༔ གསོད་བྱེད་ཤན་པ་ནག་མོའི་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུམ་སྔགས་ནི༔ ཨོཾ་རུ་རུ་རཀྵ་རཀཱ་མ་བྷྱོ་ཛ་ཛ༔ ཡབ་སྔགས་ཤམ་དུ་བརྒྱ་རེ་ལས་སྦྱར་མི་རུང་གསུངས༔ དེ་ཡང་སྲུང་སྔགས་དུ་ཐུན་མགོ་ལ་སྦྱར་ན་ཟབ༔ ཨྠྀི༔ ༈ འདི་གལ་ཆེ་ན་མ་གཏོགས་རྒྱུན་དུ་མི་དགོས། ཨེ་ཡཱ་བྷྱོ༔ རིམ་པ་བདུན་གྱི་ས་འོག་ནས༔ ན་རཀ་དམྱལ་ཁམས་དམེས་ནག་ནས༔ རིགས་གསུམ་གཅིག་འདུས་གཤིན་རྗེའི་གཤེད༔ ཁྲོ་ཆུ་དུག་གདོང་དམག་ལ་ཆོས༔ སྲིད་གསུམ་ཁྱེད་ཀྱི་ལྟོ་བར་གནས༔ དུས་གསུམ་སངས་རྒྱས་མན་ཆད་ནས༔ འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ སྲོག་དབུགས་ཟ་བའི་མཐུ་བོ་ཆེ༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་
ཙམ་གྱི་ལྗགས་སྐྱོངས་ལ༔ དགྲ་བགེགས་བྱད་མ་ཞལ་དུ་བཞེས༔ དགྲ་བགེགས་བྱད་མ་ཕོ་རྒྱུད་རྣམས༔ གཡས་ཞལ་ལྗང་གུའི་ཞལ་དུ་བསྟབ༔ དགྲ་བགེགས་བྱད་མ་མོ་རྒྱུད་རྣམསཿ༔ གཡོན་ཞལ་དམར་པོའི་ཞལ་དུ་བསྟབ༔ དགྲ་བགེགས་བྱད་མ་ལྷ་སྲུང་རྣམས༔ དབུས་ཞལ་ནག་པོའི་ཞལ་དུ་བསྟབ ཕྱག་དྲུག་གཡས་གསུམ་དགྲ་སྟ་ཡིས་དགྲ་བགེགས་བྱད་མའི་མགོ་ལུས་ཕྲལ༔ གཡོན་གསུམ་ཙིཏྟ་བསྣམས་པ་ཡིས༔ དགྲ་དང་བགེགས་དང་བྱད་མ་དང་༔ བྱད་མའི་མགོན་བྱེད་དྲེགས་པའི་ཚོགས༔ ཀུན་གྱི་སྲོག་སྙིང་ཆེམ་ཆེམ་ཟོ༔ ཞལ་གསུམ་གདངས་ཤིང་མཆེ་བ་གཙིགས༔ བྱད་མའི་དོན་སྙིང་ད་རོལ་ཅིག༔ ལྗགས་གསུམ་འདྲིལ་ཞིང་རྐན་སྒྲ་རྡེབ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ སྟོང་གསུམ་ལྷ་འདྲེ་ཞལ་དུ་བསྟབ༔ གཤོག་པ་གཡས་པའི་རལ་གྲི་ཡི༔ འཁོར་ལོ་གཡས་སུ་འཁོར་བ་ཡིས༔ དགྲ་བགེགས་ཕོ་རྒྱུད་སྲོག་རྩ་གཅོད༔ གཤོག་པ་གཡོན་པ་ཆུ་གྲི་ཡི༔ འཁོར་ལོ་གཡོན་དུ་འཁོར་བ་ཡིས༔ དགྲ་བགེགས་མོ་རྒྱུད་སྲོག་རྩ་གཅོད༔ སྐེད་པ་ཆུ་སྲིན་ཞལ་གདངས་ཤིང༔ འབྲུག་སྒྲོག་གློག་
འཁྱུག་དུག་རླངས་འཕྱུར༔ སྟོང་གསུམ་སྟོང་གི་འཇིག་རྟེན་མ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ དགྲ་དང་བགེགས་དང་བྱད་མའི་ཚོགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས ཐམས་ཅད་ཆུ་སྲིན་གྲེ་བར་རྫོངས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ སྐུ་སྨད་ཕུར་པ་རྣོ་ངར་ལྡན་དགྲ་བགེགས་བྱད་མའི་རྩ་གསུམ་དང་༔ དུག་གསུམ་ལུས་ངག་ཡིད་གསུམ་གཟིར༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམ༔ འཆུག་མེད་མངོན་སངས་རྒྱས་པར་མཛོད༔ སྐུ་ལས་མེ་དཔུང་ཚྭ་ཚྭ་འཕྲོས༔ གནོད་བྱེད་དགྲ་བགེགས་གཞོབ་ཏུ་བསྲེག༔ བ་སྤུའི་གསེབ་ནས་ཁྲོ་ཆུང་འགྱེད༔ གནོད་བྱེད་མ་ལུས་ཐལ་བར་བརླགས༔ འཁོར་གྱི་གཤིན་རྗེ་འབུམ་དང་བཅས༔ སྟོང་གསུམ་འཇིག་རྟེན་ཁྱབ་པར་ཉུལ༔ སྐྱེ་འགྲོ་ཐམས་ཅད་ཁྲམ་ལ་འདེབས༔ དགེ་སྡིག་ཡིག་ཆུང་བྱང་བུར་འདེབས༔ ཁྱེད་ནི་ལམ་རྒྱུད་ལྔ་ཡི་བདག༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བསྟན་དང་བདག་ལ་སྡང་བ་ཡི༔ དགྲ་བགེགས་ཐམས་ཅད་ཁྲམ་ལ་ཐོབས༔ སྡིག་ཆེན་དགྲ་བོ་བྱད་མ་ལ༔ ལས་ཀྱི་རྣམ་སྨིན་ད་ལྟ་སྟོན༔ གསང་སྔགས་བསྟན་དང་བསྟན་འཛིན་དང་༔ དམ་ལྡན་
རྣལ་འབྱོར་བདག་ཅག་ལ༔ སྡང་ཞིང་གདུག་པའི་སེམས་འཆང་བའི༔ བན་དང་བོན་དང་མུ་སྟེགས་སོགས༔ སྐྱེ་བོ་བུད་མེད་ཤན་པའི་ཚོགས༔ རྒྱ་འཇང་མེ་ཉག་ཧོར་སོག་དང་༔ མཐའ་མི་བོད་མི་དགྲ་བགེགས་ཚོགས༔ དྲེགས་པ་བཅོ་བརྒྱད་ལྷ་སྲིན་ཚོགས༔ ལྷ་འདྲེ་སྟོང་དང་བྱད་མ་འབུམ ཐམས་ཅད་ཁྱོད་ཀྱི་ཞལ་དུ་བསྟབ་བསྐལ་པའི་མེ་དང་སྦྲང་བུ་ལྟར༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་ཁྲོ་ཆུ་དུག་གདོང་གི མདུན་དབུས་གྲུ་གསུམ་གཞལ་ཡས་ནས༔ ལས་གཤིན་འཆི་བདག་དམག་ལ་ཆོས༔ སྐུ་མདོག་སེར་ནག་འབར་བ་ལ༔ ཕྱག་ན་དགྲ་སྟ་ཙིཏྟ་བསྣམས༔ སྐུ་སྨད་ཕུར་པས་དགྲ་བགེགས་གཟིར༔ འདབ་གཤོག་མཁའ་ལྡིང་རྒྱལ་པོ་འདྲ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་ཕོ་རྒྱུད་ཞལ་དུ་བསྟབས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཕོ་རྒྱུད་དམོད་པའི་དྲག་སྔགས་ཟློག༔ ཕོ་རྒྱུད་གནོད་བྱེད་རྡུལ་དུ་རློགས་མ་གཡེལ་ཕྲིན་ལས་མྱུར་དུ་མཛོད༔ མདུན་གཡས་ཟུར་ནས་
བསྐུལ་པ་ནི༔ ལས་གཤིན་ཚེ་བདག་དམག་ལ་ཆོས༔ སྐུ་མདོག་དམར་ནག་འབར་བ་ལ༔ ཞལ་གདས་མཆེ་གཙིག་རྐན་སྒྲ་རྡེབ༔ དགྲ་སྟ་ཙིཏྟས་གནོད་བྱེད་བསྒྲལ༔ ཁྱུང་ཆེན་ལྟ་བུའི་གཤོག་པ་གདེང་༔ སྐུ་སྨད་ཕུར་པ་ཚྭ་ཚྭ་འཕྲོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་མོ་རྒྱུད་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མོ་རྒྱུད་དམོད་པའི་དྲག་སྔགས་ཟློག༔ གནོད་བྱེད་མོ་རྒྱུད་རྡུལ་དུ་རློགས༔ མ་གཡེལ་མ་འདའ་ཕྲིན་ལས་མཛོད༔ མདུན་གཡོན་ཟུར་ནས་བསྐུལ་པ་ནི༔ ལས་གཤིན་སྲོག་བདག་དམག་ལ་ཆོས༔ སྐུ་མདོག་མཐིང་ནག་ཁྲོ་ལ་གཏུམ༔ གཡས་གཡོན་དགྲ་སྟ་ཙིཏྟ་བསྣམས༔ མེ་འབར་གཤོག་པ་ལྷབས་སེ་ལྷབ༔ སྐུ་སྨད་ཁྲོ་ཕུར་ཟངས་སེ་ཟང་༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ སྣང་སྲིད་ལྷ་འདྲེ་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷ་འདྲེ་དམོད་པའི་དྲག་སྔགས་ཟློག གནོད་བྱེད་ལྷ་འདྲེ་རྡུལ་དུ་རློགས༔ མ་ཐོགས་མྱུར་དུ་ཕྲིན་ལས་མཛོད༔ རྒྱབ་གཡས་ཟུར་ནས་བསྐུལ་བ་ནི༔ བི་བྷ་སྭ་ཏ་དམག་ལ་ཆོས༔ སྐུ་མདོག་ཁམ་ནག་
འཇིགས་པའི་གཟུགས༔ ཕྱག་གཡས་དགྲ་སྟ་གཡོན་ཙིཏྟ༔ ཕུར་ཞབས་ཁྱུང་གཤོག་མེ་རི་འབར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ ལྷ་སྲིན་སྡེ་བརྒྱད་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ སྡེ་བརྒྱད་དམོད་པའི་བྱད་ཁ་ཟློག མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ རྒྱབ་གཡོན་ཟུར་ནས་བསྐུལ་བ་ནི༔ ཟ་བ་ལྗང་ནག་དམག་ལ་ཆོས ལྗང་ནག་དགྲ་སྟ་ཙིཏྟ་འཛིན༔ ཕུར་པའི་ཞབས་ཅན་གཤོག་པ་གདེང་༔ ཁྲོ་གཏུམ་ཞལ་གདངས་མཆེ་བ་གཙིགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདུད་དང་མུ་སྟེགས་དམ་སྲི་རྣམས༔ ཞལ་དུ་བསྟབ་བོ་མྱུར་དུ་བཞེས༔ བདུད་དང་མུ་སྟེགས་དམོད་པ་ཟློག༔ བདུད་དང་མུ་སྟེགས་སྟོབས་ནུས་ཆོམས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྒྱབ་ཀྱི་ཕྱོགས་ནས་བསྐུལ་པ་ནི༔ ཡ་མ་རཱ་ཙ་དམག་ལ་ཆོས རིམ་དགུ་ས་ཡི་འོག་ནས་བཞེངས༔ མཐའ་མེད་རྒྱ་མཚོའི་ཀློང་ནས་བྱོན༔ མཐིང་ནག་སྐུ་ལ་མུན་པ་འཐིབ༔ གཡས་གསུམ་རལ་གྲིས་དགྲ་སྲོག་གཅོད༔ གཡོན་གསུམ་སྦྲུལ་ཞག་དམ་ཉམས་
འཆིང་༔ དུག་གསུམ་ཁྲོས་པའི་དབུ་གསུམ་ནི༔ སེང་གེ་ཕག་དང་ཆུ་སྲིན་ཞལ༔ ཡ་ཁ་གནམ་ལ་མ་ཁ་ས༔ གངས་རིའི་མཆེ་གཙིགས་གློག་དམར་ལྕེ༔ དགྲ་དང་བགེགས་དང་བྱད་མ་རྣམས༔ ཞལ་དུ་བསྟབ་བོ་གྱུར་མིད་ཐོངས༔ རིམ་དགུ་ས་ཡི་འོག་ཏུ་སོངས༔ དམྱལ་ཁམས་གཤིན་རྗེའི་ཡུལ་དུ་ཁྱེར༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མྱུར་མགྱོགས་ལས་འདི་ད་སྒྲུབས་ཤིག༔ ལས་གཤིན་ཡ་མ་རཱ་ཙ་ཡིས༔ ལྟོ་བ་སྟོང་གསུམ་ཙམ་གྱི་ནང་༔ དམ་ཅན་ཆོས་ཀྱི་རྒྱལ་པོ་ནི༔ སྐུ་མདོག་སེར་ནག་འབར་བ་ལ༔ སྟག་ཤམ་མི་མགོའི་ཕྲེང་བས་བརྒྱན༔ ཞལ་ནི་མ་ཧེ་ཁྲོས་པའི་ཞལ༔ གཅེར་བུ་ལིང་ག་གྱེན་དུ་བསྒྲེང་༔ ཞབས་གཉིས་འདོར་ཐབས་ཆུ་གླང་སྟེང་༔ ཕྱག་གཡས་ཁྲམ་ཤིང་ཀླད་ལ་བསྐོར༔ གཡོན་པས་ནད་ཀྱི་རྐྱལ་པ་འཛིན༔ གསོན་པོ་སྐོས་ལ་འདེབས་པ་པོ༔ ཤི་བའི་གཤིན་པོ་ཀུན་གྱི་རྗེ༔ དགེ་བ་ཀུན་གྱི་སྟངས་འཛིན་པ༔ སྡིག་པ་ཀུན་གྱི་ཆད་པ་མཁན༔ ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡིག་ཅན་དགྲ་བོ་ལས་ངན་ལ༔ རྣམ་སྨིན་ད་ལྟ་ཉིད་དུ་སྟོན༔ བཅོལ་བའི་ཕྲིན་ལས་
འགྲུབ་པར་མཛོད༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ རྩ་ཕྱག་གཡས་སོར་ལྔ་པོ་ལ༔ སྤྲུལ་པའི་ཁྲོ་བོ་མཐིང་ནག་ལྔ༔ སྲ་བརྟན་གནམ་ལྕགས་ལུས་པོ་ལ༔ བ་སྤུ་དུག་གི་ཚེར་མ་སྐྱེས༔ ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ གཡོན་སོར་ལྕགས་ཀྱི་སྡིག་པ་ལྔ༔ མེ་འབར་དུག་གི་རླངས་པ་འཕྱུར༔ ལུས་ལ་མཚོན་ཆའི་བ་སྤུ་སྐྱེས༔ མི་སྡུག་དཔག་ཚད་སྟོང་གསུམ་ཁྱབ༔ སྤྲུལ་པའི་ཁྲོ་བོ་སྡིག་རྒོད་ཚོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ གདོན་བགེགས་དམ་སྲི་རྒྱལ་འགོང་རྣམས༔ ཁྲོ་སྡིག་འཐབ་པའི་བར་དུ་བསྟིམ༔ རང་དབང་མེད་པར་སྲོག་སྙིང་དྲོངས༔ ྋ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ བཀའ་ཉན་གཤེད་ཆེན་སྡེ་བཞི་པོ༔ ཤར་གྱི་ཕྱོགས་ནས་བསྐུལ་བ་ནི༔ གཤིན་རྗེ་ཡ་མ་རཱ་ཙ་ནི༔ སྨུག་ནག་སྲིན་པོ་ཁྲོས་པའི་གཟུགས༔ སྐུ་སྨད་གནམ་ལྕགས་ཕུར་པ་འབར༔ ཕྱག་ན་བེ་ཅོན་འཁོར་ལོ་བསྣམས༔ ཡུམ་ནི་རོ་ལངས་ཐལ་མདོག་མ༔ ཕྱག་ན་ཁྲམ་ཤི་ང་ནད་རྐྱལ་འཛིན༔ ཡབ་ཡུམ་མྱུར་དུ་དམག་ལ་ཆོས༔ བརྒྱན་པའི་
གཏོར་མ་འདི་བཞེས་ལ༔ དགྲ་བོ་ཐལ་བ་རྡུལ་དུ་རློགས༔ བེ་ཅོན་དགྲ་བོའི་མགོ་ལ་རྒྱོབས༔ འཁོར་ལོ་འབར་བས་ཤ་ཁྲག་གཏུབ༔ ཁྲམ་གྱི་ཤིང་ལ་དགྲ་བོ་ཐོབས༔ ནད་ཀྱི་རྐྱལ་ཁ་དགྲ་ལ་ཕྱེས༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི༔ གཤེད་ཆེན་མྱོས་བྱེད་འབར་བ་ནི༔ སྐུ་མདོག་སེར་ནག་འབར་བ་ལ༔ ཕྱག་ན་བེ་ཅོན་འཁོར་ལོ་བསྣམས༔ སྐུ་སྨད་ཕུར་པས་དགྲ་བགེགས་གཟིར༔ ཡུམ་ནི་གསོད་བྱེད་ནག་མོ་སྟེ ཕྱག་ན་ཁྲམ་ཤིང་ནད་རྐྱལ་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ བེ་ཅོན་རྒྱོབས་ལ་འཁོར་ལོས་གཏུབས༔ ཁྲམ་ལ་ཐོབ་ལ་ནད་རྐྱལ་བྱོས༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི༔ གཤེད་རྗེ་ཨརྱ་མེ་རུ་རྩེ༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་ན་བེ་ཅོན་འཁོར་ལོ་ཕྱིར༔ སྨད་ཕུར་དགྲ་གཟིར་མེ་དཔུང་འབར༔ ཡུམ་ནི་སྲོག་ལེན་ནག་མོ་སྟེ༔ ཁྲམ་ཤིང་ནད་རྐྱལ་ཕྱག་ན་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་ཅིང་འཚེ་བའི་དགྲ་བོ་འདི༔ བེ་ཅོན་རྒྱོབས་ལ་འཁོར་ལོས་
གཏུབས༔ ཁྲམ་ལ་ཐོབ་ལ་ནད་རྐྱལ་བྱོས༔ མ་གཡེལ་མ་འདའ་ཕྲིན་ལས་མཛོད༔ བྱང་གི་ཕྱོགས་ནས་བསྐུལ་བ་ནི༔ གཤེད་ཆེན་རལ་པ་ཚར་དགུ་སྟེ༔ སྐུ་མདོག་ལྗང་ནག་རལ་པ་བཤལ༔ སྐུ་སྨད་གནམ་ལྕགས་ཕུར་བུ་འབར༔ ཕྱག་གཡས་བེ་ཅོན་གཡོན་འཁོར་ལོ༔ ཡུམ་ནི་བདུད་མོ་རལ་གཅིག་མ ནག་མོ་ཁྲམ་ཤིང་ནད་རྐྱལ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ བེ་ཅོན་འབར་བས་ཀླད་ཁྲག་ཆོམས༔ འཁོར་ལོས་ཤ་ཁྲག་རུས་གསུམ་གཏུབས༔ ནད་ཁ་ཕྱེས་ལ་ཁྲམ་ལ་ཐོབ༔ བཅོལ་བའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་བཀའ་ཉན་པ༔ མོན་པ་སྡེ་བཞི་ཡབ་དང་ཡུམ༔ ཤར་ཕྱོགས་དུང་གི་མོན་པ་ནི༔ སེང་གེའི་མགོ་ཅན་གཡུ་རལ་བསིགས༔ སྐུ་སྨད་ཕུར་པ་རྣོ་ངར་འབར༔ ཕྱག་ན་བེ་ཅོན་ཙིཏྟ་འཛིན༔ ཡུམ་ནི་མོན་མོ་བླ་རྐུན་མ༔ དཀར་མོ་ལྕགས་ཀྱུ་ཞགས་པ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངས༔ བེ་ཅོན་རྒྱོབས་ལ་དོན་སྙིང་ཕྱུངས༔ བཅོལ་བའི་ལས་འདི་མྱུར་དུ་
མཛོད༔ ལྷོ་ཕྱོགས་གསེར་གྱི་མོན་པ་ནི༔ ཁྱུང་གི་དབུ་ཅན་ཁྱུང་རྭ་གདེང་༔ སྐུ་སྨད་ཕུར་པ་ཚྭ་ཚྭ་འཕྲོ༔ ཕྱག་ན་བེ་ཅོན་ཙིཏྟ་བསྣམས༔ མོན་མོ་སྙིང་འབྱིན་གཟེར་འདེབས་མ༔ སེར་ནག་ལྕགས་ཀྱུ་ཞགས་པ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་དགྲ་ལྕགས་ཀྱུས་ཁུག་ལ་ཤོག༔ ཞགས་པས་ཆིངས་ལ་བེ་ཅོན་རྒྱོབས༔ དོན་སྙིང་ཕྱུངས་ལ་ཧབ་ཧབ་ཟོ༔ མ་གཡེལ་ལས་འདི་མྱུར་དུ་མཛོད༔ ནུབ་ཕྱོགས་བསེ་ཡི་མོན་པ་ནི༔ དམར་པོ་དྲེད་ཀྱི་མགོ་བོ་ཅན༔ སྐུ་སྨད་ཕུར་བུ་དབལ་དང་ལྡན༔ བེ་ཅོན་ཕྱར་ཞིང་ཙིཏྟ་བསྣམས༔ ཡུམ་ནི་མོན་མོ་ཁྲག་རལ་མ༔ དམར་ནག་ལྕགས་ཀྱུ་ཞགས་པ་ཐོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་ལས་ངན་འདི་ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངས༔ བེ་ཅོན་རྡུངས་ལ་དོན་སྙིང་ཁྱེར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྱང་ཕྱོགས་ལྕགས་ཀྱི་མོན་པ་ནི༔ སྔོན་པོ་སྟག་གི་མགོ་བོ་ཅན༔ བེ་ཅོན་སྙིང་འཛིན་སྐུ་སྨད་ཕུར༔ ཡུམ་ནི་མོན་མོ་སྐུ་མདོག་ལྗང་༔ གཡུ་ཡི་རལ་པ་རབ་ཏུ་བསིགས༔ ལྕགས་ཀྱུ་ཞགས་པ་ཕྱག་ན་འཛིན༔ བརྒྱན་པའི་གཏོར་
མ་འདི་བཞེས་ལ༔ གནོད་པར་བྱེད་པའི་དགྲ་བོ་འདི༔ ལྕགས་ཀྱུས་ཟུངས་ལ་ཞགས་པས་སྡོམས༔ བེ་ཅོན་རྒྱོབས་ལ་དོན་སྙིང་བྲོ༔ བཅོལ་བའི་ལས་འདི་མྱུར་དུ་མཛོད༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་བཀའ་ཉན་པ༔ བདུད་པོ་ཡབ་ཡུམ་རྣམ་པ་བརྒྱད༔ ཤར་བདུད་ཧེ་ལོ་ཁྱབ་པ་ནི༔ ནག་པོ་སྐུ་སྨད་ཕུར་པ་འབར༔ འཇིགས་པའི་གཟུགས་ཅན་གླང་ལྤགས་གསོལ༔ ཕྱག་ན་ཁྲམ་ཤིང་བདུད་ཞགས་ཐོགས༔ ཡུམ་ནི་མི་ཟན་སྙིང་འབྱིན་མ༔ མི་ལྤགས་རློན་པ་གོས་སུ་གྱོན༔ མི་ཤ་རློན་པ་ཟས་སུ་ཟ་ལག་ན་སྤུ་གྲི་མི་སྙིང་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་ཞིང་གདུག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབ་ལ་བདུད་ཞགས་ཆིངས༔ སྤུ་གྲིས་ཤོས་ལ་དོན་སྙིང་ཊོ༔ བདུད་པོ་མི་ཡི་ཤ་ལ་དགའ༔ དགྲ་བོའི་ཤ་ལ་ད་ཟོ་ཞིག བདུད་མོ་མི་ཡི་ཁྲག་ལ་དགའ༔ དགྲ་བོའི་ཁྲག་ལ་ད་འཐུང་ཞིག བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷོ་བདུད་ནག་པོ་འཛུམ་མེད་ནི༔ མཐིང་ནག་གླང་གི་པགས་པ་བྱེད༔ སྐུ་སྨད་ལྕགས་ཕུར་མེ་རི་འབར༔ ཁྲམ་ཤིང་ཕྱར་ཞིང་བདུད་ཞགས་འཕེན༔ ཡུམ་ནི་སྙིང་ཁྲག་དུག་འཐུང་
མ༔ ནག་མོ་མི་ཡི་གཡང་གཞི་གྱོན༔ ལག་ན་སྤུ་གྲི་མི་སྙིང་ཐོགས༔ ཤ་རི་ཁྲག་གི་དྲི་ཚོར་ནས༔ དཔག་ཚད་བརྒྱ་ཡང་སྐད་ཅིག་བསྐོར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་དམིགས་པའི་དགྲ་བོ་འདི༔ བདུད་ཞགས་ཐོབ་ལ་ཁྲམ་ལ་བྲིས༔ དགྲ་བོ་ཤ་ཁྲག་རྔམས་ཟས་གྱིས༔ བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ ནུབ་བདུད་ཕོ་གར་འགྲིག་པ་ནི༔ ནག་པོ་གླང་ཆེན་པགས་པ་གྱོན༔ མེ་འབར་སྐུ་སྨད་ཕུར་བུ་འདྲིལ༔ ཁྲམ་ཤིང་ཞགས་པ་ལག་ན་ཐོགས༔ ཡུམ་ནི་ཤ་ལ་གཟེར་འདེབས་མ༔ ནག་མོ་མི་ལྤགས་དྲོན་མོ་གྱོན་ལག་ན་སྤུ་གྲི་ཙིཏྟ་ཐོགས༔ མི་ཤ་མི་ཁྲག་མཐོང་ཙ་ན༔ དགའ་བའི་གད་མོ་ལྷངས་སེ་ལྷང་༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་སྡང་བའི་དགྲ་བོ་འདི༔ ཞགས་པས་དམ་ཚིངས་ཁྲམ་ཁ་ཐོབ༔ སྤུ་གྲིས་གཏུབས་ལ་དོན་སྙིང་ཁྱེར༔ ཤ་ལ་དགའ་བའི་བདུད་པོ་ཁྱོད་དགྲ་བོའི་ཤ་ལ་ད་ཟོ་ཞིག ཁྲག་ལ་དགའ་བའི་བདུད་མོ་ཁྱོད༔ དགྲ་ཁྲག་སྐོམ་དུ་ད་འཐུང་ཞིག བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ བྱང་བདུད་རལ་པ་སྤྱི་ཆིང་ནི༔ ནག་པོ་གླང་ཆེན་ཀོ་རློན་གྱོན༔ སྐུ་སྨད་
ཕུར་བུ་མེ་རི་འབར༔ ཕྱག་ན་ཁྲམ་ཤིང་ཞགས་པ་འཛིན༔ ཡུམ་ནི་ནག་མོ་ཁྲག་རལ་༔ སྐུ་མདོག་ནག་མོ་ཞིང་ལྤགས་གསོལ༔་ལག་ན་སྤུ་གྲི་མི་སྙིང་ཐོགས༔ མི་ཤ་མི་ཁྲག་མཐོང་ཙ་ན༔ དགའ་ཡང་མཆི་མ་ཐུ་ལུ་ལུ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་ལས་ངན་འདི ཁྲམ་ལ་ཐོབ་ལ་བདུད་ཞགས་དཀྲིས། སྤུ་གྲིས་དོན་སྙིང་ཆོད་ལ་ཟོ༔ དགྲ་ཤ་དགྲ་ཁྲག་མངར་མོ་འདི༔ བདུད་པོ་ཡབ་ཡུམ་རྔམས་ཟས་གྱིས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཧཱུྃ༔་ཁྲོ་ཆུ་དུག་གདོང་ཕོ་ཉ་ནི༔ འཆི་བདག་གཤིན་རྗེ་བཅུ་གཉིས་ནི༔ ཤར་སྟོད་བྱེ་བ་ས་རི་ནི༔ ནག་པོ་སེང་གེའི་གཡང་གཞི་གསོལ༔ ཕྱག་ན་བེ་ཅོན་འཁོར་ལོ་འཛིན༔ སྐུ་སྨད་ཕུར་བུ་མེ་རི་འབར༔ མི་སྲོག་གཅོད་ལ་བབ་པའི་ཚེ༔ དགའ་བས་འཛུམ་མདངས་ཡ་ལ་ལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་སྲོག་རྩ་ད་ཆོད་ཅིག༔ ཤར་དབུས་ནོར་བུ་དགེ་བ་འཕེལ༔ དམར་སེར་སེང་གེའི་པགས་པ་གྱོན༔ བེ་ཅོན་ཕྱུར་ཞིང་འཁོར་ལོ་བསྐོར༔ སྐུ་སྨད་ཕུར་པ་མེ་དཔུང་འཕྲོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔
གསོད་ལ་དགའ་བའི་གཤིན་རྗེ་ཁྱོད༔ དགྲ་སྲོག་དམར་པོ་ད་ཆོད་ཅིག༔ ཤར་སྨད་ནག་པོ་འཇིགས་བྱེད་ནི༔ སེར་ནག་སེང་གེའི་པགས་པ་གྱོན༔ སྐུ་སྨད་ཕུར་བུ་ཚྭ་ཚྭ་འཕྲོ༔ ཕྱག་ན་བེ་ཅོན་འཁོར་ལོ་བསྣམས༔ གཅོད་པའི་དུས་ལ་བབ་ཙམ་ན༔ སྲིད་པའི་རླུང་བས་བང་རེ་མགྱོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་ལས་ངན་དགྲ་བོ་འདི༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་ད་ཁྱེར་ཅིག༔ ལྷོ་སྟོད་གནས་པའི་གཤིན་རྗེའི་མིང་༔ བྱེ་བ་དགུ་ཁྲི་ཞེས་བྱ་བ༔ ནག་པོ་སེང་གེའི་པགས་པ་གྱོན༔ བེ་ཅོན་འཁོར་ལོ་ཕྱག་ན་བསྣམས༔ སྐུ་སྨད་ཕུར་པ་མེ་དཔུང་འབར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྱེར་ཅིག་དགྲ་བགེགས་ད་ཁྱེར་ཅིག༔ ལྷོ་དབུས་རཀཱ་གློག་ཕྲེང་ནག༔ བེ་ཅོན་འཁོར་ལོ་ཕྱག་ན་བསྣམས༔ སྐུ་སྨད་ཕུར་པ་བསྐལ་མེ་འབར༔ ནག་པོ་དུང་སེང་ལྤགས་པ་གྱོན༔ སྲོག་ལ་རྔམས་པའི་གཤིན་རྗེ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་གཏད་དོ་སྲོག་རྩ་ཆོད༔ ལྷོ་སྨད་ཡཀྵ་གསོད་བྱེད་ནི༔ ནག་པོ་སེང་ལྤགས་གོས་སུ་གྱོན༔ བེ་ཅོན་ཕྱར་ཞིང་འཁོར་ལོ་འཛིན༔ སྐྱེ་འགྲོའི་
སྲོག་གཅོད་ཤན་པ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཤན་པ་སྲོག་ལ་ད་རོལ་ཅིག༔ ནུབ་སྟོད་གཤིན་རྗེའི་གཏུམ་པོ་ནི༔ དུད་ཁ་སྐུ་སྨད་ཕུར་བུ་འབར༔ སེང་གེའི་གཡང་གཞིས་སྐུ་སྟོད་གཡོགས༔ ཕྱག་ན་བེ་ཅོན་འཁོར་ལོ་བསྣམས༔ གསོད་པའི་དུས་ལ་བབ་ཙམ་ན༔ མཆེ་བ་གཉེར་ཞིང་འཛུམ་མདངས་སྟོན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གསོད་པའི་ལས་འདི་དགྲ་ལ་མཛོད༔ ནུབ་དབུས་གད་པ་ཀུན་འཇོམས་ནི༔ དཀར་པོ་སེང་གེའི་གཡང་གཞི་གྱོན༔ བེ་ཅོན་ཕྱིར་ཞིང་འཁོར་ལོ་འཛིན༔ སྐུ་སྨད་ཕུར་བུ་དབལ་དང་ལྡན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལས་ངན་དགྲ་བོའི་སྲོག་དབུགས་ལོངས༔ གཏད་དོ་བཅོལ་ལོ་མཐུ་མ་ཆུང་༔ ནུབ་སྨད་ཁམ་པ་རལ་གཅིག་ནི༔ མཐིང་ནག་སེང་གེའི་གཡང་གཞི་གྱོན༔ སྐུ་སྨད་ལྕགས་ཕུར་དབལ་དང་ལྡན༔ ཕྱག་ན་བེ་ཅོན་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་བོའི་བླ་སྲོག་དབུག༔ ཟོ་ཞིག་འཐུང་ཞིག་ཧབ་ཤ་གྱིས༔ བྱང་སྟོད་སྦྲུལ་མགོ་ཀུན་འཛིན་ནི༔ སྔོན་པོ་སེང་གེའི་གཡང་གཞི་གསོལ༔ སྐུ་སྨད་ཕུར་པ་མེ་
དཔུང་འབར༔ ལག་ན་བེ་ཅོན་འཁོར་ལོ་འཛིན༔ ལས་ཀྱི་གཤིན་རྗེ་སྲོག་གི་བདག༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གཤིན་རྗེ་དགྲ་བོའི་བླ་ལ་ཡ༔ སྲོག་བདག་ཁྱོད་ཀྱིས་དགྲ་སྲོག་ཆོད༔ བྱང་དབུས་ངང་པ་སྟོབས་ལྡན་ནི༔ སེར་པོ་སྐུ་སྨད་ཕུར་པ་འདྲིལ༔ བེ་ཅོན་འཁོར་ལོ་འབར་བ་འཛིན༔ སེང་གེའི་པགས་པས་སྟོད་གཡོགས་ཤིང་གསོད་བྱེད་ལས་ཀྱི་གཤིན་རྗེ་ཁྱོད བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོའི་སྲོག་རྩ་ཆོད༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བྱང་སྨད་གྱད་པ་སྟོབས་ཆེན་ནི༔ ནག་པོ་སེང་གེའི་གཡང་གཞི་གྱོན༔ སྐུ་སྨད་ཕུར་པ་མེ་དཔུང་འབར༔ བེ་ཅོན་འཁོར་ལོའི་ཕྱག་མཚན་ཅན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གསོད་ལ་དགའ་བའི་གཤིན་རྗེ་ཁྱོད༔ དགྲ་བོའི་སྲོག་རྩ་ད་དྲོངས་ཤིག༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི ལས་མཁན་དུག་གསུམ་གཤིན་རྗེ་གསུམ༔ ཉམས་པའི་དགྲ་བགེགས་བྱད་མ་ཡི༔ དུག་གསུམ་ལས་ལ་གྲུབ་པའི་ཕྱིར༔ རང་གཤེད་རང་ལ་འབེབས་པར་བྱེད༔ གཏི་མུག་ལས་གྲུབ་གཤིན་རྗེ་ནི༔ ནག་པོ་གླང་གི་མགོ་བོ་ཅན༔ ལག་
ན་སྤུ་གྲི་ཐོ་བ་ཐོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མ་འདི་གནམ་ལྕགས་ཐོ་བས་ཀླད་ཁྲག་ཆོམ༔ སྤུ་གྲི་འབར་བས་དོན་སྙིང་གཏུབས༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ གཏི་མུག་སྒོ་ནས་མི་དགེའི་ལས༔ གང་བསགས་ལས་འབྲས་ངན་པ་རྣམས༔ དགྲ་བགེགས་གཟུགས་ཕུང་འདི་ཉིད་ལ༔ ད་ལྟ་ཉིད་དུ་སྨིན་དུ་ཆུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཉམས་དགྲ་བགེགས་བྱད་མ་ཡི༔ ཞེ་སྡང་ལས་ལ་གྲུབ་པ་ཡི༔ ལས་ཀྱི་གཤིན་རྗེ་སྟག་གི་མགོ སེར་ནག་རལ་གྲི་ཐོད་ཁྲག་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བྱད་མ་ལས་ངན་འདི༔ རལ་གྲིས་གཏུབས་ལ་སྙིང་ཁྲག་འཐུང་༔ ཁོ་ཡི་ཚེ་རབས་ཐམས་ཅད་དུ༔ ཞེ་སྡང་ལས་གྱུར་མི་དགེའི་ལས གང་བསགས་འབྲས་བུ་ངན་པ་རྣམས༔ དགྲ་བགེགས་གཟུགས་ཕུང་འདི་ལ་ཕོབ༔ ལས་ཀྱི་རྣམ་སྨིན་ཆུད་མ་གསན༔ གཤིན་རྗེ་རྒྱལ་པོའི་བཀའ་མ་བཅག༔ བཅོལ་ལོ་ལས་མཛོད་མཐུ་མ་ཆུང་༔ དགྲ་བགེགས་བྱད་མ་དམ་ཉམས་འདིས༔ འདོད་ཆགས་ལས་ལ་གྲུབ་པ་ཡི༔ ལས་
ཀྱི་གཤིན་རྗེ་འུག་པའི་མགོ༔ དམར་པོ་གྲི་གུག་ཐོད་ཁྲག་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ་གནོད་པའི་དགྲ་བགེགས་བྱད་མ་འདི༔ གྲི་གུག་འབར་བས་སྲོག་རྩ་ཆོད༔ ཐོད་པས་སྙིང་ཁྲག་ཆུས་ལ་འཐུང་༔ ལས་ངན་དགྲ་བགེགས་བྱད་མ་འདི༔ འདོད་ཆགས་སྒོ་ནས་མི་དགེའི་ལས༔ གང་བསགས་གཟུགས་ཕུང་འདི་ལ་ཕོབ༔ རྒྱུ་འབྲས་རྣམ་སྨིན་ད་ལྟ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ སྒོ་བཞི་སྲུང་བའི་སྒོ་སྲུང་ནི༔ དྲེགས་པ་སྡེ་བཞི་ཡབ་དང་ཡུམ༔ ཤར་སྒོ་གཡས་ནས་བསྐུལ་བ་ནི༔ སྲོག་བདག་སྙིང་འབྱིན་སྐུ་མདོག་དཀར༔ དར་ནག་ བེར ་ཆེན་དགུ་བརྩེགས་གསོལ༔ ཕྱག་ན་ཁྲམ་ཤིང་འཁོར་ལོ་འཛིན༔ རྒྱལ་འགོང་འབུམ་གྱི་ཡོངས་རྗེ་བོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་རྒྱལ་པོས་ཁྲམ་ལ་ཐོབ༔ འཁོར་ལོ་འབར་བས་དགྲ་སྲོག་ཆོད༔ རྒྱལ་པོས་སྨྱོ་འབོག་དགྲ་ལ་ཐོངས༔ གཏད་དོ་ལས་བཅོལ་མཐུ་མ་ཆུང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཤར་སྒོ་གཡོན་ནས་བསྐུལ་བ་ནི༔ བདུད་མོ་རོ་ལངས་སྦྱིན་དཀར་མ༔ སྐུ་མདོག་ནག་མོ་མི་ལྤགས་
གྱོན༔ ཕྱག་ན་ཁ་ཊཾ་ལྕགས་ཀྱུ་འཛིན༔ བསེན་མོ་འབུམ་གྱི་ཡོངས་རྗེ་མོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྐུས་ཤིག་དགྲ་བོའི་ཚེ་རྐུས་ཤིག༔ ལྕགས་ཀྱུས་དགྲ་བོའི་སྙིང་ནས་དྲོངས༔ རྩེ་གསུམ་དགྲ་བོའི་རྩ་གསུམ་ཕུག༔ སྙིང་ཁྲག་མ་ལུས་ཁྱོད་ཀྱིས་འཇིབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་སྒོ་གཡས་ནས་བསྐུལ་བ་ནི༔ དཔལ་ལྡན་མགོན་པོ་ནག་པོ་ཆེ༔ སྐུ་ལ་ བེར ་ནག་དགུ་བརྩེགས་གསོལ༔ ཕྱག་ན་ཁྲམ་ཤིང་འཁོར་ལོ་འཛིན༔ ལས་མགོན་འབུམ་གྱི་ཡོངས་རྗེ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་མགོན་པོས་ཁྲམ་ལ་ཐོབ༔ གནམ་ལྕགས་འཁོར་ལོས་དགྲ་བོ་གཏུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་སྒོ་གཡོན་ནས་བསྐུལ་བ་ནི༔ དཔལ་ལྡན་ལྷ་མོ་བེ་ཏ་ལི༔ ནག་མོ་མི་ལྤགས་རློན་པ་གསོལ༔ ཕྱག་ན་ཁ་ཊཾ་ཞགས་པ་འཛིན༔ མ་མོ་འབུམ་གྱི་གཙོ་མོ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཞགས་པས་དགྲ་བོའི་སྐེ་ནས་ཆིངས༔ ཏྲི་ཤུལ་མཚོན་གྱིས་དགྲ་བོ་སྒོལ༔ མ་མོའི་ནད་རིམས་དགྲ་ལ་ཐོངས བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ནུབ་
སྒོ་གཡས་ནས་བསྐུལ་བ་ནི༔ བདུད་ཕོ་ཡབ་རྗེ་སྐུ་མདོག་ནག དར་ནག་ བེར ་ཆེན་དགུ་བརྩེགས་གསོལ༔ ཕྱག་ན་ཁྲམ་ཤིང་འཁོར་ལོ་འཛིན༔ བདུད་དམག་འབུམ་གྱི་ཡོངས་རྗེ་ཁྱོད བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་བདུད་ཀྱི་ཁྲམ་ལ་ཐོབ༔ འཁོར་ལོ་འབར་བས་དོན་སྙིང་གཏུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་སྒོ་གཡོན་ནས་བསྐུལ་བ་ནི༔ རེ་ལྡེ་མགོ་ཉག་བུ་མོ་སྟེ༔ བདུད་མོ་རོ་ལངས་ཐལ་མདོག་མ༔ ནག་མོ་མི་ལྤགས་དྲོན་མོ་གྱོན༔ གཡས་པས་རོ་ཡི་རྒྱལ་མཚན་ཕྱར༔ གཡོན་པས་ལྕགས་སྒྲོག་སྔོན་པོ་འཛིན༔ བདུད་མོ་འབུམ་གྱི་ཡོངས་རྗེ་མོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལྕགས་སྒྲོག་འབར་བས་དགྲ་བོ་ཆིངས༔ བམ་ཆེན་དབྱུག་པས་ལྷ་དང་ཕྲོལ༔ ཁྲག་རིམས་ནད་ཀྱིས་དགྲ་བོ་སོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྱང་སྒོ་གཡས་ནས་བསྐུལ་བ་ནི༔ གནོད་བྱེད་དམར་པོ་མེ་རུ་རྩེ༔ སྐུ་ལ་དར་ནག་དགུ་བརྩེགས་གསོལ༔ ཕྱག་ན་ཁྲམ་ཤིང་འཁོར་ལོ་བསྣམས༔ བཙན་དམག་འབུམ་གྱི་ཡང་རྗེ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གྲི་ཐབ་གཟེར་ནད་
དགྲ་ལ་ཐོངས༔ དགྲ་བོ་བཙན་གྱིས་ཁྲམ་ལ་ཐོབ༔ ཟངས་ལྕགས་འཁོར་ལོས་དགྲ་སྲོག་གཅོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྱང་སྒོ་གཡོན་ནས་བསྐུལ་བ་ནི༔ བསེ་གདོང་འབར་བ་རོ་ལངས་མ༔ ནག་མོ་མི་ལྤགས་གཡང་གཞི་གྱོན༔ ལག་ན་རོ་དབྱུག་དྲིལ་བུ་བསྣམས༔ བཙན་མོ་འབུམ་གྱི་ཡོངས་རྗེ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་བམ་རོ་ལྷ་དང་ཕྲོལ༔ དྲིལ་བུས་དགྲ་བོ་མྱོས་པར་གྱིས༔ ཁྲག་སྐྱག་ནད་ཀྱིས་དགྲ་བོ་སོད༔ བཅོལ་བའི་ལས་འདི་མྱུར་གྲུབ་མཛོད༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི༔ ལས་མཁན་སྲིད་པའི་བདུད་པོ་བཞི༔ ཤར་ཕྱོགས་ལྷ་ཡི་བུ་ཡི་བདུད༔ དཀར་པོ་དུང་གི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྱོད་ཉིད་དྲག་ཏུ་ཁྲོས་པའི་ཚེ༔ སྔོ་ནག་རལ་པ་ཁམ་ནག་འཁྱིལ༔ ཞེ་སྡང་བསྐལ་པའི་མེ་ལྟར་འབར༔ སྤྲུལ་པ་གསེར་གྱི་བུང་བ་ནི༔ དགྲ་བོའི་སྤྱི་བོའི་གཙུག་ནས་ཞུགས༔ ཚངས་པའི་བུ་གའི་རྩ་མདུད་ཆོད༔ དགྲ་བོ་ས་ཁམས་ཆུ་ལ་བསྟིམ༔ པགས་གཞི་ས་ལ་བཏིང་དུ་ཚུག༔ བཅོལ་ལོ་བདུད་པོ་མཐུ་མ་ཆུང་༔
ནུབ་ཀྱི་ཕྱོགས་ནས་ཉོན་མོངས་བདུད༔ དམར་པོ་མེ་ཡི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྱོད་ཉིད་དྲག་ཏུ་ཟད་པའི་ཚེ༔ ཁྲག་མདོག་མེ་ཡི་ལན་ཚར་ཅན༔ .འདོད་ཆགས་ཁྲག་མཚོ་ཁོལ་བ་འདྲ༔ སྤྲུལ་པའི་སྡིག་པ་བསྒྲད་པའི་གཟུགས༔ དགྲ་བོའི་མགྲིན་པའི་གནས་ནས་ཞུགས༔ ལྕེ་ཆུང་རྩ་གཉིས་ཧྲིག་ཧྲིག་ཆོད༔ དགྲ་བོའི་ཆུ་ཁམས་མེ་ལ་བསྟིམ༔ ཁ་སྐམ་ལྕེ་ཡང་གྲེ་ཁུང་ཐོངས ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ༔ ལྷོ་ཡི་ཕྱོགས་ནས་ཕུང་པོའི་བདུད༔ ནག་པོ་གསེར་གྱི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྗོད་ཅིང་དྲག་ཏུ་ཁྲོས་ཙམ་ན༔ མཐིང་ནག་རལ་པ་མུན་ལྟར་འཐིབས༔ ང་རྒྱལ་བྲག་རི་ཉིལ་བ་འདྲ༔ སྤྲུལ་པ་ཁ་བརྒྱད་སྡོམ་གྱི་གཟུགས༔ དགྲ་བོའི་ལྟེ་བའི་དཀྱིལ་དུ་ཞུགས༔ ལྟེ་བའི་རྩ་མདུད་ཧྲག་ཧྲག་ཆོད༔ དགྲ་བོའི་མེ་ཁམས་རླུང་ལ་བསྟིམ༔ ལུས་དྲོད་མཐའ་ནས་སྡུད་དུ་ཆུག༔ བདུད་པོ་ཁྱོད་ཀྱི་དུས་ལ་བབ༔ བྱང་ན་འཆི་བདག་ལས་ཀྱི་བདུད༔ ནག་པོ་ལྕགས་ཀྱི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་ལ་ཟད་པའི་ཚེ༔ མཐིང་
ནག་ཞལ་གདངས་མཆེ་བ་གཙིགས༔ སྤྲུལ་པ་གྱད་ཀྱི་སྟོབས་ཆེན་གཟུགས༔ དགྲ་བོའི་སྙིང་གི་དཀྱིལ་དུ་ཞུགས་ཁོ་ཡི་སྲོག་རྩ་དབུ་མ་ཆོད༔ རོ་རྐྱང་གཉིས་པོ་ལག་པས་ཆོད༔་རླུང་ནི་རྣམ་པར་ཤེས་ལ་བསྟིམ༔ དགྲ་བོའི་ལུས་དང་རྣམ་ཤེས་ཕྲོལ༔ སྲིད་པ་གསུམ་གྱི་སྲོག་བདག་ཁྱོད༔ དགྲ་སྲོག་དམར་པོ་ད་ཆོད་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི ལས་བྱེད་རུ་ཏྲ་སྡེ་བཞི་པོ༔ ཤར་གྱི་རུ་ཏྲ་དཀར་པོ་ནི༔ རབ་གཏུམ་སྲིན་པོ་ཁྲོས་པ་འདྲ མྱུར་མགྱོགས་བར་སྣང་གློག་བས་མྱུར༔ ཕྱག་ན་ཁྲག་ཟོར་དམར་པོ་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྲུག་ཟོར་སྡང་བའི་དགྲ་ལ་ཡ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོས༔ ཁྲག་ཟོར་གནོད་པའི་བགེགས་ལ་ཡ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས༔ མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་རུ་ཏྲ་སེར་པོ་ནི༔ གཤིན་རྗེ་བས་ཀྱང་རྔམས་གཏུམ་ཆེ༔ གཟའ་རྒོད་བས་ཀྱང་དྲག་རྩལ་ཆེ༔ ལག་ན་དམར་ཆེན་ཁྲག་ཟོར་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྲག་ཟོར་སྡང་བའི་
དགྲ་ལ་ཡ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ ཁྲག་ཟོར་གནོད་པའི་བགེགས་ལ་ཡ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས༔ མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་རུ་ཏྲ་དམར་པོ་ནི༔ མེ་བས་ཚ་ལ་གློག་བས་མྱུར༔ དྲག་གཏུམ་ནམ་མཁའི་ཐོག་དང་འདྲ༔ ལག་ན་ཁྲག་ཟོར་དམར་པོ་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྲག་ཟོར་སྡང་བའི་དགྲ་ལ་ཡ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ ཁྲག་ཟོར་གནོད་པའི་བགེགས་ལ་ཡ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ བྱང་ཕྱོགས་རུ་ཏྲ་ལྗང་གུ་ནི༔ བདུད་བས་ཞེ་ནག་བཙན་བས་དྲག༔ བསྐལ་པའི་མེ་བས་ཚ་ངར་ཆེ༔ ལག་ན་ཁྲག་ཟོར་དམར་པོ་ཕྱར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྲག་ཟོར་སྡང་བའི་དགྲ་ལ་ཡ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ ཁྲག་ཟོར་གནོད་པའི་བགེགས་ལ་ཡ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི༔ བཀའ་ཡི་ལས་བྱེད་ཤན་པ་ནི༔ མོན་པ་ཡབ་ཡུམ་བཅུ་གཉིས་ཏེ༔ མོན་
པ་དྲུག་ནི་ཁ་དོག་ནག༔ སྐྲ་ནི་སྤྱི་བོའི་གདོང་དུ་བཅིངས༔ ལག་གདུབ་རྐང་གདུབ་ལྕགས་ལས་བྱས༔ ལུས་ལ་ཐལ་ བེར ་ནག་པོ་གྱོན༔ རེ་བ་ནག་པོའི་རྐེད་ཆིངས་བྱས༔ མཐུ་བདག་གཡས་དང་གཡོན་དུ་བརྫིས༔ ལག་ན་མདུང་དང་སྡིག་གྲི་བསྣམས༔ མཆོང་རྩལ་བྱེད་ཅིང་གར་སྟབས་བསྒྱུར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ་དམ་ཉམས་སྡང་བའི་དགྲ་བོ་འདི༔ གཟུགས་བཞི་ས་ལ་ད་རྒྱོབས་ཤིག༔ གཡང་གཞི་ས་ལ་ད་ཐིང་ཞིག མགོ་དང་ཡན་ལག་ད་ཆོད་ཅིག༔ བཅོལ་བའི་ལས་ལ་མཐུ་མ་ཆུང་༔ མོན་མོ་དྲུག་ནི་སྐུ་མདོག་ནག༔ ཁམ་ནག་རལ་པ་ཤ་ར་ར༔ གཅེར་བུ་དུང་གི་རྣ་རྒྱན་ཅན༔ མོན་མོ་གླུ་ལེན་ཀྱུ་རུ་རུ༔ ཞབས་གཉིས་མཆོང་དང་ལིངས་སེ་ལིང་༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་དོན་སྙིང་ད་ཐོན་ཅིག༔ རྒྱུ་ཞགས་དམར་པོ་ལག་རྡོག་གྱིས༔ སྙིང་ཁྲག་དྲོན་མོ་དབལ་གྱིས་ཐོབ༔ བཅོལ་བའི་ལས་ལ་མ་གཡེལ་ཅིག་ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི༔ བཀའ་ཡི་ཕོ་ཉ་མི་སྲུན་པ༔ གཤེད་ཆེན་བདུན་བརྒྱ་ཉི་ཤུ་པོ༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུ་ནི༔ ནག་པོ་སྤྱན་
གསུམ་སྡང་མིག་བསྒྲད༔ དབུ་སྐྲ་སྤྱི་ཆིངས་ཨམ་གཙིགས་བསྡམས༔ མི་ལྤགས་གྱོན་ཞིང་འཇིག་རྟེན་ཉུལ༔ ལག་ན་གཅོད་པའི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལས་ཀྱི་གཤིན་རྗེ་སྲོག་གི་བདག༔ ཁྱོད་ལ་དགའ་བའི་དགྲ་སྲོག་འབུལ༔ འཛུམ་ཞིང་འཛུམ་ཞིང་དགྲ་དབུག་རོལ༔ དུས་ལ་བབ་བོ་ས་མཱ་ཡ༔ མོ་གཤེད་སུམ་བརྒྱ་དྲུག་ཅུ་ནི༔ ནག་མོ་མི་ཡི་གཡང་གཞི་གྱོན༔ མཆེ་བ་བྲང་གི་སླེལ་སྣར་སླེབས༔ ནུ་མི་གཡབ་མོ་རྡེབ་ཅིང་འགྲོ༔ རལ་པ་ནག་པོ་སྤྲིན་ལྟར་གཏིབས༔ ལག་ན་ཐུན་རྫས་སྣ་ཚོགས་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ་མི་ཤ་ཁྲག་གིས་དྲི་ཚོར་ནས༔ དཔག་ཚད་བརྒྱད་ཁྲི་རྒྱུག་བྱེད་མ དགྲ་ཤ་དགྲ་ཁྲག་དྲོན་མོ་འདི༔ ཧ་ཧ་ཧི་ཧིའི་བཞེས་སུ་གསོལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི༔ སྤྲུལ་པ་ལས་བྱེད་གདུག་པ་ཅན༔ ལས་ཀྱི་རླུང་གི་ཤུགས་ལྡན་པའི གནམ་ལྕགས་རྒྱ་གྲམ་འབར་བ་ཡིས༔ དགྲ་བོའི་སྙིང་ནི་དུམ་བུར་ཐོངས༔ མ་ཉེས་ཐོག་བབ་བྱེད་པའི་དགྲ རུས་སྦལ་ནག་པོ་བརྒྱད་རྣམས་ཀྱིས༔ སྲོག་ཆོད་སྙིང་ཁྲག་འཐུང་
བར་གྱིས༔ ལྕགས་ཀྱི་སྡིག་པ་བདུན་པོ་ཡིས༔ སློབ་མ་དམ་ལོག་སྙིང་ཁྲག་འཇིབས༔ མཆེད་གྲོགས་དམ་མེད་དགྲར་ལང་ན༔ བསེ་སྦལ་བདུན་གྱིས་སྲོག་རྩ་ཆོད༔ བདག་ལ་སྡང་བའི་བན་བོན་རྣམས༔ དུག་གི་ཕག་རྒོད་རྣམས་ཀྱིས་ཟོ༔ བྱད་མ་གནོད་བྱེད་སྔགས་པ་རྣམས༔ རུས་སྦལ་བདུན་གྱིས་སྲོག་རྩ་འཇིབས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ བྱ་ནག་བདུན་གྱིས་ཤ་ལ་ཟོ༔ ཁྱི་ནག་བདུན་གྱིས་ཁྲག་ལ་འཐུང་༔ དུག་སྤྲུལ་བདུན་གྱིས་ཁོང་སྙིང་ཐོན༔ གཡུ་སྤྱང་བདུན་གྱིས་རུས་ལཱ་མུར༔ ཧེ་རུ་ཀ་ཡི་སྤྲུལ་པ་སྟེ༔ གསེར་གཡུ་མཆོང་ལྕགས་སྦྲང་བུ་རྣམས༔ དགྲ་བོའི་བུ་ག་དགུ་ནས་ཞུགས༔ ཚེ་སྲོག་བཀྲག་མདངས་འཇིབས་ལ་ཤོག༔ མ་གཡེལ་མ་གཡེལ་གཤིན་རྗེའི་ཚོགས༔ མྱུར་མགྱོགས་ལས་འདི་མྱུར་དུ་མཛོད༔ དམ་ཉམས་དགྲ་བགེགས་ལས་ངན་འདི༔ ལས་ངན་འཁོར་བའི་རྒྱུན་ཆོད་ལ༔ བླ་སྲོག་ཤ་ཁྲག་ཚོགས་སུ་རོལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ སྐུ་ལྔ་ཡེ་ཤེས་ཐོབ་པར་མཛོད༔ གང་དག་ཞི་བས་མི་ཐུལ་བ༔ ཚད་མེད་ཐུགས་རྗེའི་ཁྲོ་བོར་སྤྲུལ༔ ཞེ་སྡང་ཁྲོས་པ་མ་ཡིན་ཏེ༔ སྙིང་རྗེས་
ངན་སོང་རྒྱུན་གཅོད་མཛོད༔ འདི་ནི་རྒྱལ་བའི་དགོངས་པ་མཆོག བཙན་ཐབས་དབྱིངས་སུ་འདྲེན་བྱེད་པ༔ རིགས་གསུམ་མགོན་པོ་ཁྲོས་པའི་སྐུ༔ དུག་སྡོང་ཁྲོ་བོ་ཕྲིན་ལས་ཡིན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨེ་མ་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི ལྷ་གྲངས་མང་བས་ལྷ་ངོ་ཤེས་པ་དཀོན༔ དེ་ཕྱིར་སྔགས་པ་འགའ་ལ་ཕན་སྙམ་ནས༔ རྣལ་འབྱོར་རཱ་ག་ཨ་སྱས་ཞེས་བྱ་བས༔ ཁྲོ་ཆུའི་སྒྲུབ་ཆེན་བྱེད་པའི་སྐབས་སུ་བྲིས༔ འདི་ལ་ཉེས་པ་གང་མཆིས་ལྷ་ལ་བཤགས༔ དགེ་བས་ཟབ་གཏེར་བསྟན་དང་བསྟན་འཛིན་ལ༔ བར་ཆད་མེད་ཅིང་དབུ་འཕང་མཐོ་ཕྱིར་བསྔོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།